Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 17
Văn bản gốc(Tây Tạng)
Trang 6 / 29 (50.000 ký tự/trang)
ྱས་ཀུན་གྱིས་བདག་ལ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་པ་སྟེ། དབང་བསྐུར་བའི་རྗེས་སུ་སེམས་ཀྱིས་དབུ་རྒྱན་བྱས་པར་བསྒོམ་མོ། །མཁའ་འགྲོ་མ་ལ་སོགས་པ་ རྣམས་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བཞིས་དབུ་བརྒྱན་ནོ། །འཁོར་ལོ་གསུམ་ལ་ནི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་སོ། །ཁྭ་གདོང་མ་ལ་སོགས་པ་ཕྱོགས་མཚམས་ན་གནས་པ་རྣམས་ལའང་རྣམ་པར་སྣང་མཛད་ལ་སོགས་པས་རྒྱས་གདབ་པའོ། །ཆོ་ག་ཇི་ལྟ་བ་བཞིན་དུ་ཡི་ གེ་ཧཱུཾ་གིས་རྡོ་རྗེར་སྤྲུལ་ལོ། །ཡི་གེ་ཨེས་ནི་ལྷ་མོའི་པདྨ་འདབ་མ་གསུམ་པར་རོ། །ཡི་གེ་ཨས་ནི་གེ་སར་རོ། །ཡི་གེ་བཾ་གྱིས་ནི་ལྟེ་བར་རྣམ་པར་བསྒོམ་མོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལྟ་བུའི་འོད་ཟེར་སྤྲོས་པས་རྒྱལ་བའི་ཚོགས་རྣམས་བཀུག་སྟེ་པདྨའི་སྣ་རྩེར་ཁ་ཕྱེ་ལ་རྗེས་སུ་ཆགས་པས་བྱང་ ཆུབ་ཀྱི་སེམས་འཐུངས་པས་བཟི་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ཅིང་བདེ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་བསྐུལ་ནས་དེ་མ་ཐག་ཏུ་རང་གི་སྙིང་གར་ཞུགས་པ་བདུད་རྩིའི་ཆུར་གྱུར་པ་རྡོ་རྗེའི་ལམ་ནས་པདྨའི་དཀྱིལ་དུ་ སྤྲོ་བར་བྱའོ། །དེ་མཆོད་པའི་ལྷ་མོ་བཅུ་དྲུག་གི་གཟུགས་དུ་མར་བ་སྤུའི་བུ་གའི་རྩེ་མོ་ནས་སྤྲོས་ལ་ཆོ་ག་བཞིན་དུ་མཆོད་ཡོན་ལ་སོགས་པ་རྫོགས་པར་སྦྱིན་པ་ནི་རང་རང་གི་སྔགས་ཀྱིས་སོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་མཆོད་ཡོན་ནོ། །ཨོཾ་ཤྲཱི་ཧེ་རུ་ཀ་པཱདྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞབས་བསིལ་ གྱི་སྟེ་ཞབས་བསིལ་བར་བྱས་ལ་དེ་ནས་མེ་ཏོག་དང་སྤོས་ལ་སོགས་པ་རྣམས་ཀྱིས་རིམ་པ་བཞིན་དུ་མངོན་པར་མཆོད་པར་བྱའོ། །གོང་འོག་ཚིག་མ་བཀྲལ་བ་རྣམས་ནི་གོ་སླའོ། །དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་པ་ཞེས་བྱ་བ་ལས། ལེའུ་གཉིས་ པའི་རྣམ་པར་བཤད་པའོ།། །།དེ་ནས། དང་པོར་སློབ་དཔོན་མཉེས་བྱ་སྟེ། །ཞེས་པ་ནི་དཀྱིལ་འཁོར་དུ་འཇུག་པར་བྱ་བའི་དོན་དུའོ། །ཇི་ལྟར་ནུས་པས་མཆོད་པར་བྱ་སྟེ་གསོལ་བ་གདབ་པར་བྱ་བའི་ཐ་ཚིག་གོ། །ལྷག་མ་ནི་གོ་སླའོ། །ཤིན་ཏུ་སྒྲ་སྙན་དྲིལ་བུ་དཀྲོལ་བར་ བྱ་བ་ནི་ཅང་ཏེའུ་རུ་གསུངས་སོ། །ཡང་ན་དྲིལ་བུ་ཞེས་པ་ནི་ལོ་གྲངས་བཅུ་དྲུག་མའོ། །རྔ་བརྡུང་ཞེས་པའང་ལོ་གྲངས་བཅུ་གཉིས་མའོ། །ཤིན་ཏུ་སྒྲ་སྙན་ཞེས་པ་ནི་ངག་སྙན་པ་དང་ལྡན་པ་སྟེ། གཟུགས་དང་ཁ་དོག་དང་ལྡན་ཞིང་རེག་བྱ་ཁྱད་པར་ཅན་གྱིས་ཕྱེ་བ་ཅན་ནོ། ། དཀྲོལ་ཞེས་པ་ནི་ཤིན་ཏུ་ཆགས་པ་ཅན་ནོ། །ལྷག་མ་རྣམས་ནི་གོ་སླའོ། །འདིའི་རིམ་པའི་མཚན་ཉིད་ནི་དབང་གི་རབ་ཏུ་བྱེད་པ་ལས་ཤེས་པར་བྱ་སྟེ། འདིར་ནི་གཞུང་ཤིན་ཏུ་རྒྱ་ཆེས་སུ་དོགས་པས་འཇིགས་ནས་མ་བཤད་དོ། །ལྷོ་ཕྱོགས་སུ་ནི་ལུས་ཕྱོགས་ཏེ། །ཞེས་པ་ནི་མེ་ཏོག་བོར་བ་ གལ་ཏེ་ཤར་སྒོའི་དཀྱིལ་འཁོར་དུ་ལྷུང་ནས་བདག་དང་ས་གཞི་འཐོབ་ཅིང་རལ་གྲི་དང་རྐང་མགྱོགས་སུ་འགྲུབ་པ་དང་། །ནད་མེད་པ་དང་ཡེ་ཤེས་ཀྱིས་ཐར་པར་འགྱུར་རོ། །བཅུད་ཀྱིས་ལེན་པ་དང་གསེར་འགྱུར་རྩི་དང་འབྲུ་དང་ནད་མེད་པ་དང་བང་མཛོད་སྟོང་ཕྲག་དུ་མ་སྟེར་བར་འགྱུར་ བ་དང་། དཔལ་དང་ཞི་བ་ནི་ལྷོ་ཕྱོགས་ཀྱི་སྒོའི་དཀྱིལ་འཁོར་དུ་ལྷུང་ན་རྟག་ཏུ་འགྲུབ་པར་འགྱུར་རོ། །དཀྱིལ་འཁོར་གྱི་ནུབ་ཕྱོགས་ཀྱི་སྒོའི་དཀྱིལ་འཁོར་དུ་ལྷུང་ན་ནི་དབང་དང་དགུག་པ་དང་། ནོར་ཕུན་སུམ་ཚོགས་པ་དང་། ཞི་བ་དང་རྒྱས་པ་དང་། སྐྱེ་བ་དང་ལྡན་པ་རྣམས་ དགའ་བ་དང་བུ་དང་ཚ་བོ་ཕུན་སུམ་ཚོགས་པ་འགྲུབ་པོ། །དེ་བཞིན་དུ་བྱང་ཕྱོགས་ཀྱི་སྒོའི་དཀྱིལ་འཁོར་དུ་ལྷུང་ན་བསྟན་པ་བསྲུང་ཞིང་གདུག་པ་ཐམས་ཅད་ཚར་གཅོད་ཅིང་གདུག་པ་ཅན་ཕམ་པར་བྱེད་པར་འགྱུར་རོ། །མེ་ཏོག་གཏོར་ཞེས་པ་ནི་དང་པོར་སློབ་མ་དད་པ་ཤིན་ཏུ་ཆེ་བ་ སེམས་དགའ་བའི་རྒྱུ་ཡིས་དབབ་པར་བྱའོ། །དེའི་རིམ་པ་ནི་སློབ་མ་གཡས་བརྐྱང་བས་གནས་ཤིང་སྙིང་གར་ཐལ་མོ་སྦྱར་བས་འཛིན་དུ་བཅུག་ལ་རླུང་གི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་རྐང་པ་གཉིས་ལ་རླུང་གི་ས་བོན་བཀོད་ལ་སྙིང་གར་ཡང་རླུང་དང་ས་དང་ཆུ་རྣམས་ཏེ། རླུང་གི་ ས་བོན་གྱིས་གཡོ་བར་བྱ་སྟེ་དེ་ཡང་སྔོན་དུ་རྡོ་རྗེ་ཕག་མོའི་རྣལ་འབྱོར་གྱིས་གནས་པར་བྱས་ལའོ། །སློབ་དཔོན་བདག་ཉིད་ཡི་གེ་ཧཱུཾ་གི་ང་རོས་ཧཱུཾ་ཞེས་བརྗོད་དོ། །དེ་ནས་ཨ་ལེ་ལེ་ལེ་ཧཱུཾ་ཨཱཿཞེས་བརྗོད་ཅིང་རྡོ་རྗེ་དྲིལ་བུའི་སྒྲ་འཁྲོལ་ཞིང་ང་རོ་ཆེར་གདོན་ནོ། །དེ་ལྟ་བུས་ནི་མཆོག་དང་ འབྲིང་དང་དམན་པ་ཐམས་ཅད་ལ་ཞུགས་པར་འགྱུར་རོ། །དེ་ནས་སྐལ་བ་ཆུང་བ་རྣམས་ལ་ནི་གསང་བ་ཤེས་པའི་སློབ་དཔོན་གྱིས་རོའི་ཡན་ལག་ལྔ་ནས་བླངས་པའི་ཤ་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་པ་དང་། མར་ཁུ་ཆེན་པོ་དང་གུ་གུལ་ཆེན་པོ་དང་བསྲེས་པ་སྨན་སྣ་བདུན་ པོ་དེ་ཆ་མཉམ་པོར་བྱས་པ་དེ་མདུན་དུ་བྱས་པའི་དབུས་སུ་ཆང་ལ་གུ་གུལ་དང་ལྡན་པར་བྱས་པ་ལ་ཀུན་དུ་སྦྱར་པའི་བདུག་པའི་རི་ལུ་དེ་ལ་ཕག་མོའི་སྔགས་ཡང་དག་པར་བཟླའོ། །དེ་བསྣམས་པ་ཙམ་གྱིས་སྐད་ཅིག་དེ་ཉིད་ལ་བྱིན་གྱིས་རློབ་བོ། །ངག་ལ་བབས་པས་ནི་སྔོན་དུ་ཇི་ལྟར་མ་གསུངས་ པའི་ཚིགས་བཅད་རྣམས་འདོན་པར་ནུས་སོ། །སེམས་ལ་བབས་པས་ནི་བྱུང་བ་དང་འབྱུང་བ་རྣམས་ཤེས་སོ། །ཨོཾ་ཏིཥྛ་ས་མ་ཡ་བ་རི་བ་ལི་ཏེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། ཞེས་རྡོ་རྗེ་སྤྱི་བོར་བཞག་ལ་བརྗོད་དེ་དབབ་པ་གཤེགས་སུ་གསོལ་བའི་སྔགས་སོ། །གང་དུ་མེ་ཏོག་བབས་པ་ཞེས་པ་ ནི་དེ་ཉིད་ཀྱི་རིགས་དེ་ལ་སྦྱིན་ནོ། །དེ་ནས་ནི་གང་ལ་མོས་པར་ཡང་བྱའོ། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་བསྟན་པར་བྱ་ཞེས་པ་ནི་དཀྱིལ་འཁོར་ཙམ་ཡིན་གྱི་དེའི་དེ་ཁོ་ན་ཉིད་ནི་མ་ཡིན་པའོ། །དེ་ནས་ཆུའི་དབང་བསྐུར་བ་ལ་སོགས་པ་བྱིན་པས་བུམ་པའི་དབང་བསྐུར་རོ། །དེའི་རྗེས་སུ་ མཆོད་པ་བྱས་ལ་གསང་བ་སྦྱིན་ནོ་ཞེས་པའི་དོན་ཏོ། །སློབ་དཔོན་ཤིན་ཏུ་མཉམ་གཞག་པ། །སློབ་མ་རྣམས་ཀྱི་ཉིན་གཉིས་པར། །ཞེས་པ་ནི་མཚན་ཕྱེད་ན་ཞེས་པའི་དོན་ཏོ། །ཁྲག་གིས་ཞེས་པ་ནི་སྐུ་གསུང་ཐུགས་རྣམས་ཀྱི་ཆགས་པར་གྱུར་པ་ཉིད་ཀྱི་ཕྱིར་ནའོ། །ལན་གསུམ་ བཟླས་ཞེས་པ་ནི་ཨོཾ་ཨཱཿཧཱུཾ་ཞེས་པ་འདི་ཡིས་སོ། །དེའི་ཐིག་ལེར་བྱའོ་ཞེས་པ་ནི་སྙིང་ག་དང་སྨིན་མཚམས་དང་མགྲིན་པ་དང་སྤྱི་གཙུག་རྣམས་སུའོ། །གདོང་ཕྱེ་ལ་ཞེས་པ་དང་། དཀྱིལ་འཁོར་བསྟན་ཞེས་པ་ནི་ཐམས་ཅད་རྫོགས་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་ བསྟན་ཞེས་པའི་དོན་ཏོ། །དེ་ནས་ཁྱད་པར་གྱི་ཡོན་དབུལ་བར་བྱ་བ་བསྟན་པ། གསེར་ནི་བརྒྱ་དང་སྟོང་ཕྲག་དང་། ཞེས་པ་ལ་སོགས་པ་གསུངས་ཏེ་གང་གིས་གང་དཀའ་བ་དེ་ལྟ་བུ་ནི་དེ་ཡིས་བརྒྱ་དང་སྟོང་ཕྲག་ཅེས་པ་ལ་སོགས་པའོ། རྣམ་པ་སྣ་ཚོགས་ཞེས་པ་ནི་གོ་སླའོ། ། གནོད་པར་འགྱུར་རོ་ཞེས་པ་ནི་བསྟན་པ་ལ་སྨོད་པར་བྱེད་པའི་གདུག་པ་ཅན་རྣམས་ལའོ། །ལྷག་མ་རྣམས་ནི་གོ་སླའོ། །མ་མཐོང་བར་ཞེས་བྱ་བ་ལ་སོགས་པ་ནི་གང་ཞིག་ལ་ལ་དག་དཔེར་ན་ནམ་མཁའ་ལ་རྡེག་པར་འདོད་པ་དང་། སྨིག་རྒྱུ་ལ་ཆུ་བཏུང་བར་འདོད་ན་མི་བདེན་པ་ དེ་ལྟ་བུ་ལ་འདི་གོ་ཇི་ལྟ་བུ། རྣལ་འབྱོར་འདི་ནི་མཆོག་རབ་དང་། །སྦྱོར་བ་ཀུན་ལ་དམ་པ་ཡིན། །ཞེས་པ་འདི་ལ་དབང་བསྐུར་བ་དེའི་རྣལ་འབྱོར་པའོ། །གང་ཞིག་རྟག་ཏུ་འདོད་འགྱུར་བ། །ཞེས་པ་ནི་གང་དང་གང་དུ་འགྲོ་བ་དེ་དང་དེར་དེ་དག་ཟིལ་གྱིས་མནན་ཅིང་འགྲོ་བ་སྟེ། ཇི་ལྟར་འདོད་པ་ བཞིན་དུ་སྤྱོད་དོ་ཞེས་བྱ་བར་སྦྱར་རོ། །དཀྱིལ་འཁོར་འདི་ལ་དབང་བསྐུར་བ། །སྒྲུབ་པོ་རྒྱུད་རྣམས་ཀུན་ལ་སྟེ། །ཞེས་པ་འདི་དག་ནི་རྣལ་འབྱོར་ཐམས་ཅད་ལས་མཆོག་ཏུ་གྱུར་པ་འདིས་ཕྱག་རྒྱ་ཆེན་པོ་འགྲུབ་པའོ། །ཀུན་ཞེས་པའི་སྒྲས་ནི་བྱ་བའི་རྒྱུད་དང་སྤྱོད་པ་དང་རྣལ་འབྱོར་ དང་རྣལ་འབྱོར་བླ་ན་མེད་པ་སྟེ། དགོད་པ་དང་བལྟས་པ་ཙམ་དང་ལག་བཅངས་ཙམ་དང་འཁྱུད་པ་དང་གཉིས་ལྡན་ལ་སོགས་པ་རྒྱུད་འདི་རྣམས་ཐམས་ཅད་ལ་དབང་བསྐུར་བར་འགྱུར་རོ། །གང་གི་ཕྱིར་ཐམས་ཅད་རྣམས་ལས་འདི་གཅིག་པུ་གཉིས་སུ་མེད་པའི་རྒྱུད་དེ་དེ་ཁོ་ན་ཉིད་ བསྡུས་པ་ལ་སོགས་པར་དབང་མཆོག་ཏུ་བསྐུར་བར་བརྗོད་པ་ལས་འདི་ལ་དབང་བསྐུར་བའི་མཆོག་ཏུ་དེ་བཞིན་གཤེགས་པས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ན། དཀྱིལ་འཁོར་རྣམས་ཀྱི་རྒྱལ་པོ་འདི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་སོ། །མ་བཀྲལ་བ་ རྣམས་ནི་གོ་སླའོ། །དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་པ་ཞེས་བྱ་བ་ལས་ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ནས་ས་རྣམས་ལ་རྣམ་པར་རོལ་བའི་མཁའ་འགྲོ་མ་རྣམས་ཏེ་ཞེས་པ་ལ་དེ་ལ་ས་རྣམས་ཞེས་པ་ནི་རྩ་ཐམས་ཅད་ལ་བྱ་སྟེ། དེ་རྣམས་ལ་རྣམ་པར་རོལ་ཅིང་བཞུགས་པར་བསྐྲུན་པ་གནས་རྣམས་ཀྱི་དཔའ་བོ་དང་། དཔའ་མོའི་དབང་ཕྱུག་མ་རྣམས་ཀྱིའོ་ཞེས་པའི་དོན་ཏོ། །བརྩོན་འགྲུས་ཆེན་མོ་དང་ཞེས་པའི་ཚིག་ནི་གོ་བཟློག་པའི་ཚིག་གིས་བལྟ་བར་བྱ་སྟེ། དེ་བས་ན་དང་པོར་ཐུགས་ཀྱི་འཁོར་ལོའི་རབ་ ཏུ་གཏུམ་མོ་ལ་སོགས་པ་རིམ་དང་རིམ་ལས་བཟློག་པས་དགོད་པར་བྱའོ། །དེ་བཞིན་དུ་གསུང་དང་སྐུའི་འཁོར་ལོ་ཡང་དེ་ལྟར་རབ་ཏུ་བྱ་བས་ན་བརྩོན་ཆེན་མ་ནི་ཐ་མར་རབ་ཏུ་གནས་པ་སྟེ། ཕྱི་རོལ་ཇི་ལྟ་བ་དེ་བཞིན་དུ་ནང་གི་བདག་ཉིད་ཀྱང་སྟེ། ལུས་དང་ངག་དང་སེམས་ཀྱི་དབུས་ སུའོ། །དེ་ལ་པུཾ་ནི་པུལླཱི་ར་མ་ལ་ཡ་སྟེ་མཆོག་མར་རབ་ཏུ་གཏུམ་མོ་དང་། ཐོད་པའི་དུམ་བུ་སྟེ་སོ་དང་སེན་མོར་ཡང་འབྱུང་ངོ་། །ཛཱཾ་ནི་ཛཱ་ལནྡྷར་སྟེ་སྤྱི་གཙུག་ཏུ་གཏུམ་པའི་མིག་ཅན་མ་དང་ཀེང་རུས་ཆེན་པོ་སྟེ་སྐྲ་དང་བ་སྤུར་ཡང་འབྱུང་ངོ་། །ཨོཾ་ནི་ཨོ་ཌི་ཡ་ན་སྟེ་རྣ་བ་གཡས་པར་འོད་ལྡན་མ་དང་ ཀེང་རུས་ཏེ་པགས་པ་ལའང་གསུངས་སོ། །ཨཾ་ནི་ཨརྦུ་ད་སྟེ་རྒྱབ་ཀྱི་སོག་དབྲག་ཏུ་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ་མཁྲིས་པར་ཡང་འབྱུང་སྟེ་གནས་སོ། །གོཾ་ནི་གོ་དཱ་བ་རི་སྟེ་རྣ་བ་གཡོན་པར་ཆང་དགྲ་དང་དཔའ་མོའི་བློ་ཅན་མ་སྟེ་རྒྱུས་པར་ཡང་ཐམས་ཅད་དུ་འཛིན་ནོ། །རཱཾ་ ནི་རཱ་མེ་ཤྭ་རི་སྟེ་སྨིན་མའི་དབུས་སུ་འོད་དཔག་མེད་དང་མིའུ་ཐུང་མ་སྟེ་རུས་པ་དང་དྲི་མར་ཡང་འཛིན་ཏོ། །དེཾ་ནི་ལྷའི་གླིང་སྟེ་མིག་ལ་རྡོ་རྗེ་འོད་དང་སྲིན་པོའི་དབང་ཕྱུག་མ་སྟེ་མཆིན་པར་ཡང་འཛིན་ཏོ། །མཱཾ་ནི་མཱ་ལ་བ་སྟེ་དཔུང་པ་གཉིས་ཀྱི་རྩར་རྡོ་རྗེ་སྐུ་དང་ཤིང་གྲིབ་མ་སྟེ་སྙིང་གི་སྣལ་མར་ཡང་རྒྱུ་སྟེ་ ཉེ་བའི་གནས་སོ། །ཀཱཾ་ནི་འདོད་པའི་གཟུགས་ཏེ་མཆན་ཁུང་དག་ལ་རྡོ་རྗེ་མྱུ་གུ་དང་ས་སྲུང་མ་སྟེ་རྟག་ཏུ་མཆི་མར་ཡང་འཛིན་ཏོ། །ཨོཾ་ནི་ཨོ་ཊེ་སྟེ་ནུ་མ་དག་ལ་རྡོ་རྗེ་རལ་བ་ཅན་དང་འཇིགས་བྱེད་ཆེན་པོ་སྟེ། མཁྲིས་པར་ཡང་འཛིན་ཏེ་ཞིང་ངོ་། །ཏྲིཾ་ནི་ཏྲི་ཤ་ཀུ་ནེ་སྟེ་ལྟེ་བར་ནི་དཔའ་བོ་ཆེན་པོ་དང་ རླུང་གི་ཤུགས་ཅན་མ་སྟེ་གློ་བར་ཡང་འཛིན་ཏོ། །གོཾ་ནི་ཀོ་ས་ལ་སྟེ་སྣ་རྩེར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་སྟེ་རྒྱུ་མའི་དྲི་མར་ཡང་འཛིན་ཏེ་ཉེ་བའི་ཞིང་ངོ་། །ཀཱོཾ་ནི་ཀཱཉྩིར་ཏེ་ཁ་ལ་རབ་ཏུ་བཟང་པོ་དང་ལྷ་མོ་ལྗང་གུ་སྟེ་ལྒང་པར་ཡང་འཛིན་ཏོ། །ལཾ་ནི་ལཾ་པཱ་ཀ་སྟེ་མགྲིན་པར་རྡོ་རྗེ་བཟང་པོ་དང་ཤིན་ ཏུ་བཟང་མོ་སྟེ་གྲོད་པར་ཡང་འཛིན་ཏེ་བོང་བུ་ལྟ་བུའོ། །ཚནྡོ་ཧའོ། །ཀཾ་ནི་ཀ་ལིཾ་ག་སྟེ་སྙིང་ལ་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ་སྟེ་བཤང་བར་ཡང་འཛིན་ཏོ། །ཧིཾ་ནི་ཧི་མཱ་ལ་ཡ་སྟེ་མཚན་གྱི་རྩར་མིག་མི་བཟང་དང་བྱ་གདོང་མ་སྟེ་མཚོག་མའི་དབུས་ཀྱང་ངོ་། །ཉེ་བའི་ཚནྡོ་ཧའོ། །པྲ་ནི་ཡི་དགས་ གནས་པ་སྟེ་མཚན་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་སྟེ་བད་ཀན་དུ་ཡང་འཛིན་ཏོ། །གྲྀཾ་ནི་ལྷའི་གྲོང་སྟེ་གཞང་ཁར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་སྟེ་རྣག་ཏུ་ཡང་འཛིན་ཏེ། འདུས་པ་ཅན་ནོ། །སཽཾ་ནི་སཽ་རཱཥྚ་སྟེ་བརླ་གཉིས་ལ་རྟ་མགྲིན་དང་སྣ་རིངས་མ་སྟེ་ཁྲག་ ཏུ་ཡང་འཛིན་ནོ། །སུཾ་ནི་གསེར་གླིང་སྟེ་བྱིན་པ་དག་ལ་ནམ་མཁའི་སྙིང་པོ་དང་། འཁོར་ལོའི་གོ་ཆ་མ་སྟེ་རྡུལ་དུ་ཡང་འཛིན་ཏེ་ཉེ་བའི་འདུ་བ་ཅན་ནོ། །ནཾ་ནི་གྲོང་གི་དབུས་ཏེ་སོར་མོ་རྣམས་ལ་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་སྟེ་ཞག་ཏུ་ཡང་འཛིན་ཏོ། །སིཾ་ནི་སིནྡྷུ་སྟེ་རྐང་པའི་རྒྱབ་ལ་པདྨ་ གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་མིག་ཆུར་ཡང་འཛིན་ཏེ་དུར་ཁྲོད་དོ། །མཾ་ནི་མ་རུ་སྟེ་མཐེ་བོ་གཉིས་ལ་རྣམ་པར་སྣང་མཛད་དང་། འཁོར་ལོས་སྒྱུར་མ་སྟེ་ལུད་པར་ཡང་འཛིན་ཏོ། །ཀུཾ་ནི་ཀུ་ལུ་ཏ་སྟེ་པུས་མོ་དག་ལ་རྡོ་རྗེ་སེམས་དཔའ་དང་བརྩོན་ཆེན་མ་སྟེ་སྣ་ཆུར་ཡང་འཛིན་ཏེ་ཉེ་ བའི་དུར་ཁྲོད་དོ། །དེ་དག་གི་རིམ་པ་ཇི་ལྟ་བར་སྐུ་གསུང་ཐུགས་ཀྱི་འཁོར་ལོ་མཁའ་སྤྱོད་ས་སྤྱོད་ས་འོག་ན་སྤྱོད་པ་རྣམས་བསམ་པར་བྱའོ། །དེ་དག་ནི་སྔོན་ཉིད་དུ་གྲུབ་པའོ་ཞེས་པ་ནི་ཀྱེ་འདི་དག་ནི་སྔོན་དུ་ངེས་པར་འགྲུབ་པ་ཡིན་ནོ་ཞེས་པའོ། །ཉི་ཤུ་རྩ་བཞི་པོ་འདི་དག་ནི་གཙོ་བོ་ཙམ་ དུ་བྱས་པ་སྟེ། གཞན་རི་རབ་ཀྱི་རྡུལ་ཕྲ་མོའི་གྲངས་སྙེད་པ་དེ་རྣམས་ཀྱང་འདིར་ཡང་དག་པར་བསྡུས་པ་སྟེ། སངས་རྒྱས་ཀྱི་མཐའ་འདི་ནི་གྲངས་ཚད་མེད་པས་ནའོ། །རང་མིང་བརྗོད་པའི་སྔགས་རྣམས་ཞེས་པ་ནི་ཡི་གེ་ཨོཾ་ནི་གསལ་བར་བྱེད་པའི་སྔགས་ཏེ་རང་གི་མིང་དང་ལྡན་པར་ གདོན་པ་ནི་ཧཱུཾ་ཧཱུཾ་ཕཊ་ཅེས་པའི་ཡི་གེ་མཐའ་མར་སྦྱར་ཏེ། དེ་ལྟ་བུར་བཟླས་པའི་ཆོ་གའི་རིམ་པས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་གི་རང་གི་མིང་བཟླའོ། །དེ་བཞིན་དུ་ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ལ་སོགས་པ་དང་། ཨོཾ་ཀ་ར་ཀ་ར་ཁཎྜ་ཀ་པཱ་ལི་ཞེས་བྱ་བ་ལ་སོགས་པའི་ རྗེས་ལ་པྲ་ཙཎྜེ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ལ་སོགས་པར་སྦྱར་བའོ། །ཡང་ན་སྙིང་པོའི་སྔགས་བར་དུ་བཅུག་ལ་དཀྱིལ་འཁོར་པ་དང་ལྷན་ཅིག་ཏུ་རྩ་བའི་སྔགས་བཟླས་པ་ནི་བར་མཚམས་མེད་པར་དུང་གི་ཕྲེང་བ་ལྟ་བུས་སངས་རྒྱས་ཀྱི་རྣལ་འབྱོར་པས་ཞི་བས་བཟླའོ། །རྒྱས་པ་ལ་ནི་རིན་ཆེན་མཁའ་ འགྲོས་སོ། །དབང་ལ་ནི་ཕྱག་ན་པདྨས་སོ། །བསྐྲད་པ་ལ་ནི་རྟ་མཆོག་གི་རྒྱལ་པོས་སོ། །ཞེ་སྡང་ལ་ནི་གཙོ་བོ་མི་བསྐྱོད་པ་སྟེ། ཐམས་ཅད་དུ་དོན་ཐམས་ཅད་རྫོགས་པའི་འཁོར་ལོ་པའོ། །འཁོར་ལོའི་སྦྱོར་བ་རྫོགས་སོ། །དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་ གནས་པ་ཞེས་བྱ་བ་ལས་ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ནས་ཐམས་ཅད་ཆོས་འབྱུང་དུ། །ཞེས་པ་ལ་ཐམས་ཅད་ཆོས་ཞེས་པ་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་དེ་རྣམས་བསྐྱེད་པ་ཡིན་པས་ན་ཆོས་འབྱུང་ངོ་། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ། །ཞེས་ པ་ལ་སྣ་ཚོགས་ཞེས་པ་ནི་བརྟན་པ་དང་གཡོ་བའི་བདག་ཉིད་དོ། །གང་དེའི་ལྟེ་བར་མི་ཤིགས་པའོ། །དགེ་བ་ནི་རྡོ་རྗེ་འཛིན་པ་སྟེ་དགེ་བ་རྣམས་འབྱུང་བའི་ཕྱིར་ནའོ། །སྔགས་པས་ཆོ་ག་བཞིན་དུ་ནི། །ཆོས་ཀུན་གཅིག་ཏུ་བསྡུས་པ་ལ། །ཞེས་པ་དང་འབྲེལ་ཏོ། །འདི་ལ་ཞེས་པ་ནི་ཆོས་ ཀྱི་འབྱུང་གནས་ལའོ། །དེར་གནས་དཔའ་བོ་བཏུ་བར་བྱ། །ཞེས་པ་ལ། དེར་གནས་ཞེས་པ་ནི་འཁོར་ལོ་གསུམ་དང་བདག་ཉིད་སྦྱོར་བའོ། །ཐུབ་པའི་མཆོག་ཏུ་བྲི་བར་བྱ། །ཞེས་པ་ལ། བྲི་བར་བྱ་ཞེས་པ་ནི་བརྗོད་པར་རབ་ཏུ་དབྱེ་བ་རྣམས་སོ། །བཞི་པའི་ལྔ་པ་གང་ཡིན་དང་། །ཞེས་ པ་ལ་སོགས་པའི་ཡི་གེ་བཏུས་པ་རྣམས་ཀྱིས་ནི་བཅོམ་ལྡན་འདས་ཀྱི་རྐང་པ་བརྒྱད་པའི་སྔགས་ཏེ། ཀ་ར་ཀ་ར་ཞེས་པ་ལ་སོགས་པས་བསྟན་པ་ནི་རྩ་བའི་སྔགས་སོ། །དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་པ་ཞེས་བྱ་བ་ལས་ལེའུ་ལྔ་པའི་རྣམ་པར་ བཤད་པའོ།། །།འདི་ལས་གཞན་ཡང་ཡི་གེ་ཉི་ཤུ་རྩ་གཉིས་པ་ནི་སྙིང་པོའོ། །ཡི་གེ་བདུན་པ་ནི་ཉེ་བའི་སྙིང་པོའོ་ཞེས་པས་ནི་དེ་དག་བཤད་པ་ཡིན་ནོ། །ཡ་སོགས་བརྒྱད་པའི་ས་བོན་དང་། །ཞེས་པ་ནི་ཡི་གེ་ཧ་བཅུ་གཉིས་བཀོད་པའོ། །ཡི་གེ་མཐའ་མ་དབྱི་བར་བྱ། ། ཞེས་པ་ནི་ཕྱི་མོའི་རིང་པོ་རྣམས་ཕྱིས་ཏེ་བར་བར་རྣམས་གཞག་པར་བྱ་ཞེས་པའི་དོན་ཏོ། །དེ་དག་སྦྱར་བ་ཡང་འདི་རྣམས་ཏེ། ཨོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧུ། པཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོཿ། ཕཊ་ཧཾ་ཞེས་པ་སྟེ། དེ་དག་ལས་རིམ་པ་བཞིན་བསྐྱེད་པ་ནི་སྙིང་གར་ཡི་གེ་ཧ་དང་རྡོ་རྗེ་ཡོངས་སུ་ཞུ་བས་ རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་བཞི་པ་སྟེ་གཡས་གཉིས་ན་རྡོ་རྗེ་དང་ཅང་ཏེའུའོ། །གཡོན་གཉིས་ན་ཁ་ཊྭཱཾ་ག་འཁྱུད་ཅིང་ཐོད་པ་དང་དྲིལ་བུ་འཛིན་པ་སྟེ་ཕག་མོ་ཁ་དོག་དམར་མོ་ལ་འཁྱུད་པའོ། །མགོ་བོར་ཡི་གེ་ཧི་དང་འཁོར་ལོ་ཡོངས་སུ་ཞུ་བས་རྣམ་པར་སྣང་ མཛད་སེར་པོ་གཡས་ན་འཁོར་ལོ་འཛིན་པ་སྟེ་གཞན་རྣམས་སྔར་གྱི་བཞིན་ཏེ་གཤིན་རྗེ་མ་སྔོན་མོ་ལ་འཁྱུད་པའོ། །སྤྱི་གཙུག་ཏུ་ཧུ་དང་པདྨ་ཡོངས་སུ་ཞུ་བ་ལས་པདྨ་གར་གྱི་དབང་ཕྱུག་དམར་པོ་སྟེ། གཡས་ན་པདྨ་བསྣམས་ཤིང་རྨོངས་བྱེད་མ་དཀར་མོའི་མགུལ་ནས་འཛིན་པ་སྟེ་ལྷག་མ་ སྔ་མ་བཞིན་དུའོ། །ཕྲག་པ་གཉིས་ལ་ཡི་གེ་ཧེ་དང་རྡོ་རྗེ་ཡོངས་སུ་ཞུ་བས་དཔལ་ཧེ་རུ་ཀ་སྔོན་པོ་སྟེ་སྐྱོད་བྱེད་མ་ལྗང་གུའི་མགུལ་པ་ནས་འཛིན་ཅིང་གཡས་ན་རྡོ་རྗེ་གདེངས་པ་བསྣམས་ཏེ་ལྷག་མ་སྔ་མ་བཞིན་དུའོ། །མིག་དག་ལ་ཡི་གེ་ཧོཿདང་རིན་པོ་ཆེ་ཡོངས་སུ་ཞུ་བས་རྡོ་རྗེ་ཉི་མ་ གསེར་བཙོ་མ་ལྟ་བུ་སྟེ། གཡས་ན་རིན་པོ་ཆེ་འཛིན་ཅིང་ནམ་མཁའི་ཁ་དོག་ཅན་གྱི་སྐྲག་བྱེད་མ་ལ་འཁྱུད་པ་སྟེ་ལྷག་མ་སྔ་མ་བཞིན་དུའོ། །དཔྲལ་བར་ཡི་གེ་ཧཾ་དང་སྣ་ཚོགས་རྡོ་རྗེ་ཡོངས་སུ་ཞུ་བས་རྡོ་རྗེ་རྟ་མཆོག་ཁ་དོག་ལྗང་གུ་སྟེ་གཡས་ན་སྣ་ཚོགས་རྡོ་རྗེ་འཛིན་ཅིང་གཏུམ་མོ་དུ་ བའི་ཁ་དོག་ཅན་ལ་འཁྱུད་པ་སྟེ། གཞན་རྣམས་སྔ་མ་བཞིན་དུའོ། །ཐམས་ཅད་ལ་རྒྱན་ཀུན་གྱིས་བརྒྱན་ཅིང་གཡས་བརྐྱང་བས་གནས་པ་རལ་བའི་དབུ་རྒྱན་ཅན་དར་དཔྱངས་དང་ལྡན་པའོ། །དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་པ་ཞེས་བྱ་བ་ ལས་ལེའུ་དྲུག་པའི་བཤད་པའོ།། །།དེ་ནས་ལེའུ་ལྔ་པར་སྒྲའི་ཡི་གེའི་ཚོགས་བཏུ་བ་གསུངས་པ་ལ། དབྱངས་ཀྱི་ཡི་གེའི་སྦྱོར་བས་སྔགས་སུ་བསྡེབ་པར་བྱ་བའི་ཕྱིར་ན་དེ་ནས་དབྱངས་ཀྱི་ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལ་བཅུ་གསུམ་པ་ཞེས་པ་ནི་ཡི་གེ་ཨོ་ ཡིན་ནོ། །ཡི་གེ་གཉིས་པར་ཞེས་པ་ནི་ཚིག་གི་རིམ་པ་བཞིན་དུ་ཡི་གེ་མ་ལས་སྦྱར་བའི་དོན་ཏོ། །དབྱངས་ཀྱི་བཅུ་གཅིག་པ་ཞེས་པ་ནི་ཡི་གེ་ཨའོ། །ཡི་གེ་དྲུག་པ་ཞེས་པ་ནི་ཡི་གེ་ཏའོ། །འདིའི་རིམ་པས་ལྷག་མ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དཔལ་ཧེ་རུ་ཀ་བདེ་མཆོག་ གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་པ་ཞེས་བྱ་བ་ལས་ལེའུ་བདུན་པའི་བཤད་པའོ།། །།དེ་ནས་རང་གི་བདག་ཉིད་དུ་ཞེས་པ་ནི་གདོད་ནས་སྐྱེ་བ་མེད་པའི་ཆོས་ཐམས་ཅད་བདག་མེད་པར་རང་བཞིན་གྱིས་ཡོངས་སུ་དག་པར་རང་གི་ངོ་བོར་མེད་ཅིང་བསམ་གྱིས་མི་ཁྱབ་པ་སྙིང་རྗེ་ཆེན་པོའི་ སྤྲུལ་པ་དང་སྒྱུ་མས་དཔའ་བོ་ཐམས་ཅད་ཀྱི་ཡང་དག་སྦྱོར་བ་མཁའ་འགྲོ་མ་རྣམས་ཀྱི་དྲ་བ་བདེ་མཆོག་ཏུའོ་ཞེས་བྱ་བ་ཡིན་ཏེ། རང་གི་སྙིང་པོའི་སྔགས་ཀྱི་ཡི་གེ་རྫོགས་པའི་དཀྱིལ་འཁོར་ནི་དཀྱིལ་འཁོར་དམ་པ་སྟེ་སྐད་ཅིག་ཙམ་གྱི་ཡེ་ཤེས་ཀྱིས་རྫོགས་པར་བྱའོ། །དེ་ཡང་། ཟུར་བཞི་ པ་ལ་སྒོ་བཞི་པ། ཏྭ་ར་ཎ་བཞིས་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་རྣམས་ཀྱིས་མཛེས། །དར་དཔྱངས་མེ་ཏོག་ཕྲེང་འཕྱང་བར། །དཀྱིལ་འཁོར་ཕྱི་རོལ་བརྟག་པར་བྱ། །འཁོར་ལོ་རྩིབས་བརྒྱད་དབུས་ཉིད་དུ། །སྣ་ཚོགས་པདྨ་བྲིས་པ་ལ། །ཟླ་བ་ཉི་མའི་དབུས་གནས་པ། །ཧཱུཾ་ཡིག་ ཡེ་ཤེས་ཀྱིས་རྫོགས་པར། །བདེ་བ་ཆེན་པོས་བདེ་བར་བསྐྱེད། །སྔོན་པོ་འཇིགས་ཆེན་ཅུང་ཟད་དཀར། །ཧ་ཧ་ཞེས་ཤིན་ཏུ་བཞད་ཅིང་དྲག་པོ་ཆེན་པོ་མི་བཟད་པ་འཇིགས་པ་རྣམས་ཀྱང་མངོན་དུ་འཇིགས་པར་མཛད་པ་ཞལ་བརྒྱད་པ་སྤྱན་གསུམ་པ་ལ་ཕྱག་བཅུ་དྲུག་གིས་རྣམ་པར་ བརྒྱན་པ། མགོ་བོ་རློན་པའི་ཕྲེང་བས་བརྒྱན་ཅིང་སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན་པ་ཟླ་བ་ཕྱེད་པ་རལ་བ་ལ་འཆང་བ་ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའི་སྐུ་གཡས་བརྐྱང་བའི་གནས་པས་འཇིགས་བྱེད་ཆེན་པོ་དང་དུས་མཚན་མནན་པ། རྡོ་རྗེ་དང་དྲིལ་བུ་སྙོམས་པར་འཇུག་པས་རྡོ་རྗེ་ ཕག་མོའི་ནུ་མ་བསྡམས་པའོ། །ཚངས་པའི་པགས་པ་བཤུས་པ་རྒྱབ་ཏུ་བསྣམས་པའི་ཚུལ་དུ་རྣམ་པར་འཛིན་པ་དང་། གཡས་པའི་ལྷག་མ་རྣམས་ནི་རྩེ་གསུམ་དང་དགྲ་སྟ་དང་རལ་གྲི་དང་ཅང་ཏེའུ་དང་གྲི་གུག་དང་ལྕགས་ཀྱུ་རྣམས་བསྣམས་སོ། །གཡོན་པའི་ལྷག་མ་རྣམས་ ན་ཐོད་པ་དང་ཁ་ཊྭཱཾ་ག་དང་མགོ་བོ་དང་ཞགས་པ་འཛིན་པ་དང་ཐོ་བ་དང་སྡིགས་མཛུབ་མཛད་པ་རྣམས་སོ། །རྩ་བའི་ཞལ་ནི་སྔོན་པོའོ། །གཡས་པ་གསུམ་ནི་དཀར་པོ་དང་དམར་པོ་དང་སེར་པོ་དང་། གཡོན་པ་གསུམ་ནི་ལྗང་གུ་དང་དུད་ཁ་དང་སེར་སྐྱའོ། །སྟེང་གི་ཞལ་ནི་ཐལ་མདོག་ སྟེ། དེ་ལྟ་བུའི་ཞལ་རྣམས་དང་ལྡན་པའི་སྐུ་ཆེ་བའི་བཅོམ་ལྡན་འདས་སོ། །ཡི་གེ་ཤྲཱི་ཡེ་ཤེས་ཀྱིས་རྫོགས་པའི་ཕག་མོ་ནི་ལྗང་གུ་ལ་ཅུང་ཟད་དཀར་པོས་མདངས་ཕྱུང་བ་ཆེན་མོ་སྟེ། བྱིན་པ་གཉིས་ཤིན་ཏུ་བསྡམས་པ་དབུ་སྐྲ་གྲོལ་བ་སྤྱན་གསུམ་པ་ཐོད་པའི་ ཕྲེང་བས་རྣམ་པར་བརྒྱན་པའོ། །གཙོ་བོ་བཞིན་དུ་ཞལ་རྣམས་ཀྱི་དབྱིབས་ཅན་དུམ་བུས་བརྒྱན་པའི་སྐ་རགས་ཅན་ནོ། །ཞལ་མཆེ་བ་ཅུང་ཟད་གཙིགས་པ་ཕྱོགས་ཀྱི་གོས་ཅན་སྤྱན་དམར་པོའི་ལྟ་སྟངས་ཀྱི་ཆགས་པས་གཟིགས་པ་སྐུ་སྨད་ཞེང་ཆེ་བ་ཤིན་ཏུ་དགྱེས་ཤིང་སྐལ་པ་ ཕུན་སུམ་ཚོགས་པ་ཅན་མདའ་དང་གཞུ་འཛིན་པའི་ལྷ་མོ་སྟེ། ཚངས་པའི་པགས་པ་རྣམ་པར་སྤངས་པའོ། །ཡི་གེ་ཨོཾ་ལས་ཤར་གྱི་འདབ་མ་ལ་མཁའ་འགྲོ་ཕྱག་འཚལ་མ་དགོད་དོ། །ཡི་གེ་བ་ཡིས་བྱང་གི་འདབ་མ་ལ་སྲོག་ཆགས་ཀྱི་ཞལ་ཅན་དགོད་དོ། །ནུབ་ཕྱོགས་སུ་ ཡི་གེ་ཛྲ་ཡིས་མཁའ་འགྲོ་མ་གྲགས་མ་དགོད་དོ། །ཡི་གེ་ཧེ་ཡིས་མཁའ་འགྲོ་གསེར་ཆེན་མ་ལྷོ་ཕྱོགས་སུ་དགོད་དོ། །དེ་རྣམས་ཀྱང་རིམ་པ་བཞིན་དུ་ཞལ་གསུམ་གསུམ་སྟེ། སེར་པོ་ལྗང་གུ་སྔོན་པོ་དང་། །ལྗང་གུ་སེར་པོ་དམར་པོ་དང་། །དཀར་པོ་ལྗང་གུ་སྔོན་པོ་དང་། །དེ་ བཞིན་དུ་དམར་པོ་སྔོན་པོ་ལྗང་གུའོ། །ཐམས་ཅད་ཀྱང་ཕྱག་དྲུག་པ་སྤྱན་གསུམ་པ་རྣམ་པར་འགྱུར་ཞིང་འཇིགས་པ། རྒྱན་ཐམས་ཅད་ཀྱིས་ཀུན་དུ་གང་བ་ཕྱོགས་ཀྱི་གོས་ཅན། སྐྲ་གྲོལ་བ་སྟེ་རོའི་སྟེང་ན་གཡས་བརྐྱང་བས་བཞུགས་པ། བདུད་བཞི་རབ་ཏུ་གནོན་ཅིང་དབུ་ལ་ཐོད་ པའི་ཕྲེང་བ་ཅན་ཤིན་ཏུ་དྲག་མོ་པདྨ་དང་ནུ་མ་རྒྱས་པ་དང་ལྡན་པ་སྤྱན་ཟུར་གྱིས་གཟིགས་ཤིང་བཞད་པ། ཐུགས་རྗེས་ཆགས་ཤིང་བདེ་བ་དམ་པའོ། །མདའ་དང་གཞུ་འཛིན་པ་དང་ཕྱག་ལྷག་མ་ནི་ཞགས་པ་དང་ལྕགས་ཀྱུའོ། །གཡོན་ན་ཁ་ཊྭཱཾ་ག་དང་ཐོད་པའོ། །གཡས་ན་ཅང་ཏེའུ་དཀྲོལ་ བར་མཛད་པ་རྣམས་སོ། །གྲྭ་བཞིར་ནི་བུམ་པ་བཞིའི་སྟེང་དུ་ཐོད་པ་བཞིའི་ནང་ན་བྱང་ཆུབ་སེམས་ཀྱི་འོ་མས་རབ་ཏུ་བཀང་བ་རྣམས་སོ། །ཤར་དུ་ནི་ཡི་གེ་ཧེ་ཡིས་ཧེ་ལི་ཀ་ཞེས་བྱ་བའི་མཁའ་འགྲོ་མའོ། །བྱང་དུ་ནི་ཡི་གེ་སཾ་གིས་མཁའ་འགྲོ་མ་གདུ་བུ་མའོ། །ནུབ་ཏུ་ནི་ཡི་གེ་རུ་ ཡིས་གདུགས་ཕྲེང་མ་ཞེས་བྱ་བའི་མཁའ་འགྲོ་མའོ། །ལྷོར་ནི་ཡི་གེ་ཀཾ་ལས་ཀེང་རུས་མ་ཞེས་བྱ་བའི་མཁའ་འགྲོ་མའོ། །མེ་རུ་ནི་ཧཱུཾ་མཛད་མའོ། །བདེན་བྲལ་དུ་ནི་ཕཊ་མཛད་མའོ། །རླུང་དུ་ནི་ཆེ་མཆོག་མའོ། །དབང་ལྡན་དུ་ནི་ཀི་ལས་ཀི་ལི་ཀི་ལི་མ་ཞེས་བྱ་བའི་མ་མོ་སྟེ། མ་མོ་ དེ་བརྒྱད་ནི་བཅོམ་ལྡན་འདས་ཀྱི་ཞལ་མདོག་དང་མཐུན་པའོ། །ཀུན་ཀྱང་ཞལ་གཅིག་ཕྱག་བཞི་པ་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་ཐམས་ཅད་དྲིལ་བུ་དང་ཅང་ཏེའུ་དང་གྲི་གུག་ཅན་ནོ། །ཕྱོགས་ཀྱི་གོས་ཅན་གཡས་བརྐྱང་བས་གནས་པ་ཐོད་པའི་ཕྲེང་བ་དང་ཕྱག་རྒྱ་ལྔས་བརྒྱན་པ་རོའི་སྟེང་ན་གནས་ པ་བསམ་པར་བྱའོ། །དྲག་མོ་ཆེན་མོ་འཇིགས་པ་དག་ཀྱང་འཇིགས་པར་བྱེད་མའོ། །དབང་ལྡན་གྱི་གྲྭར་ནི་སྐྱེད་བྱེད་མ་སྔོན་མོའོ། །རླུང་གི་གྲྭར་ནི་ཁྱུ་མཆོག་མའོ། །བདེན་བྲལ་དུ་ནི་གསུས་འཕྱང་མའོ། །མེ་རུ་ནི་རི་ཁྲོད་མ་སྟེ། རིམ་པ་བཞིན་དུ་སེར་པོ་དང་ལྗང་གུ་དང་སྔོན་པོ་དང་བཞི་པ་ནི་འོད་ མདོག་དམར་པོར་རོ། །ཀུན་ཀྱང་ཞལ་གཅིག་ཕྱག་བཞི་པ་ལ་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་དང་། གྲི་གུག་དང་ཅང་ཏེའུ་དང་གཞན་བཞི་པ་ནི་རྡོ་རྗེ་རྩེ་གཅིག་པ་སྟེ། ཕྱོགས་ཀྱི་གོས་ཅན་ཆང་ལ་དགའ་མ་སྟེ། གསུས་པ་འཕྱང་མ་དང་མཆེ་བ་རྣམ་པར་གཙིགས་མ་དང་། མཚན་ནི་རི་མོ་ཅན་དང་སྦོམ་ པོའི་ཆ་བྱད་ཅན་ཏེ། སྤྱན་གསུམ་རྣམ་པར་འགྱུར་བ་ཅན། །རལ་པའི་དབུ་རྒྱན་འཛིན་པ་མོ། །ཐོད་པའི་ཕྲེང་བས་དབུ་བརྒྱན་པ། །ཐམས་ཅད་རྒྱན་གྱིས་རྣམ་པར་བརྒྱན། །ཞེས་པའོ། །ཤར་གྱི་སྒོར་བཾ་ལས་མཆེ་བ་གཙིགས་ཆེན་མ་ཞེས་བྱ་བའི་མཁའ་འགྲོ་མའོ། །ཡི་གེ་རཾ་ལས་ལྷོའི་སྒོར་ དགའ་ཆེན་མ་ཞེས་བྱ་བའི་མཁའ་འགྲོ་མ་དང་། ནུབ་ཀྱི་སྒོར་ཡི་གེ་སཾ་ལས་འོད་ཟེར་དྲ་བ་དམ་པ་མ་ཞེས་བྱ་བའི་མཁའ་འགྲོ་མ་དང་། བྱང་གི་སྒོར་ཡི་གེ་ཧཱ་ལས་རྣམ་རྒྱལ་ཕྲེང་མའི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་དང་། དེ་དག་ཀྱང་ཞལ་གསུམ་ཕྱག་དྲུག་མ་སྔོན་པོ་ དཀར་པོ་དམར་པོ་ལྗང་གུ་ཉིད་དོ། །དེ་དག་གི་ཕྱག་ན་ཐོད་པ་དང་། ཁ་ཊྭཱཾ་ག་དང་། མགོ་བོ་དང་། སྡིགས་མཛུབ་སྟེ་གཡོན་པ་རྣམས་ནའོ། །ལྕགས་ཀྱུ་གྲི་གུག་ཌ་མ་རུ་གཡས་ན་འཛིན་པའོ། །ལྷོ་ན་ནི་དཀར་པོ་སྔོན་པོ་ལྗང་གུའི་ཞལ་ཅན་ཏེ་ཐོད་པ་དང་། ཁ་ཊྭཱཾ་ག་དང་ གྲི་གུག་དང་སྡིགས་མཛུབ་དང་ལྡན་པའི་མགོ་བོ་འཛིན་པ་ནི་གཡོན་པ་རྣམས་སོ། །ཞགས་པ་དང་ལྕགས་ཀྱུ་དང་ཅང་ཏེའུ་ནི་གཡས་ནའོ། །ནུབ་ན་ནི་དམར་པོ་དང་སྔོན་པོ་དང་ལྗང་གུའི་ཞལ་ཅན་གཡས་ན་ལྕགས་སྒྲོག་དང་ཅང་ཏེའུ་དང་གྲི་གུག་གོ། །གཡོན་ན་ཐོད་ པ་དང་ཁ་ཊྭཱཾ་ག་དང་མགོ་བོ་དང་སྡིགས་མཛུབ་བོ། །བྱང་ན་ནི་ལྗང་གུ་ལ་དཀར་པོ་ཅུང་ཟད་བསྲེས་པའི་མདོག་དང་། སེར་པོ་དམར་པོས་བརྒྱན་པའི་ཞལ་ཏེ། གཡས་པ་འཕྱར་བའི་ཚུལ་དང་ཅང་ཏེའུ་གྲི་གུག་གོ། །གཡོན་པ་ན་སྡིགས་མཛུབ་དང་ཐོད་པ་དང་ཁ་ཊྭཱཾ་ག་དང་མགོ་བོ་ འཛིན་པའོ། །ཐམས་ཅད་སྐྲ་གྲོལ་བ་དྲག་མོ་ཆེན་མོ་སྤྱན་གསུམ་པ་རྣམ་པ་སྣ་ཚོགས་སུ་འགྱུར་ཞིང་ཞལ་གདངས་ནས་བཞད་པ་ལྗགས་འདྲིལ་ཞིང་གཡས་བརྐྱང་བས་བཞུགས་པ། དབུ་ལ་མགོ་བོའི་ཕྲེང་བ་འབར་བ་ཕྱོགས་ཀྱི་གོས་ཅན་དགྱེས་པར་ལྡན་པའོ། །རོའི་སྟེང་ ན་པདྨ་དང་ཉི་མའི་དབུས་ན་བཞུགས་པའོ། །མི་བསྐྱོད་པས་དབུ་ལ་བརྒྱན་ཅིང་སྤྱན་མནན་ཅིང་གཡོ་བ་སྟེ། ཐུགས་རྗེ་ཆགས་པས་བདེ་བ་དམ་པའོ། །བྱང་གི་སྒོ་མ་ལ་སོགས་པའི་སྙིང་གི་དཀྱིལ་དུ་ཡེ་ཤེས་སེམས་དཔའ་དགོད་དོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། །དེ་ཡང་སྐུ་གསུང་ཐུགས་དང་བཅས་པ་གོ་ཆས་གཉིས་སུ་མེད་པར་བརྒྱན་པའོ། །ཞལ་བརྒྱད་དང་ཕྱག་བཅུ་དྲུག་ནི་རྣམ་པར་ཐར་པ་བརྒྱད་དང་སྟོང་པ་རྣམས་རྣམ་པར་དག་པའོ། །ད་ནི་སྙིང་པོའི་སྒྲུབ་ཐབས་བསྟན་པ་དེའི་རྗེས་སུ་ཉེ་བའི་སྙིང་ པོ་ཡི་གེ་བདུན་པའི་བདག་ཉིད་མཆོག་གིས་གསང་སྔགས་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་གསུངས་ཏེ། ཡི་གེ་ཧཱུཾ་གི་ཡེ་ཤེས་ཀྱིས་རྫོགས་པ་རྡོ་རྗེ་མཁའ་འགྲོ་བདེ་བ་ཆེན་པོ་ཨཱ་ལི་ཀཱ་ལི་ལས་སྐྱེས་པའི་ཁྱབ་བདག་གོ། །ཕྱག་དྲུག་པ་ཞལ་གསུམ་པ་སྤྱན་གསུམ་དང་མཚན་ཉིད་ཐམས་ ཅད་ཀྱིས་མཚན་པ་དཔེ་བྱད་བརྒྱད་ཅུ་དང་ཡང་དག་པར་ལྡན་པ་ཕག་མོ་དང་གཉིས་སུ་མེད་པར་བདེ་བ་སྟོང་པ་ཉིད་དང་སྙིང་རྗེས་འཁྲིགས་པ་རྡོ་རྗེ་དང་དྲིལ་བུ་སྙོམས་པར་ཞུགས་པ་ཕྱག་གཞན་གཉིས་ཀྱིས་མིའི་པགས་པ་མནབས་པ་གཡོན་ན་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་ཅིང་རྩེ་གསུམ་བསྣམས་ པའོ། །ཐོད་པའི་ཕྲེང་བས་དབུ་ལ་བརྒྱན་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་རལ་པ་ལ་འཆང་བ་གཡས་བརྐྱང་བས་འཇིགས་བྱེད་ཆེན་པོ་ཆུང་མ་དང་བཅས་པ་མནན་པ་སྣ་ཚོགས་ཆུ་སྐྱེས་ལ་ཉི་མའི་དབུས་ན་བཞུགས་པ་འདོད་པ་ཐམས་ཅད་ཀྱི་འབྲས་བུ་སྩོལ་ བའོ། །དེའི་ཕྱི་སྐོར་དུ་འཁོར་ལོ་རྩིབས་དྲུག་པ་བྲིས་པ་ལ་རྣལ་འབྱོར་མ་དྲུག་དེ་ནས་རྣམ་པར་དགོད་པར་བྱའོ། །རྩིབས་དྲུག་པའི་འཁོར་ལོའི་དབུས་ན་གནས་པ་མྱུར་དུ་དངོས་གྲུབ་སྩོལ་བར་མཛད་པ་རྣམས་ཏེ་ཤར་ལ་སོགས་པ་ནས་གཡོན་སྐོར་དུ་རྣམ་པར་དགོད་དོ། །དེ་ཡང་ཡི་གེ་ཕཊ་ ཀྱིས་དང་པོའི་ལྷ་མོ་སྟེ་དཔལ་རོལ་པ་མའོ། །ཡི་གེ་ཧཱུཾ་ལས་གཉིས་པ་སྟེ་རྡོ་རྗེ་འཇིགས་བྱེད་མའོ། །ཡི་གེ་ཧ་ལས་གསུམ་པ་སྟེ་དྲག་འཇིགས་མའོ། །བཞི་པ་ནི་ཡི་གེ་ཧ་ལས་རྡོ་རྗེ་འཇིགས་ལྡན་མ་དང་། ལྔ་པ་ནི་ཡི་གེ་ཧྲཱིཿལས་རྡོ་རྗེ་དྲག་མོ་དང་། ཡི་གེ་ཨོཾ་ལས་དྲུག་པ་སྟེ་རྡོ་རྗེ་མཁའ་འགྲོ་ མར་འགྱུར་རོ། །ལྷ་མོ་དེ་རྣམས་ནི་ཞལ་གཅིག་ཕྱག་བཞི་པ་དྲག་མོ་ཆེན་མོ་སྤྱན་གསུམ་པ་དབུ་སྐྲ་གྲོལ་བའོ། །ཐམས་ཅད་ཀྱང་ནམ་མཁའི་གོས་ཅན་ཡི་དགས་དང་ཉི་མའི་སྟེང་དུ་བཞུགས་པ་སྟེ། སྔོན་པོ་སེར་པོ་ལྗང་གུ་དམར་པོ་དུད་ཁ་དཀར་པོ་རྣམས་སོ། །དེ་རྣམས་ཐམས་ཅད་ ཅང་ཏེའུ་དང་དྲིལ་བུ་འཛིན་པ་དང་མིའི་པགས་པ་འཛིན་ཅིང་བསྣམས་པའོ། །ཐོད་པའི་ཕྲེང་བས་དབུ་བརྒྱན་པ་གཡས་བརྐྱང་བས་བཞུགས་པ་སྟེ། ཀུན་ཀྱང་ཡི་གེ་དྲུག་ལས་གྱུར་པ་ལྷ་མོ་དང་ཉེ་བའི་སྐུར་མཛད་པའོ། །མགོན་པོའི་མདོག་བཞིན་དུ་ཕག་མོ་ཡང་དེ་ལྟར་ཏེ་ཕྱག་རྒྱ་དང་ མདོག་ཀྱང་དེ་བཞིན་དུའོ། །མིའི་པགས་པ་ནི་རྣམ་པར་སྤངས་པ་སྟེ། །ལྷ་མོ་ནི་མདའ་དང་གཞུ་འཛིན་པའོ། །ཡན་ལག་ཐམས་ཅད་དང་ཞལ་ནི་སྔོན་པོའོ། །གཡས་དང་གཡོན་ནི་སེར་པོ་དང་ལྗང་གུའོ། །རྒྱན་ཐམས་ཅད་རྫོགས་པའོ། །ལྷ་མོའི་བྱིན་པ་གཉིས་ཀྱིས་ཀུན་དུ་ བསྡོམས་པ་མཆོག་ཏུ་དགའ་བས་རྣམ་པར་འབད་པའོ། །སྙིང་གར་ཡེ་ཤེས་སེམས་དཔའ་བསམ་ཞིང་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་དང་གོ་ཆས་གཉིས་སུ་མེད་པར་བརྒྱན་པའོ། །སྤྲོ་ཞིང་བསྡུ་བའི་སྦྱོར་བས་སྔགས་བཟླས་པ་དང་ལྡན་པར་བྱའོ། །ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ་ ཅེས་པ་སྟེ་དེ་རྣམས་ནི་ཡི་གེ་དྲུག་པའི་མཁའ་འགྲོ་མ་རྣམས་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དམ་པར་བསྒོམ་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་པ་ནི་དབུས་ལ་འཇུག་པ་སྟེ་ཡི་གེ་ཧཱུཾ་ལས་དཔལ་ཧེ་རུ་ཀ་སྟེ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་རྣམས་ སོ། །དེ་ལྟར་ཡི་གེ་བདུན་པའི་དོན་བཤད་དོ། །ཨོཾ་ཧཾ་ཧྲེཾ་ཧྲེཾ་ཧཱུཾ་ཕཊ། ཡི་གེ་པྃ་དང་ཡི་གེ་ཡོཾ་དང་ཡི་གེ་མོཾ་དང་ཡི་གེ་ཧྲིཾ་དུ་གསུངས་པ་དང་ཡི་གེ་ཧཱུཾ་དང་ཡི་གེ་ཕཊ་ཐ་མར་གསུངས་པ་ནི་རྣལ་འབྱོར་མ་དྲུག་ཏུ་ཡོངས་སུ་གྲགས་སོ། །ཡི་གེ་རེ་རེར་གནས་པའོ། །དེ་ལ་ལྷ་མོ་རྣམས་ཀྱིས་དགོད་པའི་ཆོ་གའི་ རིམ་པ་ནི་འདི་ལྟ་སྟེ་པདྨ་འདབ་མ་ལྔ་པར་བྲིས་པ་ལ་ལྟེ་བ་དང་གེ་སར་དུ་ལྡན་པར་བྲིའོ། །དེ་ལ་དབུས་སུ་ཡི་གེ་བཾ་ལས་བྱུང་བའི་ཕག་མོ་སྟེ། དམར་ཞིང་བཀྲ་བ་འོད་འབར་བ། །ཞི་བ་ཞལ་གསུམ་ཕྱག་དྲུག་མ། །སྤྱན་གསུམ་དབུ་སྐྲ་གྲོལ་བ་ལ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ ཅན། །ནམ་མཁའི་གོས་ཅན་སྐྱིལ་ཀྲུང་ཕྱེད། །ཕྱག་རྒྱ་དྲུག་གིས་རྒྱས་བཏབ་སྐུ། །མགོ་བོའི་ཕྲེང་བའི་དོ་ཤལ་ཅན། །དུས་མཚན་འོག་ཏུ་གནོན་པར་མཛད། །གཞན་ཡང་ཞབས་ཀྱིས་ཉོན་མོངས་པའི་བདུད་ལྷའི་གཟུགས་སུ་འདུག་པ་གདུག་པ་ཅན་ཐམས་ཅད་བརྟན་ པར་མནན་པ་མར་མེ་ལྟར་འབར་ཞིང་དམར་པོ་ཆེན་པོ་གཡས་པ་དང་། གཡོན་པ་ནི་སྔོན་པོ་དང་ལྗང་གུའོ། །དེ་དག་ལ་ཐོད་པ་དང་ཁ་ཊྭཱཾ་ག་དང་ཞགས་པའོ། །གཡས་པ་ན་ལྕགས་ཀྱུ་དང་དེ་བཞིན་དུ་མགོ་བོ་དང་གྲི་གུག་འཛིན་པའོ། །དངོས་གྲུབ་ཐམས་ཅད་སྩོལ་བར་མཛད་ པའོ། །ཤར་ལ་སོགས་པར་བསམ་པར་བྱ་བའི་ལྷ་མོ་རྣམས་ནི་གཡོན་སྐོར་ཏེ། ཡོཾ་ལས་གཤིན་རྗེ་མའོ། །མོཾ་ལས་རྨོངས་བྱེད་མའོ། །ཧྲིཾ་ལས་སྐྱོད་བྱེད་མའོ། །ཧཱུཾ་ལས་སྐྲག་བྱེད་མའོ། །ཕཊ་ལས་དྲག་མོའོ། །དེ་དག་ཐམས་ཅད་ནི་ཞལ་གཅིག་ཕྱག་བཞི་པ་སྤྱན་ གསུམ་པ་སྐྲ་གྲོལ་མ་ཕྱོགས་ཀྱི་གོས་ཅན་མཆོག་གི་གར་མཛད་པའི་ཚུལ་ཅན་ཕྱག་རྒྱ་ལྔས་བརྒྱན་པ་མགོ་བོའི་ཕྲེང་བའི་དོ་ཤལ་བྱས་པ་རང་གི་རིགས་སུ་གྱུར་པས་དབུ་བརྒྱན་པ་སྟེ་སྙིང་རྗེས་འཁྲིགས་ཤིང་བདེ་བ་དམ་པའོ། །སྔོན་པོ་དང་དཀར་པོ་དང་སེར་པོ་དང་ལྗང་གུ་དང་དུད་ ཁའི་མདོག་ཅན་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་ཅིང་དྲིལ་བུ་དང་ཅང་ཏེའུ་དང་གྲི་གུག་བསྣམས་པ་ཡང་ན་གཉིས་སུ་མེད་པའི་སྦྱོར་བ་ལ་སྙོམས་པར་ཞུགས་པ་དེ་རྣམས་ཐམས་ཅད་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་དང་ལྡན་པ་སྟེ། །ཇི་ལྟར་རིམ་པ་བཞིན་དུ་སྔོན་དུ་གསུངས་པའི་ཁ་དོག་ དང་ཕྱག་མཚན་ཉིད་དུའོ། །ལྟེ་བ་སྙིང་ག་མགྲིན་པ་དང་། །སྤྱི་བོ་དང་ནི་སྤྱི་གཙུག་དང་། །ཡན་ལག་ཀུན་ནི་མཚོན་ཆ་སྟེ། །ཕག་མོའི་ཆོ་ག་དེ་ལྟར་བཤད། །ད་ནི་ཡང་དེའི་རྗེས་སུ་ལྷ་མོའི་སྙིང་པོའི་སྔགས་ཀྱི་ཡི་གེ་རྣམ་པར་བསྐྱེད་པ་སྟོན་ཏེ། དཀྱིལ་འཁོར་རྣམས་ལས་དཀྱིལ་ འཁོར་གྱི་མཆོག་འདི་བཤད་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་སོ་སོའི་ཡི་གེ་རེ་རེས་རྫོགས་པ་འཇིགས་པའི་བདག་ཉིད་ཅན་གྱི་ལྷ་བཅུ་གསུམ་སྟེ། ཐམས་ཅད་ཀྱང་དངོས་གྲུབ་སྩོལ་བ་ལ་བརྩོན་མ་རྣམས་ཏེ། ཆོས་ཀྱི་དབྱིངས་ལས་ཡང་དག་འབྱུང་། །གཞལ་ཡས་ཁང་བརྩེགས་ ཡིད་དུ་འོང་། །ཟུར་བཞི་པ་ལ་སྒོ་བཞི་པ། །ཏྭ་ར་ཎ་བཞིས་རྣམ་པར་བརྒྱན། །དྲ་བ་དྲ་བ་ཕྱེད་པས་བརྒྱན། །དར་དཔྱངས་མེ་ཏོག་ཕྲེང་འཕྱང་བའི། །དབུས་སུ་པདྨ་དམར་པོ་ནི། །འདབ་མ་བརྒྱད་པས་རྣམ་བརྒྱན་པའི། །ལྟེ་བ་ལ་ནི་ཕག་མོ་སྟེ། །འདབ་མ་རྣམས་ལ་ ལྷ་མོ་རྣམས། །ཕྱོགས་དང་མཚམས་སུ་ལྷ་མོ་དགོད། །ལྷ་མོའི་སྙིང་པོ་ལས་བསྒོམ་པ། །ཨོཾ་ཀུར་མ་དང་། རི་དགས་མ་དག་དང་། དེ་བཞིན་དུ་བཛྲ་ཌཱ་ཀི་ནཱི་དང་། དེ་བཞིན་དུ་འཇིགས་བག་ཅན་མ་རྣམས་ཏེ། ཤར་དང་བྱང་དང་ནུབ་དང་། ལྷོ་སྒོ་རྣམས་སུ་འོང་ཨག་ཚར་ཅན་དང་། གཡོ་འགུལ་མ་དང་། ཁ་བ་མ་དང་། དེ་བཞིན་དུ་ཨེ་མ་ལ་རྣམས་སོ། །ལྷ་མོ་དེ་དག་ནི་གྲྭ་རྣམས་ལའོ། །དེ་དག་ཀྱང་མེ་ལ་སོགས་པ་ནས་རྣམ་པར་དགོད་དོ། །ལྷ་མོ་ཧཱུཾ་མཛད་མ་དང་། བྱིན་ཟ་མ་དང་ཕཊ་སྒྲོག་མ་དང་། དེ་བཞིན་དུ་སྭ་སྒྲོག་མ་དང་བཅུ་གཉིས་ཏེ། ཤར་དང་བྱང་དང་ནུབ་ དང་ལྷོའི་འདབ་མའི་ལྷ་མོ་རྣམས་སོ། །ཡི་གེ་ཧཱུཾ་ལས་དབུས་སུ་གཙོ་མོ་སྔོན་པོ་ཆེན་པོ་གཟི་བརྗིད་ཆེན་མོ་སྟེ། ཤིན་ཏུ་འཇིགས་པ་བདུད་ཐམས་ཅད་རབ་ཏུ་མནན་པའི་མཚན་ཐམས་ཅད་རྫོགས་པའི་རྡོ་རྗེ་ཕག་མོ་སྟེ་དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ་བར་བརྩོན་མའོ། །སྔོན་པོ་སེར་པོ་ དམར་པོ་ལྗང་གུ་སྟེ། སྟེང་གི་ཞལ་ནི་དཀར་པོ་ཞི་བ་དང་ལྡན་པའོ། །ཕྱག་བཅུ་གཉིས་པ་སྤྱན་གསུམ་པ་མཆེ་བ་ཅུང་ཟད་ཙམ་གཙིགས་ཤིང་རྣམ་པར་འགྱུར་བ། གཡས་བརྐྱང་བས་གནས་པའི་ཞབས་ཀྱིས་འཇིགས་བྱེད་དང་དེའི་ཆུང་མ་ཙ་མུཎྜཱི་འཇིགས་པས་མྱོས་པར་མཛད་ པའོ། །ཐོད་པའི་ཕྲེང་བ་ཅན་བཀྲ་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གསུས་པ་འཕྱང་ཞིང་སྐྲ་གྲོལ་བ་ཕྱོགས་ཀྱི་གོས་ཅན་རང་གི་ཐབས་ལ་བདེ་བར་གནས་ཤིང་ཐུགས་རྗེ་འཁྲིགས་པས་བསྐྱོད་པ་རྡོ་རྗེ་དྲིལ་བུ་ཅན་གྱིས་སྙོམས་པར་ཞུགས་པའོ། །གཞན་རྣམས་ཐོད་པ་དང་ཁ་ཊྭཱཾ་ག་དང་མདུང་ དང་། གྲི་གུག་དང་ཅང་ཏེའུ་དང་། ཞགས་པ་དང་། ལྕགས་ཀྱུ་དང་། ཚངས་པའི་མགོ་བོ་དང་། དགྲ་སྟ་དང་སྡིགས་མཛུབ་རྣམས་འཛིན་པའོ། །གཞན་གཉིས་ཀྱིས་ནི་མིའི་པགས་པ་སྟེང་ནས་མནབས་པའི་ཚུལ་དུ་འཛིན་པའོ། །འདབ་མའི་ལྷ་མོ་རྣམས་ནི་སེར་པོ་ལྗང་གུ་དམར་པོ་སྔོན་པོའི་ ཁ་དོག་གོ། །སྔོན་པོ་ལྗང་གུ་དཀར་པོ་སེར་པོ་རྣམས་ནི་སྒོ་བཞིའོ། །མེ་ལ་སོགས་པའི་གྲྭ་རྣམས་ནི་དམར་པོ་དུད་ཁ་སྔོན་པོ་དཀར་པོ་སྟེ། དབང་ལྡན་གྱི་བར་དུ་གནས་པའོ། །བཅུ་གཉིས་པོ་དེ་རྣམས་ནི་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟེ། ཡི་ དགས་ཀྱི་སྟེང་ན་སྐྱིལ་ཀྲུང་ཕྱེད་པས་རབ་ཏུ་བཞུགས་པ། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ་ནུ་མ་རྒྱས་པ་སྐལ་བ་དང་ལྡན་པའི་གཟུགས་བལྟ་བས་ཆོག་མི་ཤེས་པ་རྣམ་པ་སྣ་ཚོགས་སུ་གྱུར་པ་སྤྱན་ཟུར་གྱིས་གཟིགས་ཤིང་གཡོ་བའོ། །གཡས་པ་ན་རྡོ་རྗེ་དང་ཅང་ཏེའུ་དང་གཡོན་པ་ན་ཁ་ ཊྭཱཾ་ག་དང་ཁྲག་གིས་བཀང་བའི་སྣོད་དོ། །འོན་ཀྱང་སྒོའི་ལྷ་མོ་རྣམས་ནི་ཤར་དུ་ནི་དབང་པོ། བྱང་དུ་ནི་གནོད་སྦྱིན། ནུབ་ཏུ་ཆུ་ལྷ། ལྷོ་རུ་གཤིན་རྗེ་སྟེ། དེ་རྣམས་ཀྱི་སྙིང་གར་གཡས་བརྐྱང་བས་བཞུགས་པའོ། །སྤྱན་གསུམ་པ་སྐྲ་གྱེན་དུ་འཁྱིལ་པ་ལ་ཐོད་པའི་ཕྲེང་བ་ཅན་སྦྲུལ་སྣ་ ཚོགས་བཀྲ་བས་ཀུན་དུ་བརྒྱན་པ་སྟེ། ཇི་ལྟ་བའི་རིམ་པས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་འབེབས་པ་རྣམས་ཕྱག་གཙོ་བོ་རྣམས་ནའོ། །གཡས་ན་རྡོ་རྗེ་གསོར་བའོ། །གཡོན་ན་ཐོད་པ་དང་མགོ་བོ་འཛིན་པ་རྣམ་པ་སྣ་ཚོགས་སུ་འགྱུར་ཞིང་གསུས་པ་ལྡིར་བ་ཐམས་ཅད་མགོ་ བོའི་དོ་ཤལ་གྱིས་བརྒྱན་པ། པདྨ་མཐུག་ཅིང་གཅེར་བུ་འདོད་པ་རྒྱས་པས་བདེ་བ་རང་གི་འོད་ཟེར་ནི་ཐབས་ཏེ། དཀྱིལ་འཁོར་པ་རྣམས་ཐམས་ཅད་མཆོག་ཏུ་དགའ་བས་ཡོངས་སུ་གང་བར་བྱེད་དོ། །སྐུ་གསུང་ཐུགས་དང་ལྡན་ཞིང་ཡེ་ཤེས་ཀྱི་ཞལ་དང་གཉིས་སུ་མེད་པའི་གོ་ ཆས་བརྒྱན་པ་ལ་དབང་བསྐུར་ཞིང་ཡང་དག་པར་མཆོད་ནས་བསྟོད་དེ་དེ་ནས་སྔགས་སྤྲོ་ཞིང་བཟླས་སོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ས་སྟེང་ན་ནི་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་དམ་པ་ཡིན། །ཞེས་པའི་དོན་ནི་ཡིད་བཞིན་གྱི་ནོར་བུ་ལྟར་འགྲོ་བ་མ་ལུས་པའི་ དོན་ཡིད་བཞིན་དུ་བསྒྲུབ་པར་མཛད་པའོ། །དཔལ་ཧེ་རུ་ཀའི་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་པ་ཞེས་བྱ་བ་ལས་ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །།ལས་མཆོག་གོ་རིམས་ཇི་བཞིན་བཤད། །ཅེས་པ་ནི་ལ་ལ་ནི་བསམ་གཏན་ཙམ་ གྱིས་འགྲུབ་པར་འདོད་དོ། །ལ་ལ་ནི་བསམ་གཏན་དང་སྔགས་གཉིས་ཀས་འགྲུབ་པར་འདོད་དོ། །ཁ་ཅིག་ནི་བསམ་གཏན་དང་སྔགས་དང་འཁྲུལ་འཁོར་གྱི་བྱ་བས་འགྲུབ་པར་འདོད་དོ། །རང་ཉིད་རྒྱལ་པོ་རྡོ་རྗེ་འཛིན། །བཀའ་ཡི་འཁོར་ལོར་རབ་ཏུ་སྦྱར། །འཇིག་རྟེན་གསུམ་ ན་གང་ཅུང་ཟད། །ཞི་བ་ལ་སོགས་པ་ཡིད་ཀྱིས་ཇི་ལྟར་འདོད་པ་དེ་ཐམས་ཅད་སྔགས་དམ་པའི་ཆོ་ག་ཤེས་ན་དེའི་མོད་ལ་འགྲུབ་པའོ། །ལྷ་ཐམས་ཅད་དང་ཀླུ་ཐམས་ཅད་དང་ཞེས་ཤེས་པ་ལ་སོགས་པ་ལ་ཀླུ་ཐམས་ཅད་ཅེས་པའི་སྒྲ་ནི་ཆུ་བདག་སྟེ། མཐའ་ཡས་ལ་སོགས་པ་རྣམས་ སོ། །དེ་རྣམས་ལ་སྔགས་དང་བསམ་གཏན་གྱིས་ལན་ཅིག་ཡང་དག་པར་བསྐུལ་བའི་བཀས་ཀླུ་ཆེན་པོ་རྫུ་འཕྲུལ་ཅན་རྣམས་འཇིགས་ཤིང་འདར་ནས་རྫུ་འཕྲུལ་གྱིས་བར་སྣང་ལ་གནས་ཏེ། ཆར་ཆེན་པོའི་རྒྱུན་མངོན་པར་བསྡུས་ཏེ་འབེབས་སོ། །ཡང་ན་ཆུ་བོའི་འགྲམ་མམ། ། རྒྱ་མཚོའམ། རྫིང་བུའམ། ཁྲོན་པའམ། ཆུ་མིག་དང་། མཚོ་འགྲམ་རྣམས་སུ་བློ་དང་ལྡན་པས་ཁྲོ་བོར་འཁྲིགས་པར་བྱས་ལ་བཟླས་པ་བྱའོ། །དེ་ཡང་རྡོ་རྗེ་ནམ་མཁའ་ལྡིང་བརྗིད་པ་ཆེན་པོ་ཁྱབ་བདག་ཏུ་བསམས་པས་བཀའ་བསྒོ་བར་བྱའོ། །དེའི་རིམ་པ་ཡང་འདི་ལྟ་སྟེ། པདྨ་ འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་དུ་འཁྲིགས་པས་དེའི་དབུས་སུ་རྡོ་རྗེ་ཆེན་པོ་མཆེ་བ་ཡང་དག་པར་གཙིགས་པ་ཅན་ཤིན་ཏུ་འཇིགས་པར་མཛད་པ་ཕྱག་བརྒྱད་པ་ཞལ་བཞི་པ་སྟེ། དང་པོའི་ཞལ་ནི་སྔོན་པོ་སྤྲིན་ལྟ་བུར་ཁྲོ་བའོ། །གཡས་པ་ནི་དུད་ཁ་གཡོན་པ་ནི་ལྗང་གུ། སྟེང་ནི་ནམ་མཁའ་ལྡིང་གི་ཞལ་ཏེ་དམར་པོའོ། །ཉི་མ་བཅུ་གཉིས་པས་ཤིན་ཏུ་བརྗིད་པ་མཆེ་བ་གཙིགས་པ་སྤྱན་ཤིན་ཏུ་འཇིགས་པར་མཛད་པའོ། ཕྱག་གཡས་པས་ནི་རྡོ་རྗེ་ཤིན་ཏུ་གསོར་བ། གཡོན་པས་ནི་སྡིགས་མཛུབ་མཛད་ཅིང་ཞགས་པ་དང་ལྡན་པ། གཞན་གཉིས་ཀྱིས་དབང་པོའི་ པགས་པའི་ན་བཟའ་འཛིན་པའོ། །གཡོན་གཞན་གཉིས་ན་ཐོད་པ་དང་ཁ་ཊཱཾ་ག་དང་ལྕགས་ཀྱུའོ། །གཡས་ལྷག་མ་གཉིས་ན་རྩེ་གཅིག་པ་དང་ཅང་ཏེའུ་དྲན་པར་བྱའོ། །ཞབས་གཡས་བརྐྱང་བས་ཆུ་བདག་མནན་ཅིང་འཇིགས་ཤིང་འདར་བར་མཛད་པའོ། །ཟླ་བ་ཕྱེད་པས་རལ་པ་བཅིངས་ པ་སྣ་ཚོགས་རྡོ་རྗེས་མཛེས་པར་བྱས་པ། ཕྱག་རྒྱ་དྲུག་གིས་སྐུ་བརྒྱན་པ། མགོ་བོའི་ཕྲེང་བའི་དོ་ཤལ་གྱིས་བརྒྱན་པ། སྟག་གི་པགས་པའི་སྨད་གཡོགས་ཅན། མཆེ་བ་གཙིགས་པས་མ་མཆུ་མནན་པ་ཁྲོ་བོའི་ལྟ་སྟངས་ཀྱིས་ངེས་པར་གཟིགས་པའོ། །འདབ་མ་བརྒྱད་ལ་ཀླུའི་རྒྱལ་ པོ་བརྒྱད་བྲི་བར་བྱ་སྟེ། ཤར་དུ་མཐའ་ཡས། བྱང་དུ་ནོར་རྒྱས། ནུབ་ཏུ་འཇོག་པོ། །ལྷོར་པདྨ། དབང་ལྡན་དུ་པདྨ་ཆེན་པོ། །མེར་དུང་སྐྱོང་། བདེན་བྲལ་དུ་སྟོབས་ཀྱི་རྒྱུ། རླུང་དུ་ཚ་བ་མེན་ཏེ་དཀར་པོ་དང་། སྔོན་པོ་དང་། དམར་པོ་དང་། ལྗང་གུ་དང་། སེར་པོ་དང་། དུད་ཁ་དང་། ལྗང་གུ་དང་། སེར་པོ་རྣམས་གཡོན་དང་གཡས་སྐོར་དུའོ། །སྦྲུལ་མགོ་གསུམ་གསུམ་གྱི་གདེངས་ཀའི་མགོ་སྟེང་ན་རིན་པོ་ཆེ་དང་ལྡན་པའི་རྒྱན་ཅན། སྙིང་གར་ཐལ་མོ་མཆོག་ཏུ་སྦྱར་བར་བྱ་སྟེ། བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟ་བ་རྣམས་སོ། །འཇིགས་ཤིང་སྐྲག་ནས་བཀའ་ལུང་ནོད་པའི་ཚུལ་དུ་ བལྟའོ། །ཡང་ན་ཕྱག་བཅུ་གཉིས་དང་ལྡན་པའི་བདེ་བ་ཆེན་པོ་ཉིད་དུ་བསྒོམ་པ་སྔོན་བཞིན་དུ་སྟེ་ཆུ་བདག་ཆུང་མ་དང་བཅས་པ་ཞབས་ཀྱིས་མནན་པའོ། །མདོག་དཀར་པོའི་ཆུ་བདག་གི་སྙིང་པོ་ནི་ཧཱུཾ་ནཱཾ་ཧཱུཾ་ཞེས་པའོ། །ཀླུ་གཞན་རྣམས་ཀྱི་ནི་གཟུགས་ལ་དམིགས་ཤིང་སྟེ། ཁ་ཤར་དུ་ བལྟས་ལ་རྩ་བའི་སྔགས་ཀྱི་ཕྲེང་བ་འབུམ་དུ་བཟླས་ན་ཁྲོ་བོ་རྡོ་རྗེ་ནམ་མཁའ་ལྡིང་ཁྱབ་བདག་མངོན་དུ་གྱུར་ནས་སྨྲས་པ་ཙམ་གྱིས་ཆར་འབབས་སོ། །ཨོཾ་ཨཾ་ཨནནྟཱ་ཡ་ཧཱུཾ་ནཱཾ་སྭཱ་ཧཱ། ཨོཾ་བཱཾ་བཱ་སུ་ཀི། ཨོཾ་ཏཾ་ཏཀྵ་ཀ།།ཨོཾ་པཾ་པདྨ། ཨོཾ་མཾ་མ་ཧཱ་པདྨ། ཨོཾ་ཤཾ་ཤཾ་ལ་པཱ་ལ། ཨོཾ་ཀཾ་ཀ་རྐོ་ཊ། ཨོཾ་ཨཾ་ཨ་ན་བ་ཏ་བ་ཏ། ཨོཾ་བཾ་བ་རུ་ཎཱ་ཡ་ནཱ་ག་ཨ་དྷི་པ་ཏ་ཡེ། ནཱ་ག་ནཱཾ་བཪྵ་པ་ཡ་ཧཱུཾ་ནཱཾ་ཧཱུཾ་སྭཱ་ཧཱ། འདི་ལྟ་བུར་ཀུན་གྱིས་བལྟ་སྟེ་ཁྲོ་བོ་ཆེན་པོར་བསྒོམས་པས་ཐམས་ཅད་ཀྱི་ཁྲི་ཕྲག་རེ་རེ་བཟླས་པ་སྦྱིན་པར་བྱའོ། །དེ་ནས་ཅང་མི་སྨྲ་བར་ཤིན་ཏུ་མཉམ་པར་གཞག་པས་ཚངས་པར་སྤྱོད་ ཅིང་འོ་མ་དང་འབྲས་ཆན་དུ་ལྡན་པར་སྤྱད་ཅིང་ཀླུ་རྣམས་ཀྱི་གཏོར་མ་ལ་ཡང་དག་པར་ལྡན་པར་བྱ་སྟེ། འོ་མས་བྱུག་པར་བྱས་ནས་འོ་མ་དང་ལྡན་པའི་ཤིང་གིས་སྦྱིན་སྲེག་བྱའོ། །འོ་མ་ཅན་གྱི་བུད་ཤིང་དང་འོ་མ་ཅན་གྱི་ཡམ་ཤིང་འོ་མར་ལྡན་པར་བྱས་ཏེ་སྦྱིན་པར་བྱའོ། །བུམ་པའོ་ མས་ཡོངས་སུ་བཀང་བ་དང་། གཏོར་མ་འོ་མ་དང་ལྡན་པ་ཕྱོགས་བཅུར་སྦྱིན་པར་བྱའོ། །དེ་ལྟ་བུའི་ཆོ་གས་ཡང་དག་པར་མཆོད་ཅིང་ཐུན་མཚམས་བཞིར་སྟོང་ཕྲག་རེ་རེ་བཟླས་ན་ཞག་བདུན་གྱིས་ས་གཞི་ཐམས་ཅད་དུ་ཆར་འབབ་པ་ནི་སྨོས་ཀྱང་ཅི་དགོས་སོ། །དེ་ནས་དེའི་རྗེས་སུ་ཆང་ པའི་ཆུ་དང་ཡུངས་ཀར་དངུལ་གྱི་སྟོད་དུ་བཞག་པ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ཏེ། སངས་རྒྱས་ཀྱི་སྐུ་གཟུགས་སམ་སྐུ་གདུང་ཆུ་དང་དྲི་དང་འོ་མར་བསྲེས་པས་ཁྲུས་བྱས་ལ་དེ་ནས་ཆུ་འགྲམ་གཉིས་ཀྱིས་བླངས་ཏེ། དེས་འདག་པར་བྱས་པ་ལ་ཀླུའི་གཟུགས་བརྙན་ མགོ་དགུ་པར་བྱས་ལ་ནུབ་ཏུ་ཁ་བ་སྟན་ཏེ་བཞག་པ་ལ་ཡང་ཁྲུས་བྱས་པའི་ཆུ་དེས་བྲན་པར་བྱའོ། །དེ་ནས་དེ་ཡང་དག་པར་མཆོད་ལ་གཙང་པོའི་ནང་དུ་བསྐྱལ་ན་དེ་མ་ཐག་ཏུ་ཆར་པའི་རྒྱུན་འཛམ་བུའི་གླིང་ཐམས་ཅད་དུ་ཀླུ་རྣམས་མགུ་བས་འབེབས་པར་འགྱུར་རོ། །དེ་ཡིས་ སའི་ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར་ལ་སེམས་ཅན་ཐམས་ཅད་བདེ་བ་ལ་རེག་པར་གནས་པར་བྱའོ། །དེ་ནས་ཡང་འཁྲུལ་འཁོར་དང་རབ་ཏུ་སྦྱོར་བ་བརྩམ་པར་བྱ་སྟེ། གདེངས་ཀ་དབང་ཕྱུག་ཅེས་བྱ་བའི་འཁོར་ལོ་སྔགས་ཀྱི་འཁོར་ལོའི་མཐུ་མཆོག་ཏུ་རྔམ་པར་གྱུར་ ཅིང་བསྟན་པ་སྟེ། ཐོས་པ་ཙམ་གྱིས་གདེངས་ཀ་ཅན་རྣམས་འཚོག་ན་ཅི་ཐམས་ཅད་ཀྱི་མིང་བྲིས་ན་ལྟ་ཅི་སྨོས། རས་དཀར་པོའམ་གྲོ་གའི་ཤུན་པ་ལ་པདྨ་འདབ་མ་བརྒྱད་པ་བྲིའོ། །དེའི་ཕྱི་རིམ་ལ་འཁོར་ལོ་གསུམ་ཇི་ལྟ་བའི་རིམ་པར་རྡོ་རྗེ་དང་། པདྨ་དང་། འཁོར་ ལོའི་ཕྲེང་བས་བསྐོར་བར་བྲིའོ། །བྲི་བའི་རྫས་ཀྱང་དུག་དང་ལན་ཚྭ་དང་སྐེ་ཚེ་སྟེ། ཚ་བ་གསུམ་དང་དུར་ཁྲོད་ཀྱི་སོལ་བའི་སྣག་ཚས་གཡོན་སྐོར་དུ་ཤིན་ཏུ་མཉམ་པར་གཞག་པས་བྲིའོ། །ཤར་ལ་སོགས་པའི་ཕྱོགས་ནས་དབང་ལྡན་ལ་སོགས་པའི་མཐར་ཐུག་པའི་ཕྱོགས་ལ་ཀ་ར་ཀ་ར་ལ་ སོགས་པའི་སྔགས་དེ་དག་ནས་བརྩམས་ཏེ། རབ་ཏུ་གཏུམ་མོ་ལ་སོགས་པ་ནས་བརྩོན་ཆེན་མའི་བར་དུ་རང་རང་གི་མིང་དང་ལྡན་པ་ཡི་གེ་ཧུཾ་ཧཱུཾ་དང་ཕཊ་དུ་སྦྱར་ཏེ་བྲིས་ལ་བཞག་གོ། །ཡི་གེ་ཨོཾ་ནི་ཐམས་ཅད་ཀྱི་གསལ་བྱེད་དེ་འདོད་པའི་དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་པའོ། །འཁོར་ལོ་ གསུམ་པོ་ཡོངས་སུ་བསྐོར་བའི་རྩིབས་རྣམས་ཀྱི་བར་མཚམས་ཀྱི་དབུས་རྣམས་སུ་ཀླུ་བརྒྱད་བྲི་བར་བྱ་བ་ནི་མཐའ་ཡས་ལ་སོགས་པའི་ཀླུ་བརྒྱད་པོ་རྣམས་བྲི་བར་བྱའོ། །འདབ་མ་བརྒྱད་ཀྱི་དབུས་ཀྱི་ལྟེ་བར་ནི་ཧཱུཾ་ནཱཾ་ཧཱུཾ་སརྦ་ནཱ་ག་བཪྵ་པ་ཡ་ཤཱི་གྷྲཾ་ཕཊ་ཅེས་པ་བྲིའོ། །འཁོར་ལོའི་ཕྱི་རོལ་དུ་ནི་རིན་ པོ་ཆེ་དང་ལྡན་པའི་གདེངས་ཀ་གསུམ་པ་ཅན་རྣམས་སྔ་མ་དང་མགྲིན་པ་ཕན་ཚུན་དཀྲིས་པ་ཅན་དུ་བྲི་བའོ། །དེའི་གདེངས་ཀ་རྣམས་ལ་ཧཱུཾ་ནཱཾ་ཧཱུཾ་ཞེས་བྱ་བ་རྣམ་པར་དགོད་དོ། །གྲོག་མཁར་གྱི་ས་དང་བའི་རྣམ་ལྔར་བཅས་པས་ནོར་རྒྱས་ཀྱི་གཟུགས་བརྙན་མཐོ་གང་བའི་ཚད་དུ་བྱས་ལ་ དེའི་སྙིང་གར་འཁོར་ལོ་དེ་གཞུག་གོ། །དེ་ནས་དགུག་པ་ལ་སོགས་པ་བྱས་ནས་ཡང་དག་པར་མཆོད་པ་བྱས་ལ། ཀ་ར་བཱི་རའི་ལྕུག་མས་མནན་ཏེ། ཁྱབ་པར་ཆུ་ཡིས་གཏོར་བར་བྱའོ། །ལན་ཅིག་བཟླས་པའི་གུ་གུལ་གྱི་བདུག་པས་ཀྱང་བར་མ་ཆད་པར་རབ་ཏུ་སྦྱར་བར་བྱའོ། །གང་གི་ ཚེ་ཆར་པ་མི་འབབ་ན་ཉི་མ་བདུན་པ་ལ་བྲི་གཟུགས་དུམ་བུ་དུམ་བུར་བྱས་ལ་གཙང་པོ་ཆེན་པོར་བཅུག་སྟེ་བསྐུར་ལ་བཏང་ངོ་། །དེ་ནས་ཀླུ་ཐམས་ཅད་མངོན་དུ་ཕེབས་ཤིང་འཇིགས་ཏེ་འདར་ནས་ཆར་གྱི་ཚོགས་འབེབ་པར་བྱེད་དོ། །ལག་པ་གཡོན་པར་འཁོར་ལོ་ འདི་མིང་དང་བཅས་པར་མངོན་དུ་བྲིས་སམ་ཡིད་ཀྱིས་བསམས་ནས་ལན་ཅིག་ཡོངས་སུ་བཟླས་ནས་བྱུགས་ན་དུས་སུ་ཟིན་པ་ལས་ལྡང་བར་འགྱུར་རོ། །ལྷ་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་ཐམས་ཅད་ཀྱིས་གཟུང་བ་ལ་ལག་པ་དེ་བསྟན་པས་གྲོལ་ བར་འགྱུར་རོ། །དུག་ལ་སོགས་པས་དཀྱིལ་འཁོར་གསུམ་པོ་བྲིས་ལ་དབུས་སུ་ཆུད་པའི་དཀྱིལ་འཁོར་པདྨ་འདབ་མ་བརྒྱད་པས་མཚན་པར་བྲིའོ། །ལྟེ་བ་ལ་ཡི་གེ་བཾ་བྲིས་པ་ལ་ཡི་གེ་ཧཱུཾ་གཉིས་ཀྱིས་དཀྲི་བར་བྱའོ། །དེའི་འདབ་མ་བརྒྱད་ལ་ཀླུའི་དབང་པོ་རྣམས་ སྙིང་པོ་བརྒྱད་ཀྱིས་མནན་པར་བྲིའོ། །དེ་ནས་རྩིབས་རྣམས་ཀྱི་བར་དང་པདྨའི་མཐའ་མར་སྔགས་འདིས་བསྐོར་བར་བྱའོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ཧ་ན་པ་ཙ་པ་བི་དྷྭནྶ་ཡ་ཨུཙྪ་ཊ་ཡ་སརྦ་ནཱ་ག་ན་མཱ་ར་ཡ་ཧཱུཾ་ཕཊ་ཅེས་པའོ། །དེ་ནས་འགུགས་པ་ལ་སོགས་པ་བྱས་ལ་ ཡང་དག་པར་མཆོད་དེ་ཁ་སྦྱར་དུ་བྱས་ལ་ཀླུ་གནས་པའི་སར་བཅུག་སྟེ། གུ་གུལ་དང་། ལྕེ་པོག་དཀར་པོ་དང་། སྒོག་པ་བསྲེགས་པའི་བདུག་པ་བྱིན་ཏེ། སྔགས་ཀྱི་བཟླས་པ་བྱས་ན་ཆར་འབབ་པོ། །ཆར་འབེབས་པར་བྱེད་པའི་དོན་ནི་དེ་ལྟ་བུའོ། ། ཟློག་པར་བྱེད་པ་དང་ཞེས་བྱ་བ་ནི་འཁོར་ལོའི་བཀའ་རབ་ཏུ་སྦྱར་བ་ལས་སོ། །ཡང་ན་རྡོ་རྗེ་འཛིན་པའི་མེ་ཏོག་དམན་མ་བླངས་པ་ལས་རྩ་བའི་སྔགས་ཀྱིས་ལན་བདུན་དུ་མངོན་པར་སྔགས་ཀྱིས་བཏབ་ལ། །དེའི་བདུག་པས་སྤྲིན་ལ་བདུགས་ན་འདིས་ནམ་མཁའ་ལ་ཆར་ཟློག་ པར་བྱེད་དོ། །རྒྱ་མཚོ་སྐེམས་པར་བྱེད་དོ་ཞེས་པ་ནི། ཇི་ལྟར་གསུངས་པའི་ཆོ་ག་བསྒོམ་པས་རྒྱ་མཚོའི་དབུས་སུ་སྔགས་པ་ཤིན་ཏུ་ཁྲོས་པས་གཟི་བརྗིད་ཆེན་པོར་གནས་ན་སྐམ་པར་འདི་ལ་ཐེ་ཚོམ་མེད་དོ། །ཁ་ཊྭཱཾ་ག་ལ་ཡོངས་སུ་བཟླས་ཏེ་བསྣུན་ན་ཆུ་བོ་གྱེན་དུ་ཟློག་པར་ བྱེད་པ་ནི་ཆུ་བོ་རྒྱུན་ཕྱོགས་ནས་བཟློག་སྟེ་འབེབས་སོ་ཞེས་པའོ། །དབང་པོ་ཟློག་པར་བྱེད་དོ་ཞེས་པ་ནི་སྡིགས་མཛུབ་བྱས་པ་ཙམ་གྱིས་སོ། །འབུམ་བྱས་པས་ས་གཡོ་བར་བྱེད་དོ་ཞེས་པ་ནི་རྐང་པ་གཡས་བརྐྱང་བར་སྦྱོར་བའི་གར་གྱིས་བདེ་ཞིང་དགའ་བས་མཁའ་འགྲོ་མའི་འཁོར་ ལོ་བདེ་བར་བྱེད་པའོ། །ཤིང་ལ་འཛེགས་ཏེ་ཞེས་པ་ལ་སོགས་པ་ནི་སྒྲུབ་པ་པོ་གྲུབ་པར་གྱུར་པ་གང་གི་ཚེ་ཀྱེ་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་པའོ། །གཟུགས་སྟོང་ཕྲག་དུ་མ་བྱེད་དོ་ཞེས་པ་ལ་སོགས་པ་ནི་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་གནས་པ་འཇིག་རྟེན་འདིར་གང་ གྲུབ་པའི་སངས་རྒྱས་དེའི་ཇི་ལྟར་བརྗོད་པར་ནུས་ཇི་སྟེ་ཞེས་སྙིང་རྗེ་ཆེན་པོས་མགུ་བར་མཛད་ཅིང་སྨོན་ལམ་གྱིས་རྟག་པར་སྐྱེས་པ་དེ་ཇི་ལྟར་འདུལ་བའི་སེམས་ཅན་རྣམས་ཀྱི་བསམ་པ་དེ་དང་དེའི་གཟུགས་འཛིན་པར་འགྱུར་བས་ནའོ། །དེ་ནས་བརྩོན་འགྲུས་དམན་པར་འགྱུར་བ་གང་གི་ཚེ་ དངོས་གྲུབ་འདོད་པའི་སྒྲུབ་པ་པོས་དེའི་ཚེ་སྔགས་དང་སྨན་གྱིས་འགྲུབ་པར་འགྱུར་རོ། །སྔགས་ནི་སྔགས་ཉིད་ལ་གསུངས་སོ། །སྨན་ནི་སྨན་ཏེ་སྨན་བཟང་པོའི་ཐབས་ཆེན་པོས་གྲུབ་པ་ཐོབ་པར་ཅི་སྟེ་མི་སྐྱེ་སྟེ། གདོན་མི་ཟ་བར་གཟུགས་མ་ལུས་པ་སོ་སོར་ཡོངས་སུ་བསྒྱུར་བ་ནི་བསོད་ ནམས་མེད་པ་རྣམས་ཀྱིས་ཀྱང་རྐྱེན་རྣམས་རྙེད་པར་གྱུར་ན་ནི་རྐྱེན་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་དགོས་པ་རྣམས་དང་སེམས་ཅན་རྣམས་ཀྱི་ཆགས་པར་སོ་སོར་སྐྱེད་པར་བྱེད་དོ། །དེ་ཡང་དང་པོ་ཁོ་ནར་བདག་ཉིད་ལྷར་གྱུར་པར་བྱའོ། །དེ་ནས་རེ་ཞིག་ས་བོན་གྱིས་བསྒོམ་པའོ། ། དེ་གང་ཞེ་ན་ས་བོན་ལ་སོགས་པ་སྟེ། ཤིང་གི་ཚོགས་ཨེ་རཎྜ་དང་སྨྱོ་བྱེད་ལ་སོགས་པའི་སྟེ་ས་བོན་ཞེས་པ་ནི་དེ་ལྟ་བུའོ། །དེ་ལྟ་བུ་ལ་སོགས་པར་ཤིན་ཏུ་སྨིན་པ་རྣམས་ལ་ཆོ་གས་བསྒྲུབ་པར་བྱ་སྟེ། འབྱུང་པོའི་ཉིན་པར་གདོལ་པ་མའི་མེ་ཏོག་ལ་བསྣོས་ལ་བདུད་རྩི་རྣམ་པ་ལྔས་སྦྲུས་ཏེ། ཉིན་མཚན་དེ་ལ་བསྐམས་པ་ཁྱི་དཀར་པོ་མིན་པའི་ཐོད་པར་རོ་བསྲེགས་པའི་སས་བཀང་བར་ནག་པོའི་ཚེས་བརྒྱད་དམ་བཅུ་བཞི་ལ་མ་མོའི་ནགས་ཚལ་དུ་བཏབ་སྟེ། ཇི་ལྟར་གྲུབ་པའི་ས་བོན་བླངས་ལ་སྔགས་པས་ཧེ་རུ་ཀ་དང་བླ་མ་མགོན་པོ་ཁྱད་པར་དུ་མཆོད་པ་དབུལ་ཞིང་དུར་ཁྲོད་དེ་ ན་གནས་པ་རྣམས་ལ་མཆོད་པ་བྱ་སྟེ། མངོན་པར་བསྔགས་པའི་ཆོ་གས་མགུལ་པར་བཏགས་ན་ཉེ་བར་སྦས་པར་འགྱུར་ཏེ། དཀྲོལ་བས་ནི་ཡང་རང་གི་ངོ་བོར་གནས་པར་འགྱུར་རོ། །གཞན་ཡང་ཤིང་སྨྱོ་བྱེད་ཀྱི་འབྲས་བུ་བླངས་ལ། ནག་པོའི་ཕྱོགས་ཀྱི་དུས་སུ་སྦྲུལ་ནག་པོའི་ ཚིལ་བུ་བླངས་པར་བཅུག་སྟེ། ནག་པོའི་ཚེས་བརྒྱད་དང་བཅུ་བཞི་ལ་ཁྭ་ནག་པོའི་ཐོད་པར་སྔོན་དུ་གསུངས་པའི་གནས་སུ་བཏབ་ལ་མཉམ་པར་གཞག་སྟེ། གྲུབ་པའི་ས་བོན་དེ་བླངས་ཏེ། ཆོ་གས་མགྲིན་པར་བཏགས་ན་དེའི་སྐད་ཅིག་ལ་ཉེ་བར་སྦས་པར་འགྱུར་རོ། །ཡང་ཐོག་ མར་ཆོ་ག་ཤེས་པས་སྐྱེ་བ་གཉིས་པ་རིགས་ཀྱི་མཆོག་ཏུ་གྱུར་པ་མཚོན་མདུང་གིས་བརྒྱབ་སྟེ་ཤི་བ་དེའི་ཐོད་པ་བླངས་པར་རོ་བསྲེགས་པ་དང་གྲོག་མཁར་གྱི་སས་བཀང་བར་ཐུན་མཚམས་ཀྱི་དུས་སུ་བཏབ་ལ་རོ་བསྲེགས་པའི་ས་དང་ལམ་མདོ་དང་ཆུ་འགྲམ་གཉིས་ཀྱིས་ས་ གཡོགས་ལ་ཆུས་གཏོར་ཞིང་གཏོར་མ་བྱིན་ལ་བསྲུང་བ་རྟག་ཏུ་བྱ་སྟེ། དེ་ཡང་དཔལ་ཧེ་རུ་ཀའི་གཟུགས་ཕྱག་རྒྱ་དང་རྒྱན་རྣམས་ཀྱིས་བརྒྱན་པ་ཕྱག་གཡོན་པ་ན་ཁ་ཊྭཱཾ་ག་འཛིན་ཅིང་ཐོད་པ་བསྣམས་པའོ། །གཡས་ཀུན་ན་ཅང་ཏེའུ་འཛིན་པ་བརྟུལ་ཞུགས་སྤྱོད་པའི་གཟུགས་ སུ་འགྱུར་བའོ། །དེས་བསྲུང་བའི་ཆོ་གས་ཤ་ཟ་ལ་སོགས་པའི་བགེགས་མི་འཇུག་པས་བསྐྱེད་པ་དེ་མི་ཁྱེར་མི་འདོན་ཏོ། །དེ་ནས་སྨན་བཟང་པོ་རབ་ཏུ་བསྐྱེད་པ་དེ་ནི་ཚེས་དང་སྐར་མ་དང་གཟའ་བཟང་པོ་ལ་བླང་ཞིང་གདབ་པ་ཡང་ངོ་། །གང་གི་གཟུགས་སུ་འཛིན་པར་བྱེད་པར་འདོད་ ན་སྔགས་པ་མཉམ་པར་གཞག་སྟེ། གང་དང་གང་ཡིན་པའི་ཁྲག་དང་མར་དུ་བསྣོས་པའི་འབྲས་བུ་དེ་ཤ་ལ་སོགས་པས་ཀྱང་བསྒྲེའོ། །དེའི་ཚིལ་ལ་སོགས་པས་འཕེལ་བར་བྱ་བ་ནི་ཇི་སྐད་གསུངས་པའི་ཐོད་པར་དེའི་ཚིལ་དང་ཁྲག་དང་ཤ་ལ་སོགས་པ་ཇི་སྐད་བཤད་པ་རྣམས་ ཀྱིས་བྲན་ཞིང་བདུག་པ་དང་བསྐུ་བ་ལ་སོགས་པས་འབད་དེ་ཡང་ནས་ཡང་དུ་བྱའོ། །སྨིན་པའི་དུས་སུ་བླང་བ་ནི་གཅེར་བུ་སྐྲ་གྲོལ་བར་གྱུར་པས་བུ་མོ་གཞོན་ནུ་མའི་ལག་པ་གཡོན་པའི་ཐོད་པར་སྦྱིན་པར་བྱའི། །འབྲས་བུ་ཅུང་ཟད་ཙམ་ཡང་ས་ལ་གཞག་པར་མི་བྱའོ། །གྲུབ་པའི་ས་ བོན་དེ་འབད་པས་བླངས་ལ་ཆ་གསུམ་དུ་བྱ་སྟེ། གཅིག་ནི་བླ་མ་རྡོ་རྗེ་འཛིན་པ་ལ་འབུལ་ལོ། །གཉིས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་འབུལ་ལོ། །ལྷག་མ་ནི་བདག་ཉིད་ཀྱིས་བླངས་ལ་མ་མོའི་དཀྱིལ་འཁོར་གྱི་དབུས་སུ་བདག་ཉིད་ ཁྭ་གདོང་མ་ལ་སོགས་པའི་ཆ་བྱད་དུ་སྦྱར་ཏེ་གནས་ལ་ཁར་བཅུག་ན་རྣལ་འབྱོར་པ་རྣམ་པ་སྣ་ཚོགས་པ་དེ་ལྟ་བུའི་གཟུགས་སུ་ཇི་ལྟ་བའི་ཆོ་གས་ངེས་པར་བྱེད་པར་འགྱུར་རོ། །མི་དེས་ཐོ་རངས་ཁར་བསྒྲུབས་ན་ནི་ཐམས་ཅད་དུ་མི་སྣང་བར་འགྱུར་ཏེ་འུག་པ་ ལ་སོགས་པས་བུ་གའང་མི་མཐོང་ན་ས་བོན་གྱི་དམ་ཚིག་གིས་གྲུབ་པ་དེ་ས་ལས་སྐྱེས་པ་རྣམས་ཀྱིས་ལྟ་ཅི་སྨོས། བློ་དང་ལྡན་པས་ཡིད་མཉམ་པར་གཞག་སྟེ། བུད་མེད་མཆོག་རྣམས་དང་ལྷན་ཅིག་ཏུ་ཇི་སྲིད་འདོད་པར་རོལ་པར་བྱའོ། །དེ་ཁ་ནས་ཕྱུང་ན་ནི་ཇི་ལྟར་འདོད་ པ་བཞིན་དུ་སྣང་བར་འགྱུར་ཏེ། འདོད་ན་སྣང་བར་ཡང་བྱེད་ཅིང་འདོད་ན་མི་སྣང་བར་ཡང་བྱེད་དེ་མི་སྣང་བའི་དབང་ཕྱུག་ཏུ་བཤད་དོ། །ཁང་བཟངས་དང་ཤིང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་དོ་ཞེས་པ་ནི་གསང་སྔགས་ཀྱི་རྒྱལ་པོ་མེ་ལྟར་འབར་བ་སྟ་རེ་ལྟ་བུས་གཅོད་པར་འགྱུར་རོ། །དུག་ བདུད་རྩིར་བྱེད་པ་དང་ཞེས་པ་ནི་ལག་པ་གཡོན་པར་འཁོར་ལོ་འདི་རྣམས་བཀོད་ལ་ཟླ་བའི་འོད་ཟེར་ལྟར་དྲི་མ་མེད་པས་རྩ་བ་དང་ཟོས་པ་དང་ཟེའུ་འབྲུ་ནག་པོ་དང་། དེ་བཞིན་དུ་སྦྱར་བ་རྣམས་ལ་ལག་མཐིལ་དུ་བཀོད་པ་དེ་ཙམ་གྱིས་དུག་རྣམས་བདུད་རྩིར་བྱེད་དོ། །སྣ་ཚོགས་པའི་དུག་ གིས་བརྒྱལ་བ་རྣམས་བསླང་བར་བྱ་བ་ན་འོད་ཟེར་འབར་བ་ཟླ་བའི་འོད་ཟེར་ལྟར་དྲི་མ་མེད་པ་ལྟ་བུས་བདུད་རྩི་བཅུད་ཀྱིས་ལེན་དུ་བཤད་དོ། །བདུད་རྩི་དང་ཁ་ཟས་ལ་སོགས་པ་རྣམས་དུག་ཏུ་བྱ་ན་ནི་སྔགས་རྣམས་ནག་པོར་བལྟས་པས་འབད་མི་དགོས་སོ། །ཡང་ན་ཀུ་བ་ཁ་བོའི་ས་བོན་བླངས་ ལ་སྦྲུལ་ནག་པོའི་ཚིལ་བུ་དང་བསྲེས་ཏེ། ཟླ་བ་མར་ངོའི་གཟའ་ཁྲོ་བོའི་ཐུན་མཚམས་ཀྱི་དུས་སུ་སྦྲུལ་གྱི་མགོ་བོར་བཅུག་སྟེ་ས་ལ་སྦས་ལ་ལམ་གྱི་བཞི་མདོའི་སས་གང་བར་གཡོགས་ཏེ་གདབ་པར་བྱའོ། །དེའི་ཁུ་བས་ཐིག་ལེ་བྱས་ནས་བཟའ་བ་དང་བཅའ་བ་དང་བཏུང་བ་ལ་སོགས་ པ་ལ་སྔགས་ཟློས་ཤིང་བལྟས་ན་དུག་དང་འདྲ་བའི་ཁཎྜར་འགྱུར་རོ། །ཕྱིས་ན་ནི་རང་གི་ངོ་བོར་འགྱུར་རོ། །ཟླ་བ་ཆུར་བྱེད་དང་ཞེས་པ་ལ་ཟླ་བ་ཞེས་པ་ནི་ཆང་ངོ་། །ཆུ་ཟླ་བར་ཞེས་པ་ནི་ཟླ་བའི་འོད་ཟེར་ལྟར་གསལ་བར་བསམས་པ་ཙམ་གྱིས་སོ། །ཡང་ན་མཆོད་ཡོན་གྱི་ཤིང་དཀར་པོ་ལས་ མེ་སྦར་བ་ལ་པདྨའི་རྩ་བའི་སྣལ་མ་ཕྲ་མོ་བསྐམས་ཏེ་ཕྱེ་མར་བྱས་ལ་འོ་མ་དང་བསྲེས་ཏེ། ཅི་མང་དུ་སྔགས་དང་ལྡན་པས་སྦྱིན་སྲེག་བརྒྱ་རྩ་བརྒྱད་ཀྱི་བར་དུ་སྦྱིན་ནོ། །དེའི་ཐལ་བ་ཡང་དག་པར་བླངས་ཏེ། ཤིང་ཙི་ཏྲ་ཀའི་རྩ་བའི་ཁུ་བ་དང་བསྣོས་ལ། གྲིབ་མ་ལ་བསྐམ་པར་བྱ་ཞིང་ལན་ བདུན་གྱི་བར་དུ་བསྐམས། རེ་རེ་ཞིང་ཙི་ཏྲ་ཀའི་ཁུ་བས་བརླན་པར་བྱ་སྟེ་བསྐམས་པ་རྣལ་འབྱོར་པ་རྣམས་མཆོད་པའི་དུས་སུ་སེན་བར་གང་ཙམ་གྱི་ཐལ་བ་ཆང་གི་སྣོད་དུ་བཏབ་ན་ཆུ་དེ་ཟླ་བ་དང་མེ་ཏོག་ཀུན་ད་ལྟར་གསལ་བར་འགྱུར་རོ། །རྨོངས་པའི་སེམས་ཅན་རྣམས་འཕྱན་པ་ ལ་ལམ་འདི་ཡིས་སྦྱང་བར་བྱ་སྟེ། མེ་ཏོག་ཛི་བ་བསྐམས་པའི་ཕྱེ་མ་ཅི་མང་དང་ཤིང་འཛམ་བུའི་འབྲས་བུའི་ཁུ་བ་བསྲེས་ལ་བའི་ཆུས་བརླན་པར་བྱས་པ་པདྨའི་སྣོད་དུ་བླུགས་ན་ཆུ་ཟླ་བ་ལྟ་བུར་བྱེད་པར་འགྱུར་རོ། །དྲི་ཐམས་ཅད་འཕྲོག་པར་བྱེད་དོ་ཞེས་བྱ་བ་ནི་དེ་ཉིད་ཤིང་ཀ་ཏ་ཀ་ རཉྫའི་འབྲས་བུའི་ཕྱེ་མ་དང་ཤིང་ན་ག་རའི་ཤུན་ཕྲགས་སུ་ལྡན་པས་ལྟག་པ་ལ་སོགས་པ་ལ་བདུགས་ན་དྲི་འཕྲོག་པར་བྱེད་དོ། །དེ་ལྟ་བུས་ནི་མེ་ཏོག་དང་ཤིང་གི་འབྲས་བུ་ལ་སོགས་པ་རྣམས་ལ་ཡང་དྲི་ཐམས་ཅད་འཕྲོག་པར་བྱེད་དོ། །འདིས་ནི་མེ་ཏོག་དང་སྤོས་ལ་སོགས་པ་ལ་ཡང་ བདུག་པ་དེས་བདུགས་ན་ཇི་ལྟར་འདོད་པ་དེ་བཞིན་དུ་ཕན་ཚུན་དུ་དྲི་རྣམས་ཡང་དག་པར་འཕོའོ། །ནམ་མཁའ་ལྡིང་གི་གདོང་དུ་འགྲོ་བས་འདུ་བར་བྱེད་པ་དང་ཞེས་པ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། དེ་ལྟ་བུའི་འཁོར་ལོ་དེ་ཉིད་ཀླུ་རྣམས་སྤངས་པ་ལ་ཟླ་བས་ཉེ་བར་བརྒྱན་ པ་དེར་བུད་མེད་དང་སྐྱེས་བུ་བཟང་པོ་རྣམས་ཀྱི་མིང་བར་དུ་བཅུག་པ་སྐར་མ་རྒྱལ་ལ་གི་ཝང་གིས་ཡང་དག་པར་བྲིས་པ་ལ་མཆོད་པ་ཆེན་པོ་བྱས་ལ་རང་ཉིད་དཔལ་ཧེ་རུ་ཀའི་བདག་ཉིད་དུ་སྦྱར་ཏེ། དེ་རང་གི་རིག་མ་ཕག་མོར་ཡོངས་སུ་བརྟགས་པ་དང་གཉིས་སུ་མེད་པའི་སྦྱོར་བས་ མཉམ་པར་གཞག་ལ་མཚན་མོ་ཐམས་ཅད་དུ་སྔགས་ཀྱི་བཟླས་པ་བྱས་ཏེ་བཅངས་ན་དེ་ལ་རིག་པའི་རྒྱལ་པོ་རང་ཉིད་ཀྱི་བུད་མེད་རྣམས་ཀྱི་ཚོགས་ལྟ་བུར་སྐྱེས་པ་འདུ་བར་བྱེད་དོ། །དེས་ནི་ཟླ་བའི་འདུས་པའི་ལྷ་མོ་དང་ཞེས་པའི་དོན་བཤད་དོ། །ནམ་མཁའ་ལྡིང་གི་གདོང་དུ་འགྲོ་ བས་ཞེས་པ་ནི་རྐང་པ་གཉིས་པུས་གོང་དུ་བླངས་པས་པདྨ་རྒྱས་པར་བྱས་པའི་དབུས་ན་རྫོགས་པའི་རྩ་དམར་པོ་ཁ་གྲོལ་བ་ལས་གདོང་དུ་འགྲོ་བས་འདུ་བར་བྱེད་དོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བདག་ཉིད་དུ་གྱུར་པ་མིའི་མཆོག་སྟེ། དཔལ་ དང་ལྡན་ཞིང་མཚན་རྣམས་འབར་བ་ཅན་དུ་འགྱུར་རོ། །དེའི་ལག་པར་སོང་བའི་དཔལ་ནི་གང་གིས་ཀྱང་འཕྲོག་པར་མི་འགྱུར་ཏེ། འབྱུང་པོ་ཐམས་ཅད་ཀྱི་གོང་ན་མེད་པའི་འཁོར་ལོས་སྒྱུར་ཞིང་དཔལ་དང་ལྡན་པ་སྟེ། ཚེ་རིང་བ་དང་ནད་མེད་པ་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། ། དྲན་པས་གསོད་པར་བྱེད་ཅེས་པ་ནི་འཁོར་ལོ་དེ་ལྟ་བུ་ཉིད་ཉི་མའི་དཀྱིལ་འཁོར་དང་ལྡན་པར་དུག་དང་ལན་ཚྭ་དང་སྐེ་ཚེས་མིང་བར་དུ་བཅུག་པ་བྲིས་ལ་དུར་ཁྲོད་ཀྱི་ཐལ་བ་དང་སོལ་བས་གཟུགས་བརྙན་བྱས་ཏེ་བསྒྲུབ་བྱ་དྲན་པར་བྱས་ལ། དེར་དགུག་པ་དང་གཞུག་པ་བྱས་ནས་དུར་ཁྲོད་ ཀྱིས་བརྐོས་པར་བཅུག་པ་ལ་མིའི་རུས་པའི་ཕུར་བུས་སྙིང་གར་གདབ་པར་བྱའོ། །དེ་ལ་ཆུ་ཚན་བླུགས་ཏེ་ཁྲོ་ཞིང་སྔགས་ཀྱི་བཟླས་པ་བྱས་ན་ཞག་བདུན་གྱིས་འཆིའོ། །མེ་སྐྱེད་པར་བྱེད་དོ་ཞེས་པའི་དོན་ནི་དྲག་འཛིན་མ་སྦར་ཏེ་འབར་བའི་ཕྲེང་བའི་ཏིང་ངེ་འཛིན་དུ་གཞག་པ་ལ། ལྷོའི་རླུང་ གིས་ཁྱེར་ཏེ་གང་དུ་འདོད་པར་བསམས་ན་དེར་མེད་པར་བྱེད་དོ། །ས་འོག་རྣམ་པར་འཇོམས་པར་བྱེད། །ཅེས་པའི་དོན་ནི་རྡོ་རྗེ་རྩེ་གཅིག་པ་གསོར་ཞིང་ཡང་དག་པར་བཟླས་ནས་ས་ལ་བསྣུན་ན་ཁ་རལ་བར་བྱེད་པར་འགྱུར་རོ། །ཐོག་འབེབས་པར་བྱེད་པ་དང་ཞེས་པའི་དོན་ནི་ཀ་ར་ བཱི་རའི་ལྕུག་མ་ལ་མངོན་པར་ཡང་དག་པར་བསྔགས་ཏེ་རླུང་འགྲོ་བའི་ཕྱོགས་སུ་འཕངས་ན་གང་དུ་འདོད་པ་དེར་ཐོག་འབབ་པོ། །དྲན་པས་གློག་སྐྱེད་པར་བྱེད་དོ་ཞེས་པ་ལ་སོགས་པ་ཇི་ལྟ་བ་བཞིན་པས་ན་གོ་སླའོ། །དུར་ཁྲོད་ཀྱི་སོལ་བ་ལ་ལན་ཅིག་བཟླས་ཞེས་པ་ནི་ནག་པོའི་ ཕྱོགས་ཀྱི་ཚེས་བརྒྱད་དང་བཅུ་བཞི་ལ་རོ་བསྲེགས་པའི་མཆོད་སྦྱིན་གྱི་ཤིང་ཚིག་པ་སྨྱོ་བྱེད་ཀྱི་ཆུས་བསད་པའི་སོལ་བ་འདི་ཡིས་དུག་དང་ལན་ཚྭར་ལྡན་པས་དུར་ཁྲོད་ཀྱི་རས་མ་ལ་ཉི་མའི་དབུས་སུ་གནས་པའི་འཁོར་ལོ་བྲིས་ལ། དུར་ཁྲོད་ཀྱི་ཐལ་བ་ལ་གཟུགས་བརྙན་བྱས་ཏེ། དེའི་ སྙིང་གར་མིང་བར་དུ་བཅུག་པ་དང་ལྡན་པར་བྱས་ཏེ་གཞུག་གོ། །དེ་ལ་དགུག་པ་ལ་སོགས་པ་བྱས་ཏེ། གུ་གུལ་ཆེན་པོའི་བདུག་པ་བྱིན་ལ་སྔགས་པས་གང་ཡིན་པའི་མིང་བཟུང་ནས་ས་ལ་ལན་ཅིག་བཟླས་པས་བསྣུན་ན་དེ་དེ་མ་ཐག་ཏུ་འགྱེལ་བར་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་ལ་ཡོངས་སུ་ བཟླས་ཞེས་པ་ནི་འཁོར་ལོ་དེ་ལྟ་བུ་དེ་ཉིད་ཆོ་ག་ཇི་ལྟ་བའི་རྫས་དང་། ཤ་ཟའི་ཤིང་གི་སྨྱུ་གུས་ཤ་ཟའི་སྙིང་གར་ཇི་ལྟ་བ་བཞིན་དུ་བྲིས་ལ་ཇི་སྐད་གསུངས་པའི་ཐལ་བ་ལ་སྔགས་པས་གང་གི་མིང་དང་ལྡན་པར་བཟླས་ཏེ་བསྣུན་ན་ཤ་ཟས་འཛིན་ཏོ། །དུར་ཁྲོད་ཀྱི་སོལ་བ་ཞེས་པ་ནི་སྔོན་དུ་གསུངས་ པའི་རིམ་པས་འབྱུང་པོའི་ཚེས་ཀྱི་ཉིན་པར་བ་རུ་རའི་ཤིང་ལེབ་བམ་རྩིག་ངོས་ལ་དབེན་པའི་གནས་སུ་གཟའ་གང་དང་གང་ཡིན་པའི་མཚན་མའི་དབུས་སུ་བསྒྲུབ་བྱའི་མིང་བར་དུ་བཅུག་པའི་འཁོར་ལོ་བྲིས་ཏེ། གུ་གུལ་ཆེན་པོའི་བདུག་པ་བྱིན་ན་དེ་གཟའ་ཆེན་པོ་རྣམས་ཀྱིས་འཛིན་ནོ། །དེ་དག་ ཐམས་ཅད་ལ་འོ་མས་བཀྲུས་ཏེ་ཞི་བར་བཟླས་ན་ནི་སླར་འཚོ་བར་འགྱུར་རོ། །ཨ་ཏི་མུཀྟའི་ལྕུག་མ་ལ་ཞེས་པ་ནི་བསྒྲུབ་བྱའི་གཟུགས་བརྙན་ཙནྡན་དམར་པོའི་རྡུལ་གྱིས་བྱས་ལ། རོའི་རྒྱ་སྐྱེགས་དང་གི་ཝང་གིས་དུར་ཁྲོད་ཀྱི་རས་མ་ལ་ཟླ་བའི་དཀྱིལ་འཁོར་དང་ལྡན་པ་ལ་འཁོར་ལོ་སྔོན་དུ་ བཤད་པ་བཞིན་དུ་བྲིས་ལ་དེའི་སྙིང་གར་བཅུག་སྟེ། དྲི་ཞིམ་པོའི་ཆུས་བྱུགས་ལ་དགུག་པ་ལ་སོགས་པ་བྱའོ། །དེ་ནས་ཨ་ཏི་མུཀྟའི་ལྕུག་མ་ལ་བསྒྲུབ་བྱའི་མིང་བར་དུ་བཅུག་པའི་སྔགས་ལན་བདུན་བཟླས་ལ་དེ་ཡང་ཁ་དོག་དམར་པོ་གཅེར་བུ་སྐྲ་གྲོལ་ཞིང་འདར་བ་བྱང་ཆུབ་ཀྱི་སེམས་ འཛག་པ། སེང་གེའི་རྒྱལ་པོ་ལྟ་བུ་ལ་ལུས་བསྐྱོན་པ་དབུགས་ཀྱི་ཞགས་པས་རྐང་པའི་དྲུང་དུ་བཀུག་སྟེ་གང་ཡིན་པ་ལ་བསྣུན་ན་ཉི་མ་བདུན་རྫོགས་ནས་རླུང་གི་ཤུགས་སུ་འགུག་གོ། །གྱོ་དུམ་ལ་ལན་ཅིག་བཟླས་ཏེ་ཞེས་པ་ལ་སོགས་པའི་དོན་ནི་མི་ཤི་བའི་གྱོ་དུམ་ལ་ལྡོང་རོས་སམ་ ཡུང་བས་འཁོར་ལོ་ཉི་མའི་དཀྱིལ་འཁོར་དང་ལྡན་པའི་དབུས་སུ་གང་ཡིན་པའི་མིང་བར་དུ་བཅུག་པ་བྲིས་ལ་དུར་ཁྲོད་དམ་ལམ་གྱི་བཞི་མདོར་ཁྲུ་གང་ཙམ་དུ་བརྐོས་པར་བཅུག་སྟེ་ཁ་ཐུར་དུ་བལྟས་པར་བསམས་ལ། གྱོ་དུམ་ཅིག་ལ་ལན་བདུན་བཟླས་ཏེ་བསྣུན་ན་དེ་ཇི་སྲིད་འཚོའི་བར་ དུ་རེངས་པར་འགྱུར་རོ། །གང་དུ་འདོད་པ་དེ་དང་དེར་འགྲོ་ཞེས་པ་ནི་མིག་ཆུ་དང་བྱ་རོག་གི་ཁྲག་གིས་རླུང་གིས་ཁྱེར་བའི་ལོ་མ་ལ་བྱ་རོག་གི་སྒྲོ་རྩས་མིང་བྲིས་ལ། རླུང་སྟེང་དུ་ལངས་པ་ལ་འཕངས་ན་གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ། །རེངས་པ་ལ་འོ་མས་བཀྲུས་ན་ རྣལ་པོར་འགྱུར་རོ། །གུ་གུལ་ལ་ལན་ཅིག་བཟླས་ཏེ་ཞེས་པ་ལ་སོགས་པའི་དོན་ནི་འདི་ལྟ་སྟེ། ར་ནག་པོའི་ཡན་ལག་ལྔའི་ཤ་དང་ཚིལ་ཆེན་དང་གུ་གུལ་ཆེན་པོ་རྣམས་ཆ་མཉམ་པོར་བྱས་ལ་ཆང་གིས་བྲན་ཏེ། མཆོད་པའི་དུས་སུ་སྦྱར་ཏེ་ལན་ཅིག་ཡོངས་སུ་བཟླས་ཏེ་བདུག་པ་བྱིན་ ནས་འདུག་གོ། །དེར་སྣར་མནམས་པ་ཙམ་གྱིས་དེའི་མོད་ལ་འབེབས་སོ། །ལག་པ་ལ་ལན་ཅིག་ཡོངས་སུ་བཟླས་ཏེ་ཞེས་པ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། ཤིང་ཨ་ཤོ་ཀའི་སྨྱུ་གུས་དུར་ཁྲོད་ཀྱི་རས་མ་ལ་འཁོར་ལོ་དེ་ལྟ་བུ་དེ་ཀླུ་རྣམས་དང་བྲལ་བར་བྲིས་ཏེ། དབུས་སུ་ཡི་གེ་ཨེ་ བྲིས་པའི་ནང་དུ་བསྲུང་བར་བྱ་བའི་མིང་རྩ་བའི་སྔགས་ཀྱི་བར་དུ་བཅུག་པ་བྲིས་ལ་ཡང་དག་པར་མཆོད་དེ་ཁང་པའི་གྲྭ་གཙང་མའི་ཕྱོགས་སུ་བཞག་ན་གདོན་ཐམས་ཅད་རེངས་པར་འགྱུར་རོ། །གང་དུ་འདོད་པའི་ལྟོ་དེར་འཕོ་བར་འགྱུར་རོ་ཞེས་པ་ནི་དུར་ཁྲོད་ཀྱི་རས་མ་ལ་འཁོར་ལོ་དེ་ལྟ་བུ་ ཉིད་ཀྱི་དབུས་སུ་བསྒྲུབ་བྱའི་མིང་བར་དུ་བཅུག་པ་བྲིས་ཏེ། བུད་མེད་བསྲེགས་པའི་ས་དང་ཐལ་བ་དང་ཙནྡན་དམར་པོའི་རྡུལ་བསྲེགས་པ་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ་དགུག་པ་ལ་སོགས་པ་བྱ་སྟེ། དེའི་སྙིང་གར་བཅུག་ལ་ཡང་དག་པར་མཆོད་པར་བྱ་སྟེ། ཀ་ར་བཱི་ རའི་ལྕུག་མ་བསྒྲུབ་བྱའི་ཁྲུ་གང་གི་ཚད་བླངས་ལ་བུད་མེད་ཀྱི་རོ་བསྲེགས་པའི་མེ་འབར་བར་བཅུག་མ་ཐག་ལ་མ་ཚིག་པའི་བར་དེར་བླངས་ལ་རིག་པའི་རྒྱལ་པོ་དེ་ཉིད་ལན་ཅིག་བཟླས་ཏེ་གང་ཡིན་པ་དྲན་པར་བྱས་ལ་ཀླད་པ་ལ་བསྐོར་ན་ནི་འགུགས་པར་བྱེད་ལ་ལྟོ་ལ་བསྣུན་ན་ནི་ལྟོ་ ནས་འཕོ་བར་འགྱུར་རོ། །དེ་ནས་གཞན་ཡང་རྐང་པ་བརྒྱད་པའི་སྔགས་ཀྱིས་ལས་རྣམས་བླ་མ་བརྒྱུད་པ་ལས་འོངས་པ་བཤད་དེ་ནམ་མཁའི་དབྱིངས་ཀྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་སྐུ་གསུང་ཐུགས་ཀྱི་འཁོར་ལོ་དང་དབུས་སུ་བདེ་བ་ཆེན་པོ་པདྨ་འདབ་མ་བརྒྱད་པ་གེ་སར་དང་ ལྡན་པ་བྲིས་ཏེ། རྡོ་རྗེ་དང་པདྨ་དང་འཁོར་ལོའི་ཕྲེང་བས་བསྐོར་ཞིང་དབུས་མ་ནི་སྣ་ཚོགས་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །འོན་ཀྱང་འོད་ཟེར་གྱི་ཚོགས་དཀར་པོ་དང་དམར་པོ་དང་སྔོན་པོ་ལྟ་བུའི་ལས་ཀྱི་འོད་ཟེར་རྣམས་ཀྱིས་རྣམ་པར་བརྒྱན་པའོ། །དེ་ལྟ་བུའི་ཆོ་གས་ནི་དཔའ་བོའི་དབང་ཕྱུག་ གི་མངའ་བདག་རྣམས་དབུས་སུ་བསྒྲུབ་བྱའི་མིང་ཇི་ལྟ་བ་བཞིན་དུ་བྲི་བར་བྱས་ན་དེ་ལྟ་བུ་ནི་སྲུང་བ་ཆེན་པོ་ཐམས་ཅད་བསྲུང་བ་བླ་ན་མེད་པ་སྟེ། རིམས་དང་སྦོས་ནད་དུག་དང་ནི། །ནད་དང་མཁའ་འགྲོའི་གདོན་གྱིས་བཟུང་། །བདུད་དང་ལོག་པར་འདྲེན་པ་དང་། །གང་ཡང་གདོན་རྣམས་དེ་ དག་གིས། །གྲིབ་མའང་འགོམ་པར་མི་བྱེད་ན། །དེ་ཡི་ལུས་ལ་ཅི་སྟེ་འཛིན། །ཞེས་བྱའོ། །གཞན་ཡང་། རི་བོང་འཛིན་པའི་གཟུགས་ལྟ་བུར། །ཡི་གེ་རྣམས་ནི་བལྟས་བྱས་ན། །ཕྱོགས་བཅུའི་གདོན་རྣམས་འབྱེར་བར་བྱེད། །དཀར་པོ་ཡིས་ནི་ཞི་བར་འགྱུར། །ནག་པོས་སྐད་ཅིག་ ཉིད་ལ་འཆི། །དམར་པོ་ཡིས་ནི་དབང་དུ་འགྱུར། །དེ་ལྟས་དགུག་པ་འང་གདོན་མི་ཟའོ། །སེར་པོས་རེངས་པར་བྱེད་པ་ནི། །གླང་པོ་རྟ་དང་མི་རྣམས་སོ། །ཞེས་སོ། །གང་གིས་སྔགས་འདི་མི་ཤེས་པར། །ཞེས་པ་ལ་སོགས་པའི་དོན་ནི་འདི་ལྟ་སྟེ། གང་གི་རྒྱུད་ཆེན་པོ་དཔལ་ཧེ་རུ་ཀ་དང་། རྡོ་རྗེ་ རྣལ་འབྱོར་མ་རྣམས་ཀྱི་སྙིང་པོ་མཆོག་ཏུ་གསང་ཞིང་ཤིན་ཏུ་གསང་བ་བླ་ན་མེད་པའི་སྔགས་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་སྦས་པས་ན་མི་ཤེས་པའོ། །བླ་མ་ཆེར་མགུ་བར་མ་བྱས་ཤིང་རྣལ་འབྱོར་པ་མ་ཡིན་པར་རྣལ་འབྱོར་དུ་ཁས་འཆེས་པ་རྣམས་ཀྱིས་སྔགས་ཀྱི་དངོས་གྲུབ་ཀྱི་འབྲས་བུའི་དོན་འདོད་ཀྱང་ སྔགས་འདི་སྤངས་པས་དེའི་འབྲས་བུ་ཐོབ་པར་མི་འགྱུར་རོ། །ཇི་ལྟ་ཞེ་ན་དཔེར་ན་རྨོངས་པ་ལ་ལ་ཞིག་འབྲས་བུ་དང་བྲལ་བའི་ཕུབ་མ་ལ་བརྡུང་ཞིང་འབྲས་འདོད་པའི་དད་པ་ཡོད་ཀྱང་། །ཤིན་ཏུ་ཕྱིན་ཅི་ལོག་ཏུ་གྱུར་པས་ཡོངས་སུ་ཉོན་མོངས་ཤིང་དེ་ཡིས་འབྲས་བུ་དེ་མི་རྙེད་པ་བཞིན་ ནོ། །དེ་ལྟ་བུའི་ཕྱིར་ནི་རྡོ་རྗེ་བླ་མ་ལས་འདོད་བྱའི་ཡང་དག་པའི་མཐའ་བླངས་ཏེ། འདོད་པ་བཞིན་དུ་སྤྱོད་ཅིང་བཟླས་ན་སྔགས་འདིས་བྱིན་གྱིས་རློབ་ཅིང་འབྲས་བུ་སྟེར་རོ། །འདི་དག་ནི་དཔལ་ཧེ་རུ་ཀའི་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་དགུ་ པའི་རྣམ་པར་བཤད་པའོ།། །།དེ་ནས་སྐུ་གསུམ་པོ་བཤད་པ་སྟེ་ཞེས་པ་ལ་སྐུ་གསུམ་པའོ་ཞེས་པའི་སྒྲས་ནི་ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་རྣམས་སོ། །དེ་ལ་སྐུ་དང་གསུང་གི་གསང་བ་ནི་བསོད་ནམས་ཀྱི་རྒྱུ་མཐུན་པའི་མཚན་ཉིད་དག་གོ་ཞེས་བྱ་བ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་མཚན་ཉིད་དེ་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་ཅན་ནོ། །གང་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་འཇུག་པ་མངོན་པར་རྟོགས་པ་རྟག་པ་དང་ཆད་པ་མ་ཡིན་པའི་ཕྱིར་ན་ཡིད་ཀྱི་རྣམ་པར་ཤེས་པ་ལམ་ལ་འཇུག་པ་བསམ་ གཏན་གྱི་གོམས་པས་མི་དམིགས་པར་སོང་བ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མ་ཡིན་པ་སྟོང་པ་མ་ཡིན་ཞིང་ལུས་དང་ཡུལ་རྣམས་མ་ཡིན་པ་ཚིག་གི་སྤྱོད་ཡུལ་དང་ཡིད་དང་ཡིད་ཀྱི་སྤྱོད་ཡུལ་མ་ཡིན་པ་སྟེ། དེ་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ནམ་མཁའི་ཁམས་དང་མཉམ་པར་མཐའ་ ཀླས་པའོ། །དེ་ལྟ་བུའི་དེ་བཞིན་གཤེགས་པ་རྣམས་ཀྱི་དོན་དམ་པ་ཡིན་པའི་ཕྱིར་ན་སྐུ་གསུམ་ཆར་ཡང་བལྟ་བར་བྱའོ། །དེ་རྣམས་ཀྱི་སྒྲུབ་ཐབས་བཤད་པ་ཇི་ལྟར་ཞེ་ན། གཉིས་མེད་ཧེ་རུ་ཀ་སྦྱར་ཕྱིར། །ཞེས་པ་སྟེ་གཞལ་ཡས་ཁང་བརྩེགས་པའི་ནང་དུ་ཡི་གེ་བྷྲཱུཾ་ཡོངས་སུ་ཞུ་བ་ལས་ འཁོར་ལོ་རྩིབས་བརྒྱད་པའོ། །དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའོ། །དེའི་སྟེང་དུ་ཟླ་བ་དེའི་སྟེང་དུ་ཨཱ་ལི་ཀཱ་ལི་ཡོངས་སུ་ཞུ་བ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་ན་རྡོ་རྗེ་དང་ཅང་ཏེའུའོ། །གཡོན་ན་ཁ་ཊྭཱཾ་ག་དང་ཐོད་པ་དང་དྲིལ་བུ་འཛིན་ པའོ། །ཕག་མོ་དམར་མོ་ལ་འཁྱུད་དེ་གཡས་བརྐྱང་བས་བཞུགས་ནས། གཙུབ་གཏན་དང་གཙུབ་ཤིང་ཡང་དག་པར་སྦྱར་བའི་འདོད་ཆགས་ཀྱི་མེས་ཞུ་བར་གྱུར་པར་བལྟ་བར་བྱའོ། །དེའི་འོད་ཟེར་ལས་འཐོན་པའི་རྣལ་འབྱོར་མ་རྣམས་ཀྱིས་རྡོ་རྗེའི་གླུས་ཡང་དག་པར་བསྐུལ་ལོ། ། ཨོཾ་ཧཱུཾ་ཨཱ་བདེ་བ་ཆེན་པོ་ཨ་ལ་ལ་ལ་ལ་ཧོ། །བདེ་བར་བདེ་བ་ཆེན་པོ་བཞུགས། །བདེ་བ་མངོན་དུ་སྦྱར་བ་སྟེ། །བདེ་བ་བླ་མེད་བདེ་ཆེན་པོ། །བདེ་བ་རྗེས་སུ་གྲུབ་པ་ཧོ། །བདེ་བ་ལས་བྱུང་བདེ་བའི་དངོས། །ཨོཾ་ཧཱུཾ་ཨ་ཧོ་བཅོམ་ལྡན་འདས། །བདེ་བ་ཆེན་པོ་བླ་ན་མེད། །ཐམས་ཅད་ བླ་མེད་བདེ་བ་དངོས། །ཧཱུཾ་ཨ་ལ་ལ་ལ་ལ་ཧོ། །ཁྱོད་ནི་བདེ་ཆེན་བདེ་བའི་དངོས། །དྲི་མེད་ཟླ་བ་སྣ་ཚོགས་དྲི་མཆོག་བདེ། །ཨ་ལ་ལ་ལ་ལ་ཧོ། །བདེ་བ་ལས་བྱུང་བྱང་ཆུབ་ཁྱོད། །ཅེས་པའོ། །སྒྲ་བརྙན་ལྟ་བུའི་གླུ་ཡིས་བསྐུལ་བ་གསན་མ་ཐག་ཏུ་རིགས་ཀུན་གྱི་བདག་པོ་ཆོས་ཀྱི་སྐུ་རང་བཞིན་ གྱིས་འོད་གསལ་བ་ལས་བདེ་བ་ཆེན་པོ་དཔལ་ཐུགས་ཀྱི་མཁའ་འགྲོ་བཞེངས་ཏེ། མདོག་སྔོན་གཟི་བརྗིད་ཆེན་པོ་ལ། །ཉི་མ་བྱེ་བའི་འོད་ལྟར་གསལ། །ལོ་ནི་བརྒྱད་ཕྲག་གཉིས་ལོན་ཚད། །ལྟ་སྟངས་ཁྲོ་བོའི་ཚུལ་དུ་མཛད། །མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །དཔེ་ བྱད་རྣམས་ཀྱིས་བརྒྱན་པར་མཛད། །ཞལ་བཞི་པ་ལ་བཅུ་གཉིས་ཕྱག །སྤྱན་གསུམ་ཞབས་གཡས་བརྐྱང་བས་བཞུགས། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །གཡས་དང་གཡས་མིན་དཀར་དང་སེར། །ནུབ་ཀྱི་ཞལ་ནི་དམར་པོའོ། །རྡོ་རྗེ་དང་དྲིལ་བུས་སྙོམས་པར་འཇུག་པ་ཁྱབ་ འཇུག་གིས་རྒྱན་དུ་མཛད་ཅིང་ཁྱབ་འཇུག་གི་པགས་པ་བསྣམས་པའོ། །གཡས་པའི་ཕྱག་ལྷག་མ་རྣམས་ན་དགྲ་སྟ་དང་རྩེ་གསུམ་དང་གྲི་གུག་དང་ཅང་ཏེའུ་རྣམས་སོ། །གཡོན་པ་རྣམས་ན་ཞགས་པ་དང་ཐོད་པ་དང་ཁ་ཊྭཱཾ་ག་དང་སྡིགས་མཛུབ་རྣམས་སོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན་དབུའི་རྩེ་ མོ་མགོ་བོས་བཅིངས་པ། ཟླ་བ་ཕྱེད་པས་རལ་པ་ལ་བཅིངས་པ། ལྕང་ལོ་འཁྱིལ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཁྱུད་པའི་རྡོ་རྗེ་མཁའ་འགྲོ་མ་ནི་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་གཅེར་བུ་མདོག་ སྔོན་མོ་དུམ་བུས་བརྒྱན་པའི་སྐ་རགས་ཅན། རྒྱན་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པ། །ཕྱག་གཡོན་པ་ན་ཐོད་པ་བསྣམས་ཤིང་འཁྱུད་པ། གཡས་པ་ན་རྡོ་རྗེ་གདེངས་པ་དང་སྡིགས་མཛུབ་བོ། །འདབ་མ་རྣམས་ལ་ནི་མཁའ་འགྲོ་མ་ལ་སོགས་པ་རྣམས་སོ། །འཁོར་ལོ་རྩིབས་བརྒྱད་ ལ་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས་སོ། །གཞན་ཁྭ་གདོང་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི་མཐར་ཐུག་པ་སྟེ། རྣལ་འབྱོར་མ་ཉི་ཤུའོ། །འདི་དག་ལས་མཁའ་འགྲོ་ལ་སོགས་པ་ནི་ཞལ་གཅིག་ཕྱག་བཞི་པ་ལ། དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུར་རོ། ། མཚམས་རྣམས་ས