Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 17

Văn bản gốc(Tây Tạng)

Trang 4 / 29 (50.000 ký tự/trang)
ལེགས་པར་བྱས་ནས། དཀྱིལ་འཁོར་གྱི་དབུས་སམ་དཀྱིལ་འཁོར་དང་ཉེ་བར་ཁྲི་ལ་སོགས་པའམ་སྟན་བདེ་བ་ལ་གནས་ལ་གསང་བའི་དབང་བསྐུར་བ་བརྩམ་པར་བྱའོ། །ཕྱག་རྒྱ་མཆོག་ཅེས་བྱ་བ་ནི་ཕྱི་རོལ་གྱི་བུད་མེད་སྔགས་ཀྱི་རྒྱུད་ལེགས་པར་བསླབས་པ། བཟའ་བར་
བྱ་བ་དང་། བསྲུང་བར་བྱ་བ་ལ་སོགས་པའི་དམ་ཚིག་དང་ལྡན་པ། ལྷའི་ཏིང་ངེ་འཛིན་ལ་ལེགས་པར་གནས་ཤིང་སྦྱོར་བ་གཅིག་པ་ལ་བྱའི། གཞན་དག་ལ་ནི་མ་ཡིན་ནོ། །མཚལ་ཆེན་ལན་གསུམ་བཟླས་པ་ཡིས། །དེ་ལ་ཐིག་ལེ་བྱ་བ་ཡིན། །ཞེས་བྱ་བ་ནི་སྔར་

བཤད་པའི་མཚན་ཉིད་དང་ལྡན་པའི་ཕྱིར་ལྷ་མོ་མེ་ཏོག་དང་ལྡན་པ་དེ་དང་ལྷན་ཅིག་པར་བད་སྱ་མ་ན་ལ་སོགས་པའི་རིམ་གྱིས་ཇི་ལྟར་དགའ་བ་བསྐྱེད་པར་གྱུར་པ་དེ་ལྟར་རྡོ་རྗེ་དང་པདྨར་འདུས་པའི་རིམ་གྱིས་འབྱུང་བའི་གནས་སྐབས་སུ་སློབ་མ་གདོང་གཡོགས་
པ་ལ། སྙིང་པོ་དང་ཉེ་བའི་སྙིང་པོ་དང་ཕྲེང་བའི་སྔགས་བརྗོད་པར་བྱས་ལ། སྤྱི་བོ་དང་། དཔྲལ་བ་དང་། མིག་གཉིས་དང་། ཁ་དང་། ལྐོག་མ་དང་། སྙིང་གར་གནས་པའི་རྡོ་རྗེ་དང་པདྨས་དབང་བསྐུར་བྱར་བྱ་ཞིང་། སློབ་མས་ཀྱང་བདུད་རྩི་བཞིན་དུ་ལོངས་སྤྱད་པར་བྱའོ། །དེ་
ནས་དེའི་འོག་ཏུ་གདོང་གཡོགས་ཕྱེ་ལ་དཀྱིལ་འཁོར་བསྟན་པར་བྱའོ། །དེ་ནས་གང་གི་ལྷའི་གནས་གང་ཡིན་པ་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བའི་གནས་སོ། །དེར་དེ་བསྟན་པར་བྱ་ཞེས་བྱ་བ་ནི་དབང་བསྐུར་བར་རབ་ཏུ་ནུས་པའི་ཕྱིའི་ལྷ་མོ་བསྟན་པར་བྱའོ། །ཡང་དག་ཅེས་བྱ་
བ་ནི་རྣམ་པར་མི་རྟོག་པའི་ཡིད་ཀྱིས་སོ། །དེ་ནས་སློབ་མས་ཀྱང་དེ་བཞིན་དུ་བརྩམ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ནས་སློབ་མ་རབ་མཉམ་གཞག །རབ་ཏུ་བཏུད་པར་བྱས་ནས་ནི། །གཡོན་ནས་བརྩམས་པའི་རིམ་པ་ཡིས། །དེ་ནས་བསྐོར་བ་རབ་ཏུ་བྱ། །དཀྱིལ་འཁོར་
དང་ནི་བླ་མ་ལ། །ཇི་བཞིན་ཆོ་གས་ཕྱག་བྱའོ། །ཞེས་བྱ་བ་ཡིན་ཏེ། ཇི་ལྟར་བླ་མས་སློབ་མ་ལ་གསང་བའི་དབང་བསྐུར་བྱིན་པ་དེ་འདྲ་བའི་ཆོ་གས་སློབ་མས་བླ་མའི་ཕྱིར་དེ་ཉིད་བསྒྲུབ་པར་བྱའོ་ཞེས་དགོངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ་བ་ཡིན་པའི་
ཕྱིར་གོ་སླའོ། །དེ་ཀུན་དཔལ་ལྡན་ཁྲག་འཐུང་གནས། །ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་སྦྱོར་བ་འཛིན་པའི་རྣལ་འབྱོར་པ་ལ་ཞེས་བྱ་བའི་དོན་ཏོ། །ལེའུ་གསུམ་པའོ།། །།དེ་ནས་རྣལ་འབྱོར་མ་རྣམས་ནི། །ས་ལ་རྣམ་པར་རོལ་བ་སྟེ། །ཞེས་བྱ་བ་ནི་འཁོར་ལོ་གསུམ་ལ་གནས་
པའི་མཁའ་འགྲོ་མ་རྣམས་ཀྱི་སོ་སོའི་མཚན་བསྟན་པའི་ཕྱིར་གསུངས་པ་ནི། བརྩོན་ཆེན་ཞེས་བྱ་བ་ལ་སོགས་པས་རིམ་པ་ལས་བཟློག་སྟེ་གསུངས་པ་ཡིན་ནོ། །དེ་བཞིན་དུ་དོན་ཐམས་ཅད་ལ་རང་གི་མིང་བརྗོད་པའི་སྔགས་ཞེས་བྱ་བ་ལ་སོགས་པས་མཁའ་འགྲོ་མ་དང་དཔའ་བོ་

ཉི་ཤུ་རྩ་བཞི་དང་མཁའ་འགྲོ་མ་བཞི་དང་། ཁྭ་གདོང་མ་ལ་སོགས་པ་བརྒྱད་ཀྱི་རང་རང་གི་མཚན་བརྗོད་པ་ལ་ཐོག་མར་ཨོཾ་དང་ཐ་མར་ཧཱུྃ་ཧཱུྃ་ཕཊ་ཅེས་སྦྱར་ན་སྔགས་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །ཡི་གེ་ཨོཾ་ནི་ཐམས་ཅད་གསལ་བར་བྱེད་པ་ཡིན་པར་བསྟན་པའི་ཕྱིར་རོ། །རྣལ་འབྱོར་མཆོག་
ནི་འདི་མཐོང་ན། གཞན་དག་སྙིང་པོ་མེད་རྩྭར་མཚུངས། །ཞེས་བྱ་བ་ནི་ཤྲཱི་བཛྲ་ཧེ་རུ་ཀའི་རྣལ་འབྱོར་འདི་མཐོང་ན་གཞན་ནི་རྩྭའི་ཁྱད་པར་ལྟ་བུ་སྟེ། སྲིན་བུས་ཟོས་པའི་རྩྭ་སྙིང་པོ་མེད་པ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །གྲུབ་ཅེས་བྱ་བ་ལ་སོགས་པས་ནི་ད་ལྟར་རྫོགས་པའི་
རྣལ་འབྱོར་པའི་མཐུ་རྣམས་སྟོན་པ་ཡིན་ནོ། །གྲུབ་པ་ཉིད་ཀྱིས་ནི། འདོད་པ་ཐམས་ཅད་བྱེད་པ་ཡིན། །ཞེས་བྱ་བ་ཡིན་ཏེ། མངོན་པར་འདོད་པ་ནི་དོན་རྫོགས་པར་བྱེད་པའི་ནུས་པ་དང་ལྡན་པར་འགྱུར་རོ། །དཔའ་བོ་ཉིད་འགྱུར་ཞེས་བྱ་བ་ནི་འཁོར་ལོ་གསུམ་གྱི་དབུས་སུ་ཆུད་པའི་དཔའ་བོ་
སྟེ། ཕ་རོལ་གནོན་པར་གྱུར་པ་ཡིན་ལ། གྲུབ་པ་ནི། ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཁང་པ་བྲིས་པའི་དཀྱིལ་འཁོར་མཐོང་བ་སྟེ། དབང་བསྐུར་བའི་ཆོ་ག་རྫོགས་པ་ཙམ་གྱིས་ཇི་སྐད་བསྟན་པའི་ཡོན་ཏན་འགྲུབ་པར་འགྱུར་ན། བཟླས་
པ་དང་བསྒོམ་པ་ལ་སོགས་པ་ལ་རྟག་ཏུ་གོམས་པར་བྱེད་པའི་དབང་གིས་ལྟ་སྨོས་ཀྱང་ཅི་དགོས། དེའི་ཆེ་བ་ཉིད་བསྟན་པའི་ཕྱིར་གསུངས་པ་ནི། དེ་ཤེས་རྟག་ཏུ་བསྒོམ་པ་ནི། །ཞེས་བྱ་བ་ཡིན་ནོ། །དངོས་གྲུབ་ཅེས་བྱ་བ་ནི་དེའི་འབྲས་བུ་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་
པས་གསུངས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ནི་ཕྱིན་ཅི་མ་ལོག་པར་གསུངས་པ་ཡིན་པས་འདིར་ཚད་མ་ཉིད་དུ་གསུངས་པ་ཡིན་ནོ། །ལེའུ་བཞི་པའོ།། །།ད་ནི་འདིར། སྔགས་ཀྱི་ཚིག་ནི་འདི་ཡིན་ཏེ། ཞེས་བྱ་བ་འདིས་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་
རྩ་བའི་སྔགས་བཏུ་བའི་ཆོ་ག་བསྟན་པ་ཡིན་ནོ། །ཨཱ་ལི་ཀཱ་ལིས་མཉམ་སྦྱར་ནས། ཞེས་བྱ་བས་ནི་དབྱངས་ཀྱི་ཡི་གེ་སྟེ། སྡེ་ཚན་རྣམས་ཀྱང་མི་མཉམ་པ་མེད་ཅིང་མ་ཚང་བ་མེད་པར་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སྡེ་ཚན་ལ་ནི་བསྒྱུར་བར་བྱ། །ཞེས་བྱ་བ་ནི་

དང་པོར་རེ་ཞིག་སྔགས་ཀྱི་གསལ་བྱེད་ཀྱི་ཡི་གེ་རྣམས་བཏུ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བཞི་བཞི་རུ་ནི་ཤེས་བྱ་ལ། །ཞེས་བྱ་བ་ནི་སྔགས་ཀྱི་ཚིག་རྐང་པ་བརྒྱད་དུ་འགྱུར་བའོ། །ཐུབ་པ་མཆོག་གི་རེ་མིག་ལས། །དེར་གནས་དཔའ་བོ་བཏུ་བར་བྱ། །ཞེས་བྱ་
བ་ནི་སྟོན་པ་པོ་དང་བསྟན་པའི་ཚུལ་གཅིག་པས་དཔའ་བོའི་སྒྲས་ནི་སྔགས་ལ་བྱ་བར་བཤད་དོ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པ། །ཞེས་བྱ་བ་ནི་སྔགས་ཀྱི་མཐུ་བསྟན་པ་ཡིན་ནོ། །བཞི་པའི་ལྔ་པ་གང་ཡིན་དང་། །ཞེས་བྱ་བ་ནི་ཡི་གེ་ན་ལ་བྱའོ། །ལྔ་པ་ཡི་ནི་ལྔ་པ་དང་། །
ཞེས་བྱ་བ་ནི་མའོ། །ལྔ་པ་ཡི་ནི་བཞི་པ་དང་། །ཞེས་བྱ་བ་ནི་བྷའོ། །དང་པོའི་གསུམ་པ་གང་ཡིན་དང་། །ཞེས་བྱ་བ་ནི་གའོ། །དེ་བཞིན་ཉི་ཤུ་རྩ་དགུ་པ། །ཞེས་བྱ་བ་ནི་ཝའོ། །བཞི་པའི་དང་པོ་གང་ཡིན་པ། །ཞེས་བྱ་བ་ནི་ཏའོ། །མཐར་གནས་པ་ཡི་བཞི་པ་དང་། །ཞེས་བྱ་བ་ནི་ཝ་ཉིད་དོ། །དེ་ཉིད་ཀྱི་ནི་གཉིས་པ་
ནི་རའོ། །སུམ་ཅུ་པ་ནི་ཤའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །བརྒྱ་ཕྱེད་ཕྱེད་པ་ནི་མའོ། །སུམ་ཅུ་རྩ་གསུམ་པ་ནི་ཧའོ། །དང་པོའི་དང་པོ་ནི་ཀའོ། །མཐར་གནས་པ་ཡི་གསུམ་པ་ནི་ལའོ། །དང་པོའི་གསུམ་པ་ནི་གའོ། །སུམ་ཅུ་རྩ་གཉིས་པ་ནི་སའོ། །བཞི་པའི་ལྔ་པ་ནི་ནའོ། །ལྔ་པའི་བཞི་
པ་ནི་བྷའོ། །མཐར་གནས་པ་ཡི་དང་པོ་གང་། །ཞེས་བྱ་བ་ནི་ཡའོ། །གཉིས་པའི་གསུམ་པ་ནི་ཛའོ། །གསུམ་པའི་དང་པོ་ནི་ཊའོ། །ལྔ་པའི་ལྔ་པ་ནི་མའོ། །དང་པོའི་དང་པོ་ནི་ཀའོ། །དེ་བཞིན་བཅུ་གཅིག་པ་ཉིད་དང་། །ཞེས་བྱ་བ་ནི་ཊའོ། །བཅུ་དྲུག་པ་དང་ཞེས་བྱ་བ་ནི་ཏའོ། །གསུམ་པའི་དང་པོ་ནི་ཊ་ཉིད་
དོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །བཞི་པའི་གསུམ་པ་ནི་དའོ། །ཨུཥྨའི་གཉིས་པ་ནི་ཥའོ། །དང་པོའི་དང་པོ་ནི་ཀའོ། །ཉི་ཤུ་རྩ་བདུན་པ་ནི་རའོ། །ཉི་ཤུ་རྩ་བརྒྱད་པ་ནི་ལའོ། །དང་པོའི་གསུམ་པ་ནི་གའོ། །ལྔ་པའི་བཞི་པ་ནི་བྷའོ། །སུམ་ཅུ་རྩ་གཅིག་པ་ནི་ཁའོ། །བཅོ་ལྔ་པ་ནི་ཎའོ། །ཉི་ཤུ་རྩ་ལྔ་
པ་ནི་མའོ། །དང་པོའི་གཉིས་པ་ནི་ཁའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །སུམ་ཅུ་རྩ་གཉིས་པ་ནི་སའོ། །ཨུཥྨའི་ཐ་མ་ནི་ཧའོ། །སུམ་ཅུ་རྩ་གཉིས་པ་ཉིད་ནི་ཡང་ས་ཉིད་དོ། །ལྔ་པའི་བཞི་པ་ནི་བྷ་ཉིད་དོ། །གཉིས་པའི་གསུམ་པ་ནི་ཛའོ། །ལྔ་པའི་བཞི་པ་ནི་བྷའོ། །ཨུཥྨའི་གསུམ་པ་ནི་སའོ། །ཉི་ཤུ་

རྩ་བདུན་པ་ནི་རའོ། །ཨནྟ་སྠའི་དང་པོ་ནི་ཡའོ། །ཉི་ཤུ་རྩ་གཅིག་པ་ནི་པའོ། །ཨནྟ་སྠའི་གཉིས་པ་ནི་རའོ། །སུམ་ཅུ་པ་ནི་ཤའོ། །ལྔ་པའི་དང་པོ་ནི་པའོ། །ཨུཥྨའི་དང་པོ་ནི་ཤའོ། །དེ་བཞིན་ཡི་གེ་དྱཱ་ཉིད་དང་། །ཞེས་བྱ་བ་ནི་རང་གི་གཟུགས་ཉིད་བསྟན་པས་བཅོམ་ལྡན་འདས་མའི་ཆོས་ཀྱི་ཕྱག་རྒྱའི་
ས་བོན་གསུངས་པ་ཡིན་ནོ། །བཞི་པའི་དང་པོ་ནི་ཏའོ། །ཨུཥྨའི་དང་པོ་ནི་ཤའོ། །ཉི་ཤུ་རྩ་བརྒྱད་པ་ནི་ལའོ། །དང་པོའི་གཉིས་པ་ནི་ཁའོ། །གསུམ་པའི་དང་པོ་ནི་ཊའོ། །དང་པོའི་གསུམ་པ་ནི་གའོ། །བཞི་པའི་བཞི་པ་ནི་དྷའོ། །ཨནྟ་སྠའི་གཉིས་པ་ནི་རའོ། །གསུམ་པའི་ལྔ་པ་ནི་ཎའོ། །
ཡི་གེ་བྱཱ་རང་གི་གཟུགས་སུ་བརྗོད་པ་ནི་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཕྱག་རྒྱའི་ས་བོན་དུ་བསྟན་ཏོ། །དང་པོའི་བཞི་པ་ནི་གྷའོ། །ཡི་གེ་བརྒྱད་པ་ནི་ཛའོ། །བཞི་པའི་ལྔ་པ་ནི་ནའོ། །ལྔ་པའི་ལྔ་པ་ནི་མའོ། །དང་པོའི་དང་པོ་ནི་ཀའོ། །ཉི་ཤུ་རྩ་བདུན་པ་ནི་རའོ། །བཞི་པའི་བཞི་པ་ནི་དྷའོ།།
ཉི་ཤུ་རྩ་བདུན་པ་ནི་རའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །ཉི་ཤུ་རྩ་ལྔ་པ་ནི་མའོ། །སུམ་ཅུ་རྩ་གསུམ་པ་ནི་ཧའོ། །བཞི་པའི་བཞི་པ་ནི་དྷའོ། །ལྔ་པའི་ལྔ་པ་ནི་མའོ། །བཞི་པའི་ལྔ་པ་ནི་ནའོ། །དང་པོའི་དང་པོ་ནི་ཀའོ། །ཉི་ཤུ་རྩ་བདུན་པ་ནི་རའོ། །ཨནྟ་སྠའི་བཞི་པ་ནི་ཝའོ། །ཉི་ཤུ་
རྩ་གཅིག་པ་ནི་པའོ། །ཨུཥྨའི་གཉིས་པ་ནི་ཥའོ། །དེ་བཞིན་ཉི་ཤུ་རྩ་དྲུག་པ། །ཞེས་བྱ་བ་ནི་ཡི་གེ་ཡའོ། །རིག་པའི་རྒྱལ་པོ་ཞེས་བྱ་བ་ལ་རིག་པ་ནི་འཁོར་ལོ་གསུམ་ལ་གནས་པའི་མཁའ་འགྲོ་མ་རྣམས་ཏེ། དེ་རྣམས་ཀྱི་རྒྱལ་པོ་ཡིན་པས་ན་རིག་པའི་རྒྱལ་པོ་སྟེ། དེའི་གསང་
སྔགས་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་ཐམས་ཅད་སྤངས་པའོ། །ཞེས་བྱ་བ་ནི་བཀླགས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་བར་ཟད་དོ། །ལེའུ་ལྔ་པའོ།། །།ཡ་ཚོགས་བརྒྱད་པའི་ས་བོན་དང་། ཞེས་བྱ་བ་ལ་སོགས་པ་ནི་གོ་ཆར་གྱུར་པའི་
དཔའ་བོ་དྲུག་གི་སྙིང་པོ་བཏུ་བ་ཡིན་ཏེ། ཡའི་ཚོགས་ལས་བརྒྱད་པའི་ས་བོན་ནི་ཧའོ། །གུག་སྐྱེད་བཅུ་གཉིས་ཞེས་བྱ་བ་ནི་མ་ནིང་བཏོན་པའི་གུག་སྐྱེད་བཅུ་གཉིས་རྣམ་པར་མཛེས་པར་བྱས་པའི་ས་བོན་ཧ་དགོད་པའོ། །ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧྃ་ཧཿཞེས་བྱ་བ་ཡི་གེ་བར་མ་དོར་

བྱས་པ་ཞེས་བྱ་བ་ནི། གཉིས་པ་དང་བཞི་པ་དང་། དྲུག་པ་དང་བརྒྱད་པ་དང་བཅུ་པ་དང་བཅུ་གཉིས་པ་ཕྱིས་པའོ། །ཡན་ལག་དྲུག་ནི་ཧེ་རུ་ཀ །ཞེས་བྱ་བ་སྟེ། ཧེ་རུ་ཀའི་ཡན་ལག་དྲུག་པ་ཞེས་བྱ་བའི་དོན་ཏེ། རྟེན་དང་བརྟེན་པ་པོ་དབྱེར་མེད་པའི་ཚུལ་གྱིས་སམ། དོན་དམ་
པ་ཉིད་དུའོ། །དཔའ་བོ་དྲུག་དང་མཉམ་སྦྱོར་བ། །ཞེས་བྱ་བ་ནི་དཔའ་བོ་དྲུག་དང་མཉམ་པར་སྦྱོར་བ་ནི་ཡི་གེ་ཨོཾ་ལ་སོགས་པའོ། །ཡི་གེ་གཅིག་ཏུ་ཡང་དག་གནས། །ཞེས་བྱ་བ་ནི་ཡི་གེ་ཧའོ། །གོང་དུ་ཡི་གེ་ཨོཾ་བཞག་གོ་ཞེས་བྱ་བའི་དོན་ཏོ། །སྔགས་དེ་དག་གང་ཞེ་ན། དེའི་ཕྱིར་
གསུངས་པ་ནི། ཨོཾ་ན་མཿསྭཱ་ཧཱ་བཽ་ཥཊ། །ཧཱུྃ་ཧཱུྃ་ཕཊ་དང་ཡང་དག་ལྡན། །སྒྲུབ་པོས་སྙིང་པོར་ཤེས་པར་བྱ། །ཞེས་བྱ་བ་ཡིན་ཏེ། སྒྲུབ་པ་པོས་དེ་ལྟར་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །དང་པོའི་སྙིང་ག་ཉིད་དུ་སྟེ། ཞེས་བྱ་བ་ནི་ཨོཾ་ཧ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ་སྙིང་གའོ། །
གཉིས་པ་སྤྱི་བོར་ཤེས་པར་བྱ། །ཞེས་བྱ་བ་ནི་ན་མཿཧི་ཞེས་པ་རྣམ་པར་སྣང་མཛད་དེ་སྤྱི་བོར་རོ། །གསུམ་པ་སྤྱི་གཙུག་དག་ཏུ་སྦྱར། །ཞེས་བྱ་བ་ནི་སྭཱ་ཧཱ་ཧུ་ཞེས་བྱ་བ་འདི་ནི་པདྨ་གར་གྱི་དབང་ཕྱུག་སྟེ་སྤྱི་གཙུག་ཏུའོ། །བཞི་པ་གོ་ཆར་གྱུར་པ་ཡིན། །ཞེས་བྱ་བ་ནི། པཽ་ཥ་ཊ་ཧེ་ཞེས་བྱ་བ་ནི་
ཕྲག་པ་གཉིས་དཔལ་ཧེ་རུ་ཀ་སྟེ་གོ་ཆའི་ཚུལ་ཡིན་པར་ཤེས་པར་བྱའོ། །ལྔ་པ་མིག་ཏུ་གྱུར་པ་ཡིན། །ཞེས་བྱ་བ་ནི་ཧཱུྃ་ཧཱུྃ་ཧོ་ཞེས་བྱ་བ་ནི་རྡོ་རྗེ་ཉི་མ་སྟེ་མིག་གཉིས་ལའོ། །དྲུག་པ་མཚོན་ཆ་ཞེས་བྱར་འདོད། །ཅེས་བྱ་བ་ནི་ཕཊ་ཧྃ་ཞེས་བྱ་བ་འདི་ནི་རྟ་མགྲིན་ཏེ། ཡན་ལག་ཐམས་ཅད་ལ་མཚོན་
ཆར་བྱའོ། །ལེའུ་དྲུག་པའོ།། །།བཅུ་གསུམ་པ་ནི་ཡི་གེ་ཨོ་དང་སྦྱར་བའོ། །དབྱངས་ཡིག་བཅུ་གཅིག་ཡང་དག་ལྡན། །ཡི་གེ་དྲུག་པ་བརྒྱན་པར་བྱ། །ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་དྲུག་པ་ཨེ་དང་སྦྱར་བར་བྱའོ། །དབྱངས་ཀྱི་བཞི་པ་ཉིད་དང་ནི། །ཡི་གེ་བདུན་པ་ཉིད་དུ་སྦྱར། །ཞེས་བྱ་
བ་ནི་སྔགས་ཀྱི་ཡི་གེ་བདུན་པ་ཨི་དང་སྦྱར་བར་བྱའོ། །དབྱངས་ཡིག་བཅུ་གཅིག་པ་ཉིད་ནི། །མཁས་པ་ཡིས་ནི་བརྒྱད་པར་སྦྱར། །ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་བརྒྱད་པ་ཨེ་དང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་གཉིས་པ་དང་ལྡན་པར། །ཡི་གེ་དགུ་པ་བརྒྱན་པར་བྱ། །ཞེས་

བྱ་བ་ནི་སྔགས་ཀྱི་ཡི་གེ་དགུ་པ་ཨཱ་དང་སྦྱར་ཞེས་བྱ་བའི་དོན་ཏོ། །དབྱངས་ཀྱི་ཡི་གེ་གཉིས་པ་ཉིད། །ཡི་གེ་བཅུ་གཉིས་པ་དང་སྦྱར། །ཞེས་བྱ་བ་ནི་ཡི་གེ་བཅུ་གཉིས་པ་ཧ་དང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་གཉིས་པ་ལྡན་པ་ནི། །ཡི་གེ་ཉི་ཤུ་གཅིག་པ་གཟུང་། །ཡི་གེ་བཅུ་
བཞི་པ་ཞེས་བྱ་བ་ནི་ཡི་གེ་བཅུ་བཞི་པ་ཡི་གེ་ལ་དང་སྦྱར་ལ། ཡི་གེ་དེ་ཉིད་ཨ་དང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡི་གེ་ཉི་ཤུ་པ་བླངས་པ་དབྱངས་ཀྱི་ཡི་གེ་ལས་གསུམ་པ་དང་ལྡན་པའོ། །ཡི་གེ་བཅོ་ལྔ་པ་ན་དང་སྦྱར་ན། ཡི་གེ་གསུམ་པ་དབྱངས་དང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །
དབྱངས་ཡིག་བཅོ་ལྔར་ཡང་དག་ལྡན། །བཅུ་དྲུག་པ་ཞེས་བྱ་བ་ནི་ཡི་གེ་བཅུ་དྲུག་པ་དང་ཨྃ་དུ་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་གསུམ་པ་ལྡན་པ་ཡི། །ཡི་གེ་བཅུ་བདུན་པ་རུ་འདོད། །ཅེས་བྱ་བ་ནི་ཡི་གེ་བཅུ་བདུན་པ་ནི་ཡི་གེ་གསུམ་པ་ཨི་དང་སྦྱར་བར་བྱའོ་ཞེས་
བྱ་བའི་དོན་ཏོ། །དབྱངས་ཡིག་གཉིས་པ་ཉིད་དང་ནི། །ཡི་གེ་བཅོ་བརྒྱད་པ་རུ་སྦྱར། །ཞེས་བྱ་བ་ནི་གོ་སླ་བ་ཉིད་ཡིན་ནོ། །དབྱངས་ཡིག་གི་ནི་གཉིས་པ་ཉིད། །ཡི་གེ་ཉི་ཤུ་གཅིག་པར་སྦྱར། །ལྔ་པའི་ལྔ་པ་ཉིད་དང་ནི། །ཡི་གེ་ཉི་ཤུ་གསུམ་པར་སྦྱར། །དབྱངས་ཡིག་བཅུ་གསུམ་
པ་ཉིད་ནི། །ཡི་གེ་ཉི་ཤུ་བཞི་པར་སྦྱར། །ཞེས་བྱ་བ་འདི་དག་ཐམས་ཅད་ནི་གོ་སླའོ། །སྡེ་ཚན་དང་པོ་བླངས་ནས་ནི། །ཡི་གེ་ཉི་ཤུ་ལྔ་པར་སྦྱར། །ཞེས་བྱ་བ་ལ། ཡི་གེ་ཉི་ཤུ་ལྔ་པའི་རྩ་བར་ཀ་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་གཉིས་པ་དང་ལྡན་པར། །ཡི་གེ་ཉི་ཤུ་རྩ་
དྲུག་འགྱུར། །ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་གཉིས་པ་དང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཉི་ཤུ་བརྒྱད་པ་ཉིད་དག་ནི། །ཡི་གེ་བཅོ་ལྔ་པ་དང་སྦྱར། །ཞེས་བྱ་བ་ནི་ཡི་གེ་ད་དང་ངར་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གསུམ་པ་དང་པོར་ཡང་དག་ལྡན། །འོག་གི་ཆ་ནི་མེ་དང་བཅས། །
ཞེས་བྱ་བ་ནི་ཡི་གེ་ཊའི་འོག་ཏུ་ར་བཏགས་པ་སྦྱར་བར་བྱའོ། །དེ་བཞིན་དབྱངས་ཡིག་གཉིས་པར་སྦྱར། །ཞེས་བྱ་བ་ནི་ཊ་དེ་ཡི་གེ་ཨཱ་དང་སྦྱར་བར་བྱའོ། །ཡི་གེ་ཉི་ཤུ་རྩ་དགུ་པ། །ཞེས་བྱ་བ་ནི་ཥའི་འོག་ཏུ་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླ་བ་ཉིད་ཡིན་ནོ། །ཉི་མ་ཞེས་བྱ་

བ་ནི་རའི་མིང་ཉིད་ཡིན་ནོ། །ལྷག་མ་ནི་དེ་ཉིད་དུ་གོ་སླའོ། །མཁའ་འགྲོའི་སྙིང་ནི་འཇོམས་པ་ཡིན། །ཞེས་བྱ་བ་ནི་སྔགས་འདི་བཟླས་པ་ཙམ་གྱིས་ཐམས་ཅད་འཇིགས་པར་བྱེད་ཅིང་མཁའ་འགྲོ་མ་ལ་སོགས་པ་སྐྲག་པར་བྱེད་པ་ཡིན་ནོ། །ཨོཾ་ནི་དང་པོར་སྦྱར་
བར་བྱའོ། །ཧཱུྃ་ཧཱུྃ་ཕཊ་ནི་མཐར་སྦྱར་བ། །ཞེས་བྱ་བ་ནི་གོ་སླ་བ་ཉིད་དོ། །ལེའུ་བདུན་པའོ།། །།དེ་ནས་རང་གི་བདག་ཉིད་ཀྱི། །དབང་པོ་ཐམས་ཅད་མཉམ་སྦྱར་བ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །འཁོར་ལོ་བདེ་མཆོག་ཡིན་པར་འདོད། །ཅེས་བྱ་བ་ནི་དཔལ་ཧེ་རུ་ཀ་ཉིད་ཅན་གྱི་
སྔགས་འཁོར་ལོ་གསུམ་དུ་རྣམ་པར་གནས་པའི་མཁའ་འགྲོ་མ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཧ་ཞེས་བྱ་བ་ལ་སོགས་པ་ནི་སྙིང་པོའི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པའི་གོ་རིམས་བཟློག་པའི་ཚུལ་དུ་ཉེ་བར་གནས་པ་ཡིན་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་
ཧུྃ་ཧཱུྃ་ཕཊ་ཌཱ་ཀི་ནཱི་ཛ་ལ་སཾ་པ་ར་སྭཱ་ཧཱ། ཞེས་བྱ་བས་ཤེས་པར་བྱའོ། །དེ་བཞིན་དུ་རྣལ་འབྱོར་མ་གང་དག་ཡིན་པའི་སྙིང་པོ་ཡང་གོ་བཟློག་པའི་ཚུལ་གྱིས་གསུངས་པ་ཡིན་ཏེ། དེ་བས་ན་ཨོཾ་ཧྃ་ཧྲིཾ་ཧྲིཾ་ཧཱུྃ་ཕཊ་ཅེས་བྱ་བ་ཡིན་པར་ཤེས་པར་བྱའོ། །ཡི་གེ་བཾ་ཞེས་བྱ་བ་ལ་སོགས་པའི་
དོན་ནི་འདི་ཡིན་ཏེ། བཾ་གྱི་དང་པོར་ནི་ཨོཾ་སྦྱར་བར་བྱ་སྟེ། ཡོཾ་གི་དང་པོར་ནི་ཡི་གེ་ཧཾ་ངོ་། །མཾ་གྱི་དང་པོར་ནི་ཡི་གེ་ཧྲེཾ་ངོ་། །ཧྲིཾ་གི་དང་པོར་ནི་ཧྲོཾ་ངོ་། །ཧཱུྃ་གི་དང་པོར་ནི་ཧཱུྃ་ངོ་། །ཕཊ་གྱི་དང་པོར་ནི་ཡི་གེ་ཕཊ་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཨོཾ་བཾ་ནི་རྡོ་རྗེ་ཕག་མོ་སྟེ་ལྟེ་བའོ། །ཧྃ་ཡོཾ་ནི་ཡ་མི་ནི་སྟེ་སྙིང་
གར་རོ། །ཧྲིཾ་མྃ་ནི་རྨོངས་བྱེད་མ་སྟེ་ཁར་རོ། །ཧྲིཾ་ཧྲིཾ་ནི་གཡོ་བྱེད་མ་སྟེ་མགོ་བོར་རོ། །ཧཱུྃ་ཧཱུྃ་ནི་སྐྲག་བྱེད་མ་སྟེ་སྤྱི་གཙུག་ཏུའོ། །ཕཊ་ཕཊ་ནི་གཏུམ་མོ་སྟེ་ཡན་ལག་ཐམས་ཅད་ལ་མཚོན་ཆའི་ཚུལ་ཏེ་རྣལ་འབྱོར་མ་དྲུག་གི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་ཡུམ་གྱི་ཉེ་བའི་
སྙིང་པོའོ། །མཁའ་འགྲོ་མ་ཡི་རིག་པ་ཆེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ནི་སྔགས་ཀྱི་བདག་ཉིད་ཀྱི་ཆེ་བ་གསུངས་པ་ཡིན་ནོ། །ས་སྟེང་ན་ནི་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་དམ་པ་ཡིན། །མཁའ་འགྲོ་མ་ཡི་རིག་པ་ཆེ། །རིག་པའི་རྒྱལ་པོ་ཧེ་རུ་ཀ །ཞེས་བྱ་བ་

ལས་ནི་དཀྱིལ་འཁོར་ཏེ། རང་དང་གཞན་གྱིས་བཤད་པའི་རྒྱུད་ཀྱི་སྔགས་སོ། །རིན་ཆེན་བཞི་ནི་སྔགས་བཞི་ཉིད་རིན་ཆེན་ནོ། །བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་ཕྲེང་བའི་སྔགས་དང་སྙིང་པོ་དང་ཉེ་བའི་སྙིང་པོ་དང་གོ་ཆའི་སྔགས་སོ། །རྒྱུད་དུ་ཐམས་ཅད་རྨོངས་པར་བྱ་
བའི་དོན་དུ་ཇི་ལྟར་ཡང་རུང་བར་བྱས་སོ། །དེ་དོན་གྱི་དབང་གིས་ཤེས་པར་བྱའོ། །ཡང་ན་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གོ། །ཡང་ན་གཞན་ཉིད་ཀྱི་དོན་ཏོ། །བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་སྨོས་པ་ནི་གཉུག་མ་ཉིད་དེ། མཁས་པས་ནི་བྱང་ཞིང་གསལ་བ་སྟེ། ནུས་པ་དང་ལྡན་ཞེས་
བྱ་བའི་བར་དུའོ། །རྣལ་འབྱོར་མར་བསྟན་དེ་ཐམས་ཅད་བྱེད་པའོ། །དེ་ཉིད་ཀྱིས་ན་རིན་ཆེན་ཏེ་རིན་པོ་ཆེ་ལྟ་བུར་གྱུར་པའི་སྔགས་ཀྱི་ཕྲེང་བ་ནི་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་མངོན་པར་འདོད་པ་སྟེར་བར་བྱེད་པ་ལྟར་བཅོམ་ལྡན་འདས་དང་། །ཡུམ་གྱི་སྔགས་ཀྱི་ཕྲེང་བ་ཡང་
དེ་དང་འདྲའོ་ཞེས་བྱ་བར་སྦྱར་བར་བྱའོ། །དེ་ཉིད་ཀྱིས་ན་མཁའ་འགྲོ་མ། །ཞེས་བྱ་བ་ལ་སོགས་པས་དེའི་ནུས་མཐུ་གསུངས་པ་ཡིན་ནོ། །རིག་པའི་རྒྱལ་པོ་ཞེས་བྱ་བ་ནི་ཕྲེང་བའི་སྔགས་ཀྱི་མིང་སྟེ་རྩ་བའི་སྔགས་ལ་བྱའོ། །ལེའུ་བརྒྱད་པའོ།། །།དེ་ནས་རྩ་བའི་སྔགས་
ཀྱི་ནི། །ལས་མཆོག་གོ་རིམས་ཇི་བཞིན་དུ། །ཞེས་བྱ་བ་ནི་དང་པོར་བསྟན་པའི་སྔགས་གང་ཡིན་པ་དེའི་ལས་ཀྱི་སྦྱོར་བ་དེ་ནི་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འཇིག་རྟེན་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལྷ་ཐམས་ཅད་ཀྱི་སྐྱེ་གནས་ཞེས་བྱ་བ་ནི་དངོས་གྲུབ་གསལ་བར་
བྱ་བའི་ཕྱིར་ཡང་སྨོས་པ་ཡིན་གྱི། རྒྱུད་ཐམས་ཅད་ལ་ཚིག་ཟློས་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །སྤྲིན་རྣམས་འཐོར་བར་བྱེད་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ། དང་པོར་སྒྲ་ཇི་བཞིན་པར་གཟུང་བར་བྱའོ། །དེའི་འོག་ཏུ་འདི་ཡིན་ཏེ། །རྡོ་རྗེ་དང་པདྨ་ཡང་དག་པར་འདུས་པའི་
སྐབས་སུ་སྤྲིན་རྣམ་པར་འཐོར་བར་བྱེད་པ་ནི་མཁའ་འགྲོ་རྣམས་དབང་དུ་བྱེད་པའོ། །ཆར་འབེབས་པར་བྱེད་དོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་སོ། །ཟློག་པར་བྱེད་དོ་ཞེས་བྱ་བ་ནི་འཇོག་པར་བྱེད་པ་སྟེ་ཕྱག་རྒྱ་དང་ལྷན་ཅིག་གནས་པའོ། །རྒྱ་མཚོ་སྐེམས་པར་བྱེད་དོ་ཞེས་བྱ་

བ་ནི་ངལ་བའི་གནས་སུ་བྱེད་པའོ། །ཆུ་བོ་རྒྱུན་ཕྱོགས་སུ་བཟློག་སྟེ་འབབ་པར་སྟོན་ཏོ་ཞེས་བྱ་བ་ནི་ཅུང་ཟད་འབྱུང་པ་འཇོག་པར་བྱེད་པའོ། །དབང་པོ་ཟློག་པར་བྱེད་དོ་ཞེས་བྱ་བ་ནི་ཁྲོས་ན་གཞན་གྱི་དབང་པོ་མི་སྡོད་པར་བྱེད་དོ། །ས་གཡོ་བར་བྱེད་པ་ནི་ཐམས་ཅད་
ཆོས་འབྱུང་བའི་ང་རྒྱལ་དུ་བྱ་བས་བསྐྱོད་པའོ། །ཤིང་ལ་འཛེགས་ཏེ་གང་དུ་འདོད་པ་དེར་འགྲོ་བར་བྱེད་དོ་ཞེས་བྱ་བ་ནི་རིག་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་འགྲོ་བར་བྱེད་པའོ། །སྔགས་ཐམས་ཅད་འཕྲོག་པར་བྱེད་པ་དང་ཞེས་བྱ་བ་ནི་ཁམས་གསུམ་ན་གང་ཅུང་ཟད་རང་གི་ཁྱིམ་
ན་གསང་བ་བཤད་པ་དེ་ཐམས་ཅད་འཁྲུལ་འཁོར་ལ་གནས་བཞིན་དུ་ཐོས་སོ། །དངོས་གྲུབ་ཐམས་ཅད་འཕྲོག་པར་བྱེད་དོ་ཞེས་བྱ་བ་ལ། དངོས་གྲུབ་ཐམས་ཅད་ནི་རིག་པ་འཛིན་པ་དང་འབྲེལ་པ་སྟེ། དེ་རྣམས་ཕྲོགས་ནས་སྡུད་པར་བྱེད་པའོ། །ཁྲག་འདྲེན་པར་བྱེད་པ་དང་ཞེས་བྱ་བ་ནི་སྲུང་
བ་དཔག་ཏུ་མེད་པ་དང་ལྡན་པའི་རྒྱལ་པོ་ཡང་འགུགས་པར་བྱེད་དོ། །སླར་ཡང་གཏོང་བར་བྱེད་དོ་ཞེས་བྱ་བ་ནི། སླར་ཡང་རང་གི་གནས་སུ་འཇོག་པར་བྱེད་དོ། །གཟུགས་བརྒྱ་སྟོང་ཕྲག་དུ་མ་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་མ་ལུས་པའི་དོན་བྱ་བའི་ཕྱིར་རང་གི་ལུས་ཐབས་དང་ཤེས་རབ་དང་ལྡན་
པ་ལས་རྣམ་པ་དེ་ལྟ་བུས་ནམ་མཁའ་མ་ལུས་པར་ཁྱབ་པར་བྱེད་པ་འབྱིན་པར་བྱེད་དོ། །འདོད་ན་སྣང་བར་བྱེད་ཅིང་འདོད་ན་མི་སྣང་བར་བྱེད་དོ་ཞེས་བྱ་བ་ལ། ལྷ་མོ་རྣམས་ཀྱི་འདོད་པས་ཞེས་བྱ་བའི་དོན་ཏོ། །ཁང་བཟངས་དང་ཤིང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་དོ་ཞེས་བྱ་བ་ལ། ཁང་
བཟངས་ནི་པདྨ་སྟེ་སངས་རྒྱས་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །ཤིང་ནི་རྡོ་རྗེ་སྟེ་སྐྱེས་བུའི་ཚུལ་ཆེན་པོ་ཡིན་པའི་ཕྱིར་རོ། །རྩེ་མོ་རྣམས་ནི་པདྨའི་སྣ་རྩེ་སྟེ། ཆུང་ངུ་དང་བར་མ་དང་ཆེན་པོ་ཙམ་གྱིས་རྡོ་རྗེ་དང་པདྨ་འདུས་པ་ཉིད་དུ་བྱེད་ཅེས་བྱ་བའི་དོན་ཏོ། །དུག་བདུད་རྩིར་
བྱེད་དོ་ཞེས་བྱ་བ་ནི་དུག་བདུད་རྩི་ལྟར་སྟོན་པར་བྱེད་དོ། །བདུད་རྩི་ཡང་དུག་ཏུ་བྱེད་དོ་ཞེས་བྱ་བ་ནི་བདུད་རྩི་དང་འདྲ་བའི་ཡུལ་རྣམས་ལ་ཡང་དུག་དང་འདྲ་བར་བྱེད་པ་སྟེ། ཐ་མལ་པའི་གཟུགས་ཀྱིས་སྤྱོད་ཅིང་ཆགས་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཟླ་བ་ཆུར་བྱེད་པ་དང་ཞེས་བྱ་བ་ནི་བྱང་ཆུབ་

ཀྱི་སེམས་འོ་མ་ལྟར་འཐུང་བའོ། །ཆུ་ཟླ་བར་བྱེད་དོ་ཞེས་བྱ་བ་ནི་ཆུ་བྱང་ཆུབ་ཀྱི་སེམས་སུ་བྱས་པའི་ཕྱིར་ཞི་བའི་བཏུང་བ་བཞིན་མྱོང་བར་བྱེད་ཅེས་བྱ་བའི་དོན་ཏོ། །དྲི་ཐམས་ཅད་འཕྲོག་པར་བྱེད་ཅེས་བྱ་བ་ནི། །བདུད་རྩི་ལྔ་པོ་དེའི་དྲི་རྣམས་འཕྲོག་པར་བྱེད་པའོ། །གང་དུ་འདོད་པ་དེར་
འཕོ་བར་བྱེད་དོ་ཞེས་བྱ་བ་ནི་དྲི་དེ་གཞན་དག་ཏུ་བྲམ་ཟེ་ལ་སོགས་པའི་ཟས་ལ་འཕོ་བར་བྱེད་དོ། །ད་ནི་སྔར་གྱི་དོན་ཉིད་གསལ་བར་བྱ་བའི་ཕྱིར། ནམ་མཁའ་ལྡིང་གི་གདོང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདོང་གིས་ནམ་མཁའ་ལྡིང་གི་རྒྱལ་པོ་དང་འདྲ་བར་འགྲོ་ཞིང་སོང་བའོ། །
འབྱིན་པར་བྱེད་ཅིང་ཞེས་བྱ་བ་ནི་ནམ་མཁའ་ལྡིང་འགྲོ་བར་བྱེད་པ་ནི་གཤོག་པ་གཉིས་རྐྱོང་བར་བྱེད་ལ། དེ་བཞིན་དུ་ཞི་བའི་འདུས་པས་ལྷ་མོ་དང་ཀུན་དུ་སྤྱོད་པ་སྟེ། ཁས་བྱང་ཆུབ་ཀྱི་སེམས་བླངས་ནས་ལྷ་མོའི་ཁར་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མི་མཆོག་ཅེས་བྱ་བ་ནི་མི་མཆོག་
གང་འདི་ལྟར་སྤྱོད་པ་དེ་ནི་འཇིག་རྟེན་གསུམ་ན་མཆོག་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལག་མཐིལ་ན་ཡོད་པའི་དཔལ་གང་གིས་ཀྱང་འཕྲོག་པར་མི་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟ་བུའི་རྣལ་འབྱོར་པ་ལ་བཞེད་པ་ཙམ་ལ་རག་ལས་པའི་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་གཞོམ་པར་མི་ནུས་སོ་
ཞེས་བྱ་བའི་དོན་ཏོ། །རྣམ་པ་དེ་ལྟ་བུ་ནི་ཞེས་བྱ་བ་ལ་སོགས་པའི་དོན་ཇི་ལྟ་བ་ཉིད་དེ། རབ་ཀྱི་མཐར་ཐུག་པ་ཁོ་ན་ཡིན་པའི་ཕྱིར་རོ། །དུར་ཁྲོད་ཀྱི་སོལ་བ་ལ་ཞེས་བྱ་བ་ལ། འདིར་མན་ངག་བརྗོད་པར་བྱ་སྟེ། བ་རུ་རའི་ཤིང་གི་ལྷོ་ཕྱོགས་སུ་གཏོགས་པའི་ཡལ་ག་སྨེ་ཤ་ཅན་
གྱིས་སྟ་རེ་ལ་སོགས་པས་བཅད་ལ་མར་གྱི་ངོའི་བཅུ་བཞི་ལ་མཚན་མོ་བསྲེགས་ཏེ། བོང་བུའི་གཅིན་གྱིས་བསད་ལ་སོལ་བ་དེ་དག་གི་ཐལ་བ་བླངས་ཏེ་ལེགས་པར་བཞག་ནས་དེའི་འོག་ཏུ་སྔགས་གོང་མའི་ཆོ་ག་བཞིན་དུ་བྱས་ན་དེའི་འབྲས་བུ་མི་བཟློགས་པ་ཉིད་དུ་འགྱུར་རོ། །
ཨ་ཏི་མུཀྟ་ཀའི་ལྕུག་མ་ལ་ཞེས་བྱ་བ་ལ་འདིར་མན་ངག་འདི་ཡིན་ཏེ། ཟླ་བ་གཟས་ཟིན་པའི་ཚེ་སྔགས་འབུམ་བཟླས་པའི་སྔགས་པས་ཨ་ཏི་མུཀྟ་ཀའི་སྟེང་དུ་འདུག་པ་ལ་བསྲུང་བ་ལ་སོགས་པ་བྱས་ཏེ། བུ་མོ་གཙང་མས་བཀལ་བའི་སྲད་བུ་དམར་པོ་བྱ་སྟེ། ནུབ་ཕྱོགས་

སུ་གཏོགས་པའི་ཡལ་ག་སྲད་བུ་དེས་དཀྲིས་ལ་ཕྱོགས་གཅིག་ཏུ་སྔགས་པ་གཅེར་བུ་སྐྲ་གྲོལ་བས་ཟླ་བ་གཟས་ཟིན་པ་ནས་བརྩམས་ཏེ། །མ་བཏང་གི་བར་དུ་ཡན་ལག་དེ་ལག་པ་གཡོན་པས་བཟུང་ལ་སྔགས་རྒྱུན་མི་འཆད་པ་བཟླ་བར་བྱའོ། །དེའི་འོག་ཏུ་མཚོན་གྱིས་
བཅད་ལ་ཇི་སྐད་དུ་བཤད་པའི་ཆོ་ག་བྱའོ། །རྩེ་མོ་དང་རྩ་བ་ཤེས་པར་བྱས་ན་གང་རྩེ་མོ་དེ་ནི་འོང་བར་འགྱུར་ལ། །རྩ་བ་ནི་ལྡོག་པར་འགྱུར་རོ། །ལྷག་མ་ནི་དོན་ཇི་ལྟ་བ་ཉིད་དོ། །ཟས་དང་སྐོམ་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོས་རྙེད་པར་སླ་བ་ཉིད་ཐམས་ཅད་དུ་གསུངས་པའོ། །
ལེའུ་དགུ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོའི་སྐུ་གསུམ་ལ་གནས་པ་ཉིད་བཤད་དོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཧཱུྃ་གཅིག་པུ་ལས་བསྐྱེད་པའི་འཁོར་ལོ་གསུམ་ལ་གནས་པའི་སྐབས་ནི་ཆོས་ཀྱི་སྐུའོ། །ཐམས་ཅད་སྐུ་གཅིག་པུ་ལ་གནས་པ་ཉེ་བར་བསྡུས་ཏེ།
གོ་ཆ་ཆེན་པོའི་གོ་བགོས་ནས་བཟླས་པའི་གནས་སྐབས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་འོག་ཏུ་སྙིང་གའི་པདྨའི་ཟླ་བ་ལ་ཨཱ་ལི་ཀཱ་ལིའི་སྤྲོ་བ་དང་བསྡུ་བ་ལ་སོགས་པའི་གནས་སྐབས་ནི་སྤྲུལ་པའི་སྐུའོ། །ཡེ་ཤེས་ལོངས་སྤྱོད་ཐོབ་པར་འགྱུར། །ཞེས་བྱ་བ་ལ། ཡེ་ཤེས་ཀྱི་
ལོངས་སྤྱོད་ནི་ཉེ་བར་ལོངས་སྤྱོད་པ་སྟེ། དེ་ཐོབ་པར་འགྱུར་བའོ། །དེ་ཡང་དཔལ་ཧེ་རུ་ཀ་དང་འདྲ་བར་འགྱུར་བའི་བར་དུའོ། །ལྷག་མ་རྣམས་ནི་གོ་སླའོ། །གསང་སྔགས་འདི་ཞེས་བྱ་བ་ལ་སོགས་པས་ནི་སྙིང་པོའི་སྦྱོར་བ་སྟོན་ཏོ། །དེ་ལ་སྙིང་པོ་ནི་གཅེས་པ་ལ་བྱའོ། །ལྷག་མ་
རྣམས་ནི་དོན་ཇི་ལྟ་བ་ཉིད་དོ། །ལེའུ་བཅུ་པའོ།། །།སྐྱེས་བུ་གང་ཞིག་ཅེས་བྱ་བ་ལ་སོགས་པས་ནི་ཕྱུགས་ཀྱི་མཚན་ཉིད་སྟོན་པ་ཡིན་ནོ། །བདེན་པར་སྨྲ་བ་དང་མིག་མི་འཛུམས་པ་ཞེས་བྱ་བ་ནི་གཞན་དག་གི་ཁུ་བ་མྱུར་དུ་འབྱུང་བར་མི་འགྱུར་རོ་ཞེས་ཟེར་རོ། །མིག་ཡུན་རིང་པོར་གདངས་པ་ནི་མྱུར་དུ་
མིག་འཛུམས་པར་མི་འགྱུར་རོ་ཞེས་ཟེར་རོ། །གཞན་ནི་གོ་སླའོ། །ལེའུ་བཅུ་གཅིག་པའོ།། །།མི་རོའི་རྐང་མཐིལ་གྱི་ཞེས་བྱ་བ་ལ་སོགས་པ་ནི་མི་སྣང་བའི་སྦྱོར་བའི་དུས་སུ་རི་ལུ་བྱ་བ་སྟོན་པ་ཡིན་ནོ། །ལྕགས་གསུམ་ཞེས་བྱ་བ་ནི། གསེར་དང་། དངུལ་དང་། ཟངས་ལ་སོགས་པའོ། །

མཛུབ་མོའི་རྩེ་མོ་དང་ཞེས་བྱ་བ་ལ་སོགས་པས་ནི་ཁྲག་འདྲེན་པ་གསུངས་པ་ཡིན་ནོ། །དེའི་རིམ་པ་ནི་འདི་ཡིན་ཏེ་མིའི་ཐོད་པ་བླངས་ལ་སྔགས་པས་སྔོན་དུ་བསྙེན་པ་བྱས་ལ་སྐད་ཅིག་གིས་རྡོ་རྗེ་དྲག་པོའི་སྦྱོར་བས་ཡི་གེ་ཧཱུྃ་ཟློས་པ་ཉིད་དང་། རང་གི་སྣ་བུག་གཡས་པ་ནས་ཁཎྜ་རོ་ཧ་ལག་ན་མཚོན་ཐོགས་
པ་ཕྱུང་ལ། དེས་གང་གི་མིང་སྨོས་པའི་གནས་ལྔའི་རྩ་སྦུབས་སུ་བཅུག་པ་དེའི་ཁྲག་གི་རྒྱུན་གྱིས་ཐོད་པ་ཡོངས་སུ་གང་བར་བསྒོམ་མོ། །ཡང་གསོ་ཞིང་འཚོ་བར་བྱ་བའི་ཕྱིར་གཡོན་པའི་མཛུབ་མོ་དེ་ཉིད་འཇམ་ཞིང་ཞི་བའི་གཟུགས་ཀྱིས་བསྒྲུབ་པར་བྱ་བ་དེ་ཉིད་ཡོངས་སུ་གང་བར་བསྒོམས་ན་བདེ་
བར་གནས་པར་འགྱུར་རོ། །མངོན་པར་བཟླས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཀླད་གཟེར་དུ་བྱ་བ་ཉིད་དེ་གསལ་བ་ཉིད་དོ། །ཐོད་པ་འོ་མས་བཀང་ན་ཞེས་བྱ་བ་ནི་གནས་སྐབས་ཏེ་འོ་མའམ་ཆང་གིས་བཀང་བའོ། །གི་ཝང་ནི་གཙོ་ཆེར་སྨོས་པ་དག་སྟེ། སྦྱོར་བའི་ཕྲེང་བའི་ཁྱད་པར་ཐམས་ཅད་
དོན་ཇི་ལྟ་བ་བཞིན་ནོ། །འདི་དག་ནི་རྣལ་འབྱོར་པས་ནུས་པ་ཐོབ་པར་གྱུར་པ་ཡིན་ནོ། །གང་གི་ནུས་པ་ཐོབ་པར་མ་གྱུར་པ་དེའི་ཚེ་ཤིན་ཏུ་མཉམ་པར་གཞག་པས་ཡི་གེ་རེ་རེ་ཞིང་བཟླས་བརྗོད་འབུམ་བྱས་ཤིང་ཆོ་ག་དང་རྗེས་སུ་མཐུན་པར་ཁཎྜ་རོ་ཧ་དེར་བཞག་ལ་ཡིད་ཀྱིས་མཉམ་པར་
གཞག་པ་བྱས་ལ་ཆོ་ག་ཐམས་ཅད་བྱའོ། །ལེའུ་བཅུ་གཉིས་པའོ།། །།རང་གི་ཁྲག་ལ་ལན་གསུམ་བཟླས་ནས་ཁར་བཅུག་ལ་ཕྱིར་ཕྱུང་སྟེ་ཐིག་ལེ་བྱས་ན་ཁྲག་འདྲེན་པར་བྱེད་དོ། །ལེའུ་བཅུ་གསུམ་པའོ།། །།རྣལ་འབྱོར་མ་ནི་མ་མའི་གཟུགས། །ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་འདོད་
པའི་སྦྱོར་བ་ལ་དམིགས་པས་ཕྱུགས་ལ་ལྟ་བ་ཡིན་མོད་ཀྱི་འོན་ཀྱང་བོང་བུའི་སྦྱོར་བའི་རྣལ་འབྱོར་ལྷག་པར་གསུངས་པ་ཡིན་ནོ། །དེ་ལ་མན་ངག་གི་རིམ་པ་ནི་འདི་ཡིན་ཏེ། ཇི་ལྟར་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་ར་བ་ཟླུམ་པོར་བསྐོར་བ་དེ་ལྟར་བླང་བར་བྱའོ། །དེ་ལ་པདྨ་འདབ་མ་བརྒྱད་པའི་ལྟེ་
བའི་དབུས་སུ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པའི་ཡི་གེ་ཧཱུྃ་དང་། ཕྱོགས་ཀྱི་འདབ་མ་བཞི་ལ་སྙིང་པོ་དང་ཉེ་བའི་སྙིང་པོ་གཉིས་ཀ་དང་། །མཚམས་ཀྱི་འདབ་མ་བཞི་ལ་ཁྲག་གིས་ཐོད་པ་ཡོངས་སུ་གང་བ་དང་རྩིབས་ཉི་ཤུ་བཞི་ལ་ཁཎྜ་ཀ་པཱ་ལ་ལ་སོགས་པའི་སྔགས་བཞི་བཅུ་རྩ་བརྒྱད་དང་། རྩ་བའི་

ཐིག་གི་ནང་དུ་ཁྭ་གདོང་མ་ལ་སོགས་པ་བརྒྱད་ཀྱི་སྔགས་དང་། རྩ་བའི་ཐིག་གི་སྟེང་དུ་སྒོ་བཞིའི་གནས་སུ་གནོད་མཛེས་ཀྱི་ཚིག་བཞི་པོ་རིམ་བཞིན་བྱ་བ་དང་། ར་བའི་ཕྱོགས་གཉིས་སུ་རྩ་བའི་སྔགས་སོ། །ར་བའི་ཕྱི་རོལ་དང་སྒོའི་སྟེང་དང་། ཕྱི་རོལ་གྱི་སྒོ་ཁྱུད་ལ་
མཚམས་བརྒྱད་དུ་གོ་ཆའི་སྔགས་གཉིས་པོ་དང་། ར་བ་ཟླུམ་པོ་ལ་བཅོམ་ལྡན་འདས་ཡུམ་གྱི་རྩ་བའི་སྔགས་དང་། དེའི་ཕྱི་རོལ་དང་འོད་ཟེར་ལྟ་བུ་པུལླི་ར་མ་ལ་ཡ་ལ་སོགས་པ་གོ་ཆ་ཆེན་པོའི་ས་བོན་གྱིས་བསྐོར་ལ། འཁོར་ལོ་དེའི་དབུས་སུ་འབྲས་ཕྱེ་ལས་བྱས་པའི་བོང་བུའི་གཟུགས་
བརྙན་བྱས་པ་བཞག་སྟེ་ཏིལ་མར་དང་རྒྱ་སྐྱེགས་ཀྱི་ཁུ་བས་བྱུགས་ལ། ཁ་ནས་ཁྲག་འཛག་པའི་བོང་བུའི་སྦྱོར་བ་རྒྱུད་ལས་བཤད་པའི་རིམ་གྱིས་དམིགས་ལ་མཚམས་བཞིར་མར་མེ་སྦར་ཏེ། འདི་ལས་བཤད་པའི་མངོན་པར་འདོད་པའི་སྔགས་ཀྱིས་སྔོན་དུ་བསྙེན་པ་བྱས་ནས་སྔགས་རྒྱུན་མི་འཆད་
ཟློས་ཤིང་གཟུགས་བརྙན་ལ་བལྟས་ན་དེར་སྣང་བར་འགྱུར་ཏེ་འདི་ནི་མན་ངག་གོ། །དེ་ཡི་རིམ་པའི་གཏོར་མ་བྱས། །ཞེས་བྱ་བ་ལ། བཟའ་བར་བྱ་ཞེས་བྱ་བའི་དོན་ཏོ། །ལེའུ་བཅུ་བཞི་པའོ།། །།ད་ནི། དེ་ནས་སྡོམ་པ་ཐམས་ཅད་ལ། །ཞེས་བྱ་བ་ལ་སོགས་པས་ཡི་གེའི་བརྡ་སྟོན་པ་ཡིན་ཏེ།
དེ་ནི་དོན་ཇི་ལྟ་བ་བཞིན་ནོ། །དེ་ལ་ཌ་དང་ཌི་ཞེས་བྱ་བ་ནི་སྐབས་ཀྱི་རྗོད་བྱེད་ཡིན་པར་ཤེས་པར་བྱའོ། །ལཱ་མ་ཡིན་ཞེས་བྱ་བ་ནི། ད་ནི་ལཱ་མའི་རིགས་ལས་བྱུང་བ་ཡིན་ཞེས་བྱ་བར་དགོངས་སོ། །བྱིན་པ་ཞེས་བྱ་བ་ནི་ཁྱེད་དང་ལྷན་ཅིག་ཡང་དག་པར་སྦྱོར་བ་འདོད་དོ་ཞེས་པའོ། །ལེའུ་བཅོ་ལྔ་
པའོ།། །།དམ་ཚིག་མཆོག་ནི་དམ་ཚིག་དམ་པའོ། །ཡིད་ནི་རབ་ཏུ་དགའ་བྱེད་པ། །དམ་པ་རྣམས་ལ་སྦྱིན་པར་བྱ། །ཞེས་བྱ་བ་ནི་རང་གི་དམ་ཚིག་བརྟགས་ལ་ལྷ་མོ་རྣམས་ཀྱི་འདོད་པའི་རྗེས་སུ་འཇུག་པར་བྱའོ་ཞེས་དགོངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོ་རྣམས་ཀྱི་རང་གི་དམ་
ཚིག་དང་། གཞན་གྱི་དམ་ཚིག་གི་མཚན་ཉིད་སྟོན་ཏེ། འདི་དག་ཐམས་ཅད་ནི་གོ་སླའོ། །དེའི་རིགས་ལས་བྱུང་བ་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་བསྟན་པ་ལ་ཞུགས་པ་ཞེས་བྱ་བའི་དོན་ཏོ། །དཔའ་བོའི་བཟང་རྗེས་འགྲོ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །དཔའ་

བོའི་བློ་ནི་ལྷ་གྲངས་དང་ཡང་དག་པར་སྦྱར་བའོ། །དེ་ནི་རྡོ་རྗེའི་རིགས་བྱུང་ཡིན། །ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའི་རིགས་ལས་བྱུང་བའོ། །དེ་བཞིན་གཤེགས་རིགས་རྗེས་འགྲོ་ཡིན། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ལས་བྱུང་བའོ། །དེ་ལྟར་བདུན་པོ་ངས་བཤད་པས། །ཞེས་བྱ་བ་ལ་སོགས་
པས་ནི་འདི་དག་དང་ལྡན་པའི་སྒྲུབ་པ་པོ་ལ་འོས་པ་ཉིད་དུ་གསུངས་པ་ཡིན་ནོ། །རིགས་ཀྱི་རིག་པའི་ཡི་གེ་ཡང་། །རིགས་ནི་དྲུག་ཏུ་གྱུར་པ་ཡིན། །ཞེས་བྱ་བ་ནི་རིགས་དེ་སྒྲུབ་པ་པོའི་རིག་མ་ཞེས་བྱ་བ་སྟེ། ལྷ་མོ་གྲོགས་སུ་གྱུར་པ་དེ་ཉིད་ནི་ཡི་གེ་ཉིད་དུ་བརྟགས་པ་ཡིན་ནོ། །མི་འཇིགས་པའི་
ངོ་བོ་ཡིན་པའི་ཕྱིར་རོ། །དེ་དག་རིགས་སུ་གྱུར་པ་ཡིན། །ཞེས་བྱ་བ་ནི་ཁ་དོག་དྲུག་འབྱུང་བ་ཡིན་ཞེས་བྱ་བ་ལ་རྣམ་པ་དྲུག་ཏུ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་རིགས་དྲུག་གི་མཚན་ཉིད་ཡིན་ཏེ། གོ་སླ་བ་ཉིད་ཡིན་ནོ། །ལེའུ་བཅུ་དྲུག་པའོ།། །།
དེ་ནས་རྙེད་དཀའ་རྣལ་འབྱོར་མ། །དེ་བཞིན་མཁའ་འགྲོ་མ་རྣམས་ཀྱི། །ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་དང་མཁའ་འགྲོ་མ་རྣམས་ཀྱིས་རྙེད་པར་དཀའ་བའོ། །བདུད་རྩི་ལྔ་རྣམས་ཡང་དག་བྱུང་། །ཞེས་བྱ་བ་ནི་བདུད་རྩི་ལྔ་ལ་གོམས་པས་རྙེད་པར་སླ་བར་འགྱུར་རོ་ཞེས་དགོངས་སོ། །
ཡ་མི་ནི་ལ་སོགས་པ་བདུན་དང་། གཟུགས་ཅན་མ་ལ་སོགས་པ་བདུན་གྱི་སྐུ་ལ་སོགས་པའི་མཚན་ཉིད་སྤྱི་དང་ཁྱད་པར་བཤད་པ་ཡིན་ཏེ། གང་གིས་ཤེས་པ་ཙམ་གྱིས་དེ་སྒྲུབ་པ་པོའི་བསྒྲུབ་པར་བྱ་བར་འགྱུར་བའོ། །འདི་དག་གི་རིགས་ཀྱི་ཕྱག་རྒྱ་ནི་ཐོད་པ་ལ་སོགས་པ་ལྔའི་ནི་རེ་རེ་
མ་ཡིན་ཞིང་ཇི་ལྟར་འདོད་པ་ཉིད་དོ། །འཁོར་ལོ་ནི་སོ་ལའོ། །རྡོ་རྗེ་ནི་སྐྲག་བྱེད་མའོ། །ལེའུ་བཅུ་བདུན་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་མཚན་ཉིད་ཀྱི་ཁྱད་པར་གཞན་དག་སྟོན་ཏེ་དེ་དག་དང་ལྡན་པའི་རྣལ་འབྱོར་མ་ནི་སྒྲུབ་པ་པོའི་བསྒྲུབ་པར་བྱ་བར་འགྱུར་རོ། །ལེའུ་བཅོ་
བརྒྱད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྒྲུབ་པ་པོ་ཡི་ལཱ་མ་ནི། ཞེས་བྱ་བ་ལ་སོགས་པ་ནི་ལཱ་མ་འབའ་ཞིག་གི་མཚན་ཉིད་སྟོན་པ་ཡིན་ནོ། །ལེའུ་བཅུ་དགུ་པའོ།། །།ད་ནི་ཡན་ལག་གི་བརྡ་བསྟན་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ནམ་

མཁའ་ལྡིང་སྟོན་པ་ནི་ཞེས་བྱ་བ་ནི་གཤོག་པ་ལྟ་བུར་ཀྱོག་པར་བྱས་ལ། ལག་ངར་གཉིས་བཏེག་ནས་སོ། །བསྐྱོད་པ་ནི་གཡོ་བ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཞེས་བྱ་བ་ནི་དམ་ཚིག་ཅན་འདུས་པ་ཞེས་བྱ་བའི་དོན་ཏོ། །ལེའུ་ཉི་ཤུ་པའོ།། །།དེ་ནས་
ཞེས་བྱ་བ་ལ་སོགས་པས་ནི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་སྟོན་པར་ཤེས་པར་བྱའོ། །ལེའུ་ཉི་ཤུ་གཅིག་པའོ།། །།གུང་མོ་ཞེས་བྱ་བ་ནི་གུང་མོའི་སོར་ཚིགས་སོ། །པ་ཏི་ས་ནི་དཔྲལ་བའི་སྟེང་དུ་པ་ཏི་ས་ལྟ་བུའོ། །མདུང་ཞེས་བྱ་བ་ནི་མཐེའུ་ཆུང་མཐེ་བོས་མནན་ལ་སོར་མོ་ལྷག་
མ་རྣམས་མདུང་རྩེ་ལྟ་བུར་བསྟན་པའོ། །མཚམས་ནི་མགོ་བོའི་དབུས་ཀྱི་ཆའོ། །གསང་བ་ནི་རྣལ་འབྱོར་མའོ། །ལེའུ་ཉི་ཤུ་གཉིས་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་མཁའ་འགྲོ་མ་རྣམས་ཀྱི་དཀའ་བའི་བརྡ་སྟོན་པ་ཡིན་ཏེ། དམ་ཚིག་ཅན་གང་རྗེས་ཆགས་པ། །ཞེས་བྱ་
བ་ནི་སྒྲུབ་པ་པོ་གང་རལ་གྱིས་ཕྱི་རོལ་གྱི་ཡན་ལག་གི་དངོས་པོའི་ལྷ་མོ་ལ་ཐམས་ཅད་དུ་བརྩེ་བས་ན་གཞན་གྱི་དབང་དུ་མ་གྱུར་ཅིང་སྐྱེས་བུ་གཞན་མི་ཤེས་པ་ནི་དཔའ་བོ་དེའི་རྣལ་འབྱོར་མ་ཡིན་ནོ། །ས་ནི་ས་གཞི་སྟེ། དེའི་ལོངས་སྤྱོད་མ་ལུས་པར་འགྱུར་ཞིང་རྒྱལ་པོ་ལ་སོགས་པ་གཞན་དག་ནི་མ་ཡིན་
ནོ། །གཞི་ནི་ས་གཞིར་བྱས་ནས་སུ། །རྣལ་འབྱོར་མ་ཡི་སྡོམ་པ་མཆོད། །ཅེས་བྱ་བ་ལ། ས་ནི་རང་གི་རྒྱུད་དང་སྔགས་ལེགས་པར་བསླབས་ཤིང་བྱང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ལྷ་མོ་བཞིར་བྱས་ལ་རྣལ་འབྱོར་མའི་སྡོམ་པ་ཕྱག་རྒྱ་ཆེན་པོའི་སྦྱོར་བས་མཆོད་པར་བྱའོ་ཞེས་བྱ་བར་སྟོན་
ཏོ། །རྒྱལ་མཚན་ལ་ཞེན་རྟག་ཏུ་འགྱུར། །ཞེས་བྱ་བ་ནི་རྒྱལ་མཚན་གྱི་མཚན་མ་སྟེ། དེའི་ནུས་པ་གང་ཡིན་པའོ་ཞེས་བྱ་བར་སྦྱར་རོ། །མེ་ལོང་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་ནི་རྒྱུན་མི་འཆད་པར་མེ་ལོང་བརྟགས་པས་དེའི་རྒྱལ་མཚན་གྱིས་ནུས་པ་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་
བྱའོ་ཞེས་པའི་དོན་ཏོ། །ལེའུ་ཉི་ཤུ་གསུམ་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་པྲོ་ཏཾ་གི་ལ་སོགས་པའི་ཡི་གེ་དུ་མའི་བརྡ་སྟོན་ཏོ། །སྡེ་ཚན་བཞིའི་མཚན་ཉིད་ཅེས་བྱ་བ་ནི་རྣལ་འབྱོར་མ་དང་། ལཱ་མ་དང་། བརྡའི་མཚན་ཉིད་བསྟན་པའོ། །ལེའུ་ཉི་ཤུ་བཞི་པའོ།། །།རྩ་བའི་

སྔགས་ཀྱི་གསང་བའི་ཆོ་ག་བསྟན་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པའོ། །ལེའུ་ཉི་ཤུ་ལྔ་པའོ།། །།རིམ་དང་རིམ་མིན་ལས་བཟློག་པའི། །ཕོ་ཉ་རྣམས་ནི་ཡང་དག་གནས། །ཞེས་བྱ་བ་ནི་སྔར་བརྩོན་ཆེན་མ་ལ་སོགས་པ་གོ་བཟློག་སྟེ་བསྟན་པའི་གོ་རིམས་བཞིན་དུ་རྣམ་པར་བཀོད་དོ་ཞེས་
བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན། འོག་དང་སྟེང་གྲུབ་རྟག་ཏུ་སྟེར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འོག་ཏུ་གནས་པ་རྣམས་སྟེང་དུ་རྣམ་པར་བཀོད་པ་དེའི་ཚེ་དངོས་གྲུབ་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕོ་ཉ་མོ་དེ་གྲུབ་ཀུན་སྟེར། །ཞེས་བྱ་བ་ནི་ཕོ་ཉ་དེ་མཐོང་
བ་དང་ཐོས་པ་ལས་ཀྱང་དངོས་གྲུབ་སྩོལ་བར་འགྱུར་ན། བསྒྲུབས་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུའོ། །མཐོང་དང་དེ་བཞིན་རེག་པ་དང་། །ཙུམྦ་ན་དང་རྟག་ཏུ་འཁྱུད། །རྣལ་འབྱོར་གནས་ནི་ཁྱད་པར་ཉིད། །ཇི་སྲིད་རྣལ་འབྱོར་ཚོགས་རྣམས་ནི། །ཐམས་ཅད་དངོས་
གྲུབ་བྱེད་པར་བཤད། །འདིའི་དོན་ནི་འདི་ཡིན་ཏེ། །ཇི་སྲིད་ཞིང་དང་ཉེ་བའི་ཞིང་ལ་སོགས་པ་རྣལ་འབྱོར་གྱི་གནས་དེ་ན་གནས་པའི་ཕོ་ཉ་མོ་རྣམས་ལ་ཙུམྦ་ན་དང་། རྟག་པར་འཁྱུད་པའི་རྣམ་པ་གཉིས་ཀྱིས་ཞེས་བྱ་བའི་དོན་ཏོ། །བདེ་ཆེན་ཀུན་ཞེས་བྱ་བ་ལ་སོགས་པས་ནི་རྣལ་
འབྱོར་མ་དམ་ཚིག་དང་ལྡན་པ་མཐོང་ནས་བཟའ་བ་དང་། བཅའ་བ་དང་། ལྷ་བཤོས་ལ་སོགས་པའི་བརྡ་རྣམས་བསྟན་པར་བྱའོ། །མ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་ཚེ་སྔགས་དང་རྒྱུད་ལེགས་པར་ལོབས་པ་སྣོད་དུ་རུང་བར་མཐོང་ནས་ལེགས་པར་རྟོགས་པར་བྱའོ། །
དེའི་ཚེ་མ་ལོ་བས་པ་ལ་གཉེན་གྱི་འདུ་ཤེས་བཟློག་པར་བྱའོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། །གང་ལ་སྔགས་བྱིན་པ་དེ་སྣོད་དང་ལྡན་པར་འགྱུར་བ་ཡིན་གྱི། །གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་པས་གང་ཞིག་སྤྱོད་
པ་བྱ་བ་སྟོན་ཏོ། །སྐྱེས་པ་འམ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེས་པའམ་བུད་མེད་རྣལ་འབྱོར་མ་མཐོང་ནས་གཡོན་པའི་ཆ་ཡིས་དབང་དུ་བྱས་ཏེ་འགྲོ་བར་བྱའོ། །ཁྱིམ་དང་ཞེས་བྱ་བ་ལ་སོགས་པ་ལ། ཁྱིམ་མམ་ཞིང་དུ་གནས་པ་ཤིན་ཏུ་རིང་པོ་ན་གནས་པ་ཡང་ཤེས་པར་བྱས་

ལ་གཡོན་ནས་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཧེ་རུ་ཀ་ལས་སྦྱོར་གཞན་མེད། །ཅེས་བྱ་བ་ནི་ཧེ་རུ་ཀའི་རྣལ་འབྱོར་ལས་མཆོག་ཏུ་གྱུར་པའི་རྣལ་འབྱོར་གཞན་དག་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན། །སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །ཞེས་བྱ་བ་སྟེ། རྣལ་
འབྱོར་དེ་འཛིན་པའི་སློབ་དཔོན་ནི་ཐམས་ཅད་དུ་འགྲོ་བའི་མ་མོའི་གནས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུད་འདི་རུ་ནི་སྒྲུབ་པ་པོ། །ལེགས་པར་གྱུར་པ་ཉིད་ཡིན་ཏེ། །ཞེས་བྱ་བ་ནི་རྒྱུད་འདིར་དབང་བསྐུར་བའི་རྣལ་འབྱོར་པ་རྣམས་བརྙས་པར་མི་བྱ་བའོ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །
ཕོ་ཉ་མོ་བརྒྱད་ཅེས་བྱ་བ་ལ་སོགས་པ་ལ། མོས་དང་དད་པ་འཕེལ་བྱེད་པ། །ཞེས་བྱ་བ་ཡིན་ནོ། །དངོས་གྲུབ་རྣམས་ཀྱི་རྒྱུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟ་བུ་ཞེ་ན། སྔར་བཤད་པའི་གཡོན་ནས་སྤྱོད་པ་ལ་སོགས་པའི་དམ་ཚིག་བསྲུང་བ་ནི་དང་པོའོ། །ལྷ་མོ་གཞན་དང་སྦྱར་བ་ཡི། །འདོད་
པ་རྣམ་པར་རྨོངས་འགྱུར་བ། །ཞེས་བྱ་བ་ནི་གང་འདོད་པ་ལ་ཆགས་ཤིང་རྣམ་པར་རྟོག་པ་དང་ལྡན་པའི་འདོད་པས་ལྷ་མོ་གཞན་དང་ཀུན་དུ་སྦྱོར་བར་བྱེད་པ་དེ་ནི་འདོད་པ་ལ་ཆགས་ཤིང་རྨོངས་པ་སྟེ། དེ་བས་ན་གཞན་དང་སྦྱོར་བ་སྤངས་པ་ནི་གཉིས་པ་ཡིན་ནོ། །བདག་དང་གཞན་གྱི་ཆར་འབྱེད་པ་
མེད་པ་དེ་ནི་གསུམ་པའོ། །ཐོགས་པ་མེད་པ་ནི་བཞི་པའོ། །དམ་ཚིག་སྤྱོད་པ་སྤྱད་པ་དང་། །ཞེས་བྱ་བ་ནི་དམ་ཚིག་ནི་ལྷ་མོ་རྣམས་སོ། །དེ་ཀུན་སྤྱོད་པ་ནི་འདོད་པ་རྣམས་སོ། །དེ་སྤྱད་པ་ནི་བྱ་བ་སྟེ། དེ་དག་གང་ཡིན་པ་དེ་ནི། །དམ་ཚིག་སྤྱོད་པ་སྤྱད་པ་དང་། །ཞེས་བྱ་བ་སྟེ་ལྔ་པའོ། །བུད་མེད་དབང་ཕྱུག་
ཀུན་དུ་སྦྱོར། །ཞེས་བྱ་བ་ནི་གཉིས་སུ་མེད་པ་ཤིན་ཏུ་སྦྱོར་བས་རྡོ་རྗེ་དང་པདྨ་ཤིན་ཏུ་འདུས་པའི་དུས་སུ་དབང་ཕྱུག་མ་ཉིད་ཡིན་ཞིང་། དབང་ཕྱུག་མ་དང་བྲལ་བར་མི་བྱའི། །འོན་ཀྱང་དབང་ཕྱུག་ཉིད་དུ་བྱའོ་ཞེས་བྱ་བའི་དོན་ཏེ་དྲུག་པའོ། །ཚངས་པར་སྤྱོད་པ་དེ་བཞིན་བཞི། །ཞེས་བྱ་བ་
ནི་བཞི་པོ་བྱང་ཆུབ་ཀྱི་སེམས་འཛག་པའི་དུས་སུ་ཚངས་པར་སྤྱོད་པ་སྤྱད་པ་ཞེས་བྱ་བ་སྟེ་བདུན་པའོ། །ཁྲོ་མེད་རྒྱུན་གྱིས་ཀུན་དུ་སྤྱད། །ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལེན་པའི་དུས་སུ་སྡང་བར་མི་བྱེད་པ་སྟེ། དེ་ལྟར་ན་དམ་ཚིག་བརྒྱད་དེ། འདི་དག་སྒྲུབ་པ་པོས་

མཆོག་དང་གཙོ་བོར་ཤེས་པར་བྱའོ་ཞེས་སྦྱར་རོ། །རྒྱུད་ཀུན་གྱི་ནི་ཐུན་མོང་སྟེ། ཞེས་བྱ་བ་ནི་གསང་བའི་རྒྱུད་འདི་ནི་རྒྱུད་ཐམས་ཅད་ཀྱི་ཐུན་མོང་པ་སྟེ། དེ་ཉིད་ཀྱིས་ན་གསང་བ་ཡིན་པས་དགོངས་པ་རྒྱུད་གཞན་དུ་ནི་མ་བཤད་དོ། །དེ་བས་ན། རྒྱུ་ཡིས་གཞོམ་པར་མི་བྱའོ། །ཞེས་བྱ་བ་ཡིན་
ཏེ། རྒྱུ་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པའི་ཚད་མ་རྣམས་ཀྱིས་གཞོམ་མི་བྱ་སྟེ་ཞེས་བྱ་བ་སྨད་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ཅི་ཞིག་བྱ་ཞེས། །དད་པ་ཉིད་ཀྱིས་བླང་བྱ་ཡིན། །ཞེས་བྱ་བ་ཡིན་ནོ། །མིག་དང་ཞེས་བྱ་བ་ནི་དོན་དེ་ཉིད་སྟོན་ཏོ། །མཐེའུ་ཆུང་གིས་བསྐྱོད་ཅེས་
བྱ་བ་ནི་དུས་སུ་ལྷ་མོའི་མཆོད་པའི་དུས་ལྷ་མོའི་སྦྱོར་བ་དང་ལྡན་ཞེས་བྱ་བའི་དོན་ཏོ། །ཡང་ན་སྔགས་དང་ཕྱག་རྒྱ་ལེགས་པར་བསླབས་པ་མ་རྙེད་ན་ནི་ཅིག་ཤོས་ཐ་མལ་པ་མ་ཡིན་པར་བྱས་ལ་མཆོད་པར་བྱའོ། །ཕོ་ཉ་མོ་རྣམས་ཡང་དག་གནས། །ཞེས་བྱ་བ་ནི། དེ་ལྟར་དུས་དེའི་ཚེ་
བློ་དང་ལྡན་པ་ཞེས་བྱ་བ་ཕོ་ཉ་མོ་ཐམས་ཅད་དགའ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཉེས་བྱེད་རྣམ་པར་དག་པ་དང་། །གསལ་བྱེད་ཡོན་ཏན་ལྡན་པའི་མིའོ་ཞེས་བྱ་བ་ནི་ཡོན་ཏན་དང་ལྡན་པའི་མི་སྟེ་རྣལ་འབྱོར་མའི་ཁྱད་པར་གསུམ་དུ་འགྱུར་ཏེ། མཉེས་བྱེད་ཅེས་བྱ་བ་ནི་སྤོབས་པ་
བསྐྱེད་པའོ། །རྣམ་པར་དག་པ་ཞེས་བྱ་བ་ནི་ནུས་པ་སྐྱེས་པའོ། །གསལ་བྱེད་ཅེས་བྱ་བ་ནི་འཕྲལ་དུ་གསལ་བར་བྱེད་ཅིང་ཅུང་ཟད་ནུས་པ་སྐྱེས་པ་ལ་རང་དང་གཞན་གསལ་བར་བྱེད་པའོ། །སྤོབས་པ་སྐྱེས་པས་བསྟན་བཅོས་དང་མི་འགལ་བའོ། །ཡང་ན་མཉེས་བྱེད་ནི་སྔགས་ཀྱི་
སྦྱོར་བ་ལ་གོམས་པས་ལྷ་རྣམས་མཉེས་པར་བྱེད་པའོ། །ཡོན་ཏན་དང་ལྡན་པ་ནི་བསྟན་བཅོས་ཀྱི་དོན་ཤེས་པའོ། །གསལ་བྱེད་ནི་སྒྲོན་མ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བ་བྱེད་ནུས་པའོ། །ལེའུ་ཉི་ཤུ་དྲུག་པའོ།། །།ཡུལ་དང་ཡུལ་དེ་རབ་སོང་བ། །ཕོ་ཉའི་
གཟུགས་སུ་མཚོན་པ་ཡིན། །ཞེས་བྱ་བ་ལ་རྣལ་འབྱོར་པ་གསུམ་པོ་དེ་དག་ཀྱང་གཟུགས་དང་མཚན་ཉིད་ཕུན་སུམ་ཚོགས་པའི་ཕོ་ཉ་ཡུལ་དག་ནི་སྣང་བ་ཡིན་ཞེས་བྱ་བའི་དོན་ཏོ། །ཕོ་ཉ་རལ་གྲིའི་སོ་འདྲ་ཞིང་། །ཞེས་བྱ་བ་ནི་ཕོ་ཉ་མོ་རལ་གྲིའི་སོ་ལྟར་རྟག་ཏུ་མཉེས་པར་དཀའ་

བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དག་བྱེད་ཅེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ། །ཅེས་བྱ་བ་ནི་དེ་རྣམས་སྒྲུབ་པ་པོས་ཐོབ་ནས་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་བའོ། །གཞན་དག་ནི་གོ་སླའོ། །སྒྲུབ་པ་པོ་ཡི་ཕོ་ཉ་
གཉིས། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཆོ་ག་ལ་སྤྱོད་ཆེ། །ཕོ་ཉ་གཅིག་པུ་ཁོ་ན་ཡིན། །ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་སྦྱོར་བ་གཅིག་པ་ཉིད་ཡིན་ནོ་ཞེས་ལྷག་པར་བསྟན་པ་ཡིན་ནོ། །ཡང་ན་དངོས་
གྲུབ་ལ་སྤྱོད་པས་ན་ལ་ལ་ཞིག་གི་དེ་ཉིད་གཅིག་པུ་རྣལ་འབྱོར་གྱི་མཆོག་ཡིན་ཏེ། །དེའི་ཚེ་ཕོ་ཉ་མོ་རྣལ་འབྱོར་མ་རབ་ཏུ་བསྐུལ་བ་ཡིན་ཞིང་དངོས་གྲུབ་སྒྲུབ་པ་དང་ཉེ་བར་འགྱུར་ཞེས་སྦྱར་རོ། །བླ་མ་བརྒྱུད་རིམ་གྱིས་ཐོབ་པའི། །དབང་བསྐུར་བ་ནི་སྔགས་ལེགས་ལྡན། །ཕོ་ཉ་རྣམས་
སུ་ཡང་དག་བཤད། །ཅེས་བྱ་བ་ནི་སློབ་དཔོན་བརྒྱུད་པའི་རིམ་པ་ལས་དབང་བསྐུར་བ་ཐོབ་པ་ལས་སྔགས་དང་ལེགས་པར་ལྡན་པར་གང་གི་ཚེ་སྒྲུབ་པ་དེའི་ཚེ་ཕོ་ཉ་མོ་རྣམས་སུ་ཡང་དག་པར་བཤད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ལེགས་སྦྱོར་ངང་ཚུལ་དང་། ཞེས་
བྱ་བ་ནི་ཕྱིའི་རྣལ་འབྱོར་མ་དང་ཡང་དག་པར་སྦྱོར་བའི་ངང་ཚུལ་ཅན་ཞེས་བྱ་བའི་དོན་ཏོ། །ཡང་དག་རྫོགས་ཞེས་བྱ་བ་ནི་དེ་ཚེ་ཡོངས་སུ་རྫོགས་པར་འགྱུར་བའོ། །ཡེ་ཤེས་རྒྱུ་སྐྱེས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་རབ་ཀྱི་མཐར་ཐུག་པའི་རྒྱུ་དང་བྱེད་པ་ཅན་ཡིན་ཏེ། དཔལ་ཧེ་རུ་ཀ་ནི་དེ་ལས་བྱུང་
བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་བདག་ཉིད་ནང་པར་ལངས། །ཞེས་བྱ་བ་ལ། སེམས་ཀྱི་བདག་ཉིད་ནི་ཕྱག་རྒྱ་ཆེན་པོའི་སྦྱོར་བ་དང་ལྡན་པ་མཚན་མོའི་མཐར་མལ་ནས་ལངས་པའོ། །གཟུགས་ཀྱི་བྱ་བ་ཀུན་བྱས་ཏེ། །ཞེས་བྱ་བ་ནི་ལུས་ལ་དཔའ་བོ་དྲུག་གི་གོ་ཆ་ལ་སོགས་པ་གོ་བསྐོན་པའོ། །ལུས་
ལ་ཤིན་ཏུ་མཚོན་ཆ་ནི། །ལུས་ལ་གནས་པས་ཀུན་དུ་སྤྱོད། །ཅེས་བྱ་བ་ནི་ལུས་ཐམས་ཅད་ལ་མཚོན་ཆའི་དྲ་བས་གཡོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དག་བྱེད་བྱས་པའི་ལུས་ལ་ནི། །རྟག་ཏུ་སྔགས་འདི་བརྗོད་པར་བྱ། །ཞེས་བྱ་བ་ནི་དེ་ལྟར་རྟག་ཏུ་བསྲུང་པའི་ཆོ་ག་བྱས་པའི་

སྔགས་པས་སྔགས་བཟླས་པར་བྱའོ། །རྣལ་འབྱོར་གནས་རྣམས་ངེས་སྟོན་ཅིང་། །ཞེས་བྱ་བ་ནི་རྣལ་འབྱོར་ཏེ་ཏིང་ངེ་འཛིན་ཏོ། །གནས་ནི་བུད་མེད་དེ། །དེ་བསྟན་ཅིང་དེ་ལྟར་གོ་ཆ་བགོ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མཚོན་ཆ་རྣམས་ནི་བགོམ་མི་བྱ། །ཞེས་བྱ་བ་ནི་དེ་ལྟར་ཇི་སྐད་བཤད་
པའི་མཚོན་ཆ་ལ་སོགས་པ་ལས་འདའ་བར་མི་བྱའོ། །ཡང་ན་མཚོན་ཆ་ལྟར་མཚོན་དུ་གྱུར་པའི་ཕོ་ཉ་མོ་ཡིན་ཏེ། དེ་བགོམ་པར་མི་བྱའོ། །ཡང་ན་མཚོན་ནི་རང་དང་གཞན་གྱི་མཚོན་ཆ་རྣམས་སོ། །དམ་ཚིག་ཅན་ལ་ཁྲོ་མི་བྱ། །ཞེས་བྱ་བ་ནི། །རྣམ་པ་ཐམས་ཅད་དུ་ཁྲོ་བར་མི་བྱའོ་ཞེས་བྱ་
བའི་དོན་ཏོ། །མངོན་པར་བརྩོན་པས་འདའ་མི་བྱ། །ཞེས་བྱ་བ་ནི་རྒྱུད་འདིར་རམ་གཞན་དག་ཏུ་མངོན་པར་བརྩོན་པ་དེ་ལས་འདའ་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་དང་ལྷན་ཅིག་ཙཱ་རུ་བྱ། །ཞེས་བྱ་བ་ནི་དམ་ཚིག་ཅན་རྣམས་དང་ལྷན་ཅིག་ཏུ་ལོངས་སྤྱོད་གཅིག་ཏུ་བྱའོ་ཞེས་པའི་དོན་
ཏོ། །ཡང་ན་སྒོ་ནི་ཐབས་ཏེ། ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཐབས་བྱའོ་ཞེས་བྱ་བའི་དོན་ཏོ། །བདེ་བ་ཞེས་བྱ་བ་ནི་གཞུང་གཞན་ནོ། །གྲོལ་བའི་དོན་དུ་ཐུན་བཞིར་བྱ། །ཞེས་བྱ་བ་ནི་རྟག་ཏུ་རྣལ་འབྱོར་དང་ལྡན་ཡང་ཉིན་དང་མཚན་དུ་ཐུན་བཞིར་བྱའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་སྤྱོད་པ་ཞེས་
བྱ་བ་ལ། །དམ་ཚིག་ནི་ལྷ་མོ་སྟེ་དེ་དང་ཀུན་དུ་སྤྱོད་པའོ། །ཡང་ན་དམ་ཚིག་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བ་སྟེ་སྤྱད་པའོ། །དེ་འཁོར་ཅི་དགར་གྲོལ་བར་འགྱུར། །ཞེས་བྱ་བ་ནི་ངེས་པར་འདི་ལྟར་འཁོར་བའི་རྣལ་འབྱོར་པ་ནི་ཡུལ་དང་ཞིང་དུ་འཁོར་ཞིང་བསྒོམ་པའི་རྣལ་འབྱོར་པ་དེ་ཅི་དགར་
གྲོལ་བར་གྱུར་ཏེ། ཅི་ལྟར་འདོད་པར་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གནག་ལ་དགའ་བར་རྟག་ཏུ་བྱ། །ཞེས་བྱ་བ་ནི་མཚན་མོ་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྲོག་ཆགས་ཡན་ལག་ལས་བྱུང་གྱོན། །ཞེས་བྱ་བ་ནི་པགས་པའི་གོས་བགོས་ཞེས་བྱ་བའི་དོན་ཏོ། །བདེ་བ་
འདོད་པས་བདེ་ཐོབ་འགྱུར། །ཞེས་བྱ་བ་ལ། །བདེ་བ་འདོད་པ་སྟེ་ཐར་པ་འདོད་པས་བདེ་བ་ཐོབ་པར་འགྱུར་བ་སྟེ་བསྐྱོད་པས་བདེ་བར་བྱ་བའོ། །མཆོད་ཕྱིར་ཐོགས་ནི་ཡོངས་སྤངས་གཙང་། །ཞེས་བྱ་བ་ནི་མཆོད་ཕྱིར་ཐོགས་ལ་སོགས་པ་རིག་བྱེད་དང་ཆོས་ཀྱི་བསྟན་བཅོས་ལས་བྱུང་བའི་

གཙང་སྦྲ་ཡོངས་སུ་སྤང་བའོ། །ཤྲཱི་ཧེ་རུ་ཀས་བྱིན་གྱིས་བརླབས། །ཞེས་བྱ་བ་ནི་དཔལ་ཧེ་རུ་ཀས་བྱིན་གྱིས་བརླབས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཙང་སྦྲ་ལ་སྤྱད་པར་བྱའོ། །ཕྱག་རྒྱ་ལྔ་ནི་མགུལ་རྒྱན་དང་གདུ་བུ་དང་སྤྱི་བོའི་ནོར་བུ་དང་། རྣ་རྒྱན་དང་།
མཆོད་ཕྱིར་ཐོགས་ཏེ་ལྔའོ། །དུས་ཀུན་དུ་ཞེས་བྱ་བ་ནི་དེ་དང་མི་འབྲལ་བར་བྱ་བའོ། །རིགས་དང་རིགས་མིན་ངོར་མི་བལྟ། །སྤྱི་གཙུག་ལ་སོགས་བཅིང་བ་སྤང་། །ཞེས་བྱ་བ་ནི་རིགས་དང་རིགས་མ་ཡིན་པའི་ངོ་བོ་ལ་རྣམ་པར་དཔྱད་པར་མི་བྱ་ཞིང་། ཡང་དང་ཡང་སྤྱི་གཙུག་བཅིང་བ་
སྟེ། རལ་པ་བཅིང་བ་ལ་སོགས་པ་མི་བྱ་བ་དང་། སོགས་པའི་སྒྲས་ནི་འཇིག་རྟེན་པའི་སྤྱོད་པ་གཞན་དག་ཡོངས་སུ་སྤང་བར་སྟོན་ཏོ། །ཕོ་ཉ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལེའུ་ཉི་ཤུ་བདུན་པའོ།། །།དེ་ནས་མཆོད་པ་རྣམ་དག་བདག །ཅེས་བྱ་བ་ནི་སྔར་བཤད་པ་དང་ལྷན་ཅིག་
གནས་ཤིང་ཡང་དག་པར་མཆོད་པ་སྟེ། བླ་ན་མེད་པའི་མཆོད་པའི་མཆོག་གི་དོན་བྱེད་པའི་ཕྱིར་རྣམ་པར་དག་པའོ། །མྱ་ངན་འདས་པར་ངེས་འགྲོ་ཉིད། །ཅེས་བྱ་བ་ནི་མཆོག་ཏུ་དགའ་བའི་ཤིན་ཏུ་བདེ་བའི་གནས་སྐབས་ཀྱི་རྗེས་ཐོགས་ལ་དཔའ་བོ་ཉིད་མཆོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །
སྦུན་དང་སྡུག་པ་མཆོད་པ་དང་། །ཞེས་བྱ་བ་ནི་དཀྱིལ་འཁོར་གཅིག་ལ་སོགས་པར་ཞུགས་པའི་རྣལ་འབྱོར་པ་ལྷན་ཅིག་སྤྱོད་པ་རྣམས་ཏེ། དེ་དག་དང་ཡང་ལྷན་ཅིག་ཞི་བ་འདུས་པས་གནས་པར་བྱའོ། །སྤུན་དང་བུ་དང་ལྷན་ཅིག་ཏུ། །བདེ་དང་སྡུག་བསྔལ་ཀུན་འབྱུང་མིན། །ཞེས་བྱ་བ་ནི། །
འཇིག་རྟེན་པའི་སྤུན་དང་བུ་ལ་སོགས་པ་དང་ལྷན་ཅིག་ཏུ་ཡེ་ཤེས་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དང་། སྔགས་དང་ཕྱག་རྒྱ་དག་ཀྱང་བསྟན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དག་བྱེད་ཟས་ལ་སྤྱོད་པ་ནི། །རྟག་ཏུ་དམ་ཚིག་སྤྱོད་པར་འགྱུར། །ཞེས་བྱ་བ་ནི་ཟས་ལ་སྤྱོད་པས་དམ་ཚིག་སྤྱོད་པ་
བྱས་པར་འགྱུར་ཏེ། དེ་ཡིས་དག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསང་སྔགས་སུ་ལའང་སྦྱིན་མི་བྱ། །ཞེས་བྱ་བ་ནི་སྒྲ་ཇི་བཞིན་པ་ཉིད་ཡིན་ནོ། །ཕོ་ཉ་མོ་ཞེན་རྟག་ཐར་པ། །ཞེས་བྱ་བ་ནི་རབ་ཏུ་དགའ་བའི་གནས་སྐབས་སུ་ཕྱི་རོལ་གྱི་རྣལ་འབྱོར་པ་ལ་གོ་ཆ་ཆེན་པོ་ལ་སོགས་པས་

གོ་བསྐོན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདའ་བ་ཡིས་ཀྱང་ལོངས་སྤྱོད་བྱ། །ཞེས་བྱ་བ་ནི་གལ་ཏེ་ཤིན་ཏུ་ལེགས་པར་བསླབས་པ་མེད་ན་སྐལ་པ་བཟང་པོར་གྱུར་པ་དེ་ལེགས་པར་སྦྱངས་ལ་ལོངས་སྤྱད་པར་བྱའོ། །སྐྱེ་གནས་དམན་ལ་དགའ་གནས་པ། །བསྙེན་བཀུར་ཉིད་ནི་བྱ་བ་
མིན། །ཞེས་བྱ་བ་ལ་སྐྱེ་གནས་ནི་བྲམ་ཟེ་ལ་སོགས་པའི་རིགས་ཏེ་དེ་གཟུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྦྱོར་བ་མཆོག་གི་སྣོད་མ་ཡིན་པས་དེ་ལ་གུས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །མ་དང་ཞེས་བྱ་བ་ལ་སོགས་པ་ལ། །གང་ཡང་དག་པའི་སྦྱོར་བས་
རྗེས་སུ་མཐུན་པར་བྱའོ། །གཞན་ན་དེ་དག་དཀའ་ཐུབ་ཟད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཆོག་དང་ཐ་མ་ལྷན་ཅིག་འགུགས། །ཞེས་བྱ་བ་ནི་ཞི་བའི་འགུགས་པས་ཟས་ལ་སྤྱོད་ན་དམ་ཚིག་གི་སྤྱོད་པ་བྱས་པར་འགྱུར་ཞིང་དེ་ལས་དག་པར་འགྱུར་ཞེས་བྱ་བའི་དོན་ཏེ་ཐེ་ཚོམ་མི་བྱའོ། །དེ་
ལྟར་རྫས་ནི་རྣམ་ངེས་ཡིན། །ཞེས་བྱ་བ་ནི་དོན་དམ་པ་ཉིད་ཀྱིས་ངེས་པ་ཡིན་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་དོན་ཇི་ལྟ་བ་ཉིད་དོ། །ལན་ཅིག་ཟས་ལ་སྤྱོད་པར་བྱེད། །ཅེས་བྱ་བ་ནི་དམ་ཚིག་སྤྱོད་པ་རྣམས་དང་། ཟས་ལྷན་ཅིག་སྤྱོད་ན་སྔགས་པས་དངོས་གྲུབ་ཐོབ་པར་
འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་དོན་ཇི་ལྟ་བ་ཉིད་དོ། །བ་ལང་ཤ་དང་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པ་ལ་ཤིན་ཏུ་གནོད་པར་བྱེད་པ་གཞན་དག་རྣམ་པར་གཞིག་པ་སྟོན་ཏོ། །དེའི་རིམ་པ་ནི་འདི་ཡིན་ཏེ། སྦྱིན་སྲེག་གི་ཐལ་བ་ལས་བྱུང་བའི་ཐལ་བས་མེ་ཐབ་གྲུ་གསུམ་པ་བྱས་ལ།
དྲག་པོའི་སྦྱིན་སྲེག་གི་ཡོ་བྱད་ཀྱི་རྫས་དང་། དེ་ལས་བཤད་པའི་ཆོ་ག་ཡུངས་མར་ཚ་བ་ལ་སོགས་པ་དང་སྦྱར་ནས་ཁཎྜ་རོ་ཧ་གཡས་པའི་སྣ་བུག་ནས་ཞུགས་ཏེ་བཤང་བ་ནས་བྱུང་བར་བསམས་ལ། རྡོ་རྗེ་ལྕགས་ཀྱུ་དང་གྲི་གུག་ལག་ན་ཐོགས་པས་བསྒྲུབ་པར་བྱ་བ་གཅེར་བུ་རྣམ་པར་
མྱོས་པར་གྱུར་པ་བཀུག་པ་དེ་ཉིད་དུམ་བུ་དུམ་བུར་གཏུབས་པར་བསམས་ལ། བ་ལང་ཤ་ལ་སོགས་པ་ཇི་ལྟར་བརྗོད་པ་ཇི་ལྟར་རྙེད་པའི་ཤ་བསྒྲུབ་པར་བྱ་བ་དེའི་ཤ་ཡིན་པར་བསམས་ལ། ཁྲོ་བོ་ཆེན་པོ་དང་ལྡན་པའི་ང་རྒྱལ་གྱིས་ཆེ་གེ་མོ་མཱ་ར་ཡ་ཞེས་བྱ་བ་དང་སྤེལ་བའི་རྩ་བའི་སྔགས་

ཀྱིས་སྦྱིན་སྲེག་བྱའོ། །སྣ་ཚོགས་པ་ཞེས་བྱ་བ་ནི་རྨ་བྱའམ་ཁྱིམ་བྱ་ལ་སོགས་པ་གསུང་ངོ་། །དེ་བཞིན་དཔའ་བོ་རྣམས་ཀྱི་ཟས། །སྔགས་དང་ཕྱག་རྒྱར་ཡང་དག་ལྡན། །ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱའི་རང་བཞིན་གྱི་སྔགས་དང་། རྒྱུད་ལེགས་པར་བསླབས་པས་ཕྱི་རོལ་གྱི་
བུད་མེད་དང་ཡང་དག་པར་ལྡན་ཞིང་བཅས་པའི་ཟས་དེ་ནི་དཔའ་བོ་རྣམས་ཀྱིས་རབ་ཏུ་བསྔགས་པར་འགྱུར་རོ་ཞེས་དགོངས་སོ། །སྤྲུལ་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་གནས་སྐབས་སོ། །གཞན་དག་ནི་གོ་སླའོ། །དེའི་ཕོ་ཉ་ནི་ལྷ་མོའོ། །བཟང་པོ་ནི་མཆོག་གོ། །
བརྩོན་པ་ནི་ལེ་ལོ་མེད་པའོ། །ལྷན་ཅིག་ལྡན་པ་ནི་གཞན་དུ་མི་འགྲོ་བའོ། །དེ་ལྟ་བུ་ནི་དངོས་གྲུབ་གྱི་སྐལ་བ་ཅན་དུ་འགྱུར་རོ། །མ་ཆགས་དགའ་བའི་ལོངས་སྤྱོད་རྫོགས། །ཞེས་བྱ་བ་ནི་ཐ་མལ་པའི་གཟུགས་ཀྱིས་དགའ་བའི་ཀུན་དུ་སྦྱོར་བའི་ཉོན་མོངས་པར་དམིགས་པར་མི་
བྱའོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་རྫས་ཀྱི་རྣམ་འབྱེད་ཉིད། །ཅེས་བྱ་བ་ལ། རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །རྫས་ནི་བསྲུང་བར་བྱ་བའོ། །དེའི་རྣམ་པར་འབྱེད་པ་ནི་བྱེ་བྲག་འབྱེད་པའོ། །ཡང་ན་རྣལ་འབྱོར་ནི་འབྲེལ་པའོ། །རྫས་ནི་འབྲེལ་པ་ཅན་ཏེ། དེའི་རྣམ་པར་
དབྱེ་བ་ཉིད་དོ། །མ་ཡིན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །བླ་མའི་མན་ངག་ལ་དགའ་ཞིང་། །ཞེས་བྱ་བ་ནི་བླ་མ་ལ་བརྒྱུད་པའི་རིམ་པ་མ་ཉམས་པས་སོ། །དེ་ཡི་དོན་ནི་མཆོག་ཏུ་མཚུངས། །ཞེས་བྱ་བ་ནི་དེ་ལྟར་ཇི་སྐད་གསུངས་པའི་དོན་ལ་སྤྱོད་པ་ནི་དཔལ་ཧེ་རུ་ཀ་དང་མཚུངས་
པར་འགྱུར་བའོ། །ལེའུ་ཉི་ཤུ་བརྒྱད་པའོ།། །།སྤུན་ནི་དཔའ་བོ་རྣམས་སོ། །ཕ་ནི་ཤྲཱི་ཧེ་རུ་ཀའོ། །བདག་པོ་ཉིད་དུ་སྐད་ཅིག་མཐོང་། །ཞེས་བྱ་བ་ནི་བདག་པོ་ཁོ་ནར་སྐད་ཅིག་གིས་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །ལྕེ་སྦོམ་ཞེས་བྱ་བ་ནི་མཚན་ཉིད་དང་ལྡན་པའི་དངོས་
གྲུབ་ཐམས་ཅད་ཀྱི་སྤྱི་ཐུན་མོང་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དྲན་པ་དང་ནི་ཡང་དག་ལྡན། །ཞེས་བྱ་བ་ནི་བདུད་རྩི་ལྔའི་མཚན་ཉིད་དང་ལྡན་པའོ། །ཕོ་ཉ་ལ་སོགས་གནས་དང་བཅས། །ཞེས་བྱ་བ་ནི་རྒྱུན་མི་འཆད་པར་བསླབས་པས་ཕོ་ཉ་དང་ལྡན་པའོ། །སོགས་པའི་

