Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 17

Văn bản gốc(Tây Tạng)

Trang 8 / 29 (50.000 ký tự/trang)
པོ་གང་ན་གནས་པའི་བདེ་བ་ཆེན་པོའོ། །
དེའི་ཕྱིར་ན་མཆོག་གི་པདྨ་ནི་གནས་ཏེ། ཁྲག་དང་ག་པུར་གྱིས་ཡོངས་སུ་གང་བའི་ཁྱད་པར་ཅན་ཡིན་པས་ན་དེར་ཙུམྦ་ན་བྱ་ཞིང་ལྕེ་རྩེ་བ་སྒྲིལ་བས་བྲུད་ཅིང་ཆང་གིས་འཐུང་བ་དང་ལྡན་པས་ན་སེམས་རབ་ཏུ་དགའ་བར་བྱའོ། །དེ་ནས་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས་རོལ་པར་
བྱའོ། །ཇི་སྲིད་རྣལ་འབྱོར་ཚོགས་རྣམས་ནི། །ཞེས་པས་ནི་དགའ་བའི་བསྟན་བཅོས་ལས་བཤད་པ་ལྟ་བུ་སྟེ། བཅིང་བ་དང་རྩེ་བ་དག་གོ། །དེ་ལྟ་བུ་རྡོ་རྗེ་སེམས་དཔའི་ཡང་གསུངས་པས་བྱང་ཆུབ་རབ་ཏུ་བསྒྲུབས་ཏེ། རང་བཞིན་སོ་སོའི་མཚན་ཉིད་ཤེས་པར་བྱས་ལ།
དེ་དང་མཐུན་པས་སྦྱིན་པར་བྱའོ། །ཐམས་ཅད་བདེན་པའི་ངོ་བོ་ལས། །གཞན་དུ་ནམ་ཡང་མི་བྱའོ། །དེ་ནས་མ་དང་བུ་མོ་ཆ་བླང་མ་ཞེས་པ་ལ་སོགས་པའི་དོན་ནི་ཇི་ལྟ་བ་བཞིན་ནོ། །གང་གི་རྟག་ཏུ་སྔགས་སྦྱིན་པ། །ཞེས་པ་ནི་དེ་རྣམས་ཀྱི་ཕྱག་རྒྱ་དེ་ལྟ་བུ་ཉིད་ཀྱིས་ཤེས་རབ་ཀྱི་
ཡེ་ཤེས་སྦྱིན་པའོ། །རྣལ་འབྱོར་གྱི་ནི་རྒྱུད་རྣམས་ལ། །རྙེད་དཀའི་དམ་ཚིག་རྣམས་བཤད་བྱ། །ཞེས་པ་ནི་གསལ་ལོ། །དཔལ་ལྡན་ཧེ་རུ་ཀ་ཉིད་ལས། །རྣལ་འབྱོར་མཆོག་ནི་གཞན་མེད་དོ། །ཞེས་པ་ནི་གང་གསུངས་པ་དེ་ཐམས་ཅད་དཔལ་ཧེ་རུ་ཀ་རྣལ་འབྱོར་དུ་བྱ་བ་ལས་
གཞན་ན་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རྣལ་འབྱོར་གྱི་ཡུམ་སློབ་དཔོན་ཏེ་ཞེས་གསུངས་ཏེ། རྣལ་འབྱོར་རྣམས་ཀྱི་སློབ་དཔོན་ནི་རྣལ་འབྱོར་རྣམས་ཀྱི་མའོ། །དེའི་ཕྱིར་ན་བརྙས་མི་བྱ་ཞིང་ཞེས་པ་ལ་སོགས་པ་གསུངