Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 17
Văn bản gốc(Tây Tạng)
Trang 5 / 29 (50.000 ký tự/trang)
།རང་གི་ཁ་ནས་ནང་དུ་ཞུགས་པའི་སྔགས་ཀྱི་ ཡི་གེ་ལུ་གུ་རྒྱུད་ཀྱི་ཕྲེང་བ་ལྟ་བུའི་ཚུལ་ཅན་རྡོ་རྗེའི་ལམ་ནས་ཕྱུང་སྟེ། སླར་ཡང་པདྨའི་ལམ་ནས་ལྷ་མོའི་ཞལ་དུ་ཆུད་པར་བྱས་ཏེ། ལྷ་མོའི་ཁ་ནས་རང་གི་ཁར་ཞུགས་པའི་རིམ་པ་དང་། གདུག་པ་འདུལ་བའི་ལས་ལ་ནི། །རང་གི་ཁ་ནས་ལྷ་མོའི་ཁར། །འཇུག་པའི་ཚུལ་ གྱིས་བྱ་བ་སྟེ། ཁྱད་པར་ནི་དེ་ཙམ་མོ། །ཞི་བ་ལ་ལྷོད་པ་སྟེ་དྲག་ཅིང་གཏུམ་པ་མ་ཡིན་པའོ། །ས་བོན་ཕྲེང་བས་དེ་ནས་ཟིན། །ཞེས་བྱ་བ་ནི་ཡི་གེའི་ཕྲེང་བས་ཕན་ཚུན་གཅིག་ལ་གཅིག་སྦྲེལ་བའོ། །ཧཱུཾ་གི་མཐའ་རུ་གནས་པ་ཡིན། །ཞེས་བྱ་བ་ནི་གདུག་པ་ཅན་ཚར་གཅད་པའི་ལས་ལ་ ཡི་གེ་ཧཱུཾ་གིས་ཐོག་མ་དང་། དབུས་དང་། ཐ་མར་སྦྱར་བར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར། བསྒྲུབ་བྱ་འགོག་པར་གྱུར་ན་ནི། །གོམ་པ་གཅིག་ཀྱང་མི་འགྲོའོ། །ཞེས་བྱ་བ་གསུངས་པ་ཡིན་ཏེ། དེ་ནི་གོ་སླའོ། །ཁ་སྦྱར་སྦྱར་བར་གྱུར་པ་དང་། །ཞེས་བྱ་བ་ནི་སྔགས་སྒྲ་ལ་སོགས་པར་བཤད་ པའི་ཚུལ་གྱིས་ཏེ། ཡི་གེ་ཨོཾ་དང་པོ་དང་། ཡི་གེ་ཨོཾ་ཐ་མར་ཁ་སྦྱར་དུ་སྦྱར་བའི་ཚུལ་གྱིས་ཏེ། ཨོཾ་ལྷ་སྦྱིན་སྭཱ་ཧཱ་ཨོཾ་ཞེས་བྱ་བ་ལྟ་བུའོ། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས། །རྡོ་རྗེ་དབྱེ་བ་ཉིད་དང་ནི། །ཞེས་བྱ་བ་ནི་ཁ་སྦྱར་ནི་ལས་ཐམས་ཅད་པ་ཡིན་པའི་ཕྱིར་གང་གི་ཚེ་གདུག་པ་ཅན་ ཚར་གཅད་པའི་ལས་དང་ལྡན་པ་དེའི་ཚེ་རྡོ་རྗེ་ཞེས་བྱ་བ་ཧཱུཾ་དེ་ཉིད་ཀྱིས་དབྱེ་ཞིང་གཞིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་སྒྲོ་ཡི་ཆུན་པོ་བསྐོར། །ཞེས་བྱ་བ་ནི་ཇི་ལྟར་རྨ་བྱའི་སྒྲོའི་ཆུན་པོ་བསྐོར་བ་ན་བར་མཚམས་མི་སྣང་བ་དེ་བཞིན་དུ་བར་མཚམས་མེད་པ་ཁོ་ནར་བསྒོམ་པར་ བྱའོ་ཞེས་བྱ་བའི་དོན་ཏོ། །ལྕགས་ཀྱུ་ཉིད་ཀྱིས་དགུག་པ་དང་། །ཞེས་བྱ་བ་ནི་གང་གི་ཚེ་འགུགས་པར་འདོད་པ་དེའི་ཚེ། །ལོ་མའི་ཚུལ་དུ་སྔགས་སྤེལ་ལ། ཁཎྜ་རོ་ཧཱ་ཕྱག་ན་ལྕགས་ཀྱུ་ཡོད་པས་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཏུན་ཤིང་གིས་ནི་དགུག་པ་དང་། ཞེས་ བྱ་བ་ནི་གང་གི་ཚེ་བརྒྱ་བྱིན་ལ་སོགས་པ་འགུགས་ཤིང་བསྐྱོད་པར་འདོད་པ་དེའི་ཚེ་ཁཎྜ་རོ་ཧཱ་ཕྱག་ན་གཏུན་ཤིང་བསྣམས་པས་དཔུང་པ་ལ་སོགས་པ་ཐམས་ཅད་བཀུག་པར་བྱའོ། །རྡོ་རྗེ་ཡིས་ནི་བཟའ་བར་བྱ། །ཞེས་བྱ་བ་ནི་བཟའ་བར་བྱ་བ་ལ་ཁཎྜ་རོ་ཧཱ་རྡོ་རྗེ་ཐོགས་པས་ཆེ་གེ་མོ་ཟོ་ཞིག་ཅེས་དགུག་ པའི་ཆོ་གས་བཟའ་བར་བྱའོ། །དབུག་ལ་མདའ་ཡིས་སྦྱར་བར་བྱ། །ཞེས་བྱ་བ་ནི་དབུག་ཅིང་འདར་བ་ལ་ནི་ཁཎྜ་རོ་ཧཱ་ཕྱག་ན་མདའ་བསྣམས་པ་སྦྱར་བར་བྱའོ། །དུས་མིན་འཆི་བ་ལས་རྒྱལ་ཉིད། །ཅེས་བྱ་བ་ནི་དུས་མ་ཡིན་པར་འཆི་བ་ལ་ནི་མཚོན་ཆ་འཛིན་པ་དང་འདྲ་བར་གཡོན་ཕྱོགས་ སུ་ཁ་ཊྭཱཾ་ག་འཛིན་པའི་ལག་པས་སོ། །མཆོད་པའི་ཁྱད་པར་འདི་དག་ཐམས་ཅད་ཀྱིས་ཁཎྜ་རོ་ཧཱ་ཁྱད་པར་དུ་ཕྱེ་བ་ཡིན་ནོ། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཆོད་ཡོན་ངེས་པར་སྦྱར། །ཞེས་བྱ་བ་ནི་བདུད་རྩི་ལྔས་ཡོངས་སུ་གང་བས་ཁཎྜ་རོ་ཧཱའི་ཞལ་དུ་ཨརྒྷ་ཕུལ་ལ་མཚོན་ཆ་དང་སྦྱར་ བར་བྱ་སྟེ། སྔགས་ཀྱི་ཡི་གེ་ཕྲེང་བ་དང་འདྲ་བ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལེའུ་སུམ་ཅུ་ལྔ་པའོ།། །།ཕྱག་རྒྱ་རེངས་པའི་ལས་ཀྱིས་ནི། །ཞེས་བྱ་བ་ནི་གཞན་གྱི་ཕྱག་རྒྱ་རེངས་པ་ལ་ཟས་དང་འདྲ་བ་སྟེ། བཟའ་བའི་ཁྱད་པར་དང་འདྲ་བ་ལས་བརྩམ་པར་བྱའོ། ། བསྲུབས་པས་མཁའ་འགྲོ་མ་སྦྱོར་ལ། །སྙིང་པོ་རྣམས་ཀྱིས་དེ་བཞིན་བྱ། །ཞེས་བྱ་བ་ནི་མཁའ་འགྲོ་མ་རྣམས་ཀྱི་སྙིང་པོའི་སྔགས་ཀྱིས་ཀྱང་ཆོ་ག་དེ་བཞིན་དུ་བྱའོ། །དཔའ་བོ་མཆོད་པའི་ཆོ་ག་ཞེས། །ལས་ནི་འབད་པ་ཉིད་ཀྱིས་བྱ། །ཞེས་བྱ་བ་ནི་འདིར་བཤད་པའི་ཆོ་ག་དང་པོས་ མཆོད་པའི་ཆོ་ག་བྱས་ལ། ཕྱིས་ལས་རྣམས་བརྩམ་པར་བྱའོ། །རྣམ་དབྱེ་རང་དགས་སྔགས་པས་ནི། །ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར། །ཞེས་བྱ་བ་ནི་དེ་ལས་ཀྱི་རྗེས་སུ་མཐུན་པར་རྣམ་པར་ཕྱེ་ཞིང་སོ་སོར་བྱས་ལ་སྔགས་པས་ལས་ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར་རོ་ཞེས་བྱ་བའི་དོན་ཏོ། ། དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར་གསུངས་པ་ནི། །ཚར་གཅོད་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ཉིད་དབྱེ་བས་ཕྱེ་ནས་ནི། །རྩ་ཡི་ལམ་དུ་སྦྱར་བར་བྱ། །ཞེས་བྱ་བ་ནི་ལས་ཀྱི་ཚོགས་དེ་ཁོ་ན་ཉིད་ཀྱི་དབྱེ་བས་ཕྱེ་ཞིང་ཐ་དད་པར་བྱ་བའི་སྔགས་དེ་རྩ་བའི་ལམ་ཞེས་བྱ་བ་ རྡོ་རྗེ་དང་པདྨའི་ལམ་དུ་ངེས་པར་སྦྱར་ཞིང་བསྟན་པར་བྱའོ་ཞེས་སྦྱར་བར་བྱའོ། །སྦྱོར་བ་ཡི་ནི་དོན་རྣམས་ལ། །འདི་ཡིས་རབ་ཏུ་སྒྲུབ་བྱེད་དེ། །ལྷ་དང་ལྷ་མིན་རྣམས་དང་ནི། །མི་དང་བཅས་པས་མྱུར་འགྲུབ་བྱ། །ཞེས་བྱ་བ་ནི་སྦྱོར་བའི་དོན་ཞེས་བྱ་བ་ཕྱག་རྒྱ་ ཆེན་པོ་བསྒྲུབ་པར་བྱ་བའི་ཕྱིར་གང་ཞིག་རབ་ཏུ་བསྒྲུབ་ཅིང་ལེགས་པར་བསྟན་པའི་ཚུལ་གྱིས་བསྒྲུབ་པར་བྱས་ན་དེ་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱང་ཚར་གཅད་པ་དང་། ཕན་གདགས་པའི་ཚུལ་གྱིས་མྱུར་དུ་བསྒྲུབ་པར་བྱ་བ་ཡིན་ན། །གཞན་དག་ལྟ་ཅི་སྨོས་ཏེ་ཞེས་བྱ་ བར་དགོངས་སོ། །ལེའུ་སུམ་ཅུ་དྲུག་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དབང་དུ་བྱ་བ་ལ་སོགས་པའི་སྦྱོར་བ་སྟོན་ཏེ། གཟུགས་ནི་ལུས་ཏེ་དེ་གནོན་པ་ནི་བུད་མེད་ལ་སོགས་པའི་སྐྱེ་བོ་སྟེ། དེའི་ཆོ་ག་ནི་དབང་དུ་བྱ་བ་ཡིན་ལ། དེ་བཤད་པར་བྱའོ་ཞེས་ བྱ་བར་སྦྱར་རོ། །ཕན་ཚུན་སྦྱར་བའི་གསང་སྔགས་དང་། །ཞེས་བྱ་བ་ནི་གཉི་གའི་རྩ་བའི་སྔགས་གཅིག་ཏུ་བྱ་བའོ། །མཁའ་འགྲོ་མ་དང་གཅིག་ཏུ་སྦྱར། །ཞེས་བྱ་བ་ནི་དོན་དེ་ཉིད་གསལ་བར་བྱ་བ་ཡིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཟོས་པ་གང་ཡིན་པ་དེ་སློན་ཏེ། ལེགས་ པར་བཀྲུས་ལ་ཡན་ལག་ལྔའི་དྲི་མ་དང་བཅས་པས་ག་པུར་མ་ཚོས་པ་དང་བསྲེས་ཏེ། གཉིས་ཀའི་རྩ་བའི་སྔགས་ཞག་བདུན་གྱི་བར་དུ་ཐུན་བཞིར་བྱས་ལ། དེའི་འོག་ཏུ་བཟའ་བ་དང་བཏུང་བ་ལ་སོགས་པ་སྦྱར་ན་ཇི་སྐད་བཤད་པ་བཞིན་དུ་དབང་དུ་འགྱུར་བར་གདོན་མི་ཟའོ། །སེར་སྐྱ་ ཞེས་བྱ་བ་ནི་ཁ་དོག་སེར་སྐྱར་འདུག་པའོ། །ལྷག་མ་ནི་གོ་སླའོ། །ཏིལ་ནག་ཅེས་བྱ་བ་ལ་སོགས་པ་ཡང་གོ་བར་ཟད་དོ། །བ་ལང་ཞེས་བྱ་བ་ལ་སོགས་པ་ལ་དབང་དུ་བྱ་བའི་ཐབས་ལས་ཐམས་ཅད་པའི་ཐབ་ཁུང་དུ་གང་གི་མིང་ནས་སྨོས་ཏེ། ཇི་སྐད་བཤད་པའི་སྦྱིན་སྲེག་བྱས་ན་དཔའ་བོ་ ལ་སོགས་པའི་ལྷ་རྣམས་དབང་དུ་འགྱུར་ལ་དེ་ལྟར་མ་ཡིན་ན་ཇི་སྐད་བཤད་པ་བཞིན་དུ་འགྱུར་རོ། །དེའི་མདུན་དུ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་སྤྱན་སྔར་རོ། །འམ་ཞེས་བྱ་བའི་སྒྲས་རོའི་ཁར་རོ། །ལྷག་མ་ནི་གོ་སླའོ། །ལེའུ་སུམ་ཅུ་བདུན་པའོ།། །།དཔའ་བོའི་ཡན་ལག་ དབྱེ་བ་ནི་སྐུ་མདོག་དང་། ཕྱག་དང་། ཞལ་དང་། ཕྱག་མཚན་ལ་སོགས་པའོ། །དཔའ་བོའི་དབང་ཕྱུག་མི་བྲིའོ། །ཞེས་བྱ་བ་ནི་དམ་ཚིག་ལས་འདའ་བར་བྱེད་པ་ལ་བཅོམ་ལྡན་འདས་མི་གཟིགས་སོ་ཞེས་བྱ་བའི་དོན་ཏོ། །ཡང་དག་རབ་སྦྱིན་རིག་པར་འགྱུར། །ཞེས་བྱ་བ་ནི་ ཁམས་གསུམ་གྱི་བདེ་བ་གང་ཡིན་པ་དེ་མྱོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལེའུ་སུམ་ཅུ་བརྒྱད་པའོ།། །།གཞན་ཡང་རྣམ་པ་བཞི་ཡིས་དགོད། །ཅེས་བྱ་བ་ནི་དཔའ་བོའི་རྩ་བའི་སྔགས་རྣམ་པ་བཞི་པ་སྟེ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཞེས་ བྱ་བ་དང་། མཁའ་འགྲོ་མའི་རྩ་བའི་སྔགས་ནི་ཧ་ཧཱ་ཧེ་ཧཻ། ཧོ་ཧཽ་ཧུཾ་ཧཱུཾ་ཞེས་བྱ་བའོ། །ལེའུ་སུམ་ཅུ་དགུ་པའོ།། །།དེ་ནས་ད་ནི་ཞེས་བྱ་བ་ལ་སོགས་པ་ནི་སྦྱིར་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་ཡིན་ནོ། །སྒྲོན་མ་ནི་ཉ་དང་ཤ་ལ་སོགས་པ་སྟེ། ཤ་དང་པོར་ཡོད་པ་སྨོས་ པ་ཡིན་ནོ། །འདི་ཞེས་བྱ་བ་ནི་སྦྱིན་སྲེག་གོ། །སྦྱིན་སྲེག་ཀྱང་རྣམ་པ་གཉིས་ཏེ། ཕྱིའི་སྦྱིན་སྲེག་དང་། ལུས་ཀྱི་སྦྱིན་སྲེག་གོ། །དེ་ཉིད་ཀྱིས་ན་ཉའི་ཤ་དང་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གནས་སྐབས་ཐམས་ཅད་དུ་ཞེས་བྱ་བ་ནི་དགའ་བ་དང་ཁྲོ་བའི་གནས་སྐབས་སུ་ཡང་ ངོ་། །དཔའ་བོའི་དབང་པོ་ནི་དཔལ་ཧེ་རུ་ཀ་སྟེ། དེ་སྒྲུབ་པ་པོ་ལ་དངོས་གྲུབ་རྒྱ་ཆེན་པོ་སྩོལ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །མཚན་མོ་སྦྱིན་སྲེག་བྱེད་ལ་གཞོལ། །ཞེས་བྱ་བ་ནི་ལུས་ཀྱི་སྦྱིན་སྲེག་ནི་ངེས་པར་མཚན་མོ་བྱ་དགོས་པའི་ཕྱིར་རོ། །བརྒྱ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་ སླའོ། །ལེའུ་བཞི་བཅུ་པའོ།། །།དེ་ནས་ལས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྫོགས་པའི་རྣལ་འབྱོར་པས་དངོས་གྲུབ་ཐམས་ཅད་འགྲུབ་པར་སྟོན་པ་ཡིན་ནོ། །བཅུ་གཉིས་ཞེས་བྱ་བ་ནི་དབང་དུ་བྱ་བ་དང་། དགུག་པ་གཉིས་གཅིག་ཏུ་བྱ་བ་དང་། གསད་པ་དང་བསྐྲད་པ་གཉིས་ གཅིག་ཏུ་བྱ་བ་ལ་ལྟོས་ཏེ་གསུངས་པ་ཡིན་ནོ། །རབ་མཆོག་ཅེས་བྱ་བ་ལ་སོགས་པ་ནི་མཁའ་འགྲོ་མ་ཉི་ཤུ་རྩ་བཞིའི་གནས་གསལ་བར་བྱས་པ་ཡིན་ནོ། །རྡོ་རྗེ་དཀྱིལ་འཁོར་ནི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་རོ། །དེར་གཙོ་བོ་ནི་བདག་པོའོ། །དགོན་པ་ནི་མ་རུ་བུའིའོ། །ཨ་ར་ན་ནི་རཱ་མེ་ཤྭ་ རའོ། །པུལླཱི་ར་དང་མཱ་ལ་ཡ་བསྟན་པ་ནི་གནས་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རམ། མན་ངག་ལས་ཁོང་དུ་ཆུད་པར་བྱའོ། །པུལླཱི་ར་མ་ལ་ཡ་ལ་སོགས་པའི་གནས་ཐམས་ཅད་ཀྱང་གོ་བཟློག་པའི་ཚུལ་གྱིས་ཕྱོགས་དང་མཚམས་སུ་གཟུང་ངོ་། །རྡོ་རྗེ་ཕག་མོ་ནས་སྨེ་ཤ་ཅན་གྱི་བར་རྣལ་ འབྱོར་མ་དྲུག་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་ཙཎྜི་ཀའི་མཐར་རོ། །མ་མོ་ནི་ཀཱ་ཀཱ་སྱ་ལ་སོགས་པའོ། །ལཱ་མ་ཉིད་ཅེས་བྱ་བ་ནི་ལཱ་མའི་རིགས་སུ་གཏོགས་པ་རྣལ་འབྱོར་མ་དྲག་མོའོ། །རིགས་ཀྱི་གཙོ་མོ་ནི་མཁའ་འགྲོ་མ་ལ་སོགས་པ་བཞི་པོའོ། །ནག་པོ་ཆེན་པོ་ནི་འཇིགས་བྱེད་ཆེན་པོའོ། །མཁའ་ འགྲོ་རྣམས་ཀྱིས་ཞེས་བྱ་བ་ནི་ལྷན་ཅིག་པའི་དོན་ལ་གསུམ་པ་སྟེ། ཇི་ལྟ་བུར་གྱུར་པ་རྣམས་དང་། ལྷན་ཅིག་གཟུགས་ཅན་མ་རྣམས་དང་ངོ་། །གཟུགས་ཅན་མ་ཞེས་བྱ་བ་ནི་རཱུ་པི་ནི་གཞན་དག་སྟེ། ཙུམྤི་ཀ་དང་བ་ལི་ཀ་ལ་སོགས་པ་སྟེ། ཐ་དད་པར་གྱུར་པ་རཱུ་པི་ནི་དང་ལྷན་ཅིག་པར་ བལྟ་བར་བྱའོ། །པཾ་ཙ་ལ་ཞེས་བྱ་བ་ནི་གནས་དང་ཉེ་བའི་གནས་ལས་གཞན་པའི་གྲུབ་པའི་གནས་སོ། །དེ་ལ་སོགས་པ་ཉེ་བར་མཚོན་པ་ཙམ་དུ་གསུངས་པ་སྟེ། རྒྱ་ཆེར་ནི་གྲུབ་པའི་རྣལ་འབྱོར་མ་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡིན་ཏེ། དེ་དག་ཀྱང་འཁྲུགས་པའི་ཚུལ་གྱིས་ འགྲོ་བ་ཡིན་ནོ། །འཁོར་ལོ་གསུམ་ལ་གནས་པའི་སླར་ཡང་པུལླཱིར་མ་ལ་ཡ་ལ་སོགས་པ་གོ་བཟློག་པའི་ཚུལ་གྱིས་སྦྱར་བར་བྱའོ། །ལྷ་མོ་ལྷག་མ་གཞན་དག་ཀྱང་དཔལ་ཧེ་རུ་ཀའི་རྣལ་འབྱོར་མ་ཡིན་ནོ། །ཤྲཱི་ཧེ་རུ་ཀ་སྦྱོར་བ་ཆེ། ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་བསྲུབ་པའི་སྦྱོར་བ་ ཆེན་པོ་དང་འཚམ་པའོ། །དེའི་ཞེས་བྱ་བ་ནི་ངེས་པར་གཟུང་བའི་ཚུལ་གྱིས་དྲུག་པར་བྱས་པའོ། །དཀྱིལ་འཁོར་གཙོ་མོ་ཡིན་ཞེས་བྱ་བ་ནི་འཁོར་ལོ་གསུམ་གྱི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་སྟེ། དེ་དག་དང་ལྷན་ཅིག་ཏུ་ཁྱབ་པའོ་ཞེས་བྱ་བར་སྦྱར་རོ། །རྒྱུ་དང་མི་རྒྱུ་ཞེས་བྱ་བ་ནི་རྒྱུ་བ་ དང་མི་རྒྱུ་བ་དང་བཅས་པའི་ས་གཞི་རྣམས་སུ་ཁྱབ་ཅིང་གནས་པའོ། །ཇི་ལྟ་བུ་ཞེ་ན། ཐ་མལ་པ་མ་ཡིན་པའི་གཟུགས་ཀྱིས་བསྲུབ་པ་དང་སྲུབས་པའི་སྦྱོར་བས་ཕྱི་རོལ་གྱི་ཕྱག་རྒྱ་མ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། བསགས་པ་མེད་པ་སྟེ། གཞན་དག་གིས་ལས་ངན་པ་བསགས་པར་གྱུར་ པ་གང་ཡིན་པ་དེ་མེད་པར་འགྱུར་རོ། །དང་པོའི་དོན་ལ་གསུམ་པར་ཤེས་པར་བྱའོ། །དེ་དང་ལྷན་ཅིག་སྒྲེན་མོ་རྟག་ཏུ་ནུབ་མོ་སྤྱད་ཅེས་བྱ་བར་འབྲེལ་ཏོ། །ལྷག་མ་ནི་གོ་བར་ཟད་དོ། །ལེའུ་བཞི་བཅུ་གཅིག་པའོ།། །།མེ་ཏོག་ཆུ་ནི་དུས་སུ་འབྱུང་བ་དང་ལྷན་ཅིག་སྐྱེས་པའོ། །སྔགས་ འདི་ཞེས་བྱ་བ་ནི་རྩ་བའི་སྔགས་ཡི་གེ་བདུན་པའོ། །དེ་བཞིན་སྦྱིན་ཞེས་བྱ་བ་ནི་འཁོར་ལོ་གསུམ་པོ་རྣམས་ལ་སྦྱིན་པའོ། །ནག་མོ་ཆེན་མོ་ནི་རྡོ་རྗེ་ཕག་མོའོ། །བདེན་པས་ཚངས་པར་སྤྱད་པ་ཞེས་བྱ་བ་ནི་ཚངས་པར་སྤྱོད་པ་དང་ལྡན་པའོ། །ཐོག་མཐའ་ཞེས་བྱ་བ་ནི་དབུས་མེད་ན་ ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱིས་ན་ཐོག་མ་དང་དབུས་དང་ཐ་མར་བདག་ཉིད་དབང་དུ་གྱུར་པའོ། །བཞད་པ་ཉིད་ཕྱག་རྒྱ་ཡིན་པས་ན་རོལ་ཅིང་དགོད་པ་གཙོ་བོར་གྱུར་པས་དགའ་བར་བྱེད་པ་སྟེ། ཕྱག་རྒྱ་དེས་སོ། །ལྟ་བའི་སྙེམས་པ་ཡང་དག་པར་སྟོན་ཅིང་སྙེམས་པས་མཐོང་བ་ནི་སྙེམས་པའོ། ། འདི་ལྟ་བུའི་ཁྱད་པར་དང་ལྡན་པའི་ལྷ་མོ་ནི་གྲགས་པ་དང་ལྡན་པར་འགྱུར་རོ། །འདིས་ཞེས་བྱ་བས་ནི་མོ་རྟགས་སུ་ཤེས་པར་བྱའོ། །བཞད་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། རབ་ཏུ་དགའ་བའི་བདེ་བ་ཐམས་ཅད་ཀྱང་མཚན་མོའམ་ཉིན་མོ་བྱའོ་ཞེས་བྱ་བར་སྦྱར་རོ། །གཟུགས་ དང་ལས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་པོས་མཐོང་བ་དང་གྲུབ་པའི་ལྷ་མོ་རྣམས་སྔོན་མ་བྱུང་བའི་གཟུགས་དང་བྱ་བ་དག་སྟོན་པར་བྱེད་དེ། དེའི་ལས་དང་ལས་ཀྱི་ལན་བསྟན་པ་ནི་གར་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་ལྷ་མོའི་བྱ་བའོ། །རྡོ་རྗེ་ལ་ནི་ཞེས་བྱ་བ་ལ་སོགས་པ་ནི་ སྒྲུབ་པ་པོའི་བྱ་བའོ། །དབུགས་འབྱིན་ཞེས་བྱ་བ་ནི་རྒྱུ་བ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒེག་དང་ཞེས་བྱ་བ་ནི་གར་གྱི་ཁྱད་པར་རོ། །སྣ་ཚོགས་ཞེས་བྱ་བ་ནི་སྣ་ཚོགས་ཀྱི་བདག་མོའོ། །དང་པོར་ཞེས་བྱ་བ་ནི་སྒྲུབ་པའི་ལས་སོ། །ཧ་ཧ་ཞེས་བྱ་བ་ནི་གཞན་གྱི་ལས་ཏེ། སྔར་བཤད་ པའི་རིམ་པ་དེ་ཉིད་ཀྱིས་བྱ་བའོ། །ལྷག་མ་ནི་གོ་སླའོ། །ལེའུ་བཞི་བཅུ་གཉིས་པའོ།། །།བཞི་པོ་ཞེས་བྱ་བ་ནི་གནོད་མཛེས་ཀྱི་སྔགས་ཀྱིས་སོ། །གིས་ཞེས་བྱ་བ་ལ་སོགས་པས་མཆོད་པ་འདི་རྣམས་ཤིན་ཏུ་གསང་བ་ཡིན་པར་བསྟན་ཏོ། །སྙིམ་པ་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་ པ་པོའི་ནུས་པ་ཐམས་ཅད་ཀྱི་མཚན་མ་སྟོན་པ་ཡིན་ཏེ། གང་གི་ཚེ་གསང་སྔགས་མངོན་པར་བཟླས་ནས་མེ་ཏོག་ནམ་མཁའ་ལ་གཏོར་ལ་དེ་ལས་མེ་ཏོག་གཅིག་ཀྱང་ས་ལ་མི་ལྟུང་ན་དེའི་ཚེ་ལས་ཐམས་ཅད་ཀྱང་བྱེད་པར་ནུས་སོ་ཞེས་བྱ་བ་རྒྱས་པར་སྦྱར་རོ། །ལྷ་དང་མི་ཡིས་མཐོང་མི་ འགྱུར། །ཞེས་བྱ་བ་ནི་ལྷ་དང་མི་རྣམས་ཀྱིས་ཀྱང་ཕྱེད་པར་མི་འགྱུར་བའོ། །ཤིང་ཞེས་བྱ་བ་ལ་སོགས་པས་ནི་ཡི་གེ་བདུན་པའི་སྔགས་ཀྱིས་སྔོན་དུ་བསྙེན་པ་བྱས་པས་ཆོ་ག་དུ་མ་དག་བསྟན་པ་ཡིན་ཏེ། དུས་མིན་འཆི་དང་བཅོམ་དང་ཉམས། །ཞེས་བྱ་བ་ལས་དུས་མ་ཡིན་པར་འཆི་བ་སེལ་ བར་འགྱུར་ཞིང་ཚེ་འཕེལ་བར་བྱེད་པའོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པས་ནི་པྲ་སེ་ནའི་ཆོ་ག་སྟོན་ཏོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་ནད་ཞི་བའི་ཆོ་ག་སྟོན་ཏེ། ཡི་གེ་བདུན་པའི་སྔགས་བསྒོམ་པའམ་ལན་བརྒྱ་བཟླས་པའོ། །ཉི་མའི་དབུས་སུ་མངོན་སུམ་དུ་བསམ་པར་བྱས་ཏེ། དེ་ལ་ནད་ཀྱིས་གཟིར་བའི་ནད་ པ་བཞག་ལ་ཡང་ལན་སྟོང་གི་བར་དུ་བཟླས་ལ། དེའི་ལུས་ཤེལ་ལྟར་དྲི་མ་མེད་པར་བསམས་ན་ཇི་སྐད་བཤད་པ་བཞིན་དུ་འགྱུར་རོ། །ཡང་འདྲ་བ་ཞེས་སྨོས་པས་བསྒྲུབ་པར་བྱ་བ་དེ་ཉིད་ཀྱི་སྙིང་གར་མཐེ་བོ་ཙམ་གྱི་ཚད་ལ་ཤེལ་ལྟར་དང་བའི་འོད་ཟེར་འབར་བ་དང་བཅས་པའི་རྣམ་པར་ཤེས་པའི་རང་བཞིན་ བསམས་ན་ནད་མེད་པར་འགྱུར་རོ། །སྟོན་ཀའི་ཞེས་བྱ་བ་ལ་སོགས་པས་ནི་དུག་བསལ་བའི་ཆོ་ག་སྟོན་ཏོ། །གཞན་ནི་གོ་སླའོ། །གཟུགས་ལྔ་ཞེས་བྱ་བ་ལ། །ཟླ་བའི་དཀྱིལ་འཁོར་རེའུ་མིག་ལྔར་བྱས་པ་ལ་རེའུ་མིག་དགུ་རུ་འགྱུར་ཏེ། དེ་ལ་འདི་ལྟར་བཀོད་ན་འདི་ས་ རྒྱུ་བ་དང་མི་རྒྱུ་བའི་དུག་གིས་ཟིན་པའི་མགོར་བཞག་ལ། དེ་ནས་བདུད་རྩིའི་རྒྱུན་བབས་པས་ལུས་ཐམས་ཅད་དུ་དུག་མེད་པར་བསམས་ན་ནད་མེད་པར་འགྱུར་རོ། །དེ་བཞིན་དུ་རིམས་ལ་སོགས་པའི་ནད་རྣམས་ཀྱང་བསལ་བར་བྱ་ཞིང་རང་ཉིད་ཀྱིས་བཟའ་བ་དང་བཅའ་བ་ ལ་སོགས་པ་ཡང་སྤྱད་པར་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །གཞན་དག་ནི་གོ་སླའོ། །འཁོར་ལོ་འདི་ཉིད་ལག་པའི་མཐིལ་དུ་བསམས་ལ་བསྒྲུབ་པར་བྱ་བའི་མགོ་ལ་བཞག་ན་ཡང་སྔ་མ་བཞིན་དུ་འགྱུར་རོ། །ལེའུ་བཞི་བཅུ་གསུམ་པའོ།། །།གཙང་མའི་འོ་མ་ཞེས་བྱ་བ་ ནི་བའི་འོ་མའོ། །ལེའུ་བཞི་བཅུ་བཞི་པའོ།། །།རྟ་གསོད་པ་ནི་ཀ་ར་བཱི་རའོ། །སྐྱེ་གནས་རྒྱ་བཅིངས་པ་ཞེས་བྱ་བ་ནི་ཕྱིའི་ལྷ་མོ་དང་ཁ་སྦྱོར་གྱི་སྦྱོར་བ་བྱ་བའོ། །སྤྲ་ཚིལ་གྱིས་ཀྱང་རབ་ཏུ་བྱུག །ཅེས་བྱ་བ་ནི། འདིར་སྤྲ་ཚིལ་ལས་གཟུགས་བརྙན་བྱས་ལ། ཙནྡན་དམར་པོའི་ ཕྱེ་མ་དང་། །ཚ་བ་གསུམ་གྱི་ལྡེ་གུས་བྱུག །ཅེས་བྱ་བར་སྦྱར་རོ། །ལེའུ་བཞི་བཅུ་ལྔ་པའོ།། །།ཡི་གེ་ཧ་ནི་ལྔ་པོ་དང་། །ལག་པ་ཀུན་དུ་མཉེས་ནས་ནི། །ཞེས་བྱ་བ་ནི་གང་ཞིག་གི་རྐང་རྗེས་ཀྱི་རྡུལ་ཁྲག་དང་། དུག་དང་། སྐེ་ཚེས་ལག་པ་གཉིས་ཀྱི་མཐིལ་བསྐུས་ལ། དེའི་སྟེང་ དུ་བ་བླའི་སྣག་ཚ་དང་བྱ་རོག་གི་སྒྲོའི་སྨྱུ་གུས་ཡི་གེ་ལྔ། ཧེཾ་ཧྷ། །ཧཽ་ཧོ་བྲིས་ལ་བསམ་གཏན་གྱིས་ཀྱང་དེ་ལྟར་བསམས་ལ་སེང་ལྡེང་གི་མེ་མདག་གམ། རོ་བསྲེགས་པའི་མེ་མདག་ལ་ལག་པ་གཉིས་ཉེད་ཅིང་སྦྱིན་སྲེག་བྱས་ན་དགྲ་བོའི་ཁ་ནས་ཁྲག་འཛག་ཅིང་མོད་ལ་འཆི་བར་ འགྱུར་རོ། །ཐོད་པ་ལ་སོགས་པ་ལ་ཡང་སྦྱོར་བ་དེ་བཞིན་དུ་བྱའོ། །བྱི་ལ་ལ་སོགས་པའི་ཤ་ཁ་ན་མ་ཐོ་བ་མེད་པས་རྙེད་པ་ནི་མཁའ་འགྲོ་མ་དགྱེས་པར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བྱི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་ཡི་གེ་བདུན་པའི་ཡི་གེ་རེ་རེ་ཞིང་ བཟླས་བརྗོད་འབུམ་གྱི་གྲངས་ཚད་མར་མངོན་པར་བཟླ་བར་བྱ་ཞིང་དང་པོར་སྲེག་བླུགས་གསུམ་བྱས་ལ་ཕྱིས་སྟོང་རྩ་བརྒྱད་བྱའོ་ཞེས་བྱ་བར་སྦྱར་རོ། །ལེའུ་བཞི་བཅུ་དྲུག་པའོ།། །།རབ་ཏུ་རྟོགས་པ་ནི་མི་ཤི་བའོ། །གནམ་ལྕགས་ནི་ལྕགས་ཀྱི་ཟེགས་མའོ། ། ཀ་ཀ་ཨནྟི་ཀའི་འབྲས་བུ་ནི། ཤིང་གནྡྷོཔ་ལའི་འབྲས་བུའོ། །ནེའུ་ལེའི་སྤྱི་བོར་ཞེས་བྱ་བ་ནི་སྲོག་གཅོད་པའི་ཁ་ན་མ་ཐོ་བ་མེད་པར་རྙེད་པའི་ཐོད་པའི་ནང་དུ་རྒྱ་སྐྱེགས་དང་གུར་གུམ་དང་ལྷན་ཅིག་ཕྱེ་མར་བྱས་ལ་ཇི་ལྟར་ཇི་སྐད་བཤད་པ་བཞིན་དུ་ཆོ་གའོ། །གསེར་གྱི་འབྲས་བུ་ནི་དྷ་དུ་ རའི་འབྲས་བུའོ། །བྱ་ཆེན་པོའི་གནས་ནི་འུག་པའི་ཚང་ངོ་། །རྒྱུས་པ་ནི་ཆུ་རྒྱུས་སོ། །འབྲུ་ནི་འབྲས་སམ་འུ་སུའི་འབྲས་བུའོ། །ལེའུ་བཞི་བཅུ་བདུན་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱི་ཡུམ་གྱི་སྙིང་པོའི་སྔགས་སྟོན་པའོ། །རི་བོ་བཟང་པོ་ བྲི་བྱ་ཞིང་། །ཞེས་བྱ་བ་ནི་རླུང་དང་། མེ་དང་། ཆུ་དང་། དབང་ཆེན་གྱི་དཀྱིལ་འཁོར་དང་། རུས་སྦལ་དང་། སྣ་ཚོགས་རྡོ་རྗེ་དང་། སྣ་ཚོགས་པད་མའི་སྟེང་དུ་གསེར་གྱི་རི་བདུན་གྱིས་ཡོངས་སུ་བསྐོར་བའི་རིའི་རྒྱལ་པོ་རི་རབ་བསམས་ཏེ། དེའི་སྟེང་དུ་འཁོར་ལོ་གསུམ་ ལ་སོགས་པ་རྫོགས་པར་བྱ་བའི་རིམ་པ་སྟོན་ཏེ། ཧ་ཧ་ཧེ་ཧེ་ཞེས་བྱ་བ་ནི་ལྷའི་ང་རྒྱལ་གྱིས་སྔགས་ཆེན་པོའི་བཤད་པ་སྟོན་ཏེ། །དེ་ནས་དཔའ་བོ་ཉི་ཤུ་རྩ་བཞིའི་མཚན་གོ་བཟློག་པའི་ཚུལ་གྱིས་སྟོན་ཏོ། །འཇིགས་བྱེད་ནི་འཇིགས་བྱེད་ཆེན་པོའོ། །བཱི་རི་ན་ནི་སུ་ར་བཱི་རི་ནའོ། །ཀ་ཏ་ཞེས་ བྱ་བ་ནི་མ་ཧཱ་ཀཾ་ཀ་ལའོ། །བྱ་བ་ཀུན་ལ་སྒྲུབ་པ་པོས། །ཞེས་བྱ་བ་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་བྱ་བ་ཐམས་ཅད་ལ་ལས་དང་རྗེས་སུ་མཐུན་པའི་འཁོར་ལོ་གསུམ་དང་ལྡན་པའི་སྔགས་པས་བསྒྲུབ་པར་བྱའོ་ཞེས་དགོངས་སོ། །དེ་ཉིད་ཀྱི་ཕྱིར་འཁོར་ལོར་བཞུགས་པ་ཞེས་བྱ་ བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འཁོར་ལོ་ཆེན་པོ་ཞེས་བྱ་བ་ནི་གང་ལ་འཁོར་ལོ་ཆེན་པོའི་ཚོགས་མངའ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ་བཅོམ་ལྡན་འདས་སོ། །ཡང་ན་ཆེན་པོའི་འཁོར་ལོ་གསུམ་གང་ལ་མངའ་བའོ། །ཡང་ན་ཆེན་པོ་ཡང་ཡིན་ལ་འཁོར་ལོ་ཡང་ཡིན་པས་འཁོར་ལོ་ཆེན་པོ་སྟེ་འཁོར་ལོ་གསུམ་ པོ་ཉིད་དོ། །ལེའུ་བཞི་བཅུ་བརྒྱད་པའོ།། །།ད་ནི་དེ་ནས་ཞེས་པ་ལ་སོགས་པས་སྔར་བཤད་པའི་ཕྱུགས་སྒྲུབ་པ་དེའི་ཁ་བསྐང་བ་སྟོན་པ་ཡིན་ཏེ། དེ་ནི་འདིར་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཉིད་དུ་བསྐྱེད་པ་གསལ་བར་བྱས་པ་ཡིན་ནོ། །ལེའུ་བཞི་བཅུ་དགུ་པའོ།། །།གོ་མཱཾ་ས་ལ་སོགས་པས་ དབང་དུ་བྱ་བ་ལ་སོགས་པའི་ཆོ་ག་ནི་སྔར་བཤད་པའི་ཆོ་ག་བཞིན་དུ་བྱའོ། །ཁ་ཆུ་ནི་བད་ཀན་ནོ། །སོ་ཤིང་ནི་དེ་ཉིད་དོ། །རང་གི་ལུས་ཞེས་བྱ་བ་ནི་འགྲོ་བའམ་འདུག་པའམ་གཉིད་ལོག་པའམ་མ་ལོག་པ་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ་ཡང་སྔགས་པས་གསང་ སྔགས་བཟླ་བར་བྱ་ཞེས་པའི་དོན་ཏོ། །དུས་ཀྱི་ངེས་པ་མེད་པའོ། །སྦྱིན་སྲེག་བརྒྱ་རྩ་བརྒྱད་ཀྱི་བར། །ཞེས་བྱ་བ་ནི་ཨརྐའི་ཡམ་ཤིང་དང་རྒྱས་པའི་ཆོ་གས་ཟླ་བ་གཅིག་གི་བར་དུ་སྦྱིན་སྲེག་བརྒྱ་རྩ་བརྒྱད་རྟག་པར་བྱས་ན་དབུལ་བ་ཐམས་ཅད་འཇིག་པར་བྱེད་དོ་ཞེས་སྟོན་ཏོ། ། གཞན་དག་ནི་གོ་སླའོ། །མཁའ་ལ་སྤྱོད་པ་ཉིད་ཐོབ་འགྱུར། །ཞེས་བྱ་བ་ནི་སོ་སོར་སྣང་བ་ཐོབ་པར་གྱུར་པའི་སྔགས་པས་ཐུན་གཉིས་ཀྱི་བར་དུ་མཉམ་པར་གཞག་ལ་སྦྱིན་སྲེག་བྱས་ན་ལྷ་ཐམས་ཅད་ཀྱི་དམ་ཚིག་ཐོབ་པར་བྱའོ་ཞེས་བྱ་བར་དགོངས་སོ། །གོ་མ་ཡུ་ཞེས་བྱ་བ་ལ། ཝའི་ཤ་ ཁ་ན་མ་ཐོ་བ་མེད་པ་རྙེད་པ་དང་། མྱོས་བྱེད་ཅེས་བྱ་བ་ཆང་གི་སྦྱིན་སྲེག་དང་། གཏོར་མ་ལ་སོགས་པ་བྱས་ཤིང་བཟླས་བརྗོད་བྱས་ན་མཚན་མོ་ཁྱད་པར་དུ་འགྱུར་རོ་ཞེས་འདིར་སྦྱར་བར་བྱའོ། །གཏོར་མ་དང་ལས་དང་སྔགས་ཟློས་པས་བྱས་ནས་གང་གི་ནུབ་མོ་ཅེ་སྤྱང་གི་ཤ་ཇི་ལྟར་ རྙེད་པ་བཟའོ། །བིལ་བ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་རྒྱས་པའི་ཆོ་ག་བྱ་བར་ཤེས་པར་བྱའོ། །གོ་མཱཾ་ས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གོ་མ་ཡུ་ཞེས་བྱ་བ་ཝའི་ཤའི་སྦྱིན་སྲེག་ཡང་དང་ཡང་དུ་སྨོས་པ་ནི་སྦྱིན་སྲེག་འདི་ཉིད་འབྲས་བུ་ལྷག་པར་ཆེ་བར་སྟོན་ཏོ། །བརྟུལ་ ཞུགས་གཙང་སྦྲ་མེད་ན་ཡང་། །བསྟན་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ལ། ཕྱིའི་བརྟུལ་ཞུགས་ལ་སྤྱོད་པ་ཡང་མེད་ལ་ཕྱིའི་གཙང་སྦྲ་མེད་དུ་ཟིན་ཀྱང་ཚུལ་འདི་བཞིན་དུ་སྤྱོད་པའི་རྣལ་འབྱོར་པ་ལ་ལྷ་རྣམས་ཀྱིས་བསྟན་པའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་ དགོངས་སོ། །ལྷག་པའི་ཚེར་འགྱུར་བ་ནི་ཚེ་དཔག་ཏུ་མེད་པར་འགྱུར་བའོ། །ཀུསྨཎྜཾ་ཞེས་བྱ་བ་བུམ་ཤའི་ས་བོན་དང་། མོན་སྲན་སྡེའུ་དང་། མོན་སྲན་གྲེའུ་དང་ཙ་ན་ཀ་དང་སྤྲ་ཚིལ་ཏེ་སྦྲང་རྩིའི་ཚིགས་མ་དང་། སྐེ་ཚེ་དང་། ཏ་མ་ལའི་ལོ་མ་ཆ་མཉམ་པར་བྱས་ཏེ། གང་གི་ དོན་དུ་བྱ་བའི་མིང་ནས་སྨོས་ཏེ། སྔགས་ཀྱིས་བསྐུལ་ལ་དེའི་ཁང་པའི་ཕྱོགས་གཅིག་ཏུ་བསྐུས་ན་ཇི་སྐད་བཤད་པ་བཞིན་དུ་འགྱུར་རོ། །ལེའུ་ལྔ་བཅུ་པའོ།། །།བླ་མའི་མན་ངག་དག་གིས་རང་བློ་ཕྱེ། །འདིར་བདག་མདོ་ཙམ་བརྩམས་པའི་བློ་སྐྱེས་གྱུར། །གལ་ཏེ་ངན་ ན་འཕགས་པས་དག་པར་མཛོད། །སེམས་འཁྲུལ་པས་འདི་རྣམ་པར་འཁོར་བར་འགྱུར། །གང་འདིར་ཕྱུགས་ཞེས་སྒྲུབ་པ་ལ་སོགས་པ། །བཤད་པ་དེ་ནི་ཚུལ་བཞིན་མི་ཤེས་ཤིང་། །དེ་བཞིན་ས་སྟེངས་སྐྱེ་བོ་དམན་པ་དག །སྡང་བྱེད་དམན་ཞིང་སྦྲུལ་ནག་ལྟ་བུ་ ཡིན། །བསོད་ནམས་འདི་ཡིས་འཁོར་ལོ་གསུམ་དག་པའི། །མཉམ་པར་བྱེད་པ་རྣམས་སུ་བདག་གྱུར་ཅིག །དེ་བཞིན་འདི་ཡིས་འགྲོ་བ་མ་ལུས་པ། །རྟག་ཏུ་སྡིག་པ་ཀུན་ལས་ངེས་གྲོལ་ཤོག །འདིར་ནི་འདི་རྩོམ་བྱེད་པ་དཔལ་ལྡན་ནི། །ལངྐར་སྐྱེས་པར་གྱུར་པ་གང་ ཡིན་པ། །རྒྱལ་བ་བཟང་པོ་ཞེས་བྱ་དེ་ལ་ནི། །དཔའ་བོ་རྣལ་འབྱོར་མ་རྣམས་བཟོད་པར་མཛོད། །བདེ་བར་གཤེགས་པའི་གནས་གྱུར་པ། །མཆོད་རྟེན་ལས་མཆོག་དག་གི་རྟེན། །ཆོ་འཕྲུལ་རྒྱུན་མི་འཆད་པ་ཡི། །དཔལ་ལྡན་མ་ཧཱ་བིམ་པར་བཤད། །བྱང་ཆུབ་མཆོག་ཏུ་བློ་མཆོག་མཁས་པའི་ གྲགས་པའི་རྒྱུ། །སྒྲོལ་མའི་གཙུག་ལག་ཁང་མཆོག་དག་ཏུ་གནས་བཅས་ཏེ། །གཞུང་འདི་དང་ནི་བསྟོད་དང་སྒྲུབ་པའི་ཐབས་དང་ནི། །དེ་ཡི་དཀྱིལ་འཁོར་ཆོ་ག་རབ་རྒྱས་བརྩམས་པ་ཡིན། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ། སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ་རྫོགས་སོ།། །། གཞུང་ཚད་བདུན་བརྒྱ་ཡོད་དོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་སརྦ་སཱ་དྷ་ནཾ་སནྣི་ནཱ་མ་ཊཱི་ཀཱ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གནས་པ་ཐམས་ཅད་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ། དཔལ་བདེ་མཆོག་འཁོར་ལོ་མཁའ་འགྲོ་མའི་ཚོགས་ དང་བཅས་པ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་མགོན་བཏུད་ནས། །བླ་མ་བརྒྱུད་རིམ་ལས་འོངས་པའི། །སྐུ་གསུམ་བདག་ཉིད་བདེ་བ་ནི། །དད་པས་ཅུང་ཟད་བྲི་བར་བྱ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་རྒྱུད་ནི་རྒྱུད་དེ་དེ་མ་ཐག་པ་དང་ལྡན་པའོ། །དེ་བས་ན་འདིའི་དེ་ནས་ ཞེས་པའི་སྒྲ་རྒྱུད་སྔ་མ་ལ་ལྟོས་པ་སྟེ། རྒྱུད་འདི་དེའི་དེ་མ་ཐག་པར་གསལ་ལོ། །གང་གི་ཕྱིར་མཚན་མངོན་པར་བརྗོད་པ་ཞེས་བྱ་བའི་རྒྱུད་སྟོང་ཕྲག་གསུམ་པར་འདི་སྐད་བདག་གིས་ཐོས་པ་ཞེས་པ་གསུངས་སོ། །དེ་བས་ན་འདིར་འདི་སྐད་ཅེས་པ་ལ་སོགས་པ་སྡུད་པ་པོའི་ཚིག་ རབ་ཏུ་མ་བཀོད་དེ་སྔ་མར་བཀོད་པ་ཉིད་ཀྱིས་ནའོ། །རྒྱུད་ཅེས་པ་ནི་བསྡུས་པ་སྟེ་དོན་མ་ལུས་པའོ། །དེ་ཡང་རྒྱུའི་རྒྱུད་དང་། འབྲས་བུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དོ། །རྒྱུད་ཅེས་པ་ནི་རིགས་ཏེ་འདི་ལ་སྒྲུབ་པ་པོ་རྣམས་ནི་ཤིན་ཏུ་རྙེད་དཀའ་བའོ། །ཐབས་ཀྱི་རྒྱུད་ཅེས་པ་ནི་སྔར་ སྙིང་པོའི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་རིམ་པས་བསྒོམ་པ་དང་། བཟླས་པ་དང་། གཏོར་མ་དང་། འཁྲུལ་འཁོར་དང་། སྔགས་དང་། རབ་ཏུ་སྦྱོར་བའོ། །འབྲས་བུ་ཞེས་པ་ནི་གཉིས་སུ་མེད་པར་གྱུར་པ་དག་གི་མི་རྒྱུ་བ་སྟེ། འདི་ལ་སེམས་འཇུག་པ་ནི་རིང་བ་ཉིད་ཀྱི་ཕྱིར་ རོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་འདི་ལ་སངས་རྒྱས་ཀྱི་ཆོས་རྣམས་གནས་པའི་དོན་གྱིས་སོ། །འདིའི་ཕྱག་རྒྱ་ཨ་ཀུན་རྫོབ་ཀྱི་རྣམ་པ་ལས་རིགས་ཐམས་ཅད་འབྱུང་བའི་དོན་ཏོ། །དཔལ་རྡོ་རྗེ་རྒྱན་གྱི་དཀྱིལ་འཁོར་གྱི་རྒྱུད་ལ་གསུངས་པ། རབ་འབར་མར་མེ་ལྟར་སྣང་བ། །སྙིང་གི་ དབུས་ན་མི་ཤིགས་པ། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། ཨ་ནི་གཙོ་བོ་དམ་པ་མཆོག །ཅེས་པ་དང་། ཡང་རྟོག་པའི་རྒྱལ་པོ་གཉིས་པོ་ལས་ཀྱང་གསུངས་པ། ལྟེ་བར་ཕྱག་རྒྱ་ཆེ་གནས་པ། །མར་མེའི་རྩེ་ལྟར་འབར་བ་ནི། །དང་པོའི་དབྱངས་ཀྱི་རང་བཞིན་ཏེ། དེ་ བློར་སངས་རྒྱས་རྣམས་ཀྱིས་བརྟགས། །ཞེས་པ་སྟེ། དེ་ནས་ཞེས་པ་ནི་བཤད་པ་འདི་ཐམས་ཅད་ཨར་འབྲེལ་བའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་ཞེས་པ་སྟེ། འདིའི་རིགས་མེད་པ་རྣམས་ལ་གསལ་བར་མི་བྱ་བས་སོ། །གསལ་བར་མི་བྱ་བ་དེ་ཅི་ཞེ་ན། སྦ་བར་འོས་པ་ བདུན་ཏེ། གསང་བ་ཞེས་པ་དེ་ཉིད་ཡུལ། །གསང་བ་རྣམ་རྒྱལ་འཁོར་ལོ་དང་། །གསང་བ་སྦ་བྱ་ཡང་དག་དངོས། །གསང་བ་གསང་བའི་པདྨ་དང་། །གསང་བ་རྣམ་རྒྱལ་དགའ་བ་དང་། །གསང་བ་ཐམས་ཅད་བསྡུས་པ་དང་། །གསང་བ་བར་ཆད་མེད་བདེ་བའོ། ། མདོར་བསྡུས་པ་ཞེས་པ་ནི་མདོར་བསྡུས་པ་སྟེ་གཞུང་གི་ཚད་ཡིན་གྱི་དོན་ནི་མ་ཡིན་ཏེ་སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམས་བསྡུས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་དེ་དག་སྡོམ་པས་མངོན་པར་བརྗོད་པ་ཡིན་ཏེ། ཐམས་ཅད་སྡོམ་ཞིང་འཛིན་ཞེས་པའི་དོན་ཏོ། །ཧེ་རུ་ཀ་ དཔལ་ཡང་དག་སྦྱོར། །ཞེས་པ་ནི་བདག་ཉིད་དཔལ་ཧེ་རུ་ཀ་ལ་ཕྱག་རྒྱ་རྡོ་རྗེ་ཕག་མོ་སྟེ་དེ་ཉིད་ཡང་དག་པར་སྦྱོར་བ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ལ་བྱའོ། །འདོད་པ་ཞེས་པ་ནི་འདོད་བྱ་སྟེ་དོན་ཕུན་སུམ་ཚོགས་པ་རྣམས་སྐྱེད་པར་བྱེད་པའི་དོན་ཏེ། འདིས་སངས་རྒྱས་རྡོ་རྗེ་འཛིན་པ་ཉིད་ འགྲུབ་པར་བྱེད་ཅེས་པའོ། །དེ་ལྟ་བུའི་འདོད་པའི་དོན་ཀུན་སྒྲུབ་པ་པོ་དེ་གང་ཡིན་ཞེ་ན། ཕྱི་མ་ལས་ཀྱང་ཕྱི་མ་སྟེ། ཞེས་པ་སྟེ། བླ་ན་མེད་པར་གསུངས་པའི་དོན་ཏེ། མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་བསམ་པས་ཕྱེ་བ་ལུས་རྟག་པར་ལྟ་བ་ལས་ཡང་དག་པར་སྦྱར་བའི་ཆོས་ ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་དེ་ལས་འདི་མཆོག་གི་ཕྱིར་ན་ཕྱི་མ་སྟེ། བླ་ན་མེད་པ་དེ་ཁོ་ན་ཉིད་རྟོགས་པའི་ཐུགས་སོ། །དེའང་སངས་རྒྱས་ཐམས་ཅད་དང་བཅས་པའི་རྡོ་རྗེས་སོ་སོ་རང་གིས་རིག་པའི་རང་བཞིན་ཚིག་གི་ལམ་གྱིས་དེ་དག་འཛིན་ཏོ། །དེའི་ཕྱིར་ན་དེ་ཉིད་དམན་པ་ བ་ནི་བསྐལ་པ་བྱེ་བ་བརྒྱས་ཀྱང་མི་འགྲུབ་པོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་པས་ནི་འཁོར་ཕུན་སུམ་ཚོགས་པ་གསུངས་ཏེ། མཁའ་འགྲོ་མ་ནི་ཌེ་བེ་ཧ་ཡ་ས་གཱ་མ་ནེ་ཞེས་བྱ་བ་སྟེ། ཌེ་ཞེས་པ་ནི་ནམ་མཁའ་ལ་འགྲོ་བའི་དོན་དུ་ སྟོན་ཏེ། ཨེ་དང་ཕྲལ་ནས་ཨཱ་དང་སྦྱར་བར་ཌཱ་ཉིད་དུ་འགྱུར་རོ། །ཌཱར་གྱུར་པས་ཌཱ་ནཾ་ཞེས་བྱ་བར་ལུགས་ཀྱིས་འགྱུར་ཏེ། ཌཱ་ནཾ་གི་དོན་ནི་ནམ་མཁའ་འགྲོ་བའི་དོན་ཏོ། །ཌཱ་ཞེས་བྱ་བའི་སྒྲ་འབའ་ཞིག་ནི་གསུམ་པ་སྟེ་དེས་མཐར་ཆགས་སུ་འགྲོ་བ་ནི་ཨ་ཀའོ། །འདི་ལ་ཐམས་ཅད་ ཀྱི་རྗེས་སུ་འགྲོ་བ་ནི་མཐར་ཆགས་ཀྱི་ས་འགྲོ་བའོ། །ཨ་ཀི་ཏུ་ཞེས་བྱ་བ་སྟེ། འདིའི་ངང་ཚུལ་མཁའ་ལ་འགྲོ་བས་འདི་དག་མཁའ་འགྲོ་མ་སྟེ། རྫུ་འཕྲུལ་གྱི་སྐུ་བྱེ་བ་ཁྲི་ཕྲག་བརྒྱད་སྟོང་དུ་ལྡན་པས་ཅིག་ཅར་ཐམས་ཅད་དུ་འགྲོའོ་ཞེས་པའི་དོན་ཏོ། །དྲ་བ་ནི་དེའི་དྲ་བ་སྟེ། བསྡུས་པ་ཞེས་བྱ་བའི་དོན་ཏོ། །སྡོམ་པ་ནི་བདེ་མཆོག་གོ། །དེ་རྣམས་ཀྱི་ལྷན་ཅིག་ཏུ་སྐད་ཅིག་སྐད་ཅིག་ཡང་དག་པར་མཉེས་པར་བྱ་བ་ཡིན་པའི་ཕྱིར་རོ། །གསང་བ་ཞེས་པ་ལ་སོགས་པས་ནི་སྟོང་པའི་བདག་ཉིད་ཡི་གེ་བཅུ་དྲུག་པོ་དེ་དག་ཐམས་ཅད་ཀྱི་སྒྲས་བསྟན་པར་བྱ་སྟེ། ར་ནི་ ཁྲག་གི་ཁམས་ཡིན་ནོ། །ཧ་ནི་རི་སུལ་ཞེས་བྱ་བ་སྟེ། རི་སུལ་ཞེས་བྱ་བ་མགོ་བོར་རོ། །སྱེ་ནི་དྲིའི་བར་བུ་སྟེ། ཇི་ལྟར་ལུས་ལ་དྲི་གནས་པའོ། །བ་ནི་སྤྲིན་གྱི་ཤུགས་ཡིན་ནོ། །ར་ནི་དེ་བཞིན་དྲི་རུ་གསུངས། །མེ་ནི་དེ་བཞིན་མེ་ཏོག་གོ། །ར་ནི་དེ་བཞིན་ལན་ཚྭར་རོ། ། མེ་ནི་དེ་བཞིན་ཤ་རུ་གསུངས། །ས་ནི་དེ་བཞིན་སྦྱོར་བ་ཉིད། །ར་ནི་དེ་བཞིན་སེན་མོའོ། །མེ་ནི་དེ་བཞིན་རྐང་དུའོ། །ནེ་ནི་དེ་བཞིན་དྲི་ཡི་མར། །ས་ནི་དེ་བཞིན་སེན་མོར་གནས། །དཱ་ནི་རྒྱ་མཚོར་སྐྱེས་པའོ། །སྟི་ནི་ཁ་བའི་སྙིང་པོའོ། །ཏཾ་ནི་ག་པུར་ཞེས་བྱའོ། །ཡང་ན་ཐམས་ཅད་ མཁྱེན་པ་ཀུན་དུ་འགྲོ་བ་ཕྲ་མོ་གཅིག་པུ་སྟེ་ཐུགས་ཀྱི་གསང་བ་ལ་སོགས་པ་མཉམ་པ་ཉིད་སྒྱུ་མ་སྟོང་པ་རང་བཞིན་སེམས་ཀྱི་ངོ་བོ་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཤེས་རབ་མཆོག་ཅེས་བྱ་བར་བཤད་དེ་གསང་བ་ཞེས་བྱ་བ་དེ་ལྟར་བཤད་དོ། །མཆོག་ ཅེས་བྱ་བ་ལ། མཆོག་གི་དོན་ནི་དེ་ཉིད་ཀྱི་ཆོས་ཀྱི་སྐུར་བཤད་དོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྣམ་པར་གསལ་བ་ནི་འདིར་དགྱེས་པར་གསུངས་སོ། །བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོ་བསམ་གྱིས་མི་ཁྱབ་པ་ལྷན་ཅིག་སྐྱེས་པ་དགའ་བ་ སྒྲོན་མ་ལྟ་བུ་དེ་ཉིད་ནི་ཐམས་ཅད་ཀྱི་བདག་ཉིད་དེ་དབང་པོ་ཐམས་ཅད་དང་རྣམ་པར་ཤེས་པ་ནི་ཐམས་ཅད་ནས་ཐམས་ཅད་དུ་སེམས་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་འདི་ཉིད་དུ་གསུངས་ཏེ། ཤེས་རབ་དང་རྟོག་པ་དང་བློ་ཞེས་བཤད་དོ། །རྟག་པ་ཞེས་པ་ནི་འདས་པ་དང་མ་འོངས་པ་དང་ ད་ལྟར་གྱི་དུས་ཀྱི་བདག་ཉིད་ཅན་གྱི་མཆོག་སྟེ། དེ་ཡང་སྐྱེ་ཞིང་འཇིག་པ་དང་། བྲལ་བ་དང་ཁྱབ་པ་ཉིད་དང་སྐུ་རྡོ་རྗེ་ཉིད་དང་རྣམ་པ་མེད་པ་ཉིད་དང་རྟག་ཏུ་གསལ་བར་སྐྱེ་བ་ཉིད་དང་དུས་ཐམས་ཅད་པ་ཉིད་དོ་ཞེས་གསུངས་པར་འགྱུར་རོ། །བཞུགས་ཞེས་པ་ནི་དངོས་པོ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་ ཁམས་ཐམས་ཅད་ལ་དུས་ཐམས་ཅད་དུ་ལུས་ཐམས་ཅད་ལ་སེམས་ཀྱི་རྒྱུན་གྱིས་མཉམ་པར་ཁྱབ་པར་བཞུགས་པ་སྟེ། འདི་ལྟར་ཉོན་མོངས་པ་ཟད་པ་དང་། བསམ་གྱིས་མི་ཁྱབ་པ་དང་། དྲི་མ་མེད་པ་དང་། བདག་གི་བ་མེད་པ་དང་། རང་བཞིན་སྟོང་པ་དང་། ནམ་མཁའ་དང་ མཉམ་པ་དང་། དངོས་པོ་དང་། དངོས་པོ་མེད་པ་རྣམ་པར་སྤངས་པ་དང་། ཐོག་མ་དང་ཐ་མ་མེད་པ་དང་ཞི་བ་དང་། ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཏུ་སྐུ་གསལ་ཞིང་ཐམས་ཅད་ཀྱི་རང་བཞིན་འཛིན་པ་དང་། བདེན་པ་གཉིས་མཉམ་པའི་གནས་དང་། ཇི་ལྟར་ཤིང་གི་གཞི་ལ་མེའི་ས་བོན་ཁྱབ་ པར་གནས་པ་དང་། ཇི་ལྟར་ཏིལ་ལ་མར་ཁུ་ལྟ་བུར་དེ་བཞིན་དུ་ཁམས་ཐམས་ཅད་ལ་ཁྱབ་པར་བཞུགས་པའི་ཕྱག་རྒྱ་ཆེན་པོའང་རྗེས་སུ་རྟོགས་པ་སྟེ། འདི་དག་གི་དགོངས་པ་ནི་དེ་ལྟ་བུའོ། །མཁའ་འགྲོ་ཀུན་དངོས་སེམས་དཔའ་སྟེ། ཞེས་པ་ལ། མཁའ་འགྲོ་ཀུན་ དངོས་ཞེས་པའི་སྒྲ་ནི་རབ་ཏུ་གཏུམ་མོ་ལ་སོགས་པར་གསུངས་སོ། །དེའི་རྡུལ་ཕྲ་རབ་ཡོངས་སུ་བསྡུས་པའི་རང་གི་ངོ་བོའི་ཕྱིར་དངོས་ཞེས་སོ། །དེ་གང་ཞེ་ན། སེམས་དཔའ་ཞེས་པ་སྟེ། བརྟན་པ་དང་གཡོ་བ་གཉིས་ཀྱིས་ཕྱེ་བས་ནའོ། །འདི་སྐད་དུ་ཡང་། གཡོ་བ་སེམས་ཅན་ ཞེས་བྱར་བཤད། །བརྟན་པ་ལ་སོགས་སྣོད་ཉིད་དོ། །ཞེས་པའི་ཚིག་འདིའོ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་པ་ལ་རྡོ་རྗེ་ནི་མི་ཕྱེད་པ་སྟེ། དེ་རྡོ་རྗེ་དང་འདྲ་བའི་ཆོས་ཉིད་ཀྱིས་ན་གཞན་འབིགས་པ་ཉིད་ཀྱི་ཕྱིར་རོ། །སེམས་དཔའ་ནི་བདེ་བའི་དངོས་པོ་སྟེ་དངོས་པོ་ ཐམས་ཅད་གཅིག་པ་ཉིད་དུའོ། །རྡོ་རྗེ་སེམས་དཔའ་ཞེས་པ་ལ་རྡོ་རྗེ་དང་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །བདེ་བའི་ངོ་བོ་དང་བདེ་བ་མ་ཡིན་པའི་ངོ་བོ་གཉིས་ཀ་བདེ་བ་སྟེ་རྡོ་རྗེ་སེམས་དཔར་བཤད་དོ། །འདི་ནི་རང་འབྱུང་བཅོམ་ལྡན་དཔལ། །ཞེས་པ་ལ། འདི་ནི་ཞེས་པ་ནི་ ངེས་པར་གཟུང་བའོ། །དེ་ཉིད་འདི་ལྟར་བརྟན་པ་དང་གཡོ་བའི་འགྲོ་བ་མ་ལུས་པར་རང་ཉིད་འགྱུར་བ་ནི་རང་འབྱུང་བཅོམ་ལྡན་ནོ། །བཅོམ་ལྡན་ཞེས་པ་ལ་བཅོམ་པ་འདི་ལ་ཡོད་པས་ན་བཅོམ་ལྡན་ཏེ་བཅོམ་ལྡན་གྱི་སྒྲ་ནི་དབང་ཕྱུག་ལ་སོགས་པ་དྲུག་དང་ལྡན་པས་ནའོ། །ཡང་ན་ བཅོམ་པས་ན་བཅོམ་ལྡན་དུ་གསུངས་ཏེ། ཉོན་མོངས་པའི་བདུད་ལ་སོགས་པ་བཅོམ་པ་སྟེ། ཤེས་རབ་ཀྱིས་ཉོན་མོངས་པ་བཅོམ་པའོ། །དེའི་ཕྱིར་ན་ཉོན་མོངས་པ་ཤེས་རབ་ཀྱིས་བཅོམ་པ་ཞེས་གསུངས་སོ། །དཔལ་ཞེས་པ་ནི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱི་ ཕྱིར་ནའོ། །མཁའ་འགྲོ་མའི་དྲ་བ་ཞེས་པ་ནི་ཀུན་བསྡུས་པའོ། །རྩའི་འཁོར་ལོའི་གཟུགས་ཀུན་རྫོབ་པ་ནི་སྡོམ་པ་སྟེ་བདེ་བའི་མཆོག་ལ་གསུངས་སོ། །ཡང་ན་ཕྱི་མ་ལས་ཀྱང་ཞེས་པ་ལ་སོགས་པ་ནི་མཆོག་གི་ཁམས་བཅུ་དྲུག་སྟེ། དེའི་ཕྱིར་ན་ཕྱི་མ་ཞེས་པ་ནི་དཔའ་ བོ་ཉི་ཤུ་རྩ་བཞི་ལ་བྱའོ། །དེའི་དྲ་བ་ནི་ཚོགས་སོ། །དེ་དག་ཉིད་རྩའི་རང་བཞིན་གྱིས་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་ཀྱི་ཕྱིར་ན་སྡོམ་པའོ། །ཤིན་ཏུ་སྦས་པ་འདི་དག་བཤད་པའི་དབྱེ་བ་གསུངས་པ་ནི་ཇི་ལྟ་བར་གྱུར་པའི་གསང་བ་ཞེས་པ་ནི་ཨེ་ཝཾ་སྟེ་འདི་སྐད་ཅེས་པའོ། །མཆོག་ཅེས་པ་ནི་མ་ཡཱ་ སྟེ་བདག་གིས་ཤེས་སོ། །དགྱེས་པ་ཞེས་པ་ནི་ཤྲུ་ཏཾ་སྟེ་ཐོས་པ་ཞེས་སོ། །ཐམས་ཅད་དང་བདག་ཉིད་དུ་ཞེས་པའི་བདུན་པ་འདི་ནི་བདག་ཉིད་ཀྱིས་ཞེས་གསུམ་པར་སྦྱར་རོ། །དེས་ན་བརྒྱུད་པ་ལས་མ་ཡིན་ནོ་ཞེས་པའི་དོན་ཏོ། །དུས་གཅིག་ན་ཞེས་པ་རྟག་ཏུ་བཞུགས་ཞེས་པ་འདིའོ་སྟེ། གང་ན་རྟག་པར་བཞུགས་པའི་དུས་ན་ཞེ་ན། གནས་སྐབས་གང་དང་གང་ན་ཅི་དང་ཅིར་བདེ་བ་ཆེན་པོར་གནས་པའོ། །དེ་གང་ཡིན་ཞེ་ན། འདི་ནི་རང་འབྱུང་བཅོམ་ལྡན་དཔལ། །ཞེས་པར་སྦྱར་རོ། །ཡང་ན་གསང་བ་ནི་སའི་ཁམས་སོ། །དེ་བཞིན་དུ་མཆོག་ནི་ཆུའོ། །མེ་ནི་དགྱེས་པར་ བཤད་དོ། །ཐམས་ཅད་བདག་ཉིད་ནི་རྟག་ཏུ་འགྲོ་བར་རོ། །རྟག་ཏུ་བཞུགས་ནི་ནམ་མཁའི་ཁམས་སུའོ། །གང་སེམས་ཅན་ཐམས་ཅད་ཀྱི་ཁམས་རྣམས་ཉིད་ནི་མཁའ་འགྲོ་མ་ཐམས་ཅད་ཀྱི་ངོ་བོའོ། །དེ་ཉིད་ཀྱང་རྡོ་རྗེ་སེམས་དཔའ་སྟེ། མཆོག་དང་བླ་ན་མེད་པ་དང་བདེ་བ་ དང་བདེ་བ་ཆེན་པོའོ། །བཤད་པ་འདིར་བཅོམ་ལྡན་འདས་དེ་ལྟར་གྱུར་པ་དང་འབྲེལ་ལོ། །འབྱུང་གནས་སྒྲ་ལས་ངེས་འབྱུང་རྣམས། །དམ་ཚིག་སྤྱོད་ཡུལ་ལྡན་པ་རྣམས། །ཞེས་པ་ལ། སཾ་ཞེས་པ་ནི་བདེ་བ་སྟེ་དེ་འདོད་ཆགས་ཆེན་པོའི་རྗེས་སུ་འགྲོ་བའི་ཕྱིར་ན་སྲིད་པའོ། ། དེ་བས་ན་སྒྲའི་རང་བཞིན་ཏེ། རྡོ་རྗེ་ནོར་བུའི་དབུས་སུ་ཡི་གེ་ཧཱུཾ་སྒྲའི་རང་བཞིན་གྱི་རྣམ་པར་འབྱུང་བ་ཁམས་གསུམ་མ་ལུས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སོ། །དེ་རྣམས་ཀྱི་དམ་ཚིག་ནི་སྤྱོད་པ་ལ་གསུངས་ཏེ་རྡོ་རྗེ་དང་པདྨ་མཉམ་ཞིང་མཉམ་པར་སྦྱོར་བའོ། །ཡུལ་དང་དབང་ པོའི་སྐྱེ་མཆེད་བཅུ་གཉིས་པོའི་སྤྱོད་པའི་སྤྱོད་ཡུལ་ཏེ་རིག་པའི་བདག་ཉིད་ཀྱི་རང་བཞིན་གྱིས་རང་གི་སེམས་ཀྱི་སྤྱོད་ཡུལ་ཐོབ་པ་རྣམ་པར་ཤེས་པའི་མཚན་ཉིད་དོ། །ཐོག་མ་ཞེས་པ་ནི་གསང་བ་སྟེ་སྒྲིབ་པ་ལྔ་སྤངས་པ་ནམ་མཁའ་ལྟར་དག་པ་དབུས་དང་མཐའི་དྲི་མ་མེད་པ་གདོད་མ་ནས་དེ་ ལྟ་བུ་ཉིད་དུ་གནས་པའི་ཡེ་ཤེས་འཁྲུལ་པ་བསལ་བ་ཙམ་སྟེ་རང་བཞིན་གྱིས་དག་པ་ཉིད་ཀྱི་ཕྱིར་རོ། །གཙུབ་གཏན་གཙུབ་ཤིང་ཡང་དག་པར་སྦྱོར་བ་ཇི་ལྟར་དེ་བཞིན་དེ་ཞེས་པ་ནི་འདི་ལྟ་སྟེ། གཙུབ་ཤིང་དང་གཙུབ་གཏན་དང་མིའི་ལག་པ་བསྐྱོད་པ་ན་དུ་བ་རབ་ཏུ་འབྱུང་བར་ འགྱུར་ཞིང་མེ་མངོན་པར་འཐོན་ཀྱང་མེ་དེ་ནི་གཙུབ་ཤིང་ལ་ཡང་མ་ཡིན་གཙུབ་གཏན་ལ་ཡང་མ་ཡིན་སྐྱེས་བུའི་ལག་པ་དག་ལ་ཡང་མ་ཡིན་ཞིང་ཡོངས་སུ་བཙལ་ན་གཅིག་ལ་ཡང་མི་གནས་སོ། །དེ་ལྟར་ན་ཡང་མི་གནས་པ། ཇི་ལྟ་བར་གཙུབ་གཏན་ཏེ་ཆོས་འབྱུང་དུ་གསུངས་པ་དང་ གཙུབ་ཤིང་སྟེ་རྡོ་རྗེར་གསུངས་པ་ཡང་དག་པར་སྦྱོར་བ་ལས་དེ་བཞིན་དུ་ཡེ་ཤེས་བདུད་རྩི་ལྟ་བུར་གྱུར་པ་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་པོ་ཤེས་རབ་ཀྱི་ལུས་ལས་སྐྱེས་པའི་ཡེ་ཤེས་ནམ་མཁའ་དང་མཉམ་པ་ཐབས་དང་ལྡན་པ་དབང་བསྐུར་བ་ལས་ཤེས་པ་ཡང་དག་པར་ གཅིག་པུ་སྟེ་བདེ་བ་ཆེན་པོའི་དངོས་པོའོ། །སྔགས་བཟླས་བསམ་གཏན་སོགས་ལྡན་པས། །རྒྱུད་ལས་གསུངས་པ་མཉན་པར་གྱིས། །ཞེས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལ་བོད་པའོ། །རྒྱུད་ཅེས་པའི་སྒྲ་ནི་རྡོ་རྗེའི་ཚིག་གིས་ངེས་པར་གསུངས་པའི་ གཞུང་མ་ལུས་པ་འདི་ལྟ་སྟེ། དེ་ནས་ཞེས་པ་ལ་སོགས་པ་ནས་བརྩམས་ནས་རྫོགས་པ་ཞེས་བྱ་བ་ཇི་སྲིད་པའི་བར་དུ་སྟེ། འདི་བསྡུས་ཤིང་རྒྱས་བཏབ་པའོ་ཞེས་པའི་དོན་ཏོ། །ཡིད་སྐྱོབ་ཏུ་གྱུར་པའི་ཕྱིར་ན་སྔགས་ཏེ་ཤེས་པ་ལ་བྱའོ། །བསམ་གཏན་ནི་སེམས་རྩེ་གཅིག་པའི་ མཚན་ཉིད་དོ། །ཡང་ན་སྔགས་ཞེས་པའི་སྒྲ་ནི་ཨཱ་ལི་ཀཱ་ལིར་བརྟགས་པ་ལས་འཛབ་ཏུ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཆེན་པོར་སྦྱོར་བས་ན་རྣལ་འབྱོར་གྱི་དབང་ཕྱུག་བདག་པོ་རང་ཉིད་དོ། །བྱང་ཆུབ་ཀྱི་སེམས་འདི་ནི་རྡོ་རྗེ་སྟེ་སངས་རྒྱས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་ཀྱི་ཕྱིར་ ནའོ། །སོགས་པ་ཞེས་པ་དང་འཇིག་རྟེན་གསུམ་ཞེས་པ་ནི་ཤིན་ཏུ་གོ་སླའོ། །བར་མ་མཆོག་དང་དབུགས་འབྱིན་པས། །ཞེས་པ་ལ། བར་མ་ནི་བུ་མོ་ལོ་གྲངས་བཅུ་གཅིག་མའི་པདྨ་ལ་སོར་མོ་དང་པོས་བསྐྱོད་པའི་ཕན་པའི་བཅུད་ཀྱིས་ལེན་ལས་ཕན་པར་འགྱུར་བའོ། །གཉིས་ པ་ནི་ལོ་གྲངས་བཅུ་གཉིས་མའི་བདེ་བའི་དམ་ཚིག་གི་དོན་གྱིས་སོ། །གསུམ་པ་ནི་ལོ་གྲངས་བཅུ་དྲུག་མའི་མེ་ཏོག་ལ་རྟག་ཏུ་སྔགས་ལ་གོམས་པས་སོ། །བཞི་པ་ལོ་གྲངས་ཉི་ཤུ་མ་ནི་མཆོག་སྟེ། ནམ་མཁའ་ལ་སྤྱོད་པ་རྫོགས་པར་བྱེད་དོ། །ལོ་གྲངས་ཉི་ཤུ་ལྔ་པ་ནི་དབང་ བསྐུར་བའི་དོན་ཇི་སྲིད་པ་སྟེ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་རྣམ་པར་དག་པ་གོ་རིམས་བཞིན་དུ་བལྟའོ་ཞེས་པའོ། །དབུགས་འབྱིན་པས་ཞེས་པ་ནི་རང་གི་ལྷག་པའི་ལྷ་ལ་རབ་ཏུ་ཕྱོགས་པས་སོ། །རབ་ཏུ་སྦྱངས་པའི་བཙུན་མོ་སྤྱོད་པའི་རྗེས་སུ་འཇུག་པ་དང་བཅས་པ་ནི་རིགས་ལྡན་ མ་སྟེ་རིགས་ཀྱི་བུ་མོའོ། །གཞན་བྱང་ཆུབ་ཀྱི་སེམས་བསྐྱེད་པས་འདུས་བྱས་པ་དག་ཀྱང་ཡང་དག་པར་གཟུང་བར་བྱའོ། །དྲིའི་ཞེས་པ་ནི་མེ་ཏོག་སྣ་ཚོགས་པ་ལ་སོགས་པ་དང་རས་དང་རྒྱན་ལ་སོགས་པས་རྣམ་པར་བརྒྱན་པར་བྱའོ། །ཆུ་དང་བཅས་ཞེས་བྱ་བ་ནི་རྣམ་པ་སྣ་ ཚོགས་པའི་ཆང་དུ་ཤེས་པར་བྱ་སྟེ། རླུང་དང་མཁྲིས་པ་དང་བད་ཀན་སྐྱེ་བ་རྣམས་ཀྱི་རིམ་པ་བཞིན་དུ་ཕན་པའི་ཕྱིར་ན་བསྟན་ཞེས་པའོ། །དེ་དག་སྦྱིན་ཞིང་ཡང་དག་པར་མཆོད་ན་མཆོད་པའི་བདག་ཉིད་དུ་འགྱུར་ཏེ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཆོག་ཏུ་དགའ་བའི་སྐུ་ ཕྱོགས་བཅུར་གསལ་བ་ཡེ་ཤེས་སྣང་བའི་སྒྲོན་མས་མངོན་པར་རྫོགས་པར་བྱང་ཆུབ་པས་སོ། །ནི་ཞེས་པའི་སྒྲ་ནི་ངེས་པར་ཤེས་པར་བྱ་བའི་དོན་དུ་བལྟའོ། །རྟག་ཏུ་ཞེས་པ་ནི་བར་མ་ཆད་པར་དེ་ཁོ་ན་ཉིད་མཆོག་ཏུ་བསྒོམ་པའོ། །ཡང་ན་དབུགས་འབྱིན་པས་ཞེས་པ་ནི་སྣ་བུག་ གཡས་གཡོན་གཉིས་ཀྱི་དབུགས་རྣམས་ལྟེ་བའི་རྩ་བར་དེ་རྣམས་ཀྱི་ཡང་དག་པར་ཕྲད་པའི་དུས་ན་ཕྱག་རྒྱ་མཆོག་ཉིད་མི་འགྱུར་བའོ། །ཡང་ན། འབྲིང་དང་དམ་པ་མཉམ་པ་ཡིས། །ཞེས་གཞན་དུ་འདོན་ཏོ། །དེའི་དོན་སྨྲས་པ། ཐོག་མ་དང་ཐ་མ་གཉིས་ཏེ། ཐོག་མ་ནི་བྱིས་པའོ་ ཐ་མ་ནི་ལ་ཁྱོགས་པའོ། །དེ་དག་གི་བར་མར་གྱུར་པ་ནི་དབུ་མ་སྟེ་མེ་ཏོག་ཅན་ནོ། །དེས་ན་འབྲིང་དང་དམ་པ་ལས་མཉམ་པ་ནི་ཡོན་ཏན་ཏེ་དེས་མཚོན་པར་བྱེད་དོ། །དེས་ན་གསུངས་པ། དྲི་ཆུ་དང་ནི་བཅས་པ་ཡིས། །ཞེས་པས་ནི་དྲི་ཆུ་དང་བཅས་པའི་མེ་ཏོག་གོ། །དེས་ལྡན་པ་ནི་ ག་པུར་རོ། །དེ་ལྟ་བུར་གྱུར་པའི་རིགས་ལྡན་ལ་མཆོད་པར་བྱའོ་ཞེས་པའོ། །དུས་ཁྱད་པར་གྱི་ཞེས་པས་ནི་དུས་ཚོད་ཀྱི་འབྲེལ་བ་གསུངས་ཏེ་དེའི་འདོད་ཆགས་ལ་སོགས་པ་ཡོངས་སུ་འཇུག་པ་ཉིད་ཀྱི་ཕྱིར་ན་མི་འདོར་རོ། །སྔ་དྲོ་ནི་སྔ་དྲོའི་དུས་སུ་ངེས་པའི་ཕྱིར་ན་ དེ་དང་འདྲ་བའི་དུས་ཚོད་དྲུག་ཏུ་སྦྱར་བ་གསུངས་པ་ནི་སོ་ག་དང་ཆར་པ་དང་སྟོན་དང་དགུན་སྟོད་དང་དགུན་སྨད་དང་དཔྱིད་དང་། ཡིད་འཁྲུགས་པ་རྣམས་ཡང་དག་པར་འོང་བའི་དུས་ཚོད་གསལ་བར་རབ་ཏུ་ཤེས་ནས་ལས་ཐམས་ཅད་ཡང་དག་པར་བརྩམ་པར་གསུངས་སོ། །སྔ་དྲོ་ དང་པོ་ནི་དགུན་སྨད་ཀྱི་དུས་སོ། །སྔ་དྲོ་འབྲིང་པོ་ནི་དཔྱིད་ཀྱི་དུས་སོ། །གུང་ཡོལ་ནི་ཆར་པའི་དུས་སུ་མཁས་པས་ཤེས་པར་བྱའོ། །ཉིན་གུང་ནི་བློ་དང་ལྡན་པས་སོ་གར་ཤེས་པར་བྱའོ། །སྲོད་ནི་དེ་བཞིན་དུ་སྟོན་ཏོ། །ནམ་ཕྱེད་ནི་དགུན་སྟོད་ཀྱི་དུས་སོ། །དེ་རྣམས་ཀྱི་རང་བཞིན་ ཡོངས་སུ་ཤེས་པའི་ཕྱིར་ན་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྒྱལ་བ་རྣམས་ཏེ་གསུངས་པ། །རྡོ་རྗེ་སེམས་དཔའ་དགུན་སྨད་དེ། །དཔྱིད་ནི་ཐུབ་པ་རྣམ་སྣང་མཛད། །རྟ་མཆོག་དཔལ་ནི་སོ་གའོ། །ཆར་དུས་དེ་བཞིན་ཧེ་རུ་ཀ །སྟོན་ནི་རྡོ་རྗེ་ཉི་མ་སྟེ། །པདྨ་རྣམ་རྒྱལ་དགུན་སྟོད་དོ། ། སྒྲོན་མ་བཟང་པོ་སོ་གའི་དུས། །དེ་བཞིན་ཆུ་ནི་ཆར་པའི་དུས། །སྟོན་གྱི་དུས་ནི་མར་ཁུའོ། །ཀྱེ། དགུན་སྟོད་དེ་བཞིན་མེ་ཏོག་གོ། །དགུན་སྨད་དུས་ནི་ག་པུར་གྱིའོ། །དེ་བཞིན་བཞི་ཆ་མཉམ་པ་དཔྱིད། །ཅེས་སོ། །དེ་རྣམས་ནི་རྣལ་འབྱོར་པའི་སྨན་ཆེན་པོ་སྟེ་དུས་ཚོད་དྲུག་ཏུ་ ཡོངས་སུ་ཤེས་པར་བྱའོ། །འདི་འདྲ་བའི་དུས་ཀྱི་མཆོད་པ་ནི་མི་མཉམ་སྟེ་རྣལ་འབྱོར་པ་ཐམས་ཅད་ལ་དམ་པའོ། །དེ་ལྟ་བུའི་རང་གི་ངོ་བོ་རྫོགས་པར་འགྱུར་བའི་རྣལ་འབྱོར་པ་ལ་རྡོ་རྗེ་རྣལ་འབྱོར་མ་ཐམས་ཅད་དང་། རྣལ་འབྱོར་པ་དང་མཁའ་འགྲོ་མ་རྣམས་མཉེས་ནས་ཀུན་ ནས་འདུའོ། །ཕོ་ཉ་ཞེས་པ་ནི་དེ་ལྟར་མཆོད་པས་ཕོ་ཉ་རྣམས་ངེས་པར་མཉེས་པར་འགྱུར་ཏེ། མཆོག་དང་འབྲིང་དང་ཞེས་པ་ལ་སོགས་པ་སྔོན་དུ་གསུངས་སོ། །དེ་ཡིས་གང་བསྐྱེད་པ་དང་བཅས་པ་དེ། ཡིད་ནི་ནང་དུ་ཆུད་པ་ཡིས། །ཞེས་པ་ནི་བསྒོམ་པར་བྱ་བ་སྟེ། དེ་ཉིད་དེའི་ རང་བཞིན་གྱི་ཕྱིར་ནའོ། །འདོད་པའི་དངོས་གྲུབ་ཅེས་པ་ནི་རྡོ་རྗེ་འཛིན་པར་གྲུབ་པར་རོ། །ཉིད་ཅེས་པའི་སྒྲ་ནི་ངེས་པར་གཟུང་བའོ། །རང་རྫས་ཞེས་པ་ནི་ག་པུར་རོ། །མཆོད་པར་བྱ་ཞེས་པ་ལ་སོགས་པ་ནི་དོན་ཇི་ལྟ་བ་ཉིད་དོ། །སྦྲང་རྩི་ནི་མར་ཆེན་པོའོ། །ཁྲག་ཅེས་པ་ནི་མེ་ཏོག་གོ། །ག་ བུར་བཅས་ཞེས་པ་ནི་ག་པུར་དང་ལྷན་ཅིག་བསྲེས་པ་འདི་ནི་མེ་ཏོག་སྟེ། རིམ་པར་དབྱེ་བ་མེད་པས་སོ། །དམར་དང་ཙནྡན་སྦྱར་བ་དག །ཅེས་པ་ལ། དམར་དང་ཙནྡན་ནི་ཤའོ། །སྦྱར་བ་དག་ཅེས་པ་ནི་བཤང་བ་ལ་སོགས་པ་དང་ལྷན་ཅིག་པར་བདུད་རྩི་རོ་མཆོག་དྲུག་པ་དཔག་ཏུ་མེད་ པའོ། །རྡོ་རྗེ་མཚན་མ་ཞེས་པ་ནི་ཆོས་འབྱུང་བར་གཞག་པའོ། །དེ་ནས་ཐམས་ཅད་རྡོ་རྗེ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའོ། །དེའི་མཚན་མ་ནི་མཚན་མ་ཐོབ་པ་སྟེ་དེ་ལ་རང་གི་ལག་པས་བླངས་ཏེ་མྱོང་བའོ། །སྲིན་ལག་ནི་སའོ། །མཐེ་བོང་ནི་རི་རབ་ཏུ་སྦྱར་ཏེ་དཀྲུགས་ལ་ རང་བྱུང་གི་བྱང་ཆུབ་རྣམ་པ་གསུམ་གྱིས་ཤེས་པར་བྱའོ། །འོ་མ་དང་ཆུ་དང་བདུད་རྩི་ལྟ་བུར་རོ། །དེ་ཡང་ཨོཾ་ཧ་ཧོཿཧྲཱིཿཞེས་པ་སྟེ་ཡི་གེ་ཧས་ནི་ཁ་དོག་འཇོམས། ཡི་གེ་ཧོཿས་ནི་དྲི་ཉིད་སེལ། །ཡི་གེ་ཧྲཱིཿས་ནི་འབར་བར་སྦར། །དག་བྱེད་རབ་ཏུ་འཚེད་པའོ། །བློ་དང་ལྡན་ པས་དེ་ལྟ་བུའི། །བདུད་རྩི་མྱངས་པའི་རྒྱུས་འགྲུབ་པོ། །དེ་ཡང་དང་པོར་བླ་མ་ལ་འབུལ་ལོ། །དེའི་རྗེས་སུ་རྡོ་རྗེ་ཧེ་རུ་ཀ་ལ་ཕུལ་ལ་དེ་ནས་ཕྱག་རྒྱ་ལ་བྱིན་ཏེ་བདག་ཉིད་ཀྱིས་མྱང་ངོ་། །དེ་ཡང་བདུད་རྩི་ལྔའི་སྙིང་པོ་ཡང་དག་པར་སྦྱར་བ་འདི་སྤྱོད་པ་ནི་རྡོ་རྗེ་འཛིན་པ་ཉིད་ལྟ་བུར་བལྟའོ། །ཡང་ན་ ག་པུར་བཅས་ཞེས་པ་ནི་བྱང་ཆུབ་སེམས་དང་བཅས་པའོ། །ཚོགས་དབུས་སུ་ནི་རབ་གཞག་ལ། །ཞེས་པ་ལ་སོགས་པ་ལ། ཚོགས་ནི་མིག་ལ་སོགས་པའི་དབང་པོའི་ཚོགས་ཐམས་ཅད་དང་ཐབས་ཀྱི་དབང་པོ་དང་བདུན་དུ་བགྲང་བའི་ཚོགས་ཏེ་དེ་རྣམས་སུ་འདུས་པའོ། །ཐབས་ ཉིད་གང་ཞེ་ན། སྲིན་ལག་མཐེ་བོང་དག་ཁ་སྦྱར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྲིན་ལག་ནི་པདྨའོ། །མཐེ་བོང་ནི་རྡོ་རྗེའོ། །དེ་དག་གི་ཁ་སྤྲད་པ་ནི་དེ་གཉིས་ཏེ། དེ་ལྟ་བུའི་སྦོམ་པོ་དང་ཐ་ལྟག་སྤྲད་པ་དག་རང་རིག་ཏུ་བལྡག་ཅིང་མྱང་ངོ་ཞེས་པའི་དོན་ཏོ། །མཆོད་བཞི་དེ་བཞིན་ རྣལ་འབྱོར་རྣམས། །ཞེས་པ་ནི་འདི་ལྟ་སྟེ། རྡོ་རྗེའི་གྲྭ་བཞིར་འདི་དག་སྟེ། དང་པོ་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་འདུས། །གསུམ་པ་གཟུགས་ཉིད་རྫོགས་པ་སྟེ། །བཞི་པ་ཡིག་འབྲུ་དགོད་པའོ། །ཞེས་གསུངས་པས་ན། །བུམ་པ་བཞིའི་སྟེང་ དུ་ཐོད་པ་བཞི་བཞག་པའོ། །དེ་བཞིན་རྣལ་འབྱོར་མ་ཞེས་པ་ནི་ཕྱོགས་བཞིའི་མཁའ་འགྲོ་མ་ལ་སོགས་པ་སྟེ་དེ་རྣམས་ཀྱིས་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་ལ་མཆོད་པར་བྱེད་དོ་ཞེས་པའི་དོན་ཏོ། །དེ་ལྟ་བུ་ཉིད་ཀྱི་ཕྱིར་ན་གཉིས་མེད་པའོ། །སྙོམས་པར་འཇུག་པ་དེ་ཉིད་འཛིན་ ཞེས་པ་ཡང་ངོ་། །དེ་ལ། གཉིས་མེད་དཔའ་བོ་སྙོམས་ཞུགས་པ། །ཞེས་པ་ལ་དཔའ་བོ་ཞེས་པ་ནི་དཔའ་བོ་ཉི་ཤུ་རྩ་བཞི་པོས་ལྷན་ཅིག་ཏུ་སྤྱོད་པས་སྙོམས་པར་འཇུག་པའོ། །འདི་ལ་ཁྭ་གདོང་མ་ལ་སོགས་པ་ནི་དད་པ་ལ་སོགས་པ་རྣམ་པར་དག་པའོ། །དེ་ལ་དཔའ་བོ་ཞེས་པའི་སྒྲ་ནི་ ཐམས་ཅད་ཀུན་དུ་བསྡུས་པའི་དོན་ཏེ། ཇི་ལྟར་རྒྱལ་པོ་ཞེས་ཟེར་ཀྱང་འཁོར་ཐམས་ཅད་ཀུན་དུ་བསྡུས་པ་ལ་བྱ་བ་ལྟར་འདིར་ཡང་ངོ་། །བྱ་བ་ནི་དེ་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རིམ་པ་ཅན་རབ་ཏུ་ཕྱེ་བར་ཤེས་པའི་སྒོམ་པ་པོས་ནི་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་རྣམས་ དེ་བཞིན་དུ་རྣམ་པར་ཐར་པའི་སྒོ་བཞིའི་བདག་ཉིད་དང་བདེན་པ་བཞི་རུ་བྱའོ། །གཉིས་མེད་དཔའ་བོ་སྙོམས་ཞུགས་པ། །ཞེས་པས་དེ་ལྟར་མཆོད་པར་བྱའོ། །གཞན་དུ་ཡང་བསྒོམ་པ་ཡོངས་སུ་རྫོགས་པའི་རིམ་པ་ལ་གདོད་མ་དང་ཐ་མ་མེད་པའི་ང་རྒྱལ་གྱིས་གནས་པའི་དུས་ན་ངེས་པ་ མེད་པ་ཡིན་ནོ། །དེ་ཇི་ལྟ་བུར་ཞེ་ན། སྨྲས་པ་ཇི་ལྟ་བ་བཞིན་གྱི་ནང་གི་ཕྱག་རྒྱས་སྙོམས་པར་ཞུགས་ཤིང་ཡང་དག་པར་སྦྱར་བར་གྱུར་པ་ཀུན་དུ་ཁྱབ་པའི་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དེ་ཐམས་ཅད་དུ་ནམ་མཁའ་ལྟ་བུར་རབ་ཏུ་གནས་པ་ཀུན་དུ་བཟང་པོ་ཐམས་ཅད་ཀྱི་བདག་ཉིད་བྱང་ ཆུབ་ཅིང་སངས་རྒྱས་པར་ཁམས་གསུམ་པོ་ཅང་མི་སྨྲ་བར་བསྒོམ་པར་བྱ་བ་སྟེ། ཇི་ལྟར་ཉི་མའི་འོད་ཟེར་ཉི་མ་གུང་དུ་སོང་བ་ན་དམན་པ་དང་འབྲིང་དང་མཆོག་ཏུ་བྱུང་བ་རྣམས་ལ་རྣམ་པར་རྟོག་པ་མེད་ཀྱང་ཀུན་དུ་གསལ་བར་བྱེད་དོ། །དེ་བཞིན་དུ་རྣལ་འབྱོར་གྱི་ཡེ་ཤེས་ཀུན་དུ་ འཇུག་པ་ན་མུ་སྟེགས་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་འདས་ཏེ་གང་གི་ཚེ་སྣང་བ་མེད་པར་གྱུར་པ་དེའི་ཚེ་སངས་རྒྱས་ཉི་མའི་འོད་ཟེར་གྱིས་ཕྱོགས་བཅུ་ཀུན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་ཆོས་རྣམས་ལ་འཇིག་རྟེན་གྱི་ ཁམས་གསལ་བར་བྱ་བར་མི་རྟོག་ཅིང་རྣམ་པར་རྟོག་པ་མེད་ཀྱང་ཇི་ལྟ་བུར་གྱུར་པ་དེ་རབ་ཏུ་ཤེས་པ་ནི་དེ་ཉིད་འཛིན་ཞེས་པའི་དོན་ཏོ། །མི་ཞེས་པ་ལ་མིར་གྱུར་པ་ནི་མིའོ། །དེ་ལྟ་བུའི་མི་རྣམས་ཀྱི་བདེ་བའོ། །བསྡུས་བྱས་པ་ཞེས་པ་ནི་ཤེས་པར་བྱས་པ་དང་ངོ་། །རྡོ་རྗེ་མའི་ ཆ་ཞེས་པ་ནི་རྡོ་རྗེ་མའི་ཆ་འདི་དང་སྟེ་རྣལ་འབྱོར་གཞན་དང་མཉམ་ཞིང་གཞི་མཐུན་པར་བྱེད་པར་འདོད་པ་དེའི་ཚེ། བཅུ་དྲུག་དུས་ཙམ་དུ་ཡང་མི་ཕོད་ཅིང་དེས་འདིའི་དཔེའི་མཚན་ཉིད་ཙམ་དུ་ཡང་མ་ཡིན་ལ་ཆ་ཙམ་དང་གྲངས་ཙམ་དང་དཔེ་བསྙག་པ་ཙམ་དང་དཔེའི་རང་བཞིན་ ཙམ་དུ་ཡང་མི་ཕོད་དོ། །ད་ནི་གནས་ཕུན་སུམ་ཚོགས་པ་གསུངས་པ་རི་སུལ་ཚང་ཚིང་ཞེས་པ་ཇི་བཞིན་པ་ནི་གོ་སླའོ། །འདིར་དེ་བརྡས་བསྟན་པའི་དོན་ནི་སངས་རྒྱས་ཀྱི་ཕྱག་རྒྱའི་པདྨ་ཆེན་པོར་ཡོན་ཏན་གནས་པ་སྟེ། འདི་ནི་གནས་ཀྱི་ཁྱད་པར་གསང་བར་འདུས་པ་སྟེ་རི་ སུལ་ཚང་ཚིང་དུ་གསུངས་པའི་དོན་ནི་ནགས་ཚལ་གྱི་ཚོགས་མང་པོ་ཅན་གྱི་ཡུལ་མཆོག་ཏུ་དབེན་པ་ནི་དེའི་གནས་སོ། །འདིར་གཙོ་བོ་བཟུང་བ་ན་འཁོར་རྣམས་ཀྱང་གཟུང་བར་བྱ་སྟེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ནགས་ཚལ་གྱི་ཚོགས་དང་ལྡན་པའི་བུད་མེད་དེ་ཕྱག་རྒྱའོ། ། དེ་ལྟ་བུ་དེ་ཉིད་རྣམ་པར་དག་པ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་ལམ་དུ་འགྱུར་རོ། །དེའི་ཤིན་ཏུ་རྣམ་པར་དག་པ་རབ་ཏུ་གསལ་བ་ཇི་སྲིད་པར་སོང་བས་ན་གནས་ཀྱི་མཆོག་སྟེ་ཆོས་འབྱུང་ལ་བཤད་དོ། །དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པས་ན་རྡོ་རྗེའི་ རིགས་ལ་སོགས་པ་ཕྱག་རྒྱ་མོའི་ཚོགས་ཁྱད་པར་ཅན་དུ་སྐྱེས་པའི་ཕྱིར་ན་དབེན་པའོ། །དེ་ལྟར་དེ་ཉིད་བདེ་བ་ཆེན་པོའི་བདག་ཉིད་མི་གཡོ་བའི་ཕྱིར་རི་སུལ་ཏེ་མུ་སྟེགས་ལ་སོགས་པ་དམན་པའི་རླུང་རབ་ཏུ་ལངས་པས་མི་གཡོ་བའི་ཕྱིར་ནའོ། །སེམས་ཅན་དམན་པ་བློ་ཆུང་བ་རྣམས་ཀྱིས་བགྲོད་ མི་ནུས་པས་ན་ཚང་ཚིང་ངོ་། །རྒྱལ་བའི་བདུད་རྩིས་ཡོངས་སུ་གང་བའི་ཕུག་གི་ཕྱིར་ནའང་ཕུག་གོ། །ཆུ་བོ་ཆེན་པོའི་ངོགས་དག་ཅེས་པ་ནི་དེའི་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བས་ཟབ་མོ་དང་སྙིང་རྗེ་དང་ཤེས་རབ་དང་རྒྱ་ཆེན་པོའི་ཆུ་བོའི་ཀླུང་མཚོ་ལྟ་བུ་ནི་ཆུ་ངོགས་སོ། །གདོད་ ནས་གྲུབ་པའི་ཞེས་པ་ནི་ཡོངས་སུ་རྫོགས་པར་རྟག་ཏུ་གྲུབ་པ་སྐྱེ་ཞིང་འཇིག་པ་དང་བྲལ་བ་རྟག་ཏུ་ནམ་མཁའ་དང་མཉམ་པའོ། །དུར་ཁྲོད་ཅེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་འདོད་ཆགས་ལ་སོགས་པའི་མེས་བསྲེགས་པས་ན་དུར་ཁྲོད་དོ། །ཡང་ན་ཐམས་ཅད་མཉམ་པ་ ཉིད་ཀྱི་ཕྱིར་ན་སེམས་ཅན་གྱི་རྒྱུན་ཐམས་ཅད་ལ་ལྷག་པར་གདལ་བ་ནི་དུར་ཁྲོད་ཅེས་བྱ་བ་ཡིན་ནོ། །དེར་ནི་ཞེས་པ་ནི་དེ་ལྟ་བུའི་གནས་ཁྱད་པར་ཅན་དུའོ། །དཀྱིལ་འཁོར་ཞེས་པ་ནི་སྙིང་པོ་སྟེ་དེ་ལེན་ཅིང་འཛིན་པ་ནི་དཀྱིལ་འཁོར་རོ། །བྲི་བར་བྱ་ཞེས་པ་ནི་དེ་ལྟ་བུ་ཡིད་ཀྱིས་བསྒོམ་པར་བྱ་ཞེས་པའི་ དོན་ཏོ། །ཕྱིའི་དོན་ནི་གོ་སླའོ་ཞེས་གོང་དུ་བཤད་དོ། །དེ་ལ་ཅིའི་ཕྱིར་ན་དཀྱིལ་འཁོར་ཞེས་བྱ་ཞེ་ན། དེ་ཉིད་ཀྱང་མཚན་གྱི་མཆོག་ཅེས་བྱ་བའི་རྒྱུད་ལས། དཀྱིལ་འཁོར་མཆོག་ནི་དེ་ཉིད་དཔལ། །ཧེ་རུ་ཀ་ཉིད་ཡེ་ཤེས་མཆོག །དཀྱིལ་འཁོར་བྷ་གའི་པདྨ་སྟེ། །ཕག་མོའི་སྐུ་ལས་ཕྱུང་ བའོ། །དེར་ནི་དཀྱིལ་འཁོར་འདུས་པ་སྟེ། །དཀྱིལ་འཁོར་བདེ་བ་མཆོག་ཉིད་དང་། །དཀྱིལ་འཁོར་དཔའ་བོ་རྣལ་འབྱོར་མ། །ཁ་སྦྱར་གཉིས་མེད་དེ་ཉིད་དེ། །བདག་གི་དེ་ཉིད་མཉམ་པར་བསམ། །དེ་ཉིད་ལྷ་ཡི་དེ་ཉིད་དང་། །སྔགས་དང་ཕྱག་རྒྱའི་དེ་ཉིད་དང་། །དེ་ཉིད་དཀྱིལ་འཁོར་དམ་པའོ། ། ཡན་ལག་ཀུན་བསྒོམ་པར་བྱས་ཤིང་། །བརྟག་བྱ་རྟོགས་བྱེད་རྣམ་པར་སྤངས། །དབྱངས་དང་ཐིག་ལེ་ལས་འདས་པ། །དེ་ཉིད་དཀྱིལ་འཁོར་མཆོག་ཉིད་དོ། །ཆོས་རྣམས་ཀུན་གྱི་དངོས་དཔྱད་ན། །དེ་ཉིད་དཀྱིལ་འཁོར་རྣམས་སུ་བཤད། །རྣམ་པར་དག་པ་མཁའ་འདྲ་ལ། །ཆགས་དང་ཆགས་ བྲལ་མཉམ་པའི་དཀྱིལ། །པདྨ་རཱ་ག་འབར་བ་བཞིན། །ཤིན་ཏུ་འདོད་ཆགས་ཁྲག་གི་སེམས། །དེ་ཉིད་དཀྱིལ་འཁོར་དམ་པའོ། །གང་ཞིག་གནས་པའི་ཁམས་ཐམས་ཅད། །གཟུགས་དང་གཟུགས་མེད་རབ་དྲི་མེད། །རྟོག་པ་བསྐུལ་བ་སེམས་ཉིད་དེ། །དེ་ཉིད་དཀྱིལ་འཁོར་ མཆོག་ཏུ་བཤད། །དཀྱིལ་འཁོར་ལུས་སུ་གསུངས་པ་དང་། །གསུང་གི་དཀྱིལ་འཁོར་དེ་ཉིད་དང་། །བྱང་ཆུབ་སེམས་ཉིད་དཀྱིལ་འཁོར་ཏེ། །གསུམ་པོ་དཀྱིལ་འཁོར་དག་ཏུ་བརྟག །དེ་ཉིད་ཀུན་མཁྱེན་དཀྱིལ་འཁོར་ཏེ། །ས་གསུམ་བརྟན་གཡོ་མ་ལུས་པའོ། །དཔལ་ཧེ་ རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་ཐམས་ཅད་ཀྱི་གནས་པ་ཞེས་བྱ་བ་ལས། ལེའུ་དང་པོའི་བཤད་པའོ།། །།ད་ནི་ལེའུ་གཉིས་པར་སའི་འདུ་བྱ་བ་བསྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ལས་དེ་ལ་ཞེས་པ་ནི་ཇི་ལྟར་གསུངས་པའི་གནས་ སུའོ། །སྐྱེ་བཞིན་ཞེས་པ་ནི་མ་ལྷུང་བ་དེས་བརྩམ་པར་བྱའོ་ཞེས་པ་དང་འབྲེལ་ཏོ། །དཀྱིལ་འཁོར་ས་ནི་ཉེ་བར་བྱུག །ཅེས་པ་ལ་སོགས་པས་ནི་སའི་བྱ་བ་སྟོན་ཏེ། འདི་དག་གི་རབ་ཏུ་བྱ་བ་ནི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ལས་ཤེས་པར་བྱའོ། །དུར་ཁྲོད་དུ་ནི་ཀུན་སྤྱོད་ཅིང་། ། ཞེས་པ་ནི་དུར་ཁྲོད་ནས་བྱུང་བའི་རྫས་ཐམས་ཅད་ཀྱིས་རྡུལ་ཚོན་ལྔར་མངོན་པར་འདུ་བྱ་སྟེ། རྡུལ་ཚོན་ནག་པོ་ནི་རོ་བསྲེགས་པའི་སོལ་བའི་ཕྱེ་མས་བྱའོ། །རྡུལ་ཚོན་དམར་པོ་ནི་སོ་ཕག་གིས་བྱའོ། །རྡུལ་ཚོན་དཀར་པོ་ནི་མིའི་རུས་པའི་ཕྱེ་མས་སོ། །རྡུལ་ཚོན་སེར་པོ་ནི་ལྡོང་རོས་ དང་རུས་ཕྱེ་བསྲེགས་པས་བྱའོ། །རྡུལ་ཚོན་ལྗང་གུ་ནི་མི་རུས་ཕྱེ་མ་དང་ལོ་མ་ལྗང་གུའི་ཕྱེ་མ་བསྲེས་པས་བྱའོ། །དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །ཞེས་པ་ནི་དེ་རྣམས་ཀྱིས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཆོག་ཏུ་གསལ་བ་ཉིད་དོ། །སློབ་དཔོན་ཤིན་ཏུ་མཚན་ ལྡན་པའི། །ཞེས་པ་ནི་རབ་ཏུ་གནས་པའི་ཆོ་ག་ལ་གོམས་པའོ། །སྦྱོར་བ་ཤེས་པ་ནི་ཏིང་ངེ་འཛིན་ལ་གནས་པ་སྟེ། ཕ་རོལ་འགྲོ་ཞེས་གསུངས་པའོ། །དེ་ཡང་དང་པོ་ཁོ་ནར་སྟོང་པ་ཉིད་རྒྱ་མཚོ་ལྟ་བུའི་ཆུས་སྡིག་པ་མ་ལུས་པ་བཀྲུས་པ་ནམ་མཁའ་ལྟ་བུར་སྡིག་པ་མེད་པ་སྙིང་རྗེ་ ཆེན་པོ་དང་བྱམས་པ་ཆེན་པོ་ཅན་བརྩོན་འགྲུས་རྩོམ་ཞིང་བཏང་སྙོམས་དང་ལྡན་པ་བདག་ཉིད་དཔལ་ཧེ་རུ་ཀའི་དངོས་པོར་བྱེད་པའོ། །གོང་མ་རྣམས་ནི་གོ་སླའོ། །སྤྱི་བོར་སྐྱེས་པའི་ཐོད་བྱས་ཤིང་། །ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་གཟུགས་རྣམ་པ་སྣ་ཚོགས་པ་བཀྲ་ བས་བསྐོར་བའི་རལ་པའི་དབུ་རྒྱན་གྱིས་ཐོད་པའི་ཕྲེང་བའི་སྟེང་དུ་བརྒྱན་པའོ། །བདུད་རྩི་ལྔ་དང་བསྲེས་པའི་ཐལ་བས་ཡན་ལག་བྱུགས་པ་ནི་ཡན་ལག་ཐལ་བས་བྱུགས་པའོ། །དུམ་བུ་གཅིག་གིས་ཞེས་པ་ནི་སོར་མོ་ལྔའི་འཁོར་ལོའོ། །ལྷག་མ་ནི་གོ་སླའོ། །རུས་པའི་ཕྲེང་ བའི་དོ་ཤལ་ལྡན། །ཞེས་པ་ནི་མི་མགོ་ལྔ་བཅུ་ཕྲེང་བར་བྱས་པའི་དོ་ཤལ་ལོ། །དངོས་སུ་མེད་དམ་མི་ནུས་ན་ཡང་བསམ་གཏན་གྱིས་བྱའོ། །ཁ་ཊྭཱཾ་ག་ཞེས་པ་ནི་གཡོན་པ་ཐོད་པ་དང་ལྡན་པ་ཅན་ནོ། །གཡས་པ་ནི་རྡོ་རྗེ་གསོར་བར་རྩོམ་པའོ། །བདག་ཉིད་ཅེས་པ་ལ་སོགས་པ་ལྷག་མ་ནི་གོ་ སླའོ། །དེ་ལྟར་བྱས་ཏེ་བྲི་བར་བྱ། །ཞེས་པ་དང་འབྲེལ་ཏེ། ཤི་བའི་སྲད་བུས་ཞེས་པ་ནི་མི་ཤི་བ་དང་ལྷན་ཅིག་པར་བསྒྲེས་པའི་སྐུད་པ་དུར་ཁྲོད་ནས་མ་ལྷུང་བར་བླངས་པ་ཁྲག་ཆེན་ཞེས་པ་དང་། བདུད་རྩི་རྣམ་པ་ལྔ་བསྲེས་པར་བཅལ་བས་སོ། །ཡང་ན་ཤི་བའི་སྲད་བུས་ཞེས་པ་ནི་མི་ཤི་ བའི་རྒྱུས་པ་ལས་སྐུད་པ་ཉིས་འགྱུར་དུ་བྱས་པའོ། །ད་ནི་འདིར་དཀྱིལ་འཁོར་གྱི་ཚད་གསུངས་པ། ཁྲུ་གང་ཞེས་པ་ལ་སོགས་པ་གསུངས་ཏེ། ཁྲུ་གང་ནས་བརྩམས་ནས་ཇི་སྲིད་ཁྲུ་ཉི་ཤུའི་བར་དུ་སྟེ། དེ་ལས་ལྷག་པར་མི་བྱ་བའོ་ཞེས་པའི་ཐ་ཚིག་གོ། །སྔགས་པས་ཉིས་འགྱུར་རྣམ་དཔྱད་ ཅིང་། །ཞེས་པ་ནི་གཤེར་ཐིག་གི་སྐུད་པའི་མཚན་ཉིད་དོ། །མཆོད་ཅེས་པ་ནི་མཆོད་པར་བྱ་བའི་དོན་ཏོ། །སྐུད་པའི་ཚད་དང་ཇི་ལྟར་གདབ་ཅེ་ན། སྨྲས་པ། ཆ་ཡིས་བགོས་པའི་རིམ་ཉིད་ཀྱིས། །དཀྱིལ་འཁོར་ལ་ནི་ཐིག་གདབ་པོ། །ཞེས་པ་ལ་སོགས་པ་སྟེ། ཆ་རྣམས་ཀྱི་བགོ་བ་ནི་རྣམ་ པ་གསུམ་དུའོ། །དེའི་རིམ་པ་ལས་ཆ་རྣམས་རིམ་པར་བགོ་བའོ། །དེ་རྣམས་འཇུག་པའི་ཆའི་རིམ་པས་དཀྱིལ་འཁོར་གྱི་ཐིག་གདབ་པོ། །དེ་ཡང་ཤར་དང་ནུབ་ཏུ་གཟུང་བས་དཀྱིལ་འཁོར་གྱི་སའི་ཚད་ལ། ཐིག་སྐུད་ཉིས་འགྱུར་གྱིས་གདབ་པར་བྱ་བ་སྟེ། བྱ་རོག་རྗེས་ཀྱིས་མཚོན་བྱས་ ཏེ། །ཤར་ནས་ལྷོ་ཡི་ཕྱི་མཚན་སྦྱིན། །ནུབ་ཏུ་ཡང་ནི་དེ་བཞིན་ཏེ། །བྱང་དུའང་དེ་ཡི་ཚད་བྱས་ལ། །ཚངས་པའི་ཐིག་གིས་གདབ་བྱ་བ། །ཤར་ཕྱོགས་སོགས་པར་གཟུང་ལའོ། །ཐིག་བཞི་རུ་ནི་བཏབ་པ་ལས། །དེ་ནས་ལོགས་ནི་རེ་རེ་ལའང་། །ཆ་བརྒྱད་ཀྱི་ནི་ཚད་དུ་འགྱུར། །ཡང་ ནི་ཆ་ཡི་ཟུར་བཞི་ཡིས། །ཆ་ཆེན་དུ་ནི་མཚན་མ་གདོད། །ཚངས་ཐིག་ཚད་བྱ་ཟུར་ཐིག་ལ། །བསྐྱོན་ཏེ་བགོ་བྱའི་མཚན་མ་ཉིད། །དྲུག་ཅུ་རྩ་བཞི་ཆ་མཉམ་ལྡན། །ཐིག་གིས་ཟུར་ཀུན་ཐེམ་པར་གདབ། །གང་ཚེ་ཟུར་ལ་སོ་སོར་ནི། །འདུས་པ་དེ་ཚེ་ཐིག་གི་མཆོག །དེ་ནས་ཆ་བྲན་བདུན་ བདུན་ནི། །བོར་བའི་ཕྱི་རོལ་ཆ་རེས་བསྐོར། །དེ་ལྟར་ཕྱོགས་བཞིར་བསྙམས་བྱས་ལ། །དབང་པོ་ནས་ནི་བསྐོར་བྱས་ཏེ། །སྐུད་པའི་ཚད་དང་ལྡན་པར་ནི། །གང་ཚེ་མཉམ་པས་བསྐོར་ནང་ལ། །ཐིག་སྐུད་ཚད་མ་འཛིན་པ་པོས། །དེ་ནས་བདེ་ཆེན་འཁོར་ལོ་དང་། །ཐུགས་དང་ གསུང་སྐུའི་ཚད་བྱ་བ། །ཆ་བྲན་བདུན་བདུན་དང་མཉམ་ལྡན། །སྐུད་པ་མཆོག་གིས་བསྐོར་བར་བྱ། །འཁོར་ལོའི་རྩིབས་ནང་ཆ་བྲན་དྲུག །དེ་ཡིས་མཛེས་པར་བརྒྱན་པར་མཐོང་། །ལྟེ་བའི་ཚད་དང་འདབ་མ་རྣམས། །ཆ་བྲན་བཞི་དང་གསུམ་ཉིད་དུ། །བྱ་འདབ་མ་ཡིས་ མཛེས་པའོ། །ཚངས་ཐིག་བརྒྱད་ལ་ལྕེ་རྩེ་གཏད། །གསུམ་པོ་ཀུན་ཀྱང་དེ་བཞིན་ནོ། །ཆ་བྲན་རེ་རེ་ཕྲེང་བའི་གནས། །རྟག་ཏུ་བྱ་བ་འདི་ཡིས་རྫོགས། །ཐུགས་ལ་རྡོ་རྗེའི་ཕྲེང་བས་བསྐོར། །དེ་བཞིན་གསུང་ལ་པད་མའི་ཕྲེང་། །སྐུ་ལ་འཁོར་ལོའི་ཕྲེང་བ་སྦྱིན། །དེ་བཞིན་ ལྷག་མ་ཅི་མཛེས་བྱ། །དེ་ལ་ཤར་ཕྱོགས་སུ་ནི་ཤིང་ཧ་རི་བཱ་སེའོ། །དྲུང་ན་ལྷའི་ཚོགས་དཀར་པོ་དང་ལྡན་པ་བྲིའོ། །ལྷོ་ཕྱོགས་སུ་ཤིང་ཙཱུ་ཏའི་དྲུང་ན་གཤིན་རྗེ་ནག་པོ་དང་ལྡན་པའོ། །ནུབ་ཕྱོགས་ན་ཤིང་ཨ་ཤྭ་ཀའི་དྲུང་ན་སྤྲིན་གྱི་རྒྱལ་པོ་དམར་པོའོ། །བྱང་ན་བྱང་ཆུབ་ཀྱི་ཤིང་ དྲུང་ན་གནོད་སྦྱིན་སེར་པོའོ། །མེའི་གྲྭ་ན་ག་རཉྩིའི་དྲུང་ན་དྲང་སྲོང་གི་ཚོགས་དམར་པོའོ། །བདེན་བྲལ་ན་ལ་ཏ་ཛཱ་ཏིའི་དྲུང་ན་སྲིན་པོའི་ཚོགས་སྔོན་པོའོ། །རླུང་ཕྱོགས་ན་རླུང་གི་བདག་པོ་ལྗང་གུ་ཤིང་ཨརྫུ་ནའི་རྩར་རོ། །དབང་ལྡན་ན་གནས་པའི་ཤིང་ནྱ་གྲོ་དྷ་དང་དེའི་རྩ་ན་ཡི་ དགས་ཀྱི་ཚོགས་དུ་བའི་ཁ་དོག་ཅན་བྲི་བར་བྱའོ། །དུར་ཁྲོད་ཆེན་པོ་འཇིགས་པ་ཅན་རྣམས་སུ་བྱའོ་ཞེས་སོ། །ལྟེ་བར་དགོད་བྱ་དཔའ་བོ་ནི། །ཞེས་པས་ལྷའི་དགོད་པ་གསུངས་སོ། །མདངས་དང་ལྡན་ཞེས་པ་ནི་ཤིན་ཏུ་དྲག་ཅིང་དྲག་པ་སྟེ། འཇིགས་བག་ཅན་ནོ། །དེའི་ཞལ་ དང་པོ་ནི་ཆར་པའི་སྤྲིན་ལྟ་བུ་སྟེ་ནོར་བུ་ཆེན་པོ་ཨིནྡྲ་ནཱི་ལ་སྤངས་པ་ལྟ་བུ་བསྐལ་པའི་མེ་ལྟར་འོད་ཟེར་མི་བཟད་པ་འབར་བའི་སྤྱན་གསུམ་པ་ཅན་དེ་ཉིད་མཆེ་བ་རྣམ་པར་གཙིགས་ཤིང་འཇིགས་པར་མཛད་པའོ། །འཇིགས་བྱེད་ཅེས་པ་ནི་རྣམ་པར་འཇིགས་པར་ མཛད་པའོ། །སྒྲ་ཆེར་བཞད་ཅེས་པ་ནི་ལྷ་མོ་ལ་འཁྱུད་པའི་དགྱེས་པས་ཞལ་པདྨ་ལྟར་རྣམ་པར་རྒྱས་པས་ཤིན་ཏུ་ཆེར་བཞད་པ་སྟེ། ནོར་བུ་གསལ་བ་བསྡུས་པ་འཁྲིགས་པ་ལྟ་བུའི་ཚེམས་ཀྱི་འོད་ཟེར་མི་བཟད་པ་འབར་བའི་སྤྱན་གསུམ་པ་ཅན་གྱིས་གསལ་བར་མཛད་ཅིང་རྒྱུ་བ་དང་ མི་རྒྱུ་བར་བཅས་པ་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་ན་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་ཞབས་གཉིས་བསྐྱོད་ཅིང་དེ་ཉིད་དུ་ཡི་གེ་ཧཱུཾ་བརྗོད་པར་མཛད་པ་ཞལ་གཡས་པ་ཤིན་ཏུ་སེར་བ་ནི་གསེར་བསྲེགས་པ་ལྟ་བུ་དགྱེས་པའི་སྤྱན་མེ་ཏོག་རྒྱས་པ་ལྟ་བུ་འཇིག་རྟེན་གསུམ་དབང་དུ་སྡུད་ པའོ། །ནུབ་ཀྱི་ཞལ་ནི་ཤིན་ཏུ་དམར་བ་མེ་ཏོག་དཱ་ལྡི་མི་དང་བནྡུ་ཀ་ལྟ་བུ་ཉི་མའི་དཀྱིལ་འཁོར་འཆར་ཀའི་འོད་ཟེར་ལྟར་མི་བཟད་པ་སྒེག་པས་རྣམ་པར་བསྒྱིངས་ཤིང་ཡུལ་ལ་དགྱེས་པའོ། །གཡོན་པ་ནི་ལྗང་གུ་སྟེ། འོད་ཟེར་མི་བཟད་པ་ནི་ནོར་བུ་མ་རྒད་ཏའི་འོད་ལྟ་བུ་ཞལ་རྒྱས་པས་དྲག་ཏུ་བཞད་པ་ དེ་ལྟ་བུའི་ཕྱག་བཅུ་གཉིས་པའོ། །དེ་ལ་ཕྱག་གཡས་ཀྱི་དང་པོ་ན་ལྕགས་ཀྱུ་གཡོན་པ་ན་དགྲ་སྟ་གཞན་མ་རྣམས་ནི་སྔོན་གྱི་བཞིན་ནོ། །ཕྱག་གཅིག་ལ་ཁ་ཊྭཱཾ་ག་དང་ཐོད་པར་ལྡན་ནོ། །དེའི་ཞེས་པ་ལ་སོགས་པ་ལ། རྡོ་རྗེ་ཅན་མ་དེའི་མདོག་ནི་མི་བསྐྱོད་པ་བདག་པོའི་དུས་སུ་རྡོ་རྗེ་སེམས་དཔའི་ ཡུམ་ཤིན་ཏུ་དམར་ཞིང་ཕྱག་ན་རྡོ་རྗེ་དང་ཐོད་པ་བསྣམས་པའོ། །དེའི་རྗེས་སུ་འཁོར་ལོ་གསུམ་ལ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་དང་པདྨ་དང་འཁོར་ལོ་རྣམས་དགོད་པར་བྱའོ། །དེ་བཞིན་དུ་ཁྭ་གདོང་མ་ལ་སོགས་པའི་མཚན་མ་ཇི་ལྟ་བ་བཞིན་དུ་དགོད་དོ། །དེ་ལྟར་མཁའ་འགྲོ་མ་ལ་སོགས་པ་འདི་དག་གི་ཡང་ དེ་ལྟར་གསུངས་སོ། །དེ་ནས་བུམ་པར་བྱ་བ་ནི། །རྩ་བ་གནག་སོགས་རྣམ་པར་སྤངས། །ཞེས་པ་ལ་བུམ་པ་ཞེས་པ་ནི་ཤར་གྱི་སྒོར་ནི་རྒྱལ་བ་དང་བཀྲ་ཤིས་སོ། །བྱང་དུ་ནི་དངོས་གྲུབ་དང་རྫུ་འཕྲུལ་ལོ། །ནུབ་ཏུ་ནི་རྒྱལ་བ་དང་རྣམ་པར་རྒྱལ་བའོ། །ལྷོ་རུ་ནི་དངོས་གྲུབ་དང་བསྲུང་བའོ། །དགུ་ པ་ནི་དངོས་གྲུབ་ཐམས་ཅད་རྣམ་པར་རྒྱལ་བ་སྟེ་ཤར་དུ་དགོད་དོ། །དྲིའི་ཆུ་ཡིས་ཞེས་པ་ནི་རྡུལ་ཚོན་གྱི་ལས་རྣམས་རྫོགས་ནས་དཀྱིལ་འཁོར་གྱི་སྒྲུབ་ཐབས་བརྩམ་མོ་ཞེས་པའོ། །མར་མེ་ཞེས་པ་ནི་མར་མེ་དང་མེ་ཏོག་དང་སྤོས་དང་ལྷ་བཤོས་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་ལོ་གྲངས་བཅུ་དྲུག་ མ་མེ་ཏོག་དང་ལྡན་པ་ལ་དེའི་ཕྱག་རྒྱར་མཉམ་པར་སྦྱར་ལ་གནས་ཏེ། བདེ་བ་བསྐྱེད་པའི་དཀྱིལ་འཁོར་འདོད་པ་ཐམས་ཅད་དང་ལྡན་པ་ལ་དངོས་གྲུབ་དམ་པ་བསྒྲུབ་པར་བྱའོ། །སྔགས་པས་ལྟེ་བར་རླུང་དང་མེའི་དཀྱིལ་འཁོར་བསམས་ལ། །དེའི་དབུས་སུ་ཨཱ་ལི་ཀཱ་ལི་ལ་དབུས་ན་སྟོང་པ་ཉིད་ ཀྱི་རི་མོ་ཅན་དུའོ། །དེ་ལྟ་བུ་ཡང་དག་པའི་མཐའ་སོ་སོར་རྟོག་པར་འགྱུར་ཞིང་ནན་ཏན་དུ་བསྒོམ་པ་ཤིན་ཏུ་རྣམ་པར་དག་པར་གསུངས་པ་གང་ཡིན་པ་དེ་ནི་བླ་ན་མེད་པའི་ཡང་བླ་ན་མེད་པའོ། །རང་གི་འཁོར་ལོ་ཆོས་རྣམས་རོ་མཉམ་པར་བྱ་སྟེ་འགྲོ་བ་གསུམ་པོ་མ་ལུས་པར་རྫོགས་པར་སྣང་བ་ ནི་རྨི་ལམ་དང་སྒྱུ་མ་དང་དེ་བཞིན་དུ་གཟུགས་བརྙན་ལྟ་བུར་བསམ་ཞིང་སྣ་ཚོགས་པར་གནས་པ་ལ་ནི་སྙིང་རྗེར་ལྡན་པར་འགྱུར་རོ། །དགོད་པར་བྱ་ཞེས་པ་ནི་ཇི་ལྟར་བཤད་པའི་གནས་རྣམས་ལ་སྐུ་ལ་སོགས་པར་ཡང་བྱིན་གྱིས་བརླབ་པར་བྱ་ཞིང་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་བྱའོ། ། །དེ་ཡང་མིག་གཉིས་སུ་པདྨ་དང་ཟླ་བ་ལ་འཁོར་ལོ་དང་ཡི་གེ་ཨོཾ་ཡོངས་སུ་ཞུ་བ་ལས་གཏི་མུག་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་རལ་པའི་དབུ་རྒྱན་ཅན་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་སྟེ། ལྷག་མ་ཀུན་ཀྱང་འདི་བཞིན་དུ་ཤེས་པར་བྱའོ། །འདིའི་སྐུ་དང་རྩ་བའི་ཞལ་དཀར་པོའོ། ། འདིའི་ཞལ་གཡོན་པ་ནི་སེར་པོ་གཡས་པ་ནི་ལྗང་གུ་སྟེ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་གཟུགས་ཀྱི་རྡོ་རྗེ་མ་ལ་འཁྱུད་པའོ། །ཕྱག་གཞན་གཉིས་ཀྱིས་གཏི་མུག་ཚངས་པའི་པགས་པ་བཤུས་ནས་བཟུང་སྟེ་བསྣམས་པའོ། །གཞན་གཉིས་ན་ཅང་ཏེའུ་དང་ཐོད་པ་ བཟུང་ནས་ཁ་ཊྭཱཾ་ག་འཁྱུད་པ་ནི་ཕྱི་མ་ཐམས་ཅད་ཀྱི་ཡང་ངོ་། །རྣལ་འབྱོར་མ་ཐམས་ཅད་སེམས་མའི་སྐྱིལ་མོ་ཀྲུང་དུའོ། །འདིའི་དབུ་རྒྱན་ནི་རྣམ་པར་སྣང་མཛད་དོ། །རྣ་བ་གཉིས་ལ་པདྨར་གནས་པའི་ཉི་མ་ལ་ཡི་གེ་ཧཱུཾ་དང་རྡོ་རྗེ་ཡོངས་སུ་ཞུ་བ་ལས་ཞེ་སྡང་རྡོ་རྗེའོ། །ཡན་ལག་ཀུན་ དང་རྩ་བའི་ཞལ་ནི་སྔོན་པོའོ། །གཡོན་པ་ནི་སེར་པོའོ། །གཡས་པ་ནི་ལྗང་གུའོ། །རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་སྒྲའི་རྡོ་རྗེ་ལ་འཁྱུད་པའོ། །ཕྱག་གཞན་གཉིས་ཀྱིས་ཞེ་སྡང་རྡོ་རྗེའི་ངོ་བོ་ཁྱབ་འཇུག་ཆེན་པོའི་རྒྱབ་ཀྱི་པགས་པ་བཤུས་ནས་བསྣམས་ པའི་ཚུལ་དུ་འཛིན་པའོ། །དབུ་རྒྱན་དུ་མི་བསྐྱོད་པ་བསམ་པར་བྱའོ། །སྣ་བུག་གཉིས་སུ་པདྨ་ལ་གནས་པའི་ཉི་མ་ལ་ཡི་གེ་ཏྲཱཾ་དང་རིན་པོ་ཆེ་ཡོངས་སུ་ཞུ་བ་ལས་སེར་སྣ་རྡོ་རྗེ་སེར་པོ་གཡས་པ་སྔོ་ལ་གཡོན་པ་དམར་བ་རིན་པོ་ཆེ་དང་དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་དྲིའི་རྡོ་རྗེ་མ་ལ་འཁྱུད་ པའོ། །གཞན་གཉིས་ཀྱིས་སེར་སྣ་རྡོ་རྗེའི་ངོ་བོ་འདོད་པའི་ལྷའི་པགས་པ་བཤུས་ནས་བསྣམས་པའི་ཚུལ་དུ་འཛིན་པའོ། །དབུ་རྒྱན་ལ་རིན་ཆེན་འབྱུང་ལྡན་བསམ་པར་བྱའོ། །ལྕེ་རྩེར་པདྨ་ལ་གནས་པའི་ཉི་མ་ལ་ཡི་གེ་ཨཱཿདང་པདྨ་ཡོངས་སུ་གྱུར་པ་ལས་གསུང་གི་རྡོ་རྗེ་སྐུ་ དང་རྩ་བའི་ཞལ་ནི་དམར་པོའོ། །གཡོན་པ་སེར་པོ་གཡས་པ་དཀར་པོའོ། །པདྨ་དང་དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་རོ་རྡོ་རྗེ་མ་ལ་སྙོམས་པར་འཇུག་པའོ། །གཞན་གཉིས་ཀྱིས་འདོད་ཆགས་ཀྱི་ངོ་བོའི་དབང་ཕྱུག་ཆེན་པོའི་པགས་པ་བསྣམས་པའི་ཚུལ་དུ་འཛིན་པ་ལ་སྣང་ བ་མཐའ་ཡས་དབུ་རྒྱན་དུ་བསམ་པར་བྱའོ། །དཔྲལ་བར་པདྨ་ལ་གནས་པའི་ཉི་མ་ལ་ཡི་གེ་བཾ་དང་རལ་གྲི་ཡོངས་སུ་གྱུར་པ་ལས་ཕྲག་དོག་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་རལ་པའི་དབུ་རྒྱན་ཅན་ཡན་ལག་ཐམས་ཅད་དང་རྩ་བའི་ཞལ་ནི་ལྗང་གུའོ། །གཡོན་སེར་བ་གཡས་སྔོན་པོའོ། །རལ་གྲི་ དང་དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པའོ། །གཞན་གཉིས་ཀྱིས་ང་རྒྱལ་གྱི་ངོ་བོ་ཚོགས་ཀྱི་བདག་པོའི་པགས་པ་བཤུས་ནས་བསྣམས་པའི་ཚུལ་དུ་འཛིན་པ་སྟེ། དོན་ཡོད་གྲུབ་པའི་དབུ་རྒྱན་ཅན་དུ་བསམ་པར་བྱའོ། །སྙིང་གར་པདྨ་ལ་གནས་པའི་ཉི་མ་ལ་ཡི་ གེ་ཧཱུཾ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་དབང་ཕྱུག་རྡོ་རྗེ་སྟེ། ཡན་ལག་ཐམས་ཅད་དང་རྩ་བའི་ཞལ་ནི་དཀར་པོའོ། །གཡོན་པ་ནི་སེར་པོའོ། །གཡས་པ་ནི་སྔོན་པོའོ། །རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ལ་སྙོམས་པར་འཇུག་པའོ། །གཞན་གཉིས་ཀྱིས་ དབང་ཕྱུག་ཐམས་ཅད་པ་ལྟ་བུ་དབང་པོའི་པགས་པ་བཤུས་ཏེ་བསྣམས་པའོ། །མི་བསྐྱོད་པས་དབུ་བརྒྱན་པར་བསམ་པར་བྱའོ། །ཐབས་རྣམས་ཇི་ལྟ་བ་བཞིན་དུ་ཤེས་རབ་རྣམས་ཀྱང་དེ་བཞིན་ཏེ་འཁྱུད་པའི་རྩ་བའི་ཕྱག་རྣམས་ན་མེ་ལོང་པི་ཝང་དྲིའི་དུང་རོའི་སྣོད་སྣ་ཚོགས་ཀྱི་རས་དང་ཆོས་འབྱུང་བའི་ ཕྱག་རྒྱ་སྟེ། རིམ་པ་ཇི་བཞིན་དུ་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ལ་བལྟ་བར་བྱའོ། །དེའི་རྗེས་སུ་གོ་ཆའི་ཕྱག་རྒྱ་རྣམས་བསམ་པར་བྱ་སྟེ། ཐུགས་ཀྱི་རྡོ་རྗེའི་འོག་དེ་ཉིད་ཀྱི་སྙིང་གར་པདྨ་ལ་གནས་པའི་ཟླ་བ་ལ་སྔར་གྱི་ཆོ་ག་བཞིན་དུ་ཨོཾ་ཧ་དང་རྡོ་རྗེ་ལས་རྡོ་རྗེ་སེམས་དཔའ་དཀར་པོ། །རྡོ་རྗེ་ ཕག་མོ་ཁ་དོག་དམར་མོ་ལ་འཁྱུད་པའོ། །མགོ་བོར་སྐུ་རྡོ་རྗེའི་སྟེང་ཕྱོགས་པདྨར་གནས་པའི་ཟླ་བ་ལ་སྔར་གྱི་ཆོ་ག་བཞིན་དུ་ན་མ་ཧི་དང་འཁོར་ལོ་ལས་རྣམ་པར་སྣང་མཛད་སེར་པོ་གཤིན་རྗེ་མ་སྔོན་མོ་ལ་འཁྱུད་པའོ། །སྤྱི་གཙུག་ཏུ་པདྨ་ལ་གནས་པའི་ཉི་མ་ལ་སྭཱ་ཧཱ་ཧུ་དང་པདྨ་ལས་པདྨ་གར་ གྱི་དབང་ཕྱུག་དམར་པོ་རྨོངས་བྱེད་མ་ཁ་དོག་དཀར་མོ་ལ་འཁྱུད་པའོ། །ཕྲག་པ་གཉིས་ལ་པདྨ་དང་ཉི་མ་ལ་གནས་པ་པཽ་ཥཊ་ཧེ་དང་རྡོ་རྗེ་ལས་ཧེ་རུ་ཀ་སྔོན་པོ་སྐྱེད་བྱེད་མ་ལྗང་གུ་ལ་འཁྱུད་པའོ། །མིག་གཉིས་སུ་གནས་པའི་པདྨ་དང་ཉི་མ་ལ་ཧཱུཾ་ཧཱུཾ་ཧོཿདང་རིན་པོ་ཆེ་ལས་རྡོ་རྗེ་ཉི་མ་དམར་པོ་སྐྲག་ བྱེད་མ་དུ་བའི་མདོག་ཅན་མ་ལ་འཁྱུད་པའོ། །ཡན་ལག་ཐམས་ཅད་ལ་གནས་པའི་པདྨ་དང་ཉི་མ་ལ་ཕཊ་ཧཾ་དང་སྣ་ཚོགས་རྡོ་རྗེ་ལས་རྡོ་རྗེ་རྟ་མཆོག་ལྗང་གུ་སྟེ་དུ་བའི་མདོག་ཅན་གཏུམ་མོ་ལ་འཁྱུད་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཔའ་བོ་དེ་རྣམས་ནི་ཞལ་གཅིག་ཕྱག་བཞི་ པ་སྤྱན་གསུམ་པ་ཞལ་མཆེ་བ་ཅུང་ཟད་རྣམ་པར་གཙིགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རལ་པའི་དབུ་རྒྱན་ཅན་རས་དང་ལྡན་པ་གཡས་བརྐྱང་བ་དང་ལྡན་པ་རྩ་བའི་ཕྱག་གིས་འཁྱུད་པ་རིམ་པ་ཇི་བཞིན་དུ་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་རྡོ་རྗེ་སྔོན་པོ་ཁ་ཅུང་ཟད་གྱེས་པ་དང་རིན་པོ་ཆེ་ དང་སྣ་ཚོགས་རྡོ་རྗེའོ། །ཐམས་ཅད་ཀྱི་གཡོན་ན་ནི་དྲིལ་བུའོ། །ཕྱག་གཞན་གཉིས་ན་ཐོད་པ་ཁ་ཊྭཱཾ་ག་དང་བཅས་ཤིང་གཡས་ན་ཅང་ཏེའུ་བསྣམས་པའོ། །རྡོ་རྗེ་ཕག་མོ་ལ་སོགས་པ་རྣམས་ཀྱང་དེ་བཞིན་དུ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ་གཅེར་བུ་སྐྲ་གྲོལ་བ་ཕྱག་རྒྱ་ལྔས་ བརྒྱན་པའོ། །གཡོན་གཉིས་ན་དྲིལ་བུ་དང་ཐོད་པ་འཛིན་ཅིང་ཁ་ཊྭཱཾ་ག་འཛིན་པའོ། །གཡས་པ་ཀུན་ན་ཅང་ཏེའུ་དང་གྲི་གུག་འཛིན་པའོ། །གཉིས་སུ་མེད་པའི་སྦྱོར་བ་ལ་སྙོམས་པར་ཞུགས་པས་བདེ་བར་གཤེགས་པ་རྣམས་མཉམ་པར་འགྲོ་བ་ནི་བདེ་བ་དམ་པའོ། །རྡོ་རྗེ་ སེམས་དཔའ་ལ་སོགས་པའི་ལྷ་རྣམས་ལ་ནི་མི་བསྐྱོད་པས་དབུ་བརྒྱན་པར་ཤེས་པར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཡུམ་རྡོ་རྗེ་ཕག་མོ་ལ་ཡང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་སེམས་དཔའ་དང་ཡང་ལྡན་པར་བསྟན་པ་ནི་ཨོཾ་ཨཱཿབཾ་ཧཱུཾ་ཞེས་པས་སོ། །དེ་ནས་ མིག་ལ་སོགས་པ་ལ་གཏི་མུག་རྡོ་རྗེ་ལ་སོགས་པར་བལྟ་བར་བྱས་ལ། ཡང་ལྟེ་བར་བཾ་དང་བཛྲ་ལས་རྡོ་རྗེ་ཕག་མོའོ། །སྙིང་གར་ནི་ཧཾ་ཡོཾ་ལས་གཤིན་རྗེ་མོའོ། །ཧྲིཾ་མོཾ་ལས་རྨོངས་བྱེད་མཁར་རོ། །མགོ་བོར་ཧྲེཾ་ཧྲིཾ་ལས་སྐྱོད་བྱེད་མའོ། །སྤྱི་གཙུག་ཏུ་ནི་ཧཱུཾ་ཧཱུཾ་ལས་སྐྲག་བྱེད་མའོ། ། ཡན་ལག་ཐམས་ཅད་ལ་ནི་ཕཊ་ཕཊ་ལས་གཏུམ་མོའོ། །དེའི་རྗེས་སུ་རང་གི་ས་བོན་ལས་འོད་ཟེར་སྤྲོས་ཏེ། ཛཿཧཱུཾ་བཾ་ཧོཿཞེས་པས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རིམ་པ་བཞིན་དུ་སྦྱར་བར་བྱའོ། །དེ་ལས་བསང་གཏོར་དང་ཞབས་བསིལ་དང་མཆོད་ཡོན་ལ་སོགས་པ་སྦྱིན་ནོ། །དེས་ ཡང་དག་པར་མཆོད་དེ་མཆོད་པའི་ཆོ་ག་ཐམས་ཅད་ཀྱིས་མཆོད་པར་བྱའོ། །ནམ་མཁར་མཁའ་འགྲོ་མ་རྣམས་ཞེས་པ་ལ་སོགས་པ་ནི་རིམ་པ་ཇི་ལྟ་བར་ཡེ་ཤེས་ཀྱི་འཁོར་ལོའི་ཁམས་གསུམ་པོ་དམ་ཚིག་གི་འཁོར་ལོ་ལ་བཅུག་སྟེ་བཅིངས་ནས་དབང་དུ་བྱའོ། །དེ་ནས་རང་གི་སྙིང་ གའི་ས་བོན་ལས་འོད་ཟེར་ཡང་དག་པར་སྤྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་བསྐུལ་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་བསྐུལ་བས་བདག་ཉིད་ཆེན་པོའི་སངས་རྒྱས་དེ་རྣམས་ཀྱི་འོད་ཟེར་སྤྲོས་པས་ གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་རིགས་ཀྱི་རྣལ་འབྱོར་མ་རྣམས་སྤྲུལ་པ་ནམ་མཁའི་གཞིར་ཡོངས་སུ་གང་བས་བདུད་རྩི་ལྔ་ཡིས་ཡོངས་སུ་གང་བའི་བུམ་པ་ཐོགས་ཏེ། མངོན་པར་བླུགས་པས་དབང་བསྐུར་བར་བསམ་པར་བྱ་ཞིང་འདི་སྐད་བརྗོད་དོ། །དབང་བསྐུར་ཆེན་པོའི་རྡོ་རྗེ་ ལ། །ཁམས་གསུམ་གྱིས་ནི་ཕྱག་བྱས་པ། །གསང་གསུམ་བཞི་ལས་བྱུང་བ་ཉིད། །སངས་རྒ