Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 17
Văn bản gốc(Tây Tạng)
Trang 3 / 29 (50.000 ký tự/trang)
་བ་ནི་བདག་ཉིད་གཅིག་པུ་བཟའ་བར་མི་བྱའི། །གཞན་དུ་ན་རིགས་དང་རིགས་མ་ཡིན་པ་ལས་བྱུང་བའི་ཕོ་ཉ་མོ་སྟེ་རྣལ་འབྱོར་མ་རྣམས་ལ་ཡང་སྦྱིན་པར་བྱའོ། །རང་གི་པང་པར་མགོ་བཞག་སྟེ། །ཞེས་བྱ་བ་ ནི་ཕོ་ཉ་མོ་གཡོན་ལོགས་སུ་བཞག་སྟེ། ལག་པ་གཡོན་པས་འཁྱུད་པའོ། །དཔའ་བོ་གཉིས་མེད་པ་ཡིས་མཆོད། །ཅེས་བྱ་བ་ནི་དཔའ་བོ་གཉིས་སུ་མེད་པའི་དོན་དུ་མ་ལ་སོགས་པ་མཆོད་པ་གང་ཡིན་པ་ནི་གཉེན་གྱི་སྲེད་པའི་འཆིང་བ་རྣམས་ལས་གྲོལ་ཞིང་ཐར་བར་བྱ་བའི་ཕྱིར་ བྱའོ། །སློབ་དཔོན་ལུགས་སུ་བཞུགས་ནས་སུ། །སྒྲུབ་པ་པོ་ལས་མཆོད་པ་བཞེས། །ཞེས་བྱ་བ་ནི་དོན་དམ་པར་རྡོ་རྗེ་སེམས་དཔའ་དང་། སློབ་དཔོན་ལ་ཐ་དད་དུ་བྱ་བ་མེད་དོ་ཞེས་སྟོན་ཏེ། སློབ་དཔོན་མཆོད་པས་སངས་རྒྱས་ཐམས་ཅད་མཆོད་པར་འགྱུར་རོ་ཞེས་དགོངས་སོ། ། དཔའ་བོ་རྣམས་ཀྱི་སྟན་དག་དང་། །ཞེས་བྱ་བ་ནི་ཕྱག་རྒྱའི་ལྷ་མོ་རྣམས་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་སྟན་ཞེས་བྱ་བ་བཟའ་བ་དང་བཏུང་བ་ལ་སོགས་པ་ཡིན་ནོ་ཞེས་འདོད་དོ། །དེ་ཉིད་ཀྱིས་ན་ཕྱག་རྒྱ་ཉིད་དུ་ཞེས་ལོགས་ཤིག་ཏུ་ཕྱག་རྒྱའི་ལྷ་ མོ་རྣམས་གསུངས་པ་ཡིན་ནོ། །སྒྲུབ་པོ་ཤིན་ཏུ་མཉམ་གཞག་པས། །ཞེས་བྱ་བ་ནི་ཐ་མལ་པའི་གཟུགས་སུ་མ་ཡིན་པའི་ཚུལ་གྱིས་གླུ་དང་རོལ་མོ་ལ་སོགས་པའི་སྦྱོར་བ་བྱ་བར་ཤེས་པར་བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི། མིག་མི་བཙུམས་ ཞེས་བྱ་བ་དེ་བརྫུན་ཡིན། །ལག་པ་འདེགས་པ་གང་ཡིན་དེ་ཡང་བརྫུན། །སྣ་གོང་དག་ནི་རྣམ་པ་ཁ་འབྲས་ཤིང་། །འདོད་ལྷའི་འདོད་སྤྱོད་དེ་ཡང་བརྫུན་ཡིན་ལ། །བུད་མེད་གདོང་གི་པདྨ་ལ་རྟོག་ཅིང་། །སྦྲང་བུ་ལྟ་བུར་བདག་གིར་བྱེད་དེའང་བརྫུན། །སྡུག་དང་སྐྱེ་བོ་མེད་པར་རང་ དགའ་བའི། །རྣ་བར་གཤུབ་པ་གང་ཡིན་དེ་ཡང་བརྫུན། །འདི་དག་ཐམས་ཅད་རྣམ་པ་ཀུན་དུ་བརྫུན། །བདག་ནི་འགྲོ་ན་རྣམ་ཀུན་སྒྲ་སྒྲོགས་པ། །ཀྱི་ཧུད་འདོད་པའི་ལྷ་ཡི་རྨོངས་པས་བཅོམ། །ཤེས་མ་གྱུར་ན་ཅི་ཞིག་བྱ་བ་སྨྲོས། །ཞེས་གླུ་དང་གར་ལ་སོགས་པའི་ཡུལ་རྣམས་ཉིད་བརྟགས་ ན་མཉམ་པར་བྱ་བ་ལ་སོགས་པ་ཡོད་པ་མ་ཡིན་ནོ་ཞེས་འདོད། འདི་ན་དེ་ཉིད་འདི་ལས་གཞན་མེད་ན། །དོན་མེད་ཉིད་དུ་དོན་ཞིག་ཅི་ཕྱིར་བྱེད། །འདི་ཉིད་ཡིད་ལ་གནས་པར་གྱིས་ཤིག་དང་། །དོན་གང་སྣང་འགྱུར་དེ་ནི་ཤེས་རབ་ཡིན། །ཞེས་བྱ་བར་དགོངས་སོ། །གང་ཞིག་གླུ་སོགས་མི་ བྱེད་ཅིང་། །བྱེད་དུ་མི་འཇུག་བླུན་པོ་རྣམས། །འདི་དང་ཕ་རོལ་དག་ཏུ་ཡང་། །ཉན་ཐོས་ལ་སོགས་དེས་བཅོམ་ཡིན། །དེ་ཡི་འོག་ཏུ་དཔའ་བོ་ཡི། །དཔའ་བ་ཀུན་དུ་སྤྱད་པར་བྱ། །ཞེས་བྱ་བ་ནི་རེ་ཞིག་དང་པོར་ཇི་སྐད་དུ་བཤད་པའི་ལྷ་མོ་རྣམས་ལ་མཆོད་པ་ཕུལ་དུ་བྱུང་བར་རྗེས་སུ་སྤྱད་ལ། ། དེའི་རྗེས་ལ་དཔའ་བོའི་ཡང་དཔའ་བོ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཀུན་དུ་སྤྱད་པར་བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་དམ་ཚིག་ཅན་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱི་མཆོད་པ་ཕུལ་དུ་བྱུང་བར་རྗེས་སུ་སྤྱད་ལ། དེའི་འོག་ཏུ་བཟའ་བ་ ལ་སྤྱོད་པ་ལ་སོགས་པའི་ཀུན་དུ་སྤྱོད་པ་བྱའོ་ཞེས་སྐལ་ལྡན་གྲགས་པ་འདོད་དོ། །དེ་ལྟར་མཆོད་བྱས་ཞེས་བྱ་བ་ལ་སོགས་པས་ནི་བཟའ་བ་ལ་སྤྱོད་པ་ལ་སོགས་པའི་འབྲས་བུ་ཉེ་བར་བསྟན་པ་ཡིན་ནོ། །ལེའུ་སུམ་ཅུ་རྩ་གསུམ་པའི་བཤད་པའོ།། །།པདྨའི་ལྟེ་བར་ཞེས་ བྱ་བ་ནི། བླ་མར་བྱ་བའི་གནས་ཡིན་པའི་ཕྱིར་རོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །དཔལ་ཨུ་རྒྱན་པའི་ཞལ་སྔ་ནས་ནི་ཆོས་འབྱུང་བའི་རྣམ་པར་དག་པ་ཡིན་པའི་ཕྱིར་ཟུར་གསུམ་པ་པདྨའི་ལྟེ་བར་ཞེས་འདོད་དོ། །སྐལ་ལྡན་གྲགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་བྷ་གའི་རྣམ་པར་དག་པ་ཡིན་པའི་ཕྱིར་པདྨའི་ལྟེ་བ་ཞེས་བྱའོ་ཞེས་འདོད་དོ། །ཨ་ཝ་དྷཱུ་ཏཱི་གནས་དེ་བཞིན། །སྨིན་མའི་བར་དུ་རྣམ་པར་གཞུག །ཅེས་བྱ་བ་ནི་དཔྲལ་བར་རྡོ་རྗེའི་ཕྲེང་བའི་འོད་ཟེར་རྣམས་ཀྱི་ཨ་བ་དྷཱུ་ཏཱི་ཞེས་བྱ་བ་རྫོགས་པའི་ གནས་ཞེས་བྱ་བ་མིག་གསུམ་པ་དེ་སྨིན་མའི་དབུས་སུ་དཔྲལ་བར་བསྟན་པར་བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་གསུང་ངོ་། །སྐལ་ལྡན་གྲགས་པ་ནི་ཨ་ཝ་དྷཱུ་ཏཱི་ནི་ཡང་དག་པའི་དོན་མཐོང་བ་རྟོགས་པའི་གནས་ཏེ། གཞི་གང་ཡིན་པ་དེ་ནི་ཨ་ཝ་དྷཱུ་ཏཱིའི་གནས་ སམ་མི་འགྱུར་བའི་གནས་ཞེས་བྱ་སྟེ་མིག་གསུམ་པའོ་ཞེས་འདོད་དོ། །བཅོམ་ལྡན་འདས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་ཏེ་དུས་གསུམ་གཟིགས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དཔའ་བོ་འཆོལ་བར་བྱས་པ་ཡིས། །ཞེས་བྱ་བ་ལ་སོགས་པས་ནི་ལས་ ཐམས་ཅད་པའི་སྦྱིན་སྲེག་སྟོན་ཏེ། དཔའ་བོ་ཞེས་བྱ་བ་དཔལ་ཧེ་རུ་ཀ་འཆོལ་བ་སྟེ། གཙང་སྨེ་མེད་པའི་སྦྱོར་བར་བདག་ཉིད་བྱས་པའི་ཁྲོ་བོའི་ཏིང་ངེ་འཛིན་གྱི་མཚན་མ་ཐོབ་པའི་རྣལ་འབྱོར་པས་ཤའི་སྦྱིན་པ་བྱ་བ་འམ། །ཡང་ན་རེ་ཞིག་དང་པོར་བདག་ཉིད་ཁྲོ་བོའི་ ང་རྒྱལ་དང་ལྡན་པས་ཇི་ལྟ་བ་བཞིན་དུ་མཐུན་པར་བྱའོ། །དེའི་རྗེས་ལ་ལས་དང་རྗེས་སུ་མཐུན་པའི་སྦྱིན་སྲེག་བྱའོ། །དེ་ལྟར་མེ་ལྷའི་སྒོ་ནས་སྦྱིན་སྲེག་བྱས་ལ། །འཁོར་ལོ་གསུམ་དང་ལྡན་པའི་རང་གི་ལྷའི་ཆོ་ག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཀུན་ནས་སྒོ་ཡི་འཁོར་ལོ་བསམ། །ཞེས་བྱ་བ་ནི་ཐབ་ཀྱི་དབུས་སུ་གཞལ་ཡས་ཁང་ལ་སོགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ། །དེའི་ཕྱོགས་གཅིག་བསྟན་པའི་ཕྱིར་གསུངས་པ་ནི་དཔའ་བོའི་དབང་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཁཎྜ་རོ་ཧ་ཕྱི་ རོལ་སྦྱར། །ཞེས་བྱ་བ་ནི་རྒྱབ་ཀྱི་པདྨ་ལ་གནས་པའི་ཁཎྜ་རོ་ཧ་དེ་བཞིན་དུ་གཞག་ལ་རང་གི་ལུས་ལ་ཁཎྜ་རོ་ཧ་གཉིས་པ་ལས་དང་རྗེས་སུ་མཐུན་པར་ཕྱུང་ལ་ཕྱི་རོལ་དུ་གཞག་པར་བྱ་སྟེ། ཁཎྜ་རོ་ཧ་ནི་ལས་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ ཉིད་ཀྱིས་ན། རང་གི་གཟུགས་སུ་མངོན་བརྟགས་པ། །འཁོར་ལོའི་དབུས་སུ་བརྟན་པར་བྱ། །ཞེས་གསུངས་པ་ཡིན་ནོ། །འཁོར་ལོ་འདི་དག་བརྟན་པ་ནི། །ཞེས་བྱ་བ་ནི་ཐབ་ནི་འཁོར་ལོ་གསུམ་གྱི་རྣམ་པར་བྱའོ་ཞེས་བྱ་བ་སྟེ། ཞི་བ་ལ་སོགས་པའི་ཆོ་གའི་རིམ་ གྱིས་ཆོ་ག་ལས་མི་འདའ་བར་བྱའོ། །རིག་པའི་རྒྱ་མཚོ་ལས་དཔའ་བོས། །མདོར་བསྡུས་ནས་ནི་གསུངས་པ་ཡིན། །ཞེས་བྱ་བ་ལ་རིག་པའི་རྒྱ་མཚོ་ཞེས་བྱ་བ་ནི་རྒྱུད་དེ། །དེ་ལས་དཔའ་བོ་དང་ལྷ་མོ་རྣམས་མདོར་བསྡུས་ནས་ཇི་ལྟ་བ་བཞིན་དུ་གསུངས་པའོ། །ཡང་ན་རིག་པའི་ རྒྱ་མཚོ་ལས་ཇི་སྐད་གསུངས་པ་དེ་འདིར་མདོར་བསྡུས་ནས་གསུངས་པ་ཡིན་ནོ། །ལེའུ་སུམ་ཅུ་རྩ་བཞི་པའི་བཤད་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་དང་རྗེས་སུ་མཐུན་པར་སྔགས་བརྗོད་པ་དང་། བསམ་གཏན་གྱི་ཆོ་ག་བསྟན་པ་ཡིན་ཏེ། ཕན་ཚུན་ སྦྱར་བའི་གསང་སྔགས་ནི། །ཞེས་བྱ་བ་ནི་གང་གི་ཚེ་གདུག་པ་ཚར་གཅད་པའི་ཆོ་ག་རྩོམ་པ་དེའི་ཚེ་སྲད་བུ་ལེགས་པར་བསྒྲིལ་བ་ལྟ་བུར་སྔགས་ཀྱི་ཡི་གེ་ཕན་ཚུན་གཅིག་ལ་གཅིག་སྦྱར་ཏེ། གཉི་གའི་ཞལ་ནས་ཅིག་ཅར་དབྱུང་བ་ནི་ཟོ་ཆུན་གྱི་བུམ་པ་འཁོར་བ་ལྟ་བུར་བསམ་པར་ བྱའོ། །དཔའ་བོ་ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེའོ། །འཇུག་པ་ཡིས་ནི་ཕྱེ་བ་ཉིད། །ཅེས་བྱ་བ་ནི་ཞི་བའི་ཆོ་ག་ནི་རང་གི་ཁ་ནས་ནང་དུ་ཞུགས་པའི་སྔགས་ཀྱི་ཡི་གེ་ལུ་གུ་རྒྱུད་ཀྱི་ཕྲེང་བའི་ཚུལ་ཅན་རྡོ་རྗེའི་ལམ་ནས་ཕྱུང་སྟེ། །སླར་ཡང་ལྷ་མོའི་པད་མའི་ནང་དུ་ཆུད་པར་བྱ་སྟེ། ལྷ་མོའི་ཁ་ ནས་རང་གི་ཁར་གཞུག་པའི་རིམ་པ་དང་གདུག་པ་འདུལ་བའི་ལམ་ནི་རང་གི་ཁ་ནས་ལྷ་མོའི་ཁར་གཞུག་པའི་ཚུལ་གྱིས་བྱ་བ་སྟེ་ཁྱད་པར་ནི་དེ་ཙམ་མོ། །ཞི་བ་ལ་ནི་ལྷོད་པ་སྟེ། །དྲག་ཅིང་རྩུབ་པ་མ་ཡིན་པའོ། །ས་བོན་ཕྲེང་བ་དེ་ནས་ཟིན། །ཞེས་བྱ་བ་ནི་ཡི་གེའི་ཕྲེང་བས་ཕན་ཚུན་གཅིག་ ནས་གཅིག་སྦྲེལ་བའོ། །ཧཱུྃ་ནི་མཐའ་རུ་གནས་པ་ཡིན། །ཞེས་བྱ་བ་ནི་གདུག་པ་ཚར་གཅོད་པའི་ལས་ལ་ཡི་གེ་ཧཱུྃ་གིས་ཐོག་མ་དང་དབུས་དང་ཐ་མར་འགོག་པར་གྱུར་པར་བྱའོ། །དེ་ཉིད་ཀྱི་ཕྱིར་བསྒྲུབ་བྱ་འགོག་པར་གྱུར་པ་ནི། །གོམ་པ་གཅིག་ཀྱང་མི་འགྲོའོ། །ཞེས་གསུངས་པ་ཡིན་ ཏེ་དེ་ནི་གོ་སླའོ། །ཁ་སྦྱར་སྦྱར་བར་གྱུར་པ་དང་། །ཞེས་བྱ་བ་ནི་སྔགས་ལུང་བསྟན་པ་ལ་སོགས་པར་བཤད་པའི་ཚུལ་གྱིས་ཏེ། ཡི་གེ་ཨོཾ་ལ་སོགས་པ་ཁ་སྦྱར་དུ་སྦྱར་བའི་ཚུལ་ཏེ། ཨོཾ་ལྷ་སྦྱིན་སྭཱ་ཧཱ་ཨོཾ་ཞེས་བྱ་བ་ལྟ་བུའོ། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས། །རྡོ་རྗེ་ཕྱེ་བ་ཉིད་དང་ ནི། །ཞེས་བྱ་བ་ནི་ཁ་སྦྱར་ནི་ལས་ཐམས་ཅད་པ་ཡིན་པའི་ཕྱིར་གང་གི་ཚེ་གདུག་པ་ཅན་ཚར་གཅད་པའི་ལས་དང་ལྡན་པ་དེའི་ཚེ་རྡོ་རྗེ་ཞེས་བྱ་བ་ཧཱུྃ་ཉིད་ཀྱིས་དབྱེ་ཞིང་གཞིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་སྒྲོ་ཡི་ཆུན་པོས་བསྐོར། །ཞེས་བྱ་བ་ནི་ཇི་ལྟར་རྨ་བྱའི་སྒྲོའི་ཆུན་ པོས་བསྐོར་བ་ན་བར་མཚམས་མི་སྣང་བ་དེ་བཞིན་དུ་བར་མཚམས་མེད་པ་ཁོ་ནར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྕགས་ཀྱུ་ཉིད་ཀྱིས་དགུག་པ་དང་། །ཞེས་བྱ་བ་ནི་གང་གི་ཚེ་དགུག་པར་འདོད་པ་དེའི་ཚེ་ལོ་མའི་ཚུལ་དུ་སྔགས་སྤེལ་ལ། ཁཎྜ་རོ་ཧ་ཕྱག་ན་ལྕགས་ ཀྱུ་ཐོགས་པས་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཏུན་ཤིང་གིས་ནི་དཀྲུགས་པ་དང་། །ཞེས་བྱ་བ་ནི་གང་གི་ཚེ་དེས་བརྒྱ་བྱིན་ལ་སོགས་པ་དཀྲུག་ཅིང་བསྐྱོད་པར་འདོད་པ་དེའི་ཚེ་ཁཎྜ་རོ་ཧ་ཕྱག་ན་གཏུན་ཤིང་བསྣམས་པས་དཔུང་ལ་སོགས་པ་ཐམས་ཅད་དཀྲུག་ པར་བྱའོ། །རྡོ་རྗེ་ཡིས་ནི་བཟའ་བར་བྱ། །ཞེས་བྱ་བ་ནི་བཟའ་བར་བྱ་བ་ལ་ཁཎྜ་རོ་ཧ་རྡོ་རྗེ་ཐོགས་པས་ཆེ་གེ་མོ་ཟོ་ཤིག་ཅེས་གདུག་པའི་ཆོ་གས་བཟའ་བར་བྱའོ། །དབུག་ལ་མདའ་ནི་སྦྱར་བར་བྱ། །ཞེས་བྱ་བ་ནི་དབུག་ཅིང་འདར་བ་ལ་ནི་ཁཎྜ་རོ་ཧ་ཕྱག་ན་མདའ་བསྣམས་ པ་སྦྱར་བར་བྱའོ། །དུས་མིན་འཆི་བ་ལས་རྒྱལ་ཉིད། །ཅེས་བྱ་བ་ནི་དུས་མ་ཡིན་པར་འཆི་བ་ལ་ནི་མཚོན་ཆའི་ཁྱད་པར་བསྣམས་པས་རྒྱལ་བར་བྱའོ། །ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། །ཞེས་བྱ་བ་ནི་ལག་པ་གཡོན་པ་ལ་ཁ་ཊྭཱཾ་ག་བསྣམས་པར་བྱ་སྟེ། མཚོན་ཆའི་ཁྱད་པར་ འདི་དག་ཐམས་ཅད་ཀྱིས་ཁཎྜ་རོ་ཧ་ཁྱད་པར་དུ་བྱ་བ་ཡིན་ནོ། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཆོད་ཡོན་ངེས་པར་སྦྱར། །ཞེས་བྱ་བ་ནི་ཐོད་པ་བདུད་རྩི་ལྔས་ཡོངས་སུ་གང་བས་ཁཎྜ་རོ་ཧའི་ཞལ་དུ་མཆོད་ཡོན་ཕུལ་ལ་མཚོན་ཆ་ངེས་པར་སྦྱར་བར་བྱ་བའོ་ཞེས་བྱ་ བའི་དོན་ཏོ། །ལེའུ་སུམ་ཅུ་རྩ་ལྔ་པའི་བཤད་པའོ།། །།ཕྱག་རྒྱ་གནོན་པའི་ལས་རྣམས་ནི། །ཞེས་བྱ་བ་ནི་གཞན་གྱི་ཕྱག་རྒྱ་གནོན་པའོ། །ཟས་བཞིན་དུ་ལས་ལ་བརྩམ་པར་བྱའོ། །སྔགས་པས་མཁའ་འགྲོ་མ་སྦྱོར་ལ། །སྙིང་པོ་རྣམས་ཀྱིས་དེ་བཞིན་བྱ། །ཞེས་ བྱ་བ་རྣམས་ནི་མཁའ་འགྲོ་མ་རྣམས་ཀྱི་སྙིང་པོའི་སྔགས་ཀྱིས་ཀྱང་ཆོ་ག་དེ་བཞིན་དུ་བྱའོ། །དཔའ་བོ་མཆོད་པའི་ཆོ་ག་ཤེས། །ལས་ནི་འཐད་པ་ཉིད་ཀྱིས་བྱ། །ཞེས་བྱ་བ་ནི་འདིར་བཤད་པའི་ཆོ་ག་བྱས་ལ་དེའི་འོག་ཏུ་མཆོད་པའི་ཆོ་ག་བྱ་བའོ། །རྣམ་དབྱེ་ཞེས་བྱ་བ་ནི་དེ་ལས་ ཀྱི་རྗེས་སུ་མཐུན་པ་རྣམ་པར་དབྱེ་ཞིང་སོ་སོར་བྱས་ལ་སྔགས་པས་ལས་ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར་གསུངས་པ་ནི་ཚར་གཅོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ཉིད་དབྱེ་ཞེས་བྱ་བ་ནི་ལས་ཀྱི་ ཚོགས་ཏེ་དེ་ཁོ་ན་ཉིད་དབྱེ་བས་ཕྱེ་ཞིང་ཐ་དད་པར་བྱ་བའི་སྔགས་དེ་རྩ་བ་ལམ་ཞེས་བྱ་བ་དང་། རྡོ་རྗེ་དང་པདྨའི་ལམ་དུ་ངེས་པར་བྱ་ཞིང་བསྟན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །སྦྱོར་བ་ཞེས་བྱ་བ་ནི་སྦྱོར་བའི་དོན་ཞེས་བྱ་བའི་ཕྱག་རྒྱ་ཆེན་པོ་གྲུབ་པར་བྱ་བའི་ཕྱིར་གང་ཞིག་ རབ་ཏུ་སྒྲུབ་ཅིང་ལེགས་པར་བསྟན་པའི་ཚུལ་གྱིས་བསྒྲུབ་པར་བྱ་ལ། དེས་ན་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱང་ཚར་བཅད་པ་དང་། ཕན་གདགས་པའི་ཚུལ་གྱིས་མྱུར་དུ་བསྒྲུབ་པ་ཡིན་ན། གཞན་དག་ལྟ་ཅི་སྨོས་ཞེས་བྱ་བར་དགོངས་སོ། །ལེའུ་སུམ་ཅུ་རྩ་དྲུག་ པའི་བཤད་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དབང་དུ་བྱ་བ་ལ་སོགས་པའི་སྦྱོར་བ་བསྟན་ཏེ། གཟུགས་ནི་ལུས་ཏེ་དེ་གནོན་པ་ནི་བུད་མེད་ལ་སོགས་པའི་སྐྱེ་བོ་སྟེ། དེའི་ཆོ་ག་ནི་དབང་དུ་བྱ་བ་ཡིན་ལ། དེ་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཕན་ཚུན་སྦྱར་ བའི་གསང་སྔགས་དང་། ཞེས་བྱ་བ་ནི་གཉི་གའི་རྩ་བའི་གསང་སྔགས་གཅིག་ཏུ་བྱ་བའོ། །མཁའ་འགྲོ་མ་དང་གཅིག་ཏུ་སྦྱོར། །ཞེས་བྱ་བ་ནི་དོན་དེ་ཉིད་གསལ་བར་བྱས་པ་ཡིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཟོས་པ་གང་ཡིན་པ་དེ་སློན་ཏེ་ལེགས་པར་བཀྲུས་ལ་ཡན་ལག་ལྔ་ དྲི་དང་བཅས་པ་གང་དུ་མ་ཚོས་པ་དང་བསྲེས་ཏེ་གཉི་གའི་རྩ་བའི་སྔགས་ཞག་བདུན་གྱི་བར་དུ་ཐུན་བཞིར་བྱས་ལ། དེའི་འོག་ཏུ་བཟའ་བ་དང་བཏུང་བ་ལ་སོགས་པ་སྦྱར་ན་ཇི་སྐད་དུ་བཤད་པ་བཞིན་དུ་འགྱུར་བར་གདོན་མི་ཟའོ། །སེར་སྐྱ་ཞེས་བྱ་བ་ནི་ཁ་དོག་སེར་སྐྱར་འདུག་པའོ། ། ལྷག་མ་ནི་གོ་སླའོ། །ཏིལ་ནག་ཅེས་བྱ་བ་ལ་སོགས་པ་ཡང་གོ་བར་ཟད་དོ། །བ་ལང་ཞེས་བྱ་བ་ལ་སོགས་པ་ལ་དབང་དུ་བྱ་བའི་ཐབ་བམ། ལས་ཐམས་ཅད་པའི་ཐབ་ཁུང་དུ་གང་གི་མིང་ནས་སྨོས་ཏེ་ཇི་སྐད་བཤད་པའི་སྦྱིན་སྲེག་བྱས་ན་དཔའ་བོ་ལ་སོགས་པའི་ལྷ་ རྣམས་དབང་དུ་འགྱུར་ལ། དེ་ལྟ་མ་ཡིན་ན་ཇི་སྐད་བཤད་པ་བཞིན་དུ་འགྱུར་རོ། །དེའི་མདུན་དུ་ཞེས་པ་ནི་དཔལ་ཧེ་རུ་ཀའི་སྤྱན་སྔའམ་རོའི་ཁར་རོ། །ལྷག་མ་ནི་གོ་སླའོ། །ལེའུ་སུམ་ཅུ་རྩ་བདུན་པའི་བཤད་པའོ།། །།ཡན་ལག་དབྱེ་བ་ཞེས་བྱ་བ་ནི་སྐུ་མདོག་དང་ཞལ་དང་ཕྱག་ ལ་སོགས་པའོ། །དཔའ་བོའི་དབང་ཕྱུག་མི་དགོངས་ཞེས་བྱ་བ་ནི་དམ་ཚིག་ལས་འདའ་བར་བྱེད་པ་ལ་བཅོམ་ལྡན་འདས་མི་གཟིགས་སོ་ཞེས་བྱ་བའི་དོན་ཏོ། །གང་གི་ཞེས་བྱ་བ་ནི་གོ་སླའོ། །ཡང་དག་འགྲོ་བ་འང་རིག་པར་འགྱུར། །ཞེས་བྱ་བ་ནི་ཁམས་གསུམ་གྱི་བདེ་ བ་གང་ཡིན་པ་དེ་མྱོང་བར་འགྱུར་རོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་ཡང་དག་འགྲོ་བ་ནི་མན་ངག་ཇི་ལྟ་བ་བཞིན་དུ་ཤེས་པ་ཡིན་ནོ་ཞེས་འདོད་དོ། །ལེའུ་སུམ་ཅུ་རྩ་བརྒྱད་པའི་བཤད་པའོ།། །།བཞད་པ་བཞི་པོ་རྣམ་པར་དགོད། །ཅེས་བྱ་ བ་ནི་དཔའ་བོའི་རྩ་བའི་སྔགས་རྣམ་པ་བཞི་པོ་སྟེ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཞེས་བྱ་བ་དང་། མཁའ་འགྲོ་མའི་རྩ་བའི་སྔགས་ནི་ཧ་ཧཱ་ཧེ་ཧཻ་ཧོ་ཧཽ་ཧུཾ་ཧཱུཾ་ཞེས་བྱ་བའོ། །ལེའུ་སུམ་ཅུ་རྩ་དགུ་པའི་བཤད་པའོ།། །།དེ་ནས་ད་ནི་ཞེས་བྱ་བ་ལ་ སོགས་པས་ནི་སྤྱིར་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བའོ། །སྒྲོན་མ་ནི་ཤ་སྟེ་དེ་ལ་སོགས་པ་ནི་སྤྱིར་སྨོས་པ་ཡིན་ནོ། །སྦྱིན་སྲེག་དེ་ཡང་རྣམ་པ་གཉིས་ཏེ། ཕྱིའི་སྦྱིན་སྲེག་དང་། ལུས་ཀྱི་སྦྱིན་སྲེག་གོ། །དེ་ཉིད་ཀྱིས་ན་ཉ་ཤ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ ནོ། །གནས་སྐབས་ཐམས་ཅད་དུ་ཞེས་བྱ་བ་ནི་དགའ་བ་དང་ཁྲོ་བའི་གནས་སྐབས་སུ་ཡང་ངོ་། །དཔའ་བོའི་དབང་པོའི་དཔལ་ཧེ་རུ་ཀ་སྟེ། དེ་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །མཚན་མོ་སྦྱིན་སྲེག་བྱེད་ལ་གཞོལ། །ཞེས་བྱ་བ་ནི་ལུས་ཀྱི་ སྦྱིན་སྲེག་ནི་ངེས་པར་མཚན་མོ་བྱ་དགོས་པའི་ཕྱིར་རོ། །བརྒྱ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལེའུ་བཞི་བཅུ་པའི་བཤད་པའོ།། །།དེ་ནས་ལས་ཀྱི་ཞེས་བྱ་བ་ལ་སོགས་པ་འདིས་ནི་རྫོགས་པའི་རྣལ་འབྱོར་པ་དངོས་གྲུབ་ཐམས་ཅད་གྲུབ་པར་སྟོན་པ་ཡིན་ནོ། ། བཅུ་གཉིས་ཞེས་བྱ་བ་ནི་དབང་དུ་བྱ་བ་དང་། དགུག་པ་གཉིས་གཅིག་ཏུ་བྱ་བ་དང་། བསྐྲད་པ་དང་གསད་པ་གཉིས་གཅིག་ཏུ་བྱ་བ་ལ་ལྟོས་ནས་གསུངས་པ་ཡིན་ནོ། །ཤར་དང་ཞེས་བྱ་བ་ལ་སོགས་པས་ནི་མཁའ་འགྲོ་མ་ཉི་ཤུ་རྩ་བཞིའི་གནས་གསལ་བར་བྱས་པ་ ཡིན་ནོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཧེ་རུ་ཀའི་དཀྱིལ་འཁོར་རོ། །དེའི་གཙོ་བོ་ནི་བདག་པོའོ། །ཀུ་ལུ་ཏཱར་ནི་བརྩོན་ཆེན་མོའོ། །དགོན་པ་མྱ་ངན་གྱི་ཡུལ་དུ་ནི་འཁོར་ལོས་སྒྱུར་མའོ། །སིནྡྷུའི་ཡུལ་དུ་ནི་སྟོབས་ཆེན་མོའོ། །གྲོང་ཁྱེར་གྱི་དབང་པོར་ནི་ ཤིན་ཏུ་དཔའ་མོའོ། །གསེར་གླིང་དུ་ནི་འཁོར་ལོ་གོ་ཆ་མའོ། །སཽ་རཱཥྚར་ནི་ཆང་འཚོང་མོའོ། །ཁྱིམ་གྱི་ལྷར་ནི་དུམ་སྐྱེས་མའོ། །ཡི་དྭགས་གྲོང་དུ་ནི་འཁོར་ལོའི་ཤུགས་ཅན་མའོ། །ཁ་བ་ཅན་དུ་ནི་བྱ་གདོང་མའོ། །ཀཱཾ་ཙིར་ནི་རྟ་རྣ་མའོ། །ལམ་པཱ་ཀར་ནི་ཤིན་ཏུ་བཟང་མོའོ། །ཀ་ལིཾ་ གར་ནི་སྔོ་བསངས་མའོ། །ཀོ་ས་ལར་ནི་ཆང་འཐུང་མའོ། །ཏྲི་ཤ་ཀུ་ནེར་ནི་རླུང་གི་ཤུགས་ཅན་མའོ། །ཨོཾ་ཊེར་ནི་འཇིགས་བྱེད་ཆེན་མོའོ། །ཀཱ་མ་རུ་པར་ནི་ས་སྲུང་མའོ། །མཱ་ལ་ཝར་ནི་ཤིང་གྲིབ་མའོ། །དེ་བཱི་ཀོ་ཊིར་ནི་ལང་ཀའི་དབང་ཕྱུག་མའོ། །རཱ་མེ་ཤྭ་རར་ནི་མིའུ་ཐུང་མའོ། །གོ་དཱ་ ཝ་རིར་ནི་དཔའ་བོའི་བློ་གྲོས་མའོ། །ཨརྦུ་དར་ནི་སྣ་ཆེན་མའོ། །ཨོ་ཌྱན་དུ་ནི་འོད་ལྡན་མའོ། །ཛཱ་ལནྡྷ་རར་ནི་གཏུམ་མིག་མའོ། །པུལླཱི་ར་མ་ལ་ཡ་ལ་སོགས་ཞེས་བྱ་བའི་སྒྲས་ནི་གསེར་རི་ལ་བྱ་བར་བཤད་དེ་དེར་རབ་གཏུམ་མའོ། །རྣལ་འབྱོར་མ་དྲུག་ཅེས་བྱ་བ་ནི་རྡོ་རྗེ་ཕག་མོ་ ལ་སོགས་པ་ནས་གཏུམ་མོའི་མཐར་ཐུག་པའོ། །མ་མོ་ནི་ཁྭ་གདོང་མ་ལ་སོགས་པའོ། །ལཱ་མ་ནི་ལཱ་མའི་རིགས་སུ་གཏོགས་པའི་རྣལ་འབྱོར་མ་དྲག་མོ་རྣམས་སོ། །རིགས་ཀྱི་གཙོ་མོ་ནི་མཁའ་འགྲོ་མའོ། །སྟོབས་ཆེན་མ་ནི་འཇིགས་བྱེད་ཆེན་མོའོ། །གཟུགས་ཅན་མ་ནི་རཱུ་པི་ ནི་གཞན་དང་། ཙུམྦི་ཀ་དང་བཅས་པ་ལ་སོགས་པ་ཐ་དད་པར་གྱུར་པ་ལ་ནི་གཟུགས་ཅན་མ་དང་བཅས་པ་ཞེས་ཤེས་པར་བྱའོ། །པཾ་ཙ་ལ་ཞེས་བྱ་བ་ནི་གནས་དང་ཉེ་བའི་གནས་ལས་གཞན་དུ་གྱུར་པའི་གྲུབ་པའི་གནས་ཀྱི་ཁྱད་པར་རོ། །དེ་དག་ལ་སོགས་པར་ནི་ཉེ་བར་ མཚོན་པ་ཙམ་དུ་ཟད་དེ། རྒྱ་ཆེར་ནི་གྲུབ་པའི་རྣལ་འབྱོར་མ་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡོད་དོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །དཔལ་ཨུ་རྒྱན་པའི་ཞལ་སྔ་ནས་ནི་རྣལ་འབྱོར་མ་དྲུག་ཀུ་ལུ་ཏཱ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོ་དང་གསོད་བྱེད་མ་དང་། ཆགས་བྱེད་མ་དང་། འདྲལ་ བྱེད་མ་དང་། རྒྱས་བྱེད་མ་དང་། སྐྲག་བྱེད་མ་སྟེ་རྣལ་འབྱོར་མ་དྲུག་གོ། །རྣལ་འབྱོར་མ་དྲུག་ནི་དངོས་གྲུབ་ཐམས་ཅད་ལ་སྩོལ་བར་བྱེད་པ་ཡིན་ནོ། །མྱ་ངན་ཡུལ་ན་མ་མོ་རྣམས། །ཞེས་བྱ་བ་ནི་གཤིན་རྗེ་ཕོ་ཉ་མོ་དང་། གཤིན་རྗེ་བརྟན་མ་དང་། གཤིན་རྗེ་འཇོམས་མ་དང་། གཤིན་རྗེ་མཆེ་བ་མ་དང་། ཁྭ་གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མའོ། །དེ་ལ་ཡང་དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མའོ། །ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ། །ཡང་དག་པའི་དྲན་པ་ནི་ཕག་ གདོང་མའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་ནི་གཤིན་རྗེ་བརྟན་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། །མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤངས་པ་ནི་གཤིན་རྗེ་མཆེ་བ་མའོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་ བསྐྱེད་པ་ནི་གཤིན་རྗེ་འཇོམས་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། འདི་དག་ནི་མ་མོ་རྣམས་ཏེ། ཐམས་ཅད་ཀྱང་གདུག་པ་རྣམ་པར་རྨོངས་པར་བྱེད་པ་ཡིན་ནོ། །སིནྡྷུའི་ཡུལ་ན་ལཱ་མ་སྟེ་ཞེས་བྱ་བ་ནི་ཁྲོ་གཉེར་མ་དང་། །མཆེ་བ་ཅན་མ་དང་། སྣ་ཆེན་མ་དང་། བ་ལང་གདོང་དང་། བི་ལ་ཅན་དང་། གླང་པོ་ཆེའི་ལྕེ་དང་། བ་ལང་སྣ་དང་བཞིན་བཟངས་མ་སྟེ་འདི་དག་ནི་ལཱ་མའི་རིགས་སེམས་ཅན་ཐམས་ཅད་དབང་དུ་བྱེད་མའོ། །རིགས་ཀྱི་གཙོ་མོ་ན་ག་རར་ཞེས་བྱ་བ་ནི་དཔལ་རྡོ་རྗེ་ཕག་མོ་དང་། རྣལ་འབྱོར་མ་སྒེག་མོ་དང་། མཚན་མོ་ཅན་དང་། སྐྲག་བྱེད་མ་དང་། ནགས་ཚལ་མ་དང་། ཤ་ཟ་མ་དང་། ཆང་དཔའ་མོ་དང་། ཆེན་མོ་དང་། སྡུག་བྱེད་མའོ། །སཽ་རཱཥྚར་རིགས་ཀྱི་ལྷ་རྣམས་ཉིད་ཡིན་ནོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དཔའ་བོ་ཉི་ཤུ་རྩ་བཞི་དང་། གནོད་མཛེས་ཞལ་བཞི་ པ་གཟུགས་བརྒྱད་པའོ། །ཡི་དགས་གྲོང་དུ་ནག་ཆེན་པོར། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་དང་། པདྨ་གར་གྱི་དབང་ཕྱུག་དང་། དཔལ་ཧེ་རུ་ཀ་དང་། རྡོ་རྗེ་ཉི་མ་དང་། རྟ་མཆོག་དང་། མཁའ་འགྲོ་མ་དང་། གཟུགས་ཅན་མ་དང་བཅས་པ་ བརྒྱད་པོ་འདི་དག་ནི་འཁོར་ལོས་སྒྱུར་བ་ཡིན་ནོ། །ཁ་བའི་རིར་ཞེས་བྱ་བ་ནི་རྡོ་རྗེའི་མཁའ་འགྲོ་མ་དང་། སངས་རྒྱས་ཀྱི་མཁའ་འགྲོ་མ་དང་། རིན་པོ་ཆེའི་མཁའ་འགྲོ་མ་དང་། པདྨའི་མཁའ་འགྲོ་མ་དང་། ལས་ཀྱི་མཁའ་འགྲོ་མ་སྟེ། འདི་དག་ནི་མཐར་ཐུག་པའི་མཁའ་འགྲོ་མ་ རྣམས་སོ། །ཀཱྃ་ཙིར་བ་ལིངྐ་དང་བཅས། །ཞེས་བྱ་བ་ནི་ལག་ན་ཁྲག་ཐོགས་ཤིང་སྤྱོད་པ་ཞེས་བྱ་བའོ། །པྃ་ཙ་ལ་ཡི་ཡུལ་དག་དང་། །ཞེས་བྱ་བ་ནི་ལྟུང་བྱེད་མ་དང་། གསོད་བྱེད་མ་དང་། འགུགས་བྱེད་མ་དང་། གར་གྱི་དབང་ཕྱུག་མའོ། །བརྟུལ་ཞུགས་འཛིན་མ་ཀ་ལིང་གར། ། ཞེས་བྱ་བ་ནི་གར་མཁན་མ་དང་། རིགས་ངན་མ་དང་། བཙོ་བླག་མཁན་ནས་ཀུན་དུ་འགྲོ་བའི་བར་དུའོ། །ཀོ་ས་ལར་ནི་ཤ་ཟ་མ། །ཞེས་བྱ་བ་ནི་རྡོ་རྗེ་དཀར་མོ་དང་། དཔུང་ཐམས་ཅད་རབ་ཏུ་འཇོམས་མ་དང་། གཏུམ་མ་དང་། གསོད་མ་དང་། སྐེམས་མ་དང་། གདོལ་མོ་ དང་། ཆགས་མོ་དང་། མཁའ་འགྲོ་མ་དང་། འདྲེན་བྱེད་མ་དང་། འཇིགས་པ་ལས་སྒྲོལ་མ་དང་། ཤེས་ལྡན་མ་དང་། སྤོབས་བྱེད་མ་དང་། མིའུ་ཐུང་མ་དང་། སྐྲག་བྱེད་མ་དང་། འོད་འཕྲོ་མ་དང་། གཟུགས་དུ་མར་བསྒྱུར་མ་དང་། འཁོར་བྱེད་མ་དང་། གསོད་བྱེད་ མ་དང་། ཚོགས་རྫོགས་མ་དང་། རྨོངས་བྱེད་མ་དང་། ལྷ་མོ་དང་། འདྲེན་བྱེད་མའོ། །ཡི་དགས་གྲོང་དུ་ཤ་ཆེན་ཟ། །ཞེས་བྱ་བ་ནི་གསོད་བྱེད་མ་དང་། དྲན་བྱེད་མ་དང་། ཨ་ཀེ་དང་། པ་ཀེ་དང་། བརྒྱན་པ་མོ་དང་། ཐོད་པ་མོ་དང་། དྲག་མོ་དང་། འཇིགས་གཟུགས་མ་དང་། ལངྐའི་དབང་ཕྱུག་མ་དང་། མཆེ་བ་གཙིགས་མ་དང་། ལྕེ་བསྐྱོད་མ་དང་། མཆེ་བ་འཇིགས་མ་དང་། འཇིགས་བྱེད་མ་དང་། ཤ་ཟ་མོ་དང་། གསུས་འཕྱང་མའོ། །རྡོ་རྗེ་མཁའ་འགྲོ་སྦོམ་དབང་ཕྱུག །ཅེས་བྱ་བ་ནི་གཟུགས་ཅན་དང་། འོ་བྱེད་མ་དང་། ལཱ་ མ་དང་། ཡོངས་གྱུར་མ་དང་། བྱིས་བཅས་མོ་དང་། མི་ལྡོག་མ་དང་། ལྷ་མོ་དཱི་པ་མོ་དང་། གར་གྱི་དབང་ཕྱུག་མའོ། །ཏྲི་ཤ་ཀུ་ནེར་དུམ་སྐྱེས་མ། །ཞེས་བྱ་བ་ནི་དམར་མོ་དང་། ཁྱིམ་གཏུམ་མ་དང་། སོ་སྟོ་མ་དང་། སྟོབས་ཆེན་མ་དང་། དཔག་ཚད་དྲི་ལྡན་མ་དང་། མདོག་ཁྲ་མ་དང་། བདེན་གོས་མ་དང་། བཞིན་བཟངས་མའོ། །དཔལ་པུལླི་ར་མ་ལ་ཡ། གསེར་རི་ཞེས་བྱ་བ་ནི། ཧེ་རུ་ཀ་དཔལ་དཔའ་མོ་ཆེ། །བསྟན་དཀའ་འཇིག་དུས་མེ་ལྟར་འབར། །ཐབས་ཆེན་རྡོ་རྗེ་ཅན་རང་ཉིད། །འཇིགས་བྱེད་བདུག་པ་སེལ་བར་མཛད། །ཅེས་པའོ། ། སྨེ་ཤ་ཅན་བུད་མེད་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡིན་ཞེས་བྱ་བ་ནི་སྨེ་ཤ་ཅན་ལས་བྱུང་བའི་རྣལ་འབྱོར་མ་དཔག་ཏུ་མེད་པའོ་ཞེས་འདོད་དོ། །དེ་ལྟར་བཤད་པ་འདི་དག་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། །དངོས་སུ་རྣལ་འབྱོར་མ་ནི་གྲངས་མེད་པ་ཡིན་ནོ། །དེ་ཡང་རེ་རེ་ཞིང་རྣལ་འབྱོར་ མ་བྱེ་མ་སྙེད་ཀྱིས་ཡོངས་སུ་བསྐོར་ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་དག་ཀྱང་བསྡུས་པ་དང་། རྒྱས་པའི་ཚུལ་གྱིས་ཐམས་ཅད་དུ་རྒྱུ་བ་ཡིན་ནོ། །འཁོར་ལོས་སྒྱུར་བ་རྣམས་ནི་པུལླཱི་ར་མ་ལ་ཡ་ལ་སོགས་པའི་གནས་སུ་རབ་གཏུམ་མོ་ལ་སོགས་པ་གོ་བཟློག་པའི་ཚུལ་གྱིས་ ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །ལྷག་མ་གཞན་དག་ཇི་སྙེད་པ། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །འཁོར་ལོའི་རྣལ་འབྱོར་མ་ཡིན་ནོ། །ཞེས་བྱ་བ་ནི་དེ་རྣམས་དཔལ་ཧེ་རུ་ཀའི་སྦྱོར་བ་ཆེན་པོའི་ཚུལ་དང་འཚམ་པ་ཡིན་ནོ། །དེའི་ཞེས་བྱ་བ་ནི་ངེས་པར་གཟུང་བའི་དྲུག་པ་ཡིན་ནོ། ། དཀྱིལ་འཁོར་གཙོ་མོ་ཡིན་ཞེས་བྱ་བ་ནི་འཁོར་ལོ་གསུམ་ལ་བཞུགས་པའི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་སྟེ། འདི་དག་དང་བཅས་པས་ཁྱབ་པ་ཡིན་ནོ་ཞེས་སྦྱར་རོ། །རྒྱུ་དང་མི་རྒྱུ་ཞེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་ས་རྣམས་ཤིན་ཏུ་གང་བའི་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་དང་ འཚམ་པའི་རང་བཞིན་ཅན་གྱི་ཕྱིའི་རྣལ་འབྱོར་ཅན་ནོ། །གཞན་ཡང་ཇི་ལྟ་བུ་ཞེ་ན་འདྲེས་པ་མེད་པ་ཞེས་བྱ་བ་སྟེ། གཞན་པའི་ཚོགས་རྣམས་དང་འདུ་ཞིང་འདྲེ་བ་མེད་པ་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དང་ལྷན་ཅིག་ཅེས་བྱ་བར་སྦྱར་རོ། །ལེའུ་བཞི་བཅུ་རྩ་གཅིག་པའི་བཤད་ པའོ།། །།དེ་ནས་དཔའ་བོ་མེ་ཏོག་ཆུ། །ཞེས་བྱ་བའི་དུས་སུ་བྱུང་བ་དང་ལྷན་ཅིག་སྐྱེས་པའོ། །སྔགས་འདི་ཞེས་བྱ་བ་ནི་རྩ་བའི་སྔགས་སམ་ཡི་གེ་བདུན་པའོ། །དེ་བཞིན་སྦྱིན་ཞེས་བྱ་བ་ནི་འཁོར་ལོ་གསུམ་པ་རྣམས་ལ་སྦྱིན་པའོ། །ནག་མོ་ཆེ་ནི་རྡོ་རྗེ་ཕག་མོའོ། །ཚངས་པར་སྤྱོད་ པ་ཞེས་བྱ་བ་ནི་ཚངས་པར་སྤྱོད་པ་དང་ལྡན་པའོ། །ཐོག་མཐའ་ཞེས་བྱ་བ་ནི་དབུས་མེད་པ་སྟེ་ཐོག་མ་དང་ཐ་མ་ཉིད་ཀྱིས་ན། ཐོག་མ་དང་དབུས་དང་ཐ་མར་བདག་ཉིད་དབང་དུ་གྱུར་པའོ། །བཞད་པ་ཉིད་ཕྱག་རྒྱ་ཡིན་པས་ན་རོལ་ཅིང་རྒོད་པ་གཙོ་བོར་གྱུར་པ་ནི་དགའ་བར་བྱེད་པ་དང་། ཕྱག་ རྒྱ་དེས་ལྟ་བའི་བསྙེམས་པ་ཡང་དག་སྣོན་ཅིང་རང་གི་བཞད་པའི་བསྙེམས་པ་དང་ལྡན་པའི་ལྷ་མོ་ནི་གྲགས་པ་དང་ལྡན་པར་འགྱུར་རོ། །བཞད་པ་དེ་ནི་ཉེ་བར་མཚོན་པ་ཙམ་མོ། །རབ་ཏུ་དགའ་བའི་བདེ་བ་ཐམས་ཅད་ཀྱང་མཚན་མོའམ་ཉིན་མོ་བྱའོ་ཞེས་བྱ་བར་སྦྱར་རོ། །གཟུགས་དང་ ལས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་པོ་མཐོང་བ་དང་། གྲུབ་པའི་ལྷ་མོ་རྣམས་སྔོན་མ་བྱུང་བའི་གཟུགས་དང་བྱ་བ་དག་སྟོན་པར་བྱེད་དེ། དེའི་ལས་དང་ལས་ཀྱི་ལམ་བསྟན་པ་ནི་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ལྷ་མོའི་བྱ་བ་ནི་རྡོ་རྗེ་ལ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ ནོ། །སྒྲུབ་པ་པོའི་བྱ་བ་ནི་དབུགས་འབྱིན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དབུགས་འབྱིན་ཞེས་བྱ་བ་ནི་ཡི་གེ་ཨས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྒེག་པ་དང་ཞེས་བྱ་བ་ནི་གར་གྱི་ཁྱད་པར་རོ། །སྣ་ཚོགས་ཞེས་བྱ་བ་ནི་སྒྲུབ་པ་པོ་ལས་སོ། །ཧ་ཧ་ཞེས་བྱ་བ་ནི་གཞན་གྱི་ལས་ཏེ། སྔར་བཤད་པའི་རིམ་པ་དེ་ཉིད་ཀྱིས་བྱ་བའོ། །ལྷག་མ་ནི་གོ་སླའོ། །ལེའུ་བཞི་བཅུ་རྩ་གཉིས་པའི་བཤད་པའོ།། །།རྩ་བའི་སྔགས་ཞེས་བྱ་བ་ལ་སོགས་པས་ནི་མཆོད་པ་འདི་ཤིན་ཏུ་སྦ་བ་ཡིན་པར་སྟོན་ཏོ། །སྙིམ་པ་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོའི་ནུས་པ་ཐམས་ཅད་ ཀྱི་མཚན་མ་སྟོན་པ་ཡིན་ཏེ། གང་གི་ཚེ་གསང་སྔགས་མངོན་པར་བཟླས་ནས་མེ་ཏོག་ནམ་མཁའ་ལ་མངོན་པར་གཏོར་ན་དེ་ལས་མེ་ཏོག་ཅིག་ཀྱང་ས་ལ་མ་ལྷུང་ན་དེའི་ཚེ་ལས་ཐམས་ཅད་ཀྱང་བྱེད་པར་ནུས་སོ་ཞེས་བྱ་བ་རྒྱས་པར་སྦྱར་རོ། ལྷ་དང་མི་ཡིས་མཐོང་མི་འགྱུར། །ཞེས་ བྱ་བ་ནི་ལྷ་དང་མི་ཡིས་ཕྱེད་པར་མི་འགྱུར་བའོ། །ཤིང་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་བདུན་པའི་སྔགས་ཀྱིས་སྔོན་དུ་བསྙེན་པའི་ཆོ་ག་བསྟན་པ་ཡིན་ཏེ། དུས་མིན་འཆི་དང་བཅོམ་དང་ཉམས། །ཞེས་བྱ་བ་ལ། དུས་མ་ཡིན་པར་འཆི་བ་སེལ་བར་འགྱུར་ཞིང་ཚེ་འཕེལ་བར་བྱེད་ པའོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པས་ནི་པྲ་སེ་ནའི་ཆོ་ག་སྟོན་ཏོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་ནད་ཞི་བའི་ཆོ་ག་སྟོན་ཏོ། །ཡི་གེ་བདུན་པའི་སྔགས་བསྒོམས་པའམ་ལན་བརྒྱ་བཟླས་ཏེ། ཉི་མའི་དབུས་སུ་མངོན་སུམ་དུ་བསམ་པར་བྱ་སྟེ། དེ་ལ་ནད་ཀྱིས་ གཟིར་བའི་ནད་པ་བཞག་ལ། ཡང་ལན་སྟོང་གི་བར་དུ་བཟླས་ལ། དེའི་ལུས་ཤེལ་ལྟར་དྲི་མ་མེད་པར་བསམས་ན་ཇི་སྐད་བཤད་པ་བཞིན་དུ་འགྱུར་རོ། །ཡང་འདྲ་བ་ཞེས་སྨོས་པས་བསྒྲུབ་པར་བྱ་བ་དེའི་སྙིང་གར་མཐེ་བོ་ཙམ་གྱི་ཚོད་ལ་ཤེལ་ལྟར་དངས་པ་འོད་ཟེར་འབར་ བ་དང་བཅས་པའི་རྣམ་པར་ཤེས་པའི་རང་བཞིན་བསམས་ན་ནད་མེད་པར་འགྱུར་རོ། །སྟོན་ཀའི་ཞེས་བྱ་བ་ལ་སོགས་པ་ནི་དུག་བསལ་བའི་ཆོ་ག་སྟོན་ཏོ། །གཞན་ནི་གོ་སླའོ། །གཟུགས་ལྔ་ཞེས་བྱ་བ་ལ། ཟླ་བའི་དཀྱིལ་འཁོར་རེའུ་མིག་ལྔར་བྱས་པ་ལས་རེའུ་མིག་དགུ་པར་ འགྱུར་ཏེ། དེ་ལ་འདི་ལྟར་བཀོད་ན་འདིས་རྒྱུ་བ་དང་མི་རྒྱུ་བའི་དུག་གིས་ཟིན་པའི་མགོར་བཞག་ལ་དེ་ནས་བདུད་རྩིའི་ཆུའི་རྒྱུན་འབབ་པས་ལུས་ཐམས་ཅད་དུག་མེད་པར་བསམས་ན་ནད་མེད་པར་འགྱུར་རོ། །དེ་བཞིན་དུ་རིམས་ལ་སོགས་པའི་ནད་རྣམས་ཀྱང་བསལ་ཞིང་རང་ཉིད་ ཀྱི་བཟའ་བ་དང་བཅའ་བ་ལ་སོགས་པ་ཡང་སྤྱད་པར་བྱའོ། །གཞན་དག་ནི་གོ་སླའོ། །ལེའུ་བཞི་བཅུ་རྩ་གསུམ་པའི་བཤད་པའོ།། །།འཁོར་ལོ་འདི་ཉིད་ལག་པའི་མཐིལ་དུ་བསམས་ལ་བསྒྲུབ་པར་བྱ་བའི་མགོ་ལ་བཞག་ན་སྔ་མ་བཞིན་དུ་འགྱུར་རོ། །ལེའུ་བཞི་བཅུ་ རྩ་བཞི་པའི་བཤད་པའོ།། །།སྐྱེ་གནས་རྒྱ་བཅིངས་ལ་ཞེས་བྱ་བ་ནི་ཕྱིའི་ལྷ་མོ་དང་ཁ་སྦྱར་གྱི་སྦྱོར་བ་བྱའོ། །སྤྲ་ཚིལ་གྱིས་ཀྱང་རབ་ཏུ་བྱུག །ཅེས་བྱ་བ་ནི་འདིར་སྤྲ་ཚིལ་ལས་གཟུགས་བརྙན་བྱས་ལ། ཙནྡན་དམར་པོའི་ཕྱེ་མ་ཚ་བ་གསུམ་གྱི་ལྡེ་གུས་བྱུག་ཅེས་བྱ་ བར་སྦྱར་རོ། །ལེའུ་བཞི་བཅུ་རྩ་ལྔ་པའི་བཤད་པའོ།། །།ཡི་གེ་ཧ་ནི་ལྔ་པོ་དང་། །ལག་པ་ཀུན་དུ་མཉེས་ནས་ནི། །ཞེས་བྱ་བ་ནི་རྐང་རྗེས་ཀྱི་རྡུལ་གྱི་ཁྲག་དང་། དུག་དང་སྐེ་ཚེ་ལག་པ་གཉིས་ཀྱི་མཐིལ་ལ་བསྐུས་ལ། དེའི་སྟེང་དུ་བབ་པའི་སྣག་ཚ་དང་། བྱ་རོག་ གི་མཇུག་མའི་སྨྱུ་གུས་ཡི་གེ་ཧ་ལྔ་བྲིས་ལ། བསམ་གཏན་གྱིས་ཀྱང་དེ་ལྟར་བསམས་ལ། སིང་ལྡིང་གི་མེ་མདག་གམ། རོ་བསྲེགས་པའི་མེ་མདག་ལ་ལག་པ་གཉིས་ཉེད་ཅིང་སྦྱིན་སྲེག་བྱས་ན་དགྲ་བོའི་ཁ་ནས་ཁྲག་འཛག་ཅིང་མོད་ལ་འཆི་བར་འགྱུར་རོ། །ཐོད་པ་ལ་སོགས་ པ་ལ་ཡང་སྦྱོར་བ་དེ་བཞིན་དུ་བྱའོ། །བྱི་ལ་ལ་སོགས་པའི་ཤ་ཁ་ན་མ་ཐོ་བ་མེད་པས་རྙེད་པ་ནི་མཁའ་འགྲོ་མ་མཉེས་པར་བྱེད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་བྱི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལེའུ་བཞི་བཅུ་རྩ་དྲུག་པའི་བཤད་པའོ།། །།ཡང་ཡི་གེ་བདུན་ པའི་ཡི་གེ་རེ་རེ་ཞིང་བཟླས་བརྗོད་འབུམ་གྱི་གྲངས་ཚང་བར་མངོན་པར་བཟླས་པར་བྱ་ཞིང་། དང་པོར་སྲེག་བླུགས་གསུམ་བྱས་ལ་ཕྱིས་སྟོང་རྩ་བརྒྱད་བྱའོ་ཞེས་སྦྱར་རོ། །ཀ་ཀ་ཨིཎྜ་ཀའི་འབྲས་བུ་ནི། ཤིང་གནྡྷོ་ལའི་འབྲས་བུའོ། །ནེའུ་ལེའི་སྤྱི་བོ་ཞེས་བྱ་བ་ནི་སྲོག་གཅོད་པའི་ཁ་ན་མ་ ཐོ་བ་མེད་པར་རྙེད་པའི་ཐོད་པའི་ནང་དུ་ལྕགས་རྐྱག་དང་། གུར་གུམ་དང་ལྷན་ཅིག་ཕྱེ་མར་བྱས་ལ་ཇི་སྐད་བཤད་པ་བཞིན་དུ་ཆོ་ག་བྱའོ། །གསེར་གྱི་འབྲས་བུ་ནི་དྷ་དུ་རའི་འབྲས་བུའོ། །བྱ་ཆེན་པོའི་གནས་ནི་འུག་པའི་ཚང་ངོ་། །འབྲུ་ནི་འབྲས་སམ་འུ་སུའི་འབྲས་བུ་ལ་བྱའོ། །ལེའུ་བཞི་ བཅུ་རྩ་བདུན་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཡུམ་གྱི་སྙིང་པོའི་སྔགས་སྟོན་པ་ཡིན་ནོ། །རི་བོ་བཟང་པོ་བྲི་བྱ་ཞིང་། །ཞེས་བྱ་བ་ནི་རླུང་དང་། མེ་དང་། ཆུ་དང་། དབང་ཆེན་གྱི་དཀྱིལ་འཁོར་དང་། རུས་སྦལ་དང་། སྣ་ཚོགས་རྡོ་རྗེ་ དང་། སྣ་ཚོགས་པདྨའི་སྟེང་དུ་གསེར་གྱི་རི་བདུན་གྱིས་ཡོངས་སུ་བསྐོར་བའི་རིའི་རྒྱལ་པོ་རི་རབ་བསམས་ལ། དེའི་སྟེང་དུ་འཁོར་ལོ་གསུམ་ལ་སོགས་པ་རྫོགས་པར་བྱ་བའི་རིམ་པ་སྟོན་ཏོ། །ཧ་ཧ་ཧེ་ཧེ་ཞེས་བྱ་བ་ནི་ལྷའི་ང་རྒྱལ་གྱིས་སྔགས་ཆེན་པོའི་བཤད་པ་སྟོན་ཏོ། །དེ་ནས་ དཔའ་བོ་ཉི་ཤུ་རྩ་བཞིའི་མཚན་གོ་བཟློག་པའི་ཚུལ་གྱིས་སྟོན་ཏོ། །འཇིགས་བྱེད་ནི་འཇིགས་བྱེད་ཆེན་པོའོ། །བྱ་བ་ཀུན་ལ་སྒྲུབ་པ་པོས། །ཞེས་བྱ་བ་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་བྱ་བ་ཐམས་ཅད་ལ་ལས་དང་རྗེས་སུ་མཐུན་པའི་འཁོར་ལོ་གསུམ་དང་ལྡན་པའི་སྔགས་པས་བསྒྲུབ་ པར་བྱའོ་ཞེས་དགོངས་སོ། །དེ་ཉིད་ཀྱི་ཕྱིར་འཁོར་ལོར་བཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འཁོར་ལོ་ཆེན་པོ་ཞེས་བྱ་བ་ནི་གང་ལ་འཁོར་ལོ་ཆེན་པོའི་ཚོགས་མངའ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། བཅོམ་ལྡན་འདས་སོ། །ཡང་ན་ཆེ་བའི་འཁོར་ལོ་གསུམ་གང་ལ་མངའ་བའོ། ། ཡང་ན་ཆེན་པོ་ཡང་ཡིན་ལ་འཁོར་ལོ་ཡང་ཡིན་པས་ན་འཁོར་ལོ་ཆེན་པོ་སྟེ་འཁོར་ལོ་གསུམ་པོ་ཉིད་དོ། །ལེའུ་བཞི་བཅུ་བརྒྱད་པའི་བཤད་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་སྒྲུབ་པ་དེའི་ཁ་བསྐང་བ་སྟོན་པ་ཡིན་ཏེ། དེ་ནི་འདིར་བཅོམ་ལྡན་འདས་ཧེ་རུ་ ཀ་ཉིད་དུ་བསྐྱེད་པར་གསལ་བར་བྱས་པ་ཡིན་ནོ། །ལེའུ་བཞི་བཅུ་རྩ་དགུ་པའི་བཤད་པའོ།། །།དབང་དུ་བྱ་བ་ལ་སོགས་པའི་ཆོ་ག་ནི། །སྔར་བཤད་པའི་ཆོ་ག་བཞིན་དུ་བྱའོ། །སློབ་པའི་ཟས་ཞེས་བྱ་བ་དང་། རང་གི་ལུས་ཞེས་བྱ་བ་ལ་སོགས་པས་ནི་འགྲོ་བའམ་འདུག་པ་ འམ་གཉིད་མ་ལོག་པ་ལ་སོགས་པའི་གནས་སྐབས་སུ་ཡང་སྔགས་པས་གསང་སྔགས་བཟླ་བར་བྱའོ་ཞེས་བྱ་བའི་དོན་ཏེ་དུས་ཀྱི་ངེས་པ་མེད་པའོ། །སྦྱིན་སྲེག་བརྒྱ་རྩ་བརྒྱད་ཀྱི་བར། །ཞེས་བྱ་བ་ནི་ཨརྒའི་ཡམ་ཤིང་དང་རྒྱས་པའི་ཆོ་གས་ཟླ་བ་གཅིག་གི་བར་དུ་སྦྱིན་སྲེག་བརྒྱ་རྩ་ བརྒྱད་རྟག་པར་བྱས་ན་དབུལ་བ་ཐམས་ཅད་འཇིག་པར་འགྱུར་རོ་ཞེས་སྟོན་ཏོ། །གཞན་དག་ནི་གོ་སླའོ། །མཁའ་ལ་སྤྱོད་པ་ཉིད་ཐོབ་འགྱུར། །ཞེས་བྱ་བ་ལ་སོ་སོར་སྣང་བ་ཐོབ་པར་གྱུར་པའི་སྔགས་པ་ཐུན་གཉིས་ཀྱི་བར་དུ་མཉམ་པར་བཞག་ལ་སྦྱིན་སྲེག་བྱས་ན་ལྷ་ཐམས་ཅད་ཀྱི་ དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །གོ་མ་ཡུ་ཞེས་བྱ་བ་ལ་ཝའི་ཤ་ཁ་ན་མ་ཐོ་བ་མེད་པས་རྙེད་པ་དང་མྱོས་བྱེད་ཅེས་བྱ་བ་ཆང་གི་སྦྱིན་སྲེག་དང་གཏོར་མ་ལ་སོགས་པ་བྱས་ཤིང་བཟླས་བརྗོད་བྱས་ན་མཚན་མོ་ཝས་ཁྱེར་བར་འགྱུར་རོ་ཞེས་འདིར་སྦྱར་བར་བྱའོ། །བིལ་ བ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་རྒྱས་པའི་ཆོ་ག་བྱ་བར་ཤེས་པར་བྱའོ། །གོ་མ་ས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གོ་མ་ཡུ་ཞེས་བྱ་བ་ནི་ཝའི་ཤའི་སྦྱིན་སྲེག་ཡང་དང་ཡང་དུ་སྨོས་པ་ནི་སྦྱིན་སྲེག་འདི་ཉིད་ལྷག་པར་འབྲས་བུ་ཆེ་བར་བསྟན་ཏོ། །བརྟུལ་ཞུགས་ གཙང་སྦྲ་མེད་ན་ཡང་། །བསྟན་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ལ། ཕྱིའི་བརྟུལ་ཞུགས་ལ་སྤྱོད་པའང་མེད་ལ། ཕྱིའི་གཙང་སྦྲ་མེད་དུ་ཟིན་ཀྱང་ཚུལ་འདི་བཞིན་དུ་སྤྱོད་པའི་རྣལ་འབྱོར་པ་ལྷ་རྣམས་ཀྱིས་བསྟན་པའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་ དགོངས་སོ། །ལྷག་པའི་ཚེར་འགྱུར་བ་ནི་ཚེ་དཔག་ཏུ་མེད་པར་འགྱུར་རོ། །ཀུསྨཎྜཾ་ཞེས་བྱ་བ་ལ་སོགས་པ་ལ་ཀུསྨཎྜཾ་ཞེས་བྱ་བ་བུམ་ཤའི་ས་བོན་དང་། མུཀྟ་སྟེ་མོན་སྲན་གྲེའུ་དང་། ཙ་ན་ཀ་དང་། སྤྲ་ཚིལ་ཏེ་སྦྲང་རྩིའི་ཚིགས་མ་དང་། སྐེ་ཚེ་དང་། མ་ལ་ཏའི་ལོ་མ་ཆ་ མཉམ་པར་བྱས་ཏེ་སྔགས་ཀྱིས་བསྐུལ་ལ། དེའི་ཁང་པའི་ཕྱོགས་གཅིག་ཏུ་བྱུགས་ན་ཇི་སྐད་བཤད་པ་བཞིན་དུ་འགྱུར་རོ། །སྐལ་ལྡན་བདག་གིས་འདི་རུ་ཡང་། །གསང་བ་ཡིད་འོང་འདི་བྱས་པ། །རྒྱུད་དོན་རྒྱ་མཚོ་རྒལ་བ་ཡི། །མཁས་རྣམས་བཟོད་པ་མཛད་པའི་ རིགས། །དཔའ་བོའི་ཡིད་འོང་འདི་བྱས་ལས། །བསོད་ནམས་ཅུང་ཟད་གང་བསགས་པ། །དེས་ནི་དཔའ་བོའི་སྙིང་ལ་ནི། །དཔའ་བོ་ལ་དགའ་འདི་སྤྱོད་ཤོག །འབྱོར་པའི་བྲན་གྱི་ཚ་བོར་གྱུར། །དགེ་བའི་བྲན་ལས་སྐྱེས་པའི་བུ། །སྐལ་ལྡན་གྲགས་པས་འདིར་ བརྟགས་པ། །སྟོན་ཀའི་ཟླ་བའི་དབྱིབས་འདྲ་བྱས། །ཀླུ་སྒྲུབ་ཀྱིས་ནི་ཆོས་རྣམས་རྣམ་ཕྱེ་སྦྱར། །སྙན་དངགས་གཙོ་བོ་དཔའ་བོ་ལས་སུ་ཡོད། །ཙཎྜ་གོ་མི་སྒྲ་རྗེས་སྟོན་ཞེས་གྲགས། །སྔགས་ཚུལ་འདི་ལ་སྐལ་ལྡན་བདག་རྣམ་མཛེས། །དཔལ་འཁོར་ལོ་སྡོམ་ པའི་དཀའ་འགྲེལ་དཔའ་བོའི་ཡིད་དུ་འོང་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སྐལ་ལྡན་གྲགས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་མཱུ་ལ་ཏནྟྲ་པཉྩི་ཀཱ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་རྩ་བའི་རྒྱུད་ཀྱི་དཀའ་འགྲེལ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དངོས་པོ་ ཀུན་གྱི་རང་བཞིན་མཆོག །དངོས་ཀུན་འཇིག་པ་འཇིག་མཛད་པ། །དངོས་པོ་ཀུན་ནི་མི་སྣང་ཞིང་། །དངོས་པོ་ཀུན་ནི་ཟིལ་གནོན་པ། །མཁའ་མཚུངས་དོན་དང་དྲི་མེད་མཁའ། །དཔལ་ཆེན་དེ་ལ་ཕྱག་འཚལ་ཏེ། །བདེ་མཆོག་འཁོར་ལོའི་རྒྱུད་ཀྱི་ནི། །དཀའ་འགྲེལ་བདག་གིས་བྲི་བར་ བྱ། རྒྱུད་འདི་ལས། དང་པོ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་སྡུད་པ་པོས་གླེང་མ་བསླང་བ་ཡིན་ཞེས་དང་པོར་བརྒལ་བ་ལ། དེའི་ལན་གདབ་པའི་ཕྱིར་འདི་སྐད་དུ། བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པར་རབ་ཏུ་བསྟན་པ་ཡིན་ནོ་ཞེས་ཟེར་ ཏེ། དེ་ཉིད་ཀྱི་ཕྱིར། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་སྨོས་པ་ཡིན་ནོ། །གཞན་དག་ནི་ནམ་མཁའ་དང་མཉམ་པའི་རྩ་བའི་རྒྱུད་སྟོང་ཕྲག་བརྒྱ་པ་ལས་བཏུས་པ་ཡིན་པས། རྩ་བའི་རྒྱུད་ལས་འདི་སྐད་ཅེས་བྱ་བ་ལ་སོགས་པ་དང་པོར་སྨོས་པ་ཡིན་ལ། འདི་ནི་དེའི་ རྒྱུད་ཕྱི་མ་ཡིན་པས་མ་སྨོས་པ་མ་ཡིན་ནོ། །དེ་ནི་རྒྱུད་གཞན་དག་དང་འདྲེས་པར་འགྱུར་བའི་དོན་གྱི་བྱེ་བྲག་འབྱེད་པའི་ཕྱིར་བླ་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གཞན་དག་ནི་བསྟན་དུ་མེད་པའི་ཆོས་ཉིད་ཀྱིས་བསྟན་པར་བྱ་བ་དང་སྟོན་པ་པོ་གཅིག་ཏུ་བསྟན་པ་ཡིན་ཏེ། རྒྱུད་འདི་ ལ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དང་པོ་རེ་ཞིག་རྗོད་པ་དང་། བརྗོད་པར་བྱ་བ་དང་། །འབྲེལ་བ་དང་། དགོས་པ་དང་། དགོས་པའི་དགོས་པ་ཡོད་པར་མཐོང་ནས་ཆོས་ཀྱི་རྗེས་སུ་འབྲང་ཞིང་རྟོག་པ་སྔོན་དུ་གཏོང་བ་རྣམས་ཀྱང་འཇུག་པར་ འགྱུར་ཏེ། དེ་བས་ན་དེ་ཉིད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལ་སོགས་པའི་བར་གྱིས་གཞུང་བཀོད་པས་བཤད་པ་ཡིན་ཏེ། དེ་ལ་བརྗོད་པ་ནི་འཁོར་ལོ་བདེ་མཆོག་ཅེས་བྱ་བའོ། །དེས་གང་བརྗོད་པར་བྱ་བ་དཔལ་ཧེ་རུ་ ཀ་དང་། རྡོ་རྗེ་ཕག་མོ་ལ་སོགས་པའི་རྒྱུད་ཀྱི་ལུས་ནི་བརྗོད་པར་བྱ་བ་ཡིན་ལ། བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་ནི་འབྲེལ་པ་ཡིན་ནོ་ཞེས་ལ་ལ་དག་འདོད་ལ། གཞན་དག་ནི་ཐབས་དང་ཐབས་ལས་བྱུང་བའི་དངོས་པོའི་མཚན་ཉིད་ནི་འབྲེལ་པ་ཡིན་ནོ་ཞེས་ཟེར་ རོ། །བཅོམ་ལྡན་འདས་ཀྱིས་གདུལ་བྱའི་སྐྱེ་བོ་འཇུག་པར་མཛད་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་ནས་གསང་དབང་བསྐུར་བའི་བར་ནི་དགོས་པ་ཡིན་ལ། དེའི་འོག་ཏུ་དུས་ཕྱིས་དེས་འབྲས་བུ་ཐོབ་པ་ནི་དགོས་པའི་དགོས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ ལ་སོགས་པའི་ཚིག་གི་ཕྲད་ཀྱི་ཚོགས་ཀྱིས་རྒྱུད་ཕྱི་མ་ཉིད་དུ་ངེས་པར་བྱེད་པ་ཡིན་ནོ། །དེ་ཡང་དེ་ནས་ཞེས་བྱ་བས་ནི་དེ་མ་ཐག་པ་སྟེ། ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྗེས་ཐོགས་ཉིད་ལ་འོག་ནས་བཤད་པ་འདི་བཤད་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །དེའི་ཕྱིར་ཞེས་བྱ་བ་ ནི་རིམ་པ་དང་རྒྱུའི་དོན་ཏེ། དེའི་འོག་ཏུ་ཞེས་གསལ་བ་ཉིད་དུ་སྨྲས་པའོ། །ད་ནས་ཀྱི་སྒྲ་སྨོས་པ་ནི་བཀྲ་ཤིས་པའི་དོན་ཏེ། བཀྲ་ཤིས་པ་ལ་སོགས་པ་བསྟན་བཅོས་ཀྱི་དང་པོར་ཚིག་ཏུ་བརྗོད་པ་ནི་ཉན་པ་པོ་རྣམས་ཀྱི་བགེགས་བསལ་བར་བྱ་བ་ཡིན་པའམ། །དབང་དུ་བྱེད་ པའི་དོན་ཡིན་ནོ། །དེ་བས་ན་སྔ་མའི་རང་བཞིན་ལ་ལྟོས་ནས། །བཀྲ་ཤིས་པའམ་དབང་བྱེད་ཡིན། །སྨྲས་ཡིན་དེ་ནས་དེ་ཕྱིར་སྒྲ། །བསྟན་བཅོས་གོ་རིམས་རྒྱུ་ཡིན་ནོ། །ཞེས་སོ། །འོ་ན་བཤད་པ་དེ་ཅི་ཞིག་ཡིན་ཞེ་ན། གསང་བ་ཞེས་བྱ་བ་གསུངས་ཏེ། གསང་བ་ནི་སྦ་བར་བྱ་ བ་སྟེ། ཉན་ཐོས་ལ་སོགས་པ་གཞན་དག་ལ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཡང་ན་ཐབས་དང་ཤེས་རབ་གཅིག་ཏུ་བྱས་པས་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ནི་གསང་བའོ། །ཡང་ན་རྡོ་རྗེ་དང་པདྨ་དང་བྱང་ཆུབ་ཀྱི་སེམས་དེ་གསུམ་པོ་འདི་དག་ནི་གསང་བ་སྟེ། ར་ནི་རྡོ་རྗེ་ ཞེས་བྱར་བཤད། །ཡི་གེ་ཧ་ནི་པདྨར་བཤད། །དེ་དག་གཉིས་ཀྱི་ས་བོན་ནི། །སྱ་ཞེས་བྱ་བར་བཤད་པ་ཡིན། །ཞེས་གསུངས་པ་ཡིན་ཏེ། ཡི་གེ་ར་ནི་རྡོ་རྗེ་རྩེ་མོ་འདྲ་བའི་ཕྱིར་རོ། །ཧ་ནི་འདབ་ཆགས་ཀྱི་མཆུ་འདྲ་བའི་ཕྱིར་རོ། །ས་དང་ཡ་ཀུན་དུ་སྦྱོར་བ་ནི་གཉི་ གའི་ས་བོན་གྱི་གཟུགས་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་ས་ཡན་དུ་སྲ་བ་ན་ཞེས་བྱ་བའི་ཡི་གེའི་ཐ་མ་གཟུང་བའི་ཕྱིར་ཏེ། དེ་ནི་དོན་དམ་པའོ། །ཇི་ལྟར་བཤད་པར་བྱ་བ་གསལ་བར་བསྟན་པ་ནི་མདོར་བསྡུས་པ་སྟེ་ཞེས་གསུངས་པ་ཡིན་ཏེ། ནམ་མཁའ་དང་མཉམ་པའི་རྒྱུད་ལས་ ནི་ཤིན་ཏུ་རྒྱས་པར་སྨོས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དོན་དེ་ཉིད་གསལ་བར་བསྟན་པ་ནི་རྒྱས་པ་མིན་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཡང་ན་མདོར་བསྡུས་པ་མ་ཡིན་གྱི་རྒྱས་པ་ཞེས་བྱ་བར་སྦྱར་རོ། །འདིར་དགོས་པ་ནི་འདི་ཡིན་ཏེ། ནམ་མཁའ་དང་མཉམ་པའི་རྒྱུད་ནི་གཞུང་ རྒྱས་པ་ཡིན་ལ། །འདིར་ནི་དོན་རྒྱས་པ་ཡིན་ནོ་ཞེས་བྱ་བ་སྟེ། ཁམས་གསུམ་པའི་བདག་ཉིད་དུ་འཁོར་ལོ་གསུམ་བཤད་པར་བྱ་བ་ཡིན་ནོ། །ད་ནི་ཚིག་བཞིས་གསང་བ་ཉིད་ཀྱི་ཁྱད་པར་བསྟན་པར་བྱ་སྟེ། དཔལ་གྱི་སྒྲ་ནི་མཆོད་པའི་ཚིག་གོ། །ཧེ་རུ་ཀ་ཞེས་བྱ་བ་ནི་རྒྱུད་འདིར་ བཅོམ་ལྡན་འདས་བདག་པོའི་མཚན་ཏེ། དཔལ་གཙོ་བོར་གྱུར་པའི་ཧེ་རུ་ཀ་ནི་དཔལ་ཧེ་རུ་ཀའོ། །དེའི་ཡང་དག་སྦྱོར་བ་ནི་བཅོམ་ལྡན་འདས་ཡུམ་རྡོ་རྗེ་ཕག་མོ་དང་ལྷན་ཅིག་རོ་གཅིག་པའི་ཚུལ་གྱིས་ཀུན་དུ་འཁྱུད་པའོ། །ཁམས་གསུམ་པའི་བདག་ཉིད་དུ་བཅོམ་ལྡན་འདས་ཧེ་རུ་ཀ་ཞེས་ བྱ་བ་ཡི་གེ་གསུམ་གྱིས་སྟོན་པ་ཉིད་ཡིན་ནོ། །ཆོས་ཐམས་ཅད་ནི་རྒྱུ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་གང་ན་ཡང་མི་གནས་པའོ་ཞེས་པ་ནི་མི་དམིགས་པའི་ཡི་གེ་གསུམ་གྱི་བདག་ཉིད་ཡིན་ནོ། །ཡང་ན་དཔལ་ཧེ་རུ་ཀ་ཞེས་བྱ་བ་ནི་ཁྱད་ པར་དུ་བྱ་བའི་ཚིག་ཡིན་ལ། གསང་བ་ཞེས་བྱ་བ་ནི་ཁྱད་པར་དུ་བྱེད་པའི་ཚིག་ཡིན་ཏེ། དེ་ཉིད་ཀྱིས་ནི་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་ཁྱད་པར་དུ་གསུངས་པ་ཡིན་ཏེ། ཐམས་ཅད་ཀྱི་འདོད་པ་ནི་འདོད་པ་ཀུན་ཏེ་དེ་ཉིད་ནི་དོན་དེ་དགོས་པའོ། །དེའི་ སྒྲུབ་པར་བྱེད་པ་ནི་བཅོམ་ལྡན་འདས་ཏེ་དེ་བས་ན་དེའོ། །ཡང་ན་འདོད་པ་ཡང་ཡིན་ལ་ཀུན་ཡང་ཡིན་པས་འདོད་པ་ཀུན་ནོ་ཞེས་བྱེ་བྲག་ཏུ་མཚམས་སྦྱར་བར་བྱའོ། །ཕྱི་མ་ལས་ཀྱང་ཕྱི་མ་སྟེ། ཞེས་བྱ་བ་ལ་བསྟན་པར་བྱ་བ་དང་སྟོན་པ་པོ་ཁྱད་པར་མེད་པ་ཡིན་པས་རྒྱུད་ཕྱི་མ་འདུས་པ་ལ་སོགས་ པ་ཡིན་གྱི། །དེ་ལས་ཀྱང་གོང་མར་གྱུར་པ་སྟེ། མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །ཞེས་བྱ་བ་ལ། མཁའ་འགྲོ་མ་ནི་འཁོར་ལོ་གསུམ་ལ་གནས་པ་རྣམས་སོ། །དེའི་དྲ་བ་ཞེས་བྱ་བ་ནི་ཚོགས་སོ། །དེའི་སྡོམ་པ་ནི་བསྒྲུབས་ཤིང་སྦས་པ་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་ནི་ མཁའ་ལ་འགྲོ་བ་སྟེ། ནམ་མཁར་འགྲོ་ཞིང་རྒྱུ་བ་ཞེས་བྱ་བའི་དོན་ཏོ། །ཡང་ན་མཁའ་འགྲོ་མ་རྣམས་ནི་ནམ་མཁའ་ལ་རྒྱུ་བའི་ངང་ཚུལ་ཅན་ཡིན་པའམ་ཕྱི་རོལ་དུ་འགྲོ་བ་ལས་བཟློག་པས་དྲ་བ་ལྟར་འདིར་སྡོམ་པ་ཡིན་པས་ན་མཁའ་འགྲོ་མའི་དྲ་བའི་སྡོམ་པ་ཞེས་བྱ་བ་ཡིན་ནོ། །དེ་ བས་ན་དེ་བརྗོད་བྱར་སྦྱར་རོ། །ད་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་བདག་པོ་ཉིད་ཀྱི་བདག་ཉིད་ཆེན་པོ་ཡིན་པར་བསྟན་ཅིང་དང་པོ་འདིའི་གནས་བསྟན་པ་ནི་གསང་བ་ཞེས་བྱ་བ་ཡིན་ཏེ། གསང་བའི་སྒྲ་ནི་འདིར་འཁོར་ལོ་གསུམ་ལ་གནས་པའི་མཁའ་འགྲོ་མ་ཐམས་ཅད་ཡིན་པར་ བསྟན་པ་སྟེ། གསང་ཞིང་བཟང་བའི་གསང་བ་དེར་རོ་གཅིག་ཅིང་ཚུལ་གཅིག་པ་ཉིད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པ་སྟེ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྡོ་རྗེ་ཕག་མོ་ལ་སོགས་པ་དང་ཡང་དག་པར་ལྡན་པའི་བཞུགས་གནས་སོ། །དེ་ཇི་ལྟ་བུ་ཞེ་ན། མཆོག་གི་ ཞེས་བྱ་བ་གསུངས་པ་ཡིན་ཏེ། མཆོག་ནི་དམ་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་གཞི་ཡིན་པས་ན་གཙོ་བོ་དང་། བླ་མ་དང་། བླ་ན་མེད་པ་ཡིན་ནོ། །གཞན་ཡང་ཇི་ལྟར་ཞེ་ན། དགྱེས་པ་ཞེས་བྱ་བ་གསུངས་ཏེ། བླ་ན་མེད་པའི་མཆོད་པའི་རོལ་ པའི་བྱ་བས་ཉམས་དགའ་བ་ཉིད་ཡིན་པའི་ཕྱིར་དགྱེས་པའོ། །ད་ནི་འཁོར་ཕུན་སུམ་ཚོགས་པ་ལ་དོན་གཞན་མ་ཡིན་པར་གསུངས་པ་ནི། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་ནི་གསུངས་པ་ཡིན་ཏེ། ཁམས་གསུམ་པ་ཐམས་ཅད་ཀྱི་བདག་ཉིད་ཅན་འཁོར་ ལོ་གསུམ་དུ་བཞུགས་པའི་བདག་ཉིད་ཀྱི་སྐུའམ་རང་གི་ངོ་བོའོ། །དེར་རྟག་ཏུ་ཞེས་བྱ་བ་གང་དུ་ནམ་ཡང་མ་བྲལ་བའི་ངོ་བོ་ཉིད་དུ་སྟོན་ཏོ། །བཞུགས་ཞེས་བྱ་བ་ནི་ཁམས་གསུམ་གཅིག་པ་ཉིད་ཀྱིས་མི་འཇིགས་པའི་རང་བཞིན་ཉིད་དུ་བསྟན་པ་ཡིན་ནོ། །ད་ནི་སྟོན་ པ་ཕུན་སུམ་ཚོགས་པ་ཉིད་བསྟན་པའི་ཕྱིར། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞེས་བྱ་བ་གསུངས་པ་ཡིན་ཏེ། མཁའ་འགྲོའི་སྒྲ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། མཁའ་འགྲོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་དངོས་པོ་ཡིན་པར་ཤེས་པར་བྱ་སྟེ། རང་བཞིན་ནམ་རྒྱུད་ ཀྱི་ངོ་བོ་ཉིད་དུ་གྱུར་པ་སྟེ། གཅིག་ཏུ་འདྲེས་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་སྤྱོད་པས་ན་སེམས་དཔའ་ཡིན་པའམ། མཆོག་ཏུ་བརྟན་པའི་ཡོན་ཏན་དང་ལྡན་པས་ན་སེམས་དཔའོ། །མི་ཕྱེད་པས་ན་རྡོ་རྗེ་སྟེ། རྡོ་རྗེ་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ ཅད་ཀྱི་དོན་མཛད་པས་ན་རྡོ་རྗེ་སེམས་དཔའ་ཞེས་བྱ་བའམ། ལྷ་ཆེན་པོ་དང་། ཁྱབ་འཇུག་དང་ཚངས་པ་ལ་སོགས་པས་མི་བསྐྱོད་པ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའོ། །ཡང་ན་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཡིན་པའི་ཕྱིར་རམ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐབས་ དང་ལྡན་པ་ཉིད་ཀྱིས་ཁྱད་པར་འཕགས་པའོ། །བླ་ན་མེད་པའི་མཆོད་པར་འོས་ཤིང་མཆོག་ཏུ་བདེ་བ་ནི་ཡིད་བདེ་བའི་ངོ་བོ་ཡིན་པས་ན་མཆོག་ཏུ་བདེ་བ་ནི་བཅོམ་ལྡན་འདས་ཉིད་དེ། བདེ་བའི་སྒྲར་བརྗོད་དོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངས་པ་ཅི་འདི་དག་ལྷ་དང་གཞན་ གྱི་ཁྱད་པར་ཡིན་ནམ་ཞེས་རྟོག་པར་བྱེད་པ་ལ། དེ་གསལ་བར་བྱ་བའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། རང་ཉིད་འཁྲུངས་པས་ན་རང་བྱུང་སྟེ་གཞན་ལས་བྱུང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་། སེམས་ཅན་ཀུན་གྱི་ སེམས་གང་ནི། བརྟན་པའི་ཕྱིར་ན་སེམས་དཔར་བཤད། །མཉམ་པར་གཞག་པས་ཏིང་འཛིན་ཏེ། །ངེས་པ་ལས་ནི་རྡོ་རྗེར་གྱུར། །སེམས་དཔར་བྱིན་བརླབས་སྦྱོར་བ་ཡིས། །སླར་ཡང་རྡོ་རྗེ་སེམས་དཔར་གྱུར། །ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་ཡང་གང་གིས་ཀྱང་མ་བྱས་པས་ན་ རང་བྱུང་ཞེས་བཤད་དོ། །སྐལ་བ་ཕུན་སུམ་ཚོགས་པས་ན་བཅོམ་ལྡན་ནོ། །ཡང་ན་བདུད་བཞི་ལ་སོགས་པ་བཅོམ་པས་ན་བཅོམ་ལྡན་ཞེས་བྱ་བའམ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་བཅོམ་པས་ན་བཅོམ་ལྡན་ནོ། །ཡང་ན་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ ལྡན་པས་ན་བཅོམ་ལྡན་ཏེ། དེ་ཡང་། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བྱ། །ཞེས་སྨོས་པ་ཡིན་ནོ། །དཔའ་བོ་ཞེས་བྱ་བ་ནི་དཔའ་བོ་འདི་ཞེས་སྦྱར་ཏེ། དཔའ་བོ་ཉིད་ལ་ སྦྱར་བ་གཞན་དང་ལྡན་པ་རྣམ་པར་བཅད་པའི་དོན་ཡིན་ཏེ། དཔེར་ན་སྲིད་སྒྲུབ་ཉིད་གཞུ་འཛིན་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཡང་ན་དཔའ་བོ་ཉི་ཤུ་རྩ་བཞིའི་བདག་ཉིད་ཅན་ཡིན་པས་ན་གཞན་མ་ཡིན་པ་ཉིད་དུ་གསུངས་ཏེ། དེ་ཉིད་ཀྱིས་ན། །མཁའ་འགྲོ་དྲ་བའི་ སྡོམ་པ་ཡིན། །ཞེས་བྱ་སྟེ། བཅོམ་ལྡན་འདས་སོ། །ད་ནི་འཁོར་ལོ་མཉམ་པའི་བཅོམ་ལྡན་འདས་དེའི་བསྐྱེད་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། སྒྲ་ཡི་ཚུལ་ལས་ངེས་འབྱུང་ཞིང་། །ཞེས་བྱ་བ་ནས། རྒྱུད་ལས་གསུངས་པ་མཉན་པར་གྱིས། །ཞེས་བྱ་བའི་བར་དུ་གསུངས་པ་ ཡིན་ཏེ། དེ་ཡང་བླ་མའི་མན་ངག་ལས་མདོར་བསྡུས་ནས་བསྟན་པར་བྱ་སྟེ། དེའི་རིམ་པ་ནི་འདི་ཡིན་ནོ། །དང་པོར་རེ་ཞིག་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་འདུག་ལ་བདུད་རྩི་ལྔའི་རི་ལུ་ཁར་བཅུག་སྟེ། སྔགས་པ་ལྷོ་ཕྱོགས་སུ་མངོན་པར་བལྟས་ཏེ། ཤིན་ཏུ་འཇིགས་སུ་ རུང་བའི་དུར་ཁྲོད་ཆེན་པོའི་ས་གཞི་སྤྲུལ་ལ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་དཔལ་ཧེ་རུ་ཀར་གྱུར་པར་བྱའོ་ཞེས་ལན་གསུམ་བརྗོད་ལ། སྐད་ཅིག་གིས་ཡི་གེ་ཧཱུྃ་ལས་བསྐྱེད་པ་འཆད་པར་འགྱུར་བའི་རང་གི་ལྷ་མོ་དང་ཡང་དག་པར་ལྡན་པའི་ཕྱག་ རྒྱ་ཆེན་པོའི་གཟུགས་སུ་སྤྲུལ་ཏེ། ཨཱ་ལི་དང་ཀཱ་ལི་ལན་གསུམ་བརྗོད་ལ་ཧེ་རུ་ཀ་ཞེས་བྱ་བའི་ཡི་གེ་གསུམ། སྤྱི་བོ་དང་། ལྐོག་མ་དང་། སྙིང་གར་རིམ་པ་བཞིན་བཀོད་དོ། །ཆོས་ཐམས་ཅད་ནི་རྒྱུ་དང་བྲལ་བའོ་ཞེས་བྱ་བ་དང་། ཆོས་ཐམས་ཅད་ནི་རྟོག་པ་དང་བྲལ་བའོ་ཞེས་བྱ་བ་དང་། ཆོས་ཐམས་ཅད་ནི་གང་ ན་ཡང་མི་གནས་སོ་ཞེས་བྱ་བར་རང་གི་བདག་ཉིད་དང་། དེ་བཞིན་དུ་ཕྱི་རོལ་གྱི་བརྟན་པ་དང་གཡོ་བའི་དངོས་པོ་རྣམས་མི་སྣང་བར་བྱའོ། །དེ་ནས་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་ནམ་མཁའི་ཕྱོགས་སུ་སྟེང་དང་འོག་གི་རིམ་པར་ཉེ་བར་དམིགས་ ལ། ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ། རྡོ་རྗེ་དེའི་ལྟེ་བར་ཧཱུྃ་གནས་པ་ལས་བྱུང་བའི་ཡི་གེའི་འོད་ཟེར་དེ་ལྟ་བུས་ཁོར་ཡུག་གི་མཐར་ཐུག་པའི་བར་གྱི་ནམ་མཁའི་ཁམས་ཐམས་ཅད་ཁྱབ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ལ་འཇུག་པའི་ལྕགས་ཀྱུའི་རྣམ་པ་ཅན་འོད་ཟེར་ རྣམས་ཀྱིས་སླར་ཡང་ཡི་གེ་གསུམ་པོ་དེར་ཞུགས་ལ། ཨོཾ་ཡང་ཨཱཿལ་ཞུགས། ཨཱཿཡང་རྡོ་རྗེ་ལ་ཞུགས་པའི་རིམ་གྱིས་རྡོ་རྗེ་རྩེ་མོ་ལ་སོགས་པ་ནས་རྡོ་རྗེའི་ལྟེ་བར་རོ། །རྡོ་རྗེའི་ལྟེ་བ་ཡང་ཡི་གེ་ཧཱུྃ་ལའོ། །ཨཱུ་ནི་ཧ་ལའོ། །ཧ་ནི་མགོ་ལའོ། །མགོ་བོ་ཡང་ཟླ་བ་ཕྱེད་པའི་རྣམ་པ་ ལའོ། །དེ་ཡང་ཐིག་ལེར་རོ། །ཐིག་ལེ་ཡང་སྒྲ་ལའོ། །སྒྲ་ཡང་སྒྲ་ཙམ་ལ་ཞུགས་ལ། སྒྲ་ཙམ་གྱིས་དམིགས་པ་ཡང་སྤངས་པར་བཞག་ལ། སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པར་བྱ་བའི་ཕྱིར། ཡ་ར་ཝ་ལ་ལས་རླུང་དང་། མེ་དང་། ཆུ་དང་། གསེར་གྱི་དཀྱིལ་འཁོར་ལ་ སོགས་པ་བསྐྱེད་ལ། དེའི་སྟེང་དུ་ཡི་གེ་ཀ་ལས་རུས་སྦལ་ལམ་ཐོད་པ། དེའི་སྟེང་དུ་ཨ་ལས་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་པྃ་ལས་པད་མ་འདབ་མ་བརྒྱད་པ། དེའི་སྟེང་དུ་སུཾ་ལས་རི་རབ་ཟུར་བཞི་པ། རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། དེའི་སྟེང་དུ་ཡང་པདྨའི་ལྟེ་བ་ ལ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་བསམས་ལ། ནམ་མཁའི་ཕྱོགས་སུ་གནས་པའི་སྒྲ་ཙམ་ལས་ཡི་གེ་ཧཱུྃ་རིམ་བཞིན་དུ་ཟླ་བའི་དཀྱིལ་འཁོར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་དང་ཡང་དག་པར་ལྡན་པ། ཕྱག་བཅུ་གཉིས་པ། དང་པོའི་ཕྱག་གཉིས་ན་རྡོ་རྗེ་དང་དྲིལ་བུ་དང་ལྡན་པས་ལྷ་མོ་ལ་ཡང་དག་པར་འཁྱུད་པ། ཕྱག་གཉིས་ཀྱིས་གླང་པོའི་པགས་པ་ཁྲག་འཛག་པའི་གོས་རྒྱབ་ཏུ་འཛིན་པར་མཛད་པ། གཡས་ཀྱི་གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་ན་ རྩེ་གསུམ་པ་དང་། དགྲ་སྟ་དང་། གྲི་གུག་དང་། ཌ་མ་རུ་བསྣམས་པ། གཡོན་གྱི་བཞིན་ཁ་ཊྭཱཾ་ག་དང་། ཐོད་པ་དང་། ཞགས་པ་དང་། ཚངས་པའི་མགོ་བོ་བསྣམས་པ། ཕྱག་རྒྱ་དྲུག་དང་ལྡན་པ། རལ་བའི་ཅོད་པན་གྱིས་བརྒྱན་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། གཡོན་ཕྱོགས་སུ་ཟླ་ བ་ཕྱེད་པའི་བྱེ་བྲག་དང་ལྡན་པ། ཐོད་པ་ལྔས་མཆོག་ཏུ་མཛེས་པ། རྡོ་རྗེའི་ཕྲེང་བ་ཅན། སྤྱན་གསུམ་པ། ཞལ་དང་པོ་དང་སྐུ་མདོག་ཐམས་ཅད་ཆར་སྤྲིན་གྱི་མདོག་ཅན། ཞལ་གཡོན་ལྗང་གུ། ཞལ་རྒྱབ་དམར་པོ། ཞལ་གཡས་པ་སེར་པོ། ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པ་མི་མགོའི་ཕྲེང་ བའི་མཆོད་ཕྱིར་ཐོགས་མངའ་བ། སྟག་གི་པགས་པ་འཕྲལ་དུ་བཤུས་པའི་ཤམ་ཐབས་བསྣམས་པ། གཡས་བརྐྱང་བས་འབྱུང་པོའི་བདག་པོ་མནན་པ། པད་མའི་ལྟེ་བ་ལ་བཞུགས་པའོ། །འདབ་མ་ལ་གནས་པའི་ལྷ་མོ་བཞིས་ཡོངས་སུ་བསྐོར་ཞིང་འཁོར་ལོ་གསུམ་གྱི་དབུས་ན་ བཞུགས་པ། རྡོ་རྗེ་ཕག་མོ་ནི་ཐལ་བ་མེད་པ། ཕྱག་རྒྱ་ལྔ་དང་ལྡན་པ་སྟེ། རུས་པའི་སྐ་རགས་ལ་སོགས་པས་བརྒྱན་པ་གཅེར་བུ་སྐྲ་གྲོལ་བའོ། །རྡོ་རྗེ་ཐོགས་པའི་ཕྱག་གཡས་པ་གྱེན་དུ་བརྐྱང་བས་མགུལ་ནས་འཁྱུད་པ། མིའི་ཁྲག་གིས་གང་བའི་རྒྱུ་མ་འཆང་བ། ཞལ་གཉིས་པ་ ཕྱག་གཡོན་པ་ན་ཀ་པཱ་ལ་བསྣམས་པ། གཡོན་བརྐྱང་བས་བཞུགས་པའོ། །ཁྱད་པར་གཞན་དག་ནི་རྒྱ་ཆེར་གཞན་དག་ལས་ཤེས་པར་བྱའོ། །ངེས་འབྱུང་བ་ཞེས་བྱ་བ་ནི། སྒྲའི་ཚུལ་ལས་བྱུང་བ་དང་གཞི་མཐུན་པས་ལྔ་པའི་ཚིག་གིས་བསྟན་པས་དབང་གཉིས་ཀྱིས་སྦྱོར་བ་ ལས་བྱུང་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ནམ་མཁའི་ཕྱོགས་ལ་གནས་པའི་སྒྲ་ལས་གང་གི་ཕྱིར་ངེས་འབྱུང་ཞིང་ཞེས་བྱ་བའི་ཚིག་མང་པོ་སྨོས་པ་ནི་སྒྲ་གཅིག་ལས་འཁོར་ལོ་གསུམ་དང་ལྡན་པའི་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་འབྱུང་བ་ཡིན་ནོ་ཞེས་ཤེས་པར་བྱ་བ་ཡིན་ པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །ཞེས་གསུངས་ཏེ། དམ་ཚིག་ནི་རྣམ་པ་གཉིས་ཏེ། བསྲུང་བར་བྱ་བ་དང་། བཟའ་བར་བྱ་བའོ། །དེ་དག་གི་སྤྱོད་པ་ནི་ཀུན་དུ་སྤྱོད་པར་འཇུག་པའོ། །དེ་ཉིད་ནི་སྤྱོད་ཡུལ་ཏེ། ཡུལ་དུ་གྱུར་པ་གང་ཡིན་པ་དེ་ལ་ དེ་སྐད་ཅེས་བྱའོ། །ཡང་ན་དམ་ཚིག་ནི་ལྷ་མོ་རྣམས་ཏེ་དེ་རྣམས་ཀྱི་སྤྱོད་པ་ཡིན་ལ། དེའི་ཡུལ་ནི་སྤྱོད་ཡུལ་ཏེ་དཔའ་བོ་རྣམས་སོ། །གང་གི་ཕྱིར་དེ་ཉིད་ཀྱིས་ན། སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །རྒྱུད་ལས་གསུངས་པ་མཉན་པར་གྱིས། །ཞེས་བྱ་བར་སྦྱར་རོ། །འཇིག་རྟེན་ གསུམ་དུ་རྙེད་དཀའ་བ། །ཞེས་བྱ་བ་ནི་དོན་ཇི་བཞིན་ཉིད་དེ། མཐོ་རིས་དང་། མི་ཡུལ་དང་། ས་འོག་རྣམས་སུ་ཞེས་བྱ་བའི་བར་དུའོ། །ཡང་ན་འཇིག་རྟེན་གསུམ་པོ་དག་ན་དཔའ་བོ་ལ་སོགས་པའི་འཇིག་རྟེན་གང་ཡིན་པ་དེ་རྣམས་ཀྱི་ཡེ་ཤེས་ཞེས་བྱ་བར་སྦྱར་རོ། །ཐོག་མ་དབུས་ མཐར་ཡང་དག་གནས། །ཞེས་བྱ་བ་ནི། ཐུགས་དང་། གསུང་དང་། སྐུ་ལ་རྣམ་པར་གནས་པའམ། །ཡང་ན་ལྷ་ཐམས་ཅད་རོ་གཅིག་པ་ཉིད་ཀྱིས་ཆོ་གའི་ཡེ་ཤེས་གསུངས་པ་ཡིན་ནོ། །ཤེས་རབ་ཐབས་ཀྱི་ཀུན་སྦྱོར་བ། །ཞེས་བྱ་བ་ལ། ཤེས་རབ་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་མཁའ་ འགྲོ་མ་ཐམས་ཅད་དོ། །ཐབས་ནི་བཅོམ་ལྡན་འདས་ལ་སོགས་པའི་དཔའ་བོ་ཐམས་ཅད་དེ། དེ་དང་ལྷན་ཅིག་ཏུ་ཀུན་དུ་སྦྱོར་བའི་ཆོ་གའི་ཡེ་ཤེས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཇི་བཞིན་ཞེས་བྱ་བ་ལ་ཇི་ལྟར་སྔགས་བཟླས་པ་དང་། བསམ་གཏན་ལ་སོགས་པ་དང་ལྡན་པ་ དེ་བཞིན་དུའོ། །སྦྱོར་ཉིད་ཅེས་བྱ་བ་ནི་དེ་ལྟ་བུའི་ཆོ་གའི་ཡེ་ཤེས་འབའ་ཞིག་ཏུ་མ་ཟད་ཀྱི་རྣལ་འབྱོར་པ་ཡང་སྟོན་ཏེ། ཇི་ལྟར་ནམ་མཁའ་དང་མཉམ་པའི་རྒྱུད་ལས་གསུངས་པ་དེ་ཐམས་ཅད་རྒྱུད་འདིར་མཉན་པར་གྱིས་ཞེས་སྦྱར་རོ། །དེ་ཉིད་ཀྱིས་ན་རྙེད་པར་དཀའ། །ཞེས་ གསུངས་པ་ཡིན་ནོ། །སོགས་པའི་སྒྲས་ནི་དཀྱིལ་འཁོར་དང་། སྦྱིན་སྲེག་དང་། ཕྱི་རོལ་གྱི་སྨན་ལ་སོགས་པའི་ཡོ་བྱད་རྣམས་བསྡུའོ། །སྦྱོར་བའི་སྒྲས་ནི་དབང་དུ་བྱ་བ་ལ་སོགས་པའི་དབང་དུ་བྱས་ནས་སོ་སོའི་སྦྱོར་བ་གསུངས་པ་དེ་ཡིན་པར་བཤད་དོ། །མཉན་པར་གྱིས་ ཞེས་བྱ་བ་ནི་ལ་ལ་དག་བཅོམ་ལྡན་འདས་ཉིད་ཀྱིས་ཡུམ་རྗེ་བཙུན་མ་ལ་གསུངས་པ་ཡིན་ནོ་ཞེས་འདོད་དོ། །གཞན་དག་ནི་གཉིས་ཀ་གསུང་གཅིག་ཏུ་འདི་ལྟར་གཅིག་པ་ཉིད་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་བཅོམ་ལྡན་འདས་མ་ཡུམ་ནི་བཅོམ་ལྡན་འདས་ལ་སྟོན་ པར་མཛད་པ་ཡིན་ཏེ། དེ་ཉིད་ཀྱིས་ན་མཆོད་པ་བཞི་པོས་བཅོམ་ལྡན་དཔའ་བོ་ཆེན་པོ་ཞེས་བོས་པ་ཡིན་ནོ། །ད་ནི་སྲུབ་པ་དང་སྲུབས་པའི་རིམ་པའི་མཐར་ཐུག་པ་འབྱིན་པའི་གནས་སྐབས་སུ་བླ་ན་མེད་པའི་མཆོད་པའི་ཆོ་ག་བསྟན་པའི་ཕྱིར། དབུགས་འབྱིན་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། བར་མ་ཞེས་བྱ་བ་ནི་པདྨ་ལ་བྱ་ལ། དབུགས་འབྱིན་པའི་མཆོག་ནི་རོ་འཛིན་འཇོག་པའོ། །དེ་ཇི་ལྟ་བུ་ཞེ་ན། དྲི་ཆུ་དང་བཅས་པས་ཀྱང་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་དང་བཅས་པས་སམ་ཞེས་བྱ་བའི་དོན་ཏོ། །དུས་སུ་ཞེས་བྱ་བ་ནི་འབྱུང་བའི་གནས་སྐབས་ཀྱི་དུས་སོ།། ཁྱད་པར་དུ་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་འདུས་པའི་ཁྱད་པར་འདི་ཞེས་བྱ་བའི་བར་དུའོ། །རིགས་ལྡན་ཞེས་བྱ་བ་ནི་རྒྱུད་ཀྱི་དམ་ཚིག་གི་སྐད་དེ། རྡོ་རྗེ་ཕག་མོའི་རང་བཞིན་ཅན་གྱི་ཕྱིའི་ལྷ་མོ་ལ་མཆོད་པ་བྱ་སྟེ། ཇི་ལྟར་ཡང་དག་པར་མགུ་བ་སྐྱེ་བར་འགྱུར་བ་དེ་ལྟར་བྱའོ་ཞེས་བྱ་བའི་དོན་ཏོ། ། ཡང་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏོ། །ཕོ་ཉར་ལྷན་ཅིག་སྐྱེས་དངོས་གྲུབ། །མཆོག་དང་འབྲིང་དང་ཐ་མ་སྟེ། །དེ་བས་ཡིད་ནང་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །ཞེས་བྱ་བ་ཡིན་ནོ། །དེའི་དགོངས་པ་ནི་འདི་ཡིན་ཏེ། ཕྱིའི་ལྷ་མོ་འཁོར་ལོ་གསུམ་མངོན་སུམ་དུ་ གནས་པ་ལ་ཐམས་ཅད་ཀྱིས་ཀུན་དུ་དགའ་བའི་ཡིད་དུ་བྱས་པ་ཡིན་ནོ། །རང་རྫས་ཐིག་ལེ་ཞེས་བྱ་བ་ནས། བསམ་གཏན་གྱིས་ཀྱང་འགྲུབ་པར་འགྱུར། །ཞེས་བྱ་བའི་བར་དུ་དོན་སྒྲ་ཇི་བཞིན་པ་ཉིད་ཡིན་པས་གོ་སླ་བ་ཁོ་ན་ཡིན་ནོ། །ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །ཞེས་བྱ་བ་ནི་ རྣམ་པ་ཐམས་ཅད་དུ་སྒྲུབ་པ་པོས་རྣལ་འབྱོར་ལ་ཡིད་གོམས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ནི་ལྷ་མོ་སྟེ། རྟག་ཏུ་བསྐྱང་བར་བྱ་བ་ནི་འཚེ་བ་མེད་པས་ན་དུས་ཐམས་ཅད་དུ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་ འགྱུར། །ཞེས་བྱ་བ་ལ། །དམ་ཚིག་གི་སྒྲ་ནི་བསྲུང་བར་བྱ་བ་དང་། བཟའ་བར་བྱ་བ་སྟེ་ཉམས་པས་སོ། །དམ་ཚིག་གི་ལྷ་མོ་རྣམས་དང་། དེའི་རྗེས་སུ་འགྲོ་བའི་རྣལ་འབྱོར་མ་རྣམས་ཏེ་ཉམས་པས་སོ། །དབང་བསྐུར་བ་ནི་ཉེ་བར་མཚོན་པ་ཙམ་མོ། །ལྷག་མ་རྣམས་ནི་གོ་སླའོ། ། ད་ནི་སྦྲང་རྩི་ཞེས་བྱ་བ་ལ་སོགས་པས་བདུད་རྩི་ལྔ་གསུངས་པ་ཡིན་ཏེ། སྦྲང་རྩི་ནི་ས་བོན་ནོ། །མཚལ་ནི་ཁྲག་གོ། །ག་པུར་བཅས་ནི་ཤ་ཆེན་དང་བཅས་པའོ། །ཡང་དམར་ཞེས་སྨོས་པ་ནི་གཅི་བའོ། །ཙནྡ་ན་ནི་བཤང་བ་སྟེ། ཡང་ཙནྡན་དམར་པོ་ཞེས་ཟླས་དབྱེ་བའོ། །དེ་དག་ དང་སྦྱར་བ་ཞེས་མཚམས་སྦྱར་བའོ། །ཚོགས་ཀྱི་ནང་དུ་ཞེས་བྱ་བ་ནི་འཁོར་ལོ་གསུམ་གྱི་དབུས་སུའོ། །ཡང་ན་སྦྱོར་བ་གཅིག་འཛིན་པའི་དབུས་སུའོ། །བཞུགས་པ་ནི་ཉམས་སུ་ལེན་པ་ཞེས་བྱ་བའི་དོན་ཏོ། །ནི་ཞེས་བྱ་བ་ནི་སྦྱོར་བ་གཞན་རྣམ་པར་བཅད་པའོ། །ཐམས་ཅད་ཀྱང་ ཡིན་ལ་རྡོ་རྗེ་ཡང་ཡིན་པས་ཐམས་ཅད་རྡོ་རྗེ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་རྣམས་ཀྱི་མཚན་མ་ནི་མཚན་མར་གྱུར་པའི་དམ་ཚིག་གོ། །མཚན་མའི་སྒྲ་ནི་པདྨའི་སྣོད་དེ་དུང་ཆེན་པོ་ཞེས་བྱ་བའི་བར་རོ། །དེ་འཛིན་པས་ན། ཐམས་ཅད་རྡོ་རྗེའི་མཚན་མ་འཛིན། ། ཞེས་བྱའོ། །འདི་དག་ནི་བདུད་རྩི་ལྔའི་ཁྱད་པར་རོ། །སྦོམ་པོ་མཐའ་ལྟག་རྩེ་སྦྱར་བས། །ཞེས་བྱ་བ་ནི་མཐེ་བོ་དང་སྲིན་ལག་དག་གིས་མྱང་བར་བྱ་བའོ་ཞེས་སྦྱར་རོ། །རྣལ་འབྱོར་རིག་པ་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་དང་ལྡན་པའི་སྔགས་པས་ཞེས་བྱ་བའི་དོན་ཏོ། །ཞི་བའི་ བཏུང་བ་ཞེས་བྱ་བ་ནི་ཞི་བའི་བཏུང་བ་ལས་འདི་དམན་པ་མ་ཡིན་ཏེ། དེ་ལྟ་མོད་ཀྱི་ཇི་ལྟར་བྲམ་ཟེ་དག་མཆོད་སྦྱིན་གྱི་དུས་སུ་ཤིན་ཏུ་དག་བྱེད་དུ་བཏུང་བ་དེ་ལ་ལེན་པར་བྱེད་དེ། རྣལ་འབྱོར་རིག་པ་ཞེས་བྱ་བར་དགོངས་ཏེ། དེ་ལྟ་བུའི་སྔགས་པས་དངོས་གྲུབ་ཐོབ་པར་འགྱུར་ རོ། །རྟག་པ་ཞེས་བྱ་བ་ནི་གོ་སླ་བ་ཉིད་དོ། །མཆོད་པ་བཞི་ཞེས་བྱ་བ་ནི། ཕྱི་དང་། གསང་བ་དང་། ཡིད་དང་། ནང་གི་བདག་ཉིད་ཅན་གྱི་མཆོད་པའོ། །ཡང་ན་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་སྟེ། བཞི་པོ་དེ་དག་གིས་མཆོད་པ་ནི་མཆོད་ པ་བཞིའོ། །དེ་བཞིན་དུ། དབང་གཉིས་སྙོམས་པར་འཇུག་པ་ཡི། །ཞེས་བྱ་བ་ནི་མཉམ་པ་ཉིད་དུ་གྱུར་བའོ། །དཔའ་བོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་བོད་པའོ། །དེ་ཉིད་འཛིན་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པའོ། །ཡང་ན་དེ་ཁོ་ན་ཉིད་ནི་གཞན་མ་ཡིན་པ་ཉིད་དོ། །དེ་ནས་ འཁོར་ལོ་གསུམ་འཛིན་པ་ཐམས་ཅད་ཀྱིས་ལྷན་ཅིག་ཏུ་རོ་གཅིག་པར་འཛིན་པས་ལྷ་དང་མིའི་བདེ་བ་གཅིག་ཏུ་བསྡུ་བ་བྱས་པས་སོ། །རྡོ་རྗེ་ནི་བཅོམ་ལྡན་འདས་ཏེ་དེ་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་ཏེ་རྣལ་འབྱོར་སྤྱོད་པའོ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་བྱ་བ་ དེ་ལྟ་བུའི་རྣལ་འབྱོར་པ་རྣམས་ཀྱི་བདེ་བའི་ཆ་གཅིག་ཀྱང་རྣལ་འབྱོར་གཞན་འཛིན་པ་དག་གིས་ཆར་ཡང་མི་ཕོད་ཅིང་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལེའུ་དང་པོའོ།། །།ད་ནི་དཀྱིལ་འཁོར་བྲི་བའི་གནས་བསྟན་པའི་ཕྱིར། དེ་ལ་ལྕི་བ་མ་ལྷུང་བས། །ཞེས་བྱ་བ་ ལ་སོགས་པ་གསུངས་པ་ཡིན་ཏེ། དུར་ཁྲོད་དུ་ནི་ཀུན་སྤྱོད་ཅིང་། །ཞེས་བྱ་བ་ནི་གང་དུ་དཀྱིལ་འཁོར་འདྲི་བ་དེར་དུར་ཁྲོད་ཆེན་པོ་ལྟ་བུར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རོ་བསྲེགས་སོལ་བ་ཞེས་བྱ་བ་ལ་སོགས་པས་ནི་ཚོན་གྱི་བྱ་བ་གསུངས་པ་ཡིན་ནོ། །མཚན་ཉིད་ཐམས་ ཅད་ལྡན་ཞེས་བྱ་བ་ནི་སློབ་དཔོན་གྱི་མཚན་ཉིད་དང་ལྡན་ཞེས་བྱ་བའི་དོན་ཏོ། །ཡང་དག་ཤེས་ཤིང་ཞེས་བྱ་བ་ནི་སོ་སོར་སྣང་བ་སྐྱེས་པར་གྱུར་པའོ། །རྒྱུད་ཅེས་བྱ་བ་ནི་རྒྱུད་ཀྱི་དོན་མཐའ་དག་ལ་མཁས་པའོ། །ཡང་ན་རྡོ་རྗེ་དང་པདྨ་འདུས་པར་ལྡན་པའི་གསང་བའི་དབང་བསྐུར་ བའི་དུས་དང་ལྡན་པའོ། །དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས། །ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་བྱས་པ་དང་། ཐེ་ཚོམ་མེད་པ་ཁྲོ་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་སློབ་དཔོན་གྱི་མཚན་ཉིད་བཤད་པ་དང་ལྡན་པའོ། །ཐོད་པའི་ཞེས་བྱ་བ་ལ་སོགས་པས་ནི་ཡན་ལག་ཏུ་བྱ་བའི་ རྟགས་ནི་སྤྱིའི་ཁྱད་པར་དུ་འགྱུར་རོ་ཞེས་བྱ་བའི་ཚུལ་གྱིས་ནི་ཕྱག་རྒྱ་དྲུག་དང་ལྡན་པའི་ཕྱག་རྒྱ་ཆེན་པོར་སྟོན་ཏོ། །དུམ་གཅིག་སྤྱི་བོར་བརྒྱན་པ་དང་། །ཞེས་བྱ་བ་འདིས་ནི་ཐོད་པའི་ཕྲེང་བ་ཡོད་པར་སྟོན་ཏོ། །འདི་ཉིད་ཀྱིས་ནི་དུམ་བུ་གཅིག་པའི་ཐོད་པ་མཆོག་ཉིད་དུ་བཤད་དོ། །རྒྱུད་ཐམས་ ཅད་དུ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ལ་སོགས་པ་འཁྲུག་པའི་ཚུལ་གྱིས་སྟོན་ལ། །དེ་ནི་བླ་མའི་མན་ངག་གིས་གོ་རིམས་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་སྤྱད་པར་བྱའོ། །དེ་ཉིད་ཀྱིས་ན་བློ་དང་ལྡན་པ་བདག་ཉིད་དཔལ་ཧེ་རུ་ཀར་བྱས་ནས་གསུངས་པ་ཡིན་ལ་དེའི་འོག་ཏུ་ནི། དཔལ་ ལྡན་ཧེ་རུ་ཀ་དྲན་བྱ། །ཞེས་བྱ་བ་ནི་དཀྱིལ་འཁོར་རྣམ་པར་དགོད་པ་ཀུན་དུ་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན། འཁོར་ལོ་འདི་ནི་སྙིང་གར་དགོད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་བདག་ཉིད་གོ་བགོས་ནས། །ཞེས་བྱ་བ་ནི་རང་གི་ལུས་ལ་འདི་ལྟར་གོ་བགོའོ། ། ར་བ་རྣམས་ནི་ཕྱོགས་སུ་དགོད། །ཅེས་བྱ་བ་ནི། ཨཱ་ལི་ཀཱ་ལིའི་དམ་ཚིག་བརྗོད་པའི་རྗེས་ཐོགས་ལ། ཞེ་སྡང་གི་ར་བ་དང་། འདོད་ཆགས་ཀྱི་ར་བ་དང་། གཏི་མུག་གི་ར་བ་རྣམས་དགོད་པར་བྱའོ། །ཕྱིས་ཁང་པ་བརྩེགས་པ་ལ་སོགས་པ་རྫོགས་པའི་དུས་ནི་རྡོ་རྗེའི་ར་བ་དང་། པདྨའི་ར་བ་དང་། འཁོར་ལོའི་ ར་བ་དགོད་པར་བྱའོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་གོ་བགོས་པར་གྱུར་ནས། འོག་ཏུ་འང་མཚོན་ཆ་དགོད་པར་བྱ། །ཞེས་བྱ་བ་ལ། ས་འོག་གི་མཐར་ཐུག་གི་བར་དུ་ས་གཞི་རྡོ་རྗེའི་རང་བཞིན་དུ་བརྟན་པར་བྱའོ། །འཁོར་ལོའི་བདག་ཉིད་མཚོན་ཆ་མཉམ། །ཞེས་བྱ་བ་ནི་འཁོར་ལོར་གནས་པ་དང་། དེ་ བཞིན་དུ་བདག་ཉིད་མཚོན་ཆའི་དྲ་བས་གོ་བགོ་བར་བྱའོ། །སྟེང་དུ་མདའི་དྲ་བ་ཞེས་བྱ་བ་ལ། མདའི་དྲ་བ་ནི་རྡོ་རྗེའི་སྟེང་དུ་སྟེ། དེ་ལྟ་བུའི་མདའི་དྲ་བ་སྟེང་དུ་དགོད་པར་བྱའོ། །ཡང་བདག་ཉིད་ཅེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་ཞུགས་པའི་འོག་ཏུ་གཞལ་ཡས་ཁང་ནང་དུ་བཞག་ལ་ དྲ་བ་ལ་སོགས་པ་ཉེ་བར་བསྟན་པར་བྱའོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་བྲི་བ་ལ་སྔགས་པ་འཇིགས་པ་མེད་པ་ཉིད་དུ་སྟོན་ཏོ། །སྔགས་དང་ཕྱག་རྒྱས་རྣམ་བརྒྱན་ནས། །ཞེས་བྱ་བ་ནི། ལེགས་པར་བསླབས་ཤིང་མཁས་ པའི་ཕྱིའི་ལྷ་མོ་དང་ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སྤྱད་པར་བྱའོ་ཞེས་བྱ་བར་དགོངས་སོ། །མཁའ་འགྲོ་མ་ཡི་དྲ་བ་མཆོག །ཅེས་ བྱ་བ་ནི་འཁོར་ལོ་གསུམ་ལ་གནས་པ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །མཆོད་ཅེས་བྱ་བ་ནི་མཆོད་པ་བྱ་བའམ་སྦྱིན་པར་བྱ་བའོ། །དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ་བ་ཉིད་ཡིན་ནོ། །མདངས་དང་ལྡན་ཞིང་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་རྒྱ་ཆེན་པོའི་ མཚན་ཉིད་རྒྱས་པར་བསྟན་ཏེ། མདངས་དང་ལྡན་ཞེས་བྱ་བ་ནི་གཟི་བརྗིད་དང་བཅས་ཤིང་ཤིན་ཏུ་འབར་བ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་དོན་ཇི་ལྟ་བ་ཉིད་དོ། །སྨིན་མ་བཟང་པོ་རྡོ་རྗེ་དབྱེས། །ཞེས་བྱ་བ་ལ། སྨིན་མ་བཟང་ཞིང་མཉམ་པ་ནི་སྨིན་མ་བཟང་པོ་སྟེ། རྡོ་རྗེ་ལྟར་ དབྱེས་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བར་སྦྱར་རོ། །ཡང་ན་དཔྲལ་བའི་རྡོ་རྗེ་ཕྲེང་བའི་མཐར་ཐུག་པའི་བར་དུ་སྨིན་མ་དབྱེས་ཤིང་གྱེས་པ་མངའ་བ་ཞེས་བྱ་བའི་དོན་ཏོ། །བརྒྱ་ཕྱེད་ཕྲེང་བས་རྣམ་པར་བརྒྱན། །ཞེས་པ་ནི་མིའི་ཐོད་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་ བས་བརྒྱན་པ་ཞེས་བྱ་བའི་དོན་ཏོ། །དེའི་མདུན་གནས་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་ཕག་མོ་གསལ་བར་བསྟན་པ་ཡིན་ནོ། །རབ་འཇིགས་འཇིགས་བྱེད་ཆེ་ལ་ཕྱོགས། །ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོ་ལ་མངོན་པར་ཕྱོགས་པར་བྱའོ་ཞེས་ལ་ལ་དག་འདོད་མོད་ཀྱི། དེ་ནི་མི་ རིགས་པ་ཉིད་ཡིན་ཏེ། དེའི་སྐབས་མ་ཡིན་པའི་ཕྱིར་དང་རྡོ་རྗེ་ཕག་མོའི་ཕྱག་རྒྱ་ཆེན་པོའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་བས་ན་དོན་ནི་འདི་ཡིན་ཏེ། འཇིགས་བྱེད་ཆེན་པོ་ནི་བཅོམ་ལྡན་འདས་ཏེ། དེ་ལ་མངོན་པར་ཕྱོགས་པའི་སྐུ་དང་། གསུང་དང་། ཐུགས་ཀུན་ དུ་འཁྱུད་པར་མཛད་པའོ། །ལྷག་མ་རྣམས་ནི་གོ་སླའོ། །ཕྱོགས་དང་ཕྱོགས་ཀྱི་མཚམས་རྣམས་ནི། །ཞེས་བྱ་བ་ནི་ཁྭ་གདོང་མ་ལ་སོགས་པ་ཡང་མཆོད་པར་བྱའོ་ཞེས་བྱ་བའི་བར་དུའོ། །དེ་ནས་བུམ་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་བུམ་པ་གཟུང་བའི་མཚན་ཉིད་ཕྱོགས་གཅིག་ ཉེ་བར་མཚོན་པ་ཙམ་ཞིག་སྟོན་པ་ཡིན་ཏེ། རྩ་བ་ནག་པོ་མེད་ཅིང་ལྟོ་བ་ཆེ་བ་མཆུ་འཕྱང་བ། སྐེ་རིང་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །མུ་ཏིག་ཅེས་བྱ་བ་ལ་སོགས་པ་ནི་རིན་པོ་ཆེ་སྣ་ལྔ་སྟོན་པ་ཡིན་ནོ། །ཟངས་མ་སྟེ་ཞེས་བྱ་བ་ནི་བུམ་པའི་ཁྱད་པར་རོ། །ལྷག་མ་ ནི་གོ་སླའོ། །བུམ་པ་མ་རྙེད་ན་ནི་དགུར་བྱ་ལ། རྙེད་ན་ནི་བུམ་པ་སུམ་ཅུ་རྩ་བདུན་བྱ་སྟེ། ལཱ་མ་ལ་སོགས་པའི་བུམ་པ་བཞི་དང་། ཁྭ་གདོང་མ་ལ་སོགས་པའི་བུམ་པ་བརྒྱད་དང་། ལས་ཐམས་ཅད་པ་དང་། རྣམ་པར་རྒྱལ་བའི་བུམ་པ་སྟེ་ལྷ་ཐམས་ཅད་ལ་རེ་རེ་བྱས་པས་སུམ་ ཅུ་རྩ་དགུར་འགྱུར་རོ། །གསེར་དང་ཞེས་བྱ་བ་ལ་སོགས་པས་ཅི་རྙེད་པའི་རིན་པོ་ཆེ་ལ་སོགས་པས་དཀྱིལ་འཁོར་ཅི་མཛེས་སུ་བྱའོ་ཞེས་བྱ་བའི་དོན་ཏོ། །གྲོང་མཆོག་ཡིད་འོང་མཆོད་ན་ནི། །འགྲུབ་པ་ཉིད་དུ་ཐེ་ཚོམ་མེད། །ཅེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་གོ་སླའོ། ། བདག་ཉིད་ཀུན་ནས་སྒོའི་ཞལ་ལ་ནི་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཁྱད་པར་ཏེ། དཔལ་ཧེ་རུ་ཀའི་རང་གི་བདག་ཉིད་དུ་བྱ་བ་ནི་བཅོམ་ལྡན་འདས་ནི་ཞལ་བཞི་པ་ཡིན་པའི་ཕྱིར་རོ། །དྲི་ཆུ་ཡིས་ནི་ལེགས་པར་གདབ། །ཅེས་བྱ་བ་ནི་སྔགས་ཀྱིས་དག་ཅིང་དྲི་དང་བཅས་པའི་རྡོ་རྗེའི་ཆུས་བདག་ཉིད་ ལ་ལེགས་པར་གཏོར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །མར་མེ་བརྒྱ་ནི་དབུལ་བར་བྱ། །ཞེས་བྱ་བ་ནི་སྒྲ་ཇི་བཞིན་པ་ཉིད་དམ། ཡང་ན་རྣམ་པ་སྣ་ཚོགས་པའི་དཔའ་བོའི་ཁྱད་པར་ལ་བྱ་སྟེ། གཞན་དག་ལས་མར་མེ་ལྔ་ཞེས་བྱ་བ་དཔའ་བོ་ལྔ་ལ་བྱ་བའི་ཕྱིར་རོ། །ནམ་མཁའི་མཁའ་འགྲོ་མ་ རྣམས་ནི། །ཡིད་ཀྱིས་ཐམས་ཅད་སྟེང་དུ་དགོད། །ཅེས་བྱ་བ་ནི་ཐུགས་ཀྱི་འཁོར་ལོ་ལ་གནས་པ་ཞེས་བྱ་བའི་དོན་ཏེ། སེམས་ནི་ནམ་མཁའ་ལ་འགྲོ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ས་སྟེང་མཁའ་འགྲོ་མ་གང་ཡིན། །དཀྱིལ་འཁོར་ཀུན་དུ་དགོད་པར་བྱ། །ཞེས་བྱ་བ་ནི་ས་སྟེང་ནི་སའི་དཀྱིལ་ འཁོར་ཏེ། དེ་ལ་སྤྱོད་པ་རྣམས་དཀྱིལ་འཁོར་ཀུན་དུ་ཞེས་བྱ་བ་རྣམ་པ་ཐམས་ཅད་དུ་གསུང་གི་འཁོར་ལོ་གང་ཡིན་པ་དགོད་པར་བྱའོ། །གསུང་གི་འཁོར་ལོ་ནི་བར་ན་གནས་པའི་ཕྱིར་རོ། །ཡང་སའི་འོག་ན་གནས་པ་རྣམས་ནི་དོན་གྱི་དབང་གིས་སྐུའི་དཀྱིལ་འཁོར་ལ་དགོད་པར་བྱའོ་ཞེས་ ཤེས་པར་བྱའོ། །མ་མོ་ཐམས་ཅད་ཕྱོགས་དང་ནི། །ཞེས་བྱ་བ་ནི་སྒོ་བཞི་པོ་དག་ཏུ། ཁྭ་གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མ་སྟེ། བཞི་པོ་ཕྱོགས་སུ་རིམ་པ་བཞིན་དགོད་པ་དང་། མཚམས་རྣམས་སུ་གཤིན་རྗེ་སྲེག་མ་དང་། གཤིན་རྗེ་ཕོ་ཉ་མོ་དང་ གཤིན་རྗེ་མཆེ་བ་མ་དང་། གཤིན་རྗེ་འཇོམས་མ་སྟེ། བཞི་པོ་རིམ་པ་བཞིན་དུ་དགོད་དོ། །གལ་ཏེ་དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་ནི་མཆོད་པ་རྣམ་པ་ལྔ་སྟོན་ཏེ། མར་མེ་བརྒྱ་ཡང་དབུལ་བྱ་ཞིང་། །ཞེས་བྱ་བ་ནི་སྔ་མ་ཉིད་དུ་མ་བཤད་ལ། དྲི་དང་མེ་ཏོག་ཅེས་བྱ་བ་ནི་མཆོད་ པ་རྣམ་པ་ལྔ་ཁ་བསྐང་བའི་དོན་དུ་གསུངས་པ་ཡིན་ནོ། །དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ་བ་ཉིད་ཡིན་པའི་ཕྱིར་རྣམ་པར་མ་ཕྱིའོ། །རབ་མཉམ་གཞག་སྟེ་ཞེས་བྱ་བ་ནི་མཆོད་པའི་ཆོ་ག་ཐམས་ཅད་ལ་རྣམ་པར་དག་པར་ཤེས་པའི་བར་དུའོ། །ལེའུ་གཉིས་པའོ།། །། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སློབ་དཔོན་ཞེས་བྱ་བ་ནི་དཀྱིལ་འཁོར་དང་ཉེ་བ་གང་དག་ཡིན་པ་དེ་ཐམས་ཅད་སློབ་དཔོན་ཞེས་བྱ་བའི་དོན་ཏོ། །ཅི་ནུས་པས་ནི་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་ལ་མཆོད་པ་སྟོན་ཏོ། །དྲིལ་བུ་ལ་སོགས་པས་ཞེས་བྱ་བས་ནི་གཙོ་བོ་ལས་གཞན་པའི་ སློབ་དཔོན་རྣམས་ཀྱིས་བྱ་བའི་ལས་གསུངས་པ་ཡིན་ནོ། །རྔ་བརྡུང་ཞེས་བྱ་བ་ལ་སོགས་པས་ནི་མཆོད་པའི་ཆོ་ག་ཉི་ཤུ་གསུངས་པ་ཡིན་ནོ། །དེ་ཡི་རིགས་ནི་བསྟན་པར་བྱ། །ཞེས་བྱ་བའི་བར་དུ་གོ་སླའོ། །དེའི་རྗེས་ཐོགས་ལ་རྒྱུད་གཞན་ལས་རབ་ཏུ་གྲགས་པའི་ཆོ་གས་ དབང་བསྐུར་བ་ཐམས་ཅད་རྫོགས་པར་བྱས་ནས། ད་ནི་གསང་བའི་དབང་བསྐུར་བའི་ཆོ་ག་གཙོ་བོ་ཉིད་ཡིན་པའི་ཕྱིར་མཆོད་པ་བྱ་དགོས་པས་དེ་ནས་སློབ་དཔོན་ཞེས་བྱ་བ་ལ་སོགས་པས་གསང་བའི་དབང་བསྐུར་བ་སྟོན་པ་ཡིན་ནོ། །རབ་མཉམ་གཞག་ཅེས་བྱ་བ་ནི་བདག་ཉིད་ དཔལ་ཧེ་རུ་ཀའི་རྣལ་འབྱོར་བསྟན་པར་བྱ་བ་དང་། དེ་ཡང་རྡོ་རྗེ་ཕག་མོའི་སྦྱོར་བར་བསྐྱེད་ལ་གོ་ཆ་ཆེན་པོ་ལ་སོགས་པའི་གོ་བགོ་བ་དང་། སློབ་མ་ཡང་དེ་བཞིན་དུ་བྱས་ལ། ཉི་མ་གཉིས་པ་ལ་སླར་ཡང་དཀྱིལ་འཁོར་ལེགས་པར་མཆོད་དེ། བྱིན་གྱིས་བརླབ་པ་ལ་སོགས་པ་