སྒྲས་ནི་བསྲུང་བར་བྱ་བ་དང་། བཟའ་བར་བྱ་བ་བསྡུ་བའོ། །གནས་དང་བཅས་པ་ནི་སྔགས་དེའི་བསྔགས་པ་དང་བཅས་པའོ། །མཁའ་འགྲོ་མ་མཆོག་ཉི་ཤུ་བཞི། །སྤྱོད་དང་གྲོལ་བའི་འབྲས་རབ་སྟེར། །ཞེས་བྱ་བ་ནི་མཁའ་འགྲོ་མའི་གཙོ་བོ་ཉི་ཤུ་རྩ་བཞི་ནི་སྤྱོད་པ་དང་གྲོལ་
བའི་འབྲས་བུ་རབ་ཏུ་སྟེར་བར་འགྱུར་རོ། །ལྷག་མ་རྣམས་ནི་གོ་སླའོ། །ཇི་སྲིད་དྲོ་བ་ཞེས་བྱ་བ་ལ་སོགས་པ་ནི་མཚོན་པ་སྟེ། ཏིང་ངེ་འཛིན་ལ་རྣམ་པ་ཐམས་ཅད་དུ་ཤིན་ཏུ་དམིགས་པའི་སྦྱོར་བས་མཚན་ཉིད་ཇི་ལྟ་བ་བཞིན་དུ་དྲོད་དང་། རྩེ་མོ་དང་། བཟོད་པ་དང་། འཇིག་
རྟེན་པའི་ཆོས་ཀྱི་མཆོག་ཇི་ལྟ་བ་བཞིན་དུ་འབྱུང་བར་རྟོགས་པར་བྱ་སྟེ། དྲོ་བར་བྱ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་སྟོབས་ཀྱིས་སོ། །འདོད་པའི་དོན་ཀུན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལེའུ་ཉི་ཤུ་དགུ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་གནོད་མཛེས་ཀྱི་སྔགས་བཏུ་བ་སྟོན་
ཏེ། དེ་ནས་རྫ་རྔའི་བཅིང་བྱ་སྟེ། །ཞེས་བྱ་བས་རྫ་རྔ་ལྟ་བུའི་དབྱིབས་ལས་རེའུ་མིག་བཞི་བཅུ་རྩ་དགུར་བྱའོ་ཞེས་བྱ་བའི་དོན་ཏོ། །རེའུ་མིག་གསུམ་པ་ནི་ནང་གི་རེའུ་མིག་བཞི་ལ་ལྟོས་ནས་དེ་སྐད་སྨྲས་པ་ཡིན་ནོ། །དེ་ལ་ཨུཥྨའི་གསུམ་པ་ཡི་གེ་སའོ། །དེ་བས་ན། རིམ་བཞིན་
འབྱུང་དང་རིམ་མིན་པས། །དབྱངས་དང་ཡི་གེ་སྒྲུབ་པ་པོས། །ཞེས་བྱ་བ་སྨོས་སོ། །རེའུ་མིག་ལྔ་པ་ཡིས་ཞེས་བྱ་བ་ནི་ཡི་གེ་ཨུའོ། །ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ་ནི་ཀ་ནས་བརྩམས་ཏེ་ཉི་ཤུ་ལྔ་པའོ། །ཉི་ཤུ་རྩ་བཞི་པ་ཞེས་བྱ་བ་ནས་ཡང་དེ་བཞིན་ནོ། །སུམ་ཅུ་རྩ་དྲུག་པ་ཞེས་བྱ་བ་ནི་ཨ་
ནས་བརྩམས་ཏེ་བགྲང་བའོ། །རེའུ་མིག་གསུམ་པ་ཞེས་བྱ་བ་ཡང་དེ་བཞིན་ནོ། །དེ་བཞིན་དུ་སུམ་ཅུ་རྩ་གཉིས་པ་ཞེས་བྱ་བ་ནི་ཀ་ནས་བརྩམས་པའོ། །རེའུ་མིག་ལྔ་པ་ཞེས་བྱ་བ་ནི་ཡི་གེ་ཨུའོ། །ཉི་ཤུ་ལྔ་པ་ཞེས་བྱ་བ་ནི་ཀ་ནས་བརྩམས་པའོ། །ཉི་ཤུ་བཞི་པ་ཞེས་བྱ་བ་ཡང་དེ་བཞིན་
ནོ། །སུམ་ཅུ་རྩ་གསུམ་པ་ཞེས་བྱ་བ་ནི་ཀ་ནས་བརྩམས་པའོ། །བཅོ་ལྔ་པ་ཞེས་བྱ་བ་ནི་ཨ་ནས་བརྩམས་པའོ། །ལྔ་པ་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་ལྔ་པའོ། །ཉི་ཤུ་རྩ་གཉིས་པ་ནི་ཀ་ནས་བརྩམས་པའོ། །ཉི་ཤུ་རྩ་བདུན་པ་ཞེས་བྱ་བ་ནི་ཨ་ནས་བརྩམས་པ་སྟེ། སྔགས་འདི་དག་ནི་

ཚིག་དང་པོ་ཡིན་ནོ། །ཨ་ནས་བརྩམས་པའི་ཡི་གེ་ག་ནི་བཅུ་དགུ་པ་ཡིན་ནོ། །མེའི་བུ་ནི་ཡི་གེ་རའོ། །རེའུ་མིག་གསུམ་པ་ནི་ཡི་གེ་ཨིའོ། །ཡ་ཚན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སུམ་ཅུ་རྩ་དྲུག་པ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་ཡི་གེ་ནའོ། །སླར་ཡང་ཞེས་བྱ་
བ་ནི་ཡི་གེ་གཉིས་པོ་དག་ཉིད་དེ་དང་སྦྱར་བའོ། །རང་བྱུང་ཞེས་བྱ་བ་ནི་ཡི་གེ་ཧའོ། །རེའུ་མིག་ལྔ་པ་ཞེས་བྱ་བ་ནི་དབྱངས་ཀྱི་རེའུ་མིག་ལྔ་པའོ། །བིན་དུ་ཞེས་བྱ་བ་ནི་ཐིག་ལེའོ། །ལྷག་མ་ནི་སྔ་མ་བཞིན་ཏེ་ཚིག་གཉིས་པའོ། །བཅུ་དགུ་པ་ནི་སྔ་མ་བཞིན་ཏེ་གའོ། །ཉི་ཤུ་རྩ་བདུན་པ་ནི་ཀ་
ནས་བརྩམས་པའོ། །གསུམ་པ་ནི་དབྱངས་ཡིག་གི་ཡི་གེ་གསུམ་པའོ། །སུམ་ཅུ་རྩ་གསུམ་པའི་སྔ་མ་ཡི་གེ་ཧའོ། །རེའུ་མིག་གཉིས་པ་ནི་ཡི་གེ་ཨཱའོ། །ཉི་ཤུ་པ་ནི་ཀ་ནས་བརྩམས་པ་སྟེ་ན་ཉིད་དེ། དེ་ཉིད་ནི་ར་དང་ཧའི་དབང་གིས་ན་དེ་ཎར་འགྱུར་ཏེ་གྲྀ་ཧའི་སྒྲའི་འོག་ཏུ་གནས་པའི་ན་ནི་
ཎར་འགྱུར་རོ། །ཉི་ཤུ་རྩ་གཅིག་པ་ནི་ཀ་ནས་བརྩམས་པ་སྟེ་པའོ། །ཉི་ཤུ་རྩ་དྲུག་པ་ནི་ཀ་ནས་བརྩམས་པ་སྟེ་ཡའོ། །ལན་གཉིས་བཟླས་པ་ཞེས་བྱ་བ་ནི་ལན་གཉིས་ཟློས་ཤིང་གོམས་པར་བྱ་བ་སྟེ་སྔ་མ་བཞིན་ནོ། །རེའུ་མིག་ལུགས་ལས་བཟློག་པའི་ཚུལ་གྱི་དང་པོར་ཡི་གེ་ཧའོ། །བཞི་
པ་ནི་ཨི་སྟེ། དེའི་མཐའ་ནི་ཨུའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ད་ནི་ཚིག་བཞི་པ་བཏུ་བ་གསུངས་པ་ནི་རེའུ་མིག་གཉིས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དབྱངས་ཀྱི་ཡི་གེ་དང་པོའི་རེའུ་མིག་ནས་བརྩམས་པ་ཨའོ། །སུམ་ཅུ་རྩ་དྲུག་པ་ནི་ཨ་ནས་བརྩམས་པའོ། །ཉི་ཤུ་རྩ་དྲུག་
པ་ནི་ཀ་ནས་བརྩམས་པའོ། །སུམ་ཅུ་གསུམ་པ་ཞེས་བྱ་བ་ནི་ཀ་ནས་བརྩམས་པའོ། །དེ་བཞིན་དུ་བཅུ་གསུམ་པ་ནི་དབྱངས་ཀྱི་ཡི་གེ་བཅུ་གསུམ་པའོ། །རེའུ་མིག་བཅུ་པ་ནི་ཧ་ལ་སོགས་པ་ནས་གོ་བཟློག་པའི་ཚུལ་གྱིས་བརྩིས་པའི་ཡི་གེ་བྷ་ནི་རེའུ་མིག་བཅུ་པའོ། །བཅུ་དགུ་
པ་ནི་ཨ་ནས་བརྩམས་པའོ། །གཉིས་པ་ཞེས་བྱ་བ་ནི་རེའུ་མིག་གཉིས་ལས་དབྱངས་ཀྱི་ཡི་གེའི་རེའུ་མིག་གཉིས་པའོ། །ཐིག་ལེ་ཞེས་བྱ་བ་ནི་སྟེང་ནས་ཨ་ནུ་སྭ་ར་དང་ལྡན་པའོ། །ཆུ་ཞེས་བྱ་བ་ནི་ཡི་གེ་བྷའོ། །བརྒྱད་པ་ནི་ཡི་གེ་ཛའོ། །མེ་ཡི་བུ་ཡིས་ཁྱད་པར་དབྱེ། །ཞེས་བྱ་བ་ནི་

ཡི་གེ་རས་བྱེ་བྲག་འབྱེད་པའོ། །ལྷག་མ་ནི་གོ་སླའོ། །དེ་དག་ནི་རྩ་བའི་སྔགས་སོ། །ཁྲོ་བོ་བཞི་དང་ཡང་དག་ལྡན། །ཞེས་བྱ་བ་ནི་སྔགས་ཀྱི་ཚིག་བཞིས་མཚན་མ་སྨོས་པའི་ཁྲོ་བོ་བཞི་བཤད་པ་ཡིན་ནོ། །སྐུ་བརྒྱད་དང་ནི་བཅས་པ་རུ། །ཞེས་བྱ་བ་ནི་ས་ལ་སོགས་པ་གཟུགས་བརྒྱད་ཀྱི་ཚུལ་
དུ་སྔགས་འདི་གནས་པའི་ཕྱིར་རོ། །འདི་ནི་རྙེད་པ་ཙམ་གྱིས་ཀྱང་། །ཞེས་བྱ་བ་ནི་སྔགས་དེས་ཚར་བཅད་པ་དེ་འཆིང་བར་འགྱུར་བའོ། །ལེའུ་སུམ་ཅུ་པའོ།། །།ཤ་ཆེན་ཞེས་བྱ་བ་ནི་སྔར་བཞིན་དུ་སྦྱིན་སྲེག་བྱའོ། །ཟངས་མའི་གཙུག་ཕུད་ཅན་ཞེས་བྱ་བ་ནི་ཁྱིམ་བྱའོ། །དཔའ་བོ་
ཐོད་པའི་ཕྲེང་བ་ཅན། །ཟླ་བ་ཕྱེད་པས་རྒྱན་དུ་བྱས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུའི་ཆ་བྱད་སྔར་མ་བཤད་པ་ནི་བཤད་པ་ཡིན་ནོ། །བརྡ་ནི་ལྔ་པོ་བསྟན་པ་དག །ཅེས་བྱ་བ་འདིར་བརྡའི་སྒྲ་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་ལྷ་མོ་ལྔ་ལ་བྱ་བ་ཡིན་ཏེ། རལ་བ་དང་ཅོད་པན་བརྒྱན་པའི་
ཐོད་པ་ཆེན་པོ་ལྔ་ལྷ་མོ་ལྔར་བསྟན་ཅིང་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་པོའི་ལག་གཡོན་གྱིས། །ཞེས་བྱ་བ་ནི་བཟའ་བ་དང་བཅའ་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ཀྱང་དམ་ཚིག་ཅན་ལ་སྟེར་བ་ན་སྒྲུབ་པ་པོས་ལག་པ་གཡོན་པས་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷག་
མ་ནི་གོ་སླའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་ལག་པའི་མཆོད་པ་སྟོན་ཏོ། །རྡོ་རྗེ་སེམས་དཔའ་མཐེ་བོར་བཞུགས། །ཞེས་བྱ་བ་ལ། བཞུགས་ཞེས་བྱ་བ་ཐམས་ཅད་ལ་སྦྱར་རོ། །ཏ་ལ་ནི་མཛུབ་མོ་སྟེ་རྣམ་པར་སྣང་མཛད་དོ། །གུ་ར་བེ་ཞེས་བྱ་བ་ནི་གུང་
མོའོ། །པདྨ་གར་ཞེས་བྱ་བ་ནི་པདྨ་གར་གྱི་དབང་ཕྱུག་གོ། །ད་ར་ཞེས་བྱ་བ་ནི་སྲིན་ལག་གོ། །དཔའ་བོ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའོ། །ཏ་ནུ་ཞེས་བྱ་བ་ནི་མཐེའུ་ཆུང་ངོ་། །མི་ཟད་ཅེས་བྱ་བ་ནི་དེའི་ཁྱད་པར་རོ། །ནམ་མཁའི་སྙིང་པོ་ཞེས་བྱ་བ་ནི་རྡོ་རྗེ་ཉི་མའོ། །སེན་མོ་ཞེས་བྱ་བ་ནི་སོར་མོ་
ཐམས་ཅད་ཀྱི་སེན་མོའི་བར་ན་གནས་པའི་རྟ་མགྲིན་ནོ། །གཡོན་པ་ལས་བྱུང་རྒྱུ་ཡིན་ནོ། །ཞེས་བྱ་བ་ནི་འདི་དག་ནི་ལག་པ་གཡོན་པར་བསྟན་ཅིང་ལྷ་གནས་པའི་རྒྱུ་ཡིན་ནོ། །ལག་མཐིལ་ཞེས་བྱ་བ་ལ་ལག་མཐིལ་དུ་པདྨ་འདབ་མ་ལྔ་པ་བསམས་ལ། པདྨའི་གེ་སར་ལ་ཕོ་ཉ་མོ་

རྣམས་ལས་རྡོ་རྗེ་ཕག་མོའོ། །མདུན་དུ་ཡ་མ་ནི། གཡོན་དུ་མོ་ཧ་ནི། རྒྱབ་ཏུ་སཉྩ་རི་ནི། །གཡས་སུ་སྐྲག་བྱེད་མའོ། །ཙཎྜི་ཀ་ནི་སྙོམས་པར་འཇུག་པ་ལ་སྤྲོ་བ་སྟེ། རང་བདག་ཉིད་བསམ་པ་གཅིག་པའོ། །རྒྱབ་ཏུ་ཤིན་ཏུ་ངེས་བྱས་ཏེ། །ཞེས་བྱ་བ་ནི།
ལག་པའི་མཐིལ་དུ་སྔགས་ཀྱི་ས་བོན་གྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་། རྡོ་རྗེ་ཕག་མོ་ལ་སོགས་པ་ལྷ་མོ་རྣམས་དགོད་པར་བསྟན་མོད་ཀྱི། །འོན་ཀྱང་ལག་པའི་རྒྱབ་ཏུ་མེ་ལོང་གི་ནང་དུ་གཟུགས་བརྙན་སྣང་བ་ལྟར་ངེས་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་
ཀྱིས་ན་མཁས་པས་རྒྱབ་ཏུ་བསྐྱེད་ཅེས་བཤད་པ་ཡིན་ནོ། །སྒྲུབ་པ་པོས་བརྡ་རྣམ་པ་ལྔ་བསྟན་པར་བྱ་བ་ལས། །ལྔ་ཞེས་བྱ་བ་སྨོས་པ་ནི་འདིར་ལག་པའི་མཆོད་པའི་སྐབས་སུ་བརྡ་ལྔ་ཞེས་བྱ་བ་ནི་དྲི་ཆེན་དང་དྲི་ཆུ་ལ་སོགས་པའོ། །སྤྱན་ལ་སོགས་པ་སྨོས་པ་ནི་མཁའ་འགྲོ་མ་ལ་སོགས་
པ་བཞི་ལ་བྱའོ། །སྟོང་པ་ནི་ནམ་མཁའི་དབྱིངས་སོ། །དབུས་སུ་ཞེས་བྱ་བ་ཡང་དེ་ཉིད་དོ། །དེ་ལྟར་བརྡ་ཡིས་དཔའ་བོ་རྣམས། །ཞེས་བྱ་བ་ནི་ལག་པའི་མཆོད་པ་ལ་དུང་ཆེན་པོ་ལ་གནས་པའི་རྫས་ཀྱིས་དཔའ་བོ་འཁོར་ལོ་སྡོམ་པ་བརྡ་ཡིས་མཆོད་པར་བྱའོ། །དེ་ནས་ཟས་ལ་
སྤྱད་པར་བྱའོ། །འདི་ལྟར་བྱས་པས་དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་དྲ་བའི་བདེ་མཆོག་ཏུ་འགྱུར་རོ། །ལེའུ་སུམ་ཅུ་གཅིག་པའོ།། །།ཕྱུགས་དགུག་པ་ནི་སྒྲུབ་པ་པོས་སྔར་གྱི་ཆོ་གས་བྱེད་དེ། །ཕྱུགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། །སེན་
མོ་ལྔ་རྣམས་ནི་ཁྱི་དང་། བྱི་ལ་དང་། རི་བོང་ལ་སོགས་པ་རྣམས་ཏེ། སེན་མོ་ལྔའི་རིགས་སོ། །རིགས་རྣམས་ཀྱིས་ཞེས་བྱ་བ་ལ། རྒྱལ་རིགས་ལ་སོགས་པའི་རིགས་བཞི་རྣམས་ཀྱི་ནང་ནས་བསྔགས་པ་ནི་ཕྱུགས་སོ། །དཔའ་བོ་ནི་མང་པོ་རྣམས་གང་གིས་བསད་པ་དེ་ནི་
ཕྱུགས་དཔའ་བོའོ། །ཧེ་རུ་ཀས་བྱས་པ་མཐོང་བ་ཡང་ངོ་། །དུད་འགྲོ་རྣམས་ལས་དུད་འགྲོ་མངལ་དུ་སྐྱེས་པ་རྣམས་དུད་འགྲོ་འགྲོ་བའི་ཕྱུགས་ཏེ། སྦྲུལ་རིན་པོ་ཆེ་དང་ལྡན་པའི་ཕྱུགས་སོ། །ཕྱུགས་འདི་ནི་ལྷ་རྣམས་ཀྱི་བདེ་བ་སྒྲུབ་པར་འགྱུར་རོ། །ཁྭ་ལ་སོགས་པ་ཅེ་སྤྱང་ལ་ཐུག་

པ་རྣམས་དང་། བྱའི་བྱེ་བྲག་རྣམས་སྦྱིན་སྲེག་དང་གཏོར་མ་ལ་སྦྱར་བར་བྱའོ། །སྦྱིན་སྲེག་ནི་ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་ཉིད་དོ། །ད་ནི་རོ་ལངས་སྒྲུབ་པ་བཤད་པ་སྨོས་པ་ཡིན་ཏེ། ནག་པོ་ཞེས་བྱ་བ་ལ་སོགས་པ་ལ། དང་པོ་ཁོ་ནར་གནོད་མཛེས་ཀྱི་སྔགས་སམ་རྩ་བའི་སྔགས་ཀྱིས་སྔོན་དུ་
བསྙེན་པ་བྱས་ལ། མཚན་མ་ཐོབ་པའི་སྔགས་པས་དུར་ཁྲོད་དུ་རོ་མ་སྨས་ཤིང་ཉམས་པ་མེད་པ་བཙལ་ལ་ནམ་ཕྱེད་ན་ཨ་ཤ་ན་ནག་པོ་དང་། མཱ་ཎཱ་ནག་པོ་དང་། འབྲས་ནག་པོ་དང་ལྡན་པའི་སྦྱིན་སྲེག་བྱས་ལ། དེ་ཡང་འཛེམ་པ་མེད་པར་རོའི་ཁར་ཞེས་བྱ་བ་ལ། སྔགས་པས་རང་གི་རྣལ་
འབྱོར་མངོན་སུམ་དུ་བྱས་སུ་ཟིན་ཡང་རང་བསྲུང་དང་གོ་ཆ་ཆེན་པོ་ལ་སོགས་པས་བསྲུང་བདག་ཀྱང་བྱས་ལ། འཇིགས་ཤིང་བག་ཚ་བའི་འཛེམ་པ་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཡི་དགས་ཆེན་པོ་འཇིགས་པའི་བདག་ཉིད་ཅན་མི་སྡུག་པ་མཐོང་ན་འཇིགས་པར་མི་བྱའོ་ཞེས་བྱ་
བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །ལྕི་བའི་ཐལ་བ་ནི་ཐལ་བའི་ཁྱད་པར་རོ། །མགོ་བོ་སྐམ་ཞེས་བྱ་བ་ནི་གྲགས་པ་སྟེ། ཆག་གྲུགས་མེད་པ་བླངས་ལ་དུང་ཆེན་པོ་བྱ་བའམ། ཡང་ན་ཐོད་པ་རུས་སྦལ་གྱི་ཐོད་པ་ལས་བྱའོ། །ཕྱག་བཞི་པ་ལ་སོགས་པ་ནི་བཅོམ་ལྡན་འདས་ཧེ་རུ་
ཀའི་ཕྱག་རྒྱ་ཆེན་པོ་སྟོན་ཏེ། དེ་དག་ཐམས་ཅད་ནི་སྒྲུབ་པའི་ཐབས་སུ་རྒྱ་ཆེར་བསྟན་པ་ཡིན་ནོ། །དེ་ཡི་སྐུ་མདོག་མཚོན་ཆ་འཆང་། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དེའི་སྐུ་མདོག་དང་ཕྱག་མཚན་འཛིན་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །སྐུ་མདོག་སྔོ་ལ་ཕྱག་མཚན་རྡོ་རྗེ་
འཛིན་པ་ཞེས་བྱ་བའི་དོན་ཏོ། །འདིས་ཕྱག་མཚན་ཞེས་བྱ་བ་སྤྱིའི་ཚིག་སྨོས་སུ་ཟིན་ཀྱང་ཕྱག་མཚན་གྱི་གཙོ་བོར་གྱུར་པ་ཡིན་པས་རྡོ་རྗེ་ཁོ་ན་ལ་བྱའོ། །དེ་ཡང་བཅོམ་ལྡན་འདས་མཚོན་ཆ་དུ་མ་བསྣམས་སུ་ཟིན་ཀྱང་། རྡོ་རྗེ་འཛིན་ཞེས་མཚན་གསོལ་བ་ཡིན་ནོ། །ཕྱག་རྒྱ་
ཡིས་ནི་སྐུ་ལ་བརྒྱན། །ཞེས་བྱ་བ་ནི་ཕྱག་རྒྱ་ལྔས་བརྒྱན་པ་ལ་བྱའོ། །ཡི་དགས་ཆེན་པོ་གདན་དུ་བྱས། །ཞེས་བྱ་བ་ནི་ཡི་དགས་གྱི་བདག་པོ་མནན་ནས་བཞུགས་པའོ། །དེ་བས་རྟག་ཏུ་སྒྲུབ་པ་པོས། །སྔགས་ཀྱི་ལྷ་ནི་ཤེས་པར་བསྒོམ། །ཞེས་པ་ནི་རྣལ་འབྱོར་ཆེན་པོ་

།པོ་ལ་དམིགས་པ་མེད་པར་སྔགས་བཟླས་པ་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །ལེའུ་སུམ་ཅུ་གཉིས་པའོ།། །།མེད་པར་གྱུར་ཀྱང་བཟའ་བ་ནི། །ལྔ་པ་ཉིད་དུ་བྱ་བ་ཡིན། །ཞེས་བྱ་བ་ནི་གང་གི་ཚེ་རྗེས་སུ་མཐུན་པའི་བདུད་རྩི་ལྔ་
མེད་པར་གྱུར་ན་དེའི་ཚེ་བཟའ་བ་གང་དག་ཡིན་པ་བདུད་རྩི་ལྔ་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔའ་བོ་རྣམས་ཀྱི་སྟན་དག་དང་། །ཕྱག་རྒྱ་ནི་ལྷག་མའོ། །ཤིན་ཏུ་མཉམ་གཞག་ཅེས་བྱ་བ་ནི་ཐ་མལ་པའི་ང་རྒྱལ་སྤངས་པའོ། །དེའི་འོག་ཏུ་དཔའ་བོ་ཡི། །
དཔའ་བོ་ཀུན་དུ་སྤྱད་པར་བྱ། །ཞེས་བྱ་བ་ནི་རེ་ཞིག་དང་པོར་ཇི་སྐད་བཤད་པའི་ལྷ་མོའི་མཆོད་པ་ཕུལ་དུ་བྱུང་བ་བསྒྲུབས་ཤིང་ཉམས་སུ་བླངས་ལ། དེའི་འོག་ཏུ་དཔའ་བོའི་དཔའ་བོ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཀུན་དུ་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལེའུ་སུམ་ཅུ་
གསུམ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་འཁོར་ལོ་གསུམ་གྱི་བདག་ཉིད་བྱ་བའམ། འཁོར་ལོ་གསུམ་མཆོད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཆའི་རྩིབས་ཞེས་བྱ་བ་ནི་ཆའི་ཡན་ལག་སྟེ། དེ་ཆ་ཡང་ཡིན་ལ་རྩིབས་ཀྱང་ཡིན་པས་ཆའི་ཡན་ལག་སྟེ། དེ་ནི་
དཔའ་བོ་སྟེ་རིགས་ལ་ལྟོས་ནས་གཅིག་གི་ཚིག་གིས་བསྟན་ཏོ། །པདྨའི་ལྟེ་བ་ཞེས་བྱ་བ་མང་པོའི་ཚིག་ནི་དེ་བླང་བར་བྱ་བའི་གནས་ཡིན་པས་དེ་ལ་ངེས་པར་སྦྱར་བར་བྱའོ། །ཨ་ཝ་དྷཱུ་ཏཱིའི་གནས་དེ་བཞིན། །སྨིན་མའི་བར་དུ་ངེས་པར་བཞག །ཅེས་བྱ་བ་ནི་དཔྲལ་བའི་
རྡོ་རྗེ་ཕྲེང་བའི་འོད་ཟེར་རྣམས་ཀྱིས་ཨ་ཝ་དྷཱུ་ཏཱི་ཞེས་བྱ་བ་རྫོགས་པའི་གནས་སུ་བྱ་བ་སྟེ། དེ་ནི་མི་ཟད་པའི་སྤྱན་ཏེ། དེ་སྨིན་མའི་བར་དུ་ཞེས་བྱ་བ་ནི་དཔྲལ་བའི་དབུས་སུ་གཞག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དཔའ་བོ་འཚོལ་པ་ཞེས་བྱ་བ་ལ་སོགས་པས་ནི་ལས་ཐམས་
ཅད་པའི་སྦྱིན་སྲེག་སྟོན་ཏེ། དཔའ་བོ་ཧེ་རུ་ཀའི་འདོད་ཆགས་དང་ཞེ་སྡང་འཆོལ་བར་བྱས་ཤིང་ཁྲོ་བོར་བསྒྱུར་བའི་གནས་སྐབས་ཀྱིས་འོག་ནས་སྨོས་པ་ཇི་ལྟར་རྙེད་པའི་ཤ་ཡིས་སྦྱིན་སྲེག་བྱ་བ་འམ། ཡང་ན་བདག་ཉིད་ཁྲོ་བོའི་ང་རྒྱལ་དང་བཅས་པས་ཇི་སྙེད་པའི་ཤའི་སྦྱོར་བས་ཚིམ་

པར་བྱས་ལ། དེའི་འོག་ཏུ་ལས་དང་རྗེས་སུ་མཐུན་པའི་གོ་མཱཾ་ས་དང་ཁྲག་གིས་སྦྱིན་སྲེག་ལྔ་ཉིད་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །འབད་པས་ཞེས་བྱ་བ་ནི་ལྷའི་ང་རྒྱལ་གྱིས་མ་ཡེངས་པར་དེ་ནས་སྦྱིན་སྲེག་དགུ་བྱ་བའོ། །འབར་བའི་མེ་ལ་ཞེས་བྱ་བ་ནི་ཤིན་ཏུ་འབར་བའི་མེ་ལ་ཡམ་ཤིང་ལ་སོགས་པ་ཇི་
ལྟར་ལས་མཐུན་པས་འབུལ་བའོ། །དེ་ལྟར་མེ་ལྷའི་ཞལ་དུ་སྦྱིན་སྲེག་ཕུལ་ནས། འཁོར་ལོ་གསུམ་དང་ལྡན་པའི་ལྷ་རྣམས་ལ་སྦྱིན་སྲེག་དབུལ་བའི་ཆོ་ག་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཀུན་ནས་འཁོར་ལོ་བསམ་ཞེས་བྱ་བ་ནི་ཐབ་ཀྱི་དབུས་སུ་འཁོར་
ལོ་གསུམ་པོ་དེ་གཞལ་ཡས་ཁང་ར་བ་དང་བཅས་པ་དང་། རང་གི་སྐུ་མདོག་དང་ཕྱག་མཚན་དང་བཅས་པ་བསམ་པར་བྱའོ། །དེའི་ཕྱོགས་གཅིག་ཏུ་གསུངས་པ་ནི་དཔའ་བོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཁཎྜ་རོ་ཧཱ་ཞེས་བྱ་བ་ནི་རྒྱབ་ཀྱི་ངོས་ལ་གནས་པའི་ཁཎྜ་རོ་ཧཱ་དེ་བཞིན་དུ་གཞན་
ལ་ལས་དང་རྗེས་སུ་མཐུན་པར་རང་གི་ལུས་ལས་ཕྱུང་སྟེ། ཁཎྜ་རོ་ཧཱ་གཞན་གྱི་ཕྱི་རོལ་དུ་བཞག་སྟེ། ལས་ཐམས་ཅད་འགྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། །རང་གི་གཟུགས་སུ་མངོན་ཞེན་པ། །འཁོར་ལོའི་དབུས་སུ་གནས་པར་བྱ། །ཞེས་བྱ་བ་ཡིན་ནོ། །འཁོར་
ལོ་འདི་དག་བསྟན་པ་ནི། རིམ་པ་ཇི་བཞིན་བྱ་བ་ཡིན། །ཞེས་བྱ་བ་ནི་ཐབ་འདི་དག་ཏུ་འཁོར་ལོ་གསུམ་གྱི་རིམ་པས་བྱ་སྟེ། དེ་ཡང་ཞི་བ་ལ་སོགས་པའི་ཆོ་གའི་རིམ་པ་དང་མི་འགལ་བར་བྱའོ། །རིག་པའི་རྒྱ་མཚོ་ཞེས་བྱ་བ་ནི་རྒྱུད་ཆེན་པོ་དེར་ཀྱེ་དཔའ་བོ་ཞེས་མདོར་བསྡུས་ཏེ་ཇི་སྐད་དུ་བསྟན་
པ་དེ་འདིར་གསལ་བར་བྱ་བ་ཡིན་ནོ། །ཡང་ན་རིག་པའི་རྒྱ་མཚོ་ནི་ཞི་བའི་སྦྱིན་སྲེག་ལ་སོགས་པ་རྒྱས་པར་བསྟན་པ་ཡིན་ལ། འདིར་ནི་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །ལེའུ་སུམ་ཅུ་བཞི་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་དང་
རྗེས་སུ་མཐུན་པར་སྔགས་བརྗོད་པ་དང་། བསམ་གཏན་གྱི་ཆོ་ག་བསྟན་པ་ཡིན་ཏེ། ཕན་ཚུན་སྦྱར་བའི་གསང་སྔགས་ནི། །ཞེས་བྱ་བ་ནི་གང་གི་ཚེ་གདུག་པ་ཚར་གཅད་པའི་ཆོ་ག་རྩོམ་པ་དེའི་ཚེ་སྲད་བུ་ལེགས་པར་བསྒྲིལ་བ་ལྟ་བུར་སྔགས་ཀྱི་ཡི་གེ་ཕན་ཚུན་གཅིག་ལ་གཅིག་སྦྱར་

ཏེ། གཉིས་ཀའི་ཞལ་ནས་ཅིག་ཅར་ཕྱུང་བ་ནི་ཟོ་ཆུན་གྱི་བུམ་པ་འཁོར་བ་ལྟ་བུར་བསམ་པར་བྱའོ། །དཔའ་བོ་ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེའོ། །འཇུག་པ་ཡི་ནི་དབྱེ་བ་ཉིད། །ཅེས་བྱ་བ་ནི་ཞི་བའི་ཆོ་གའོ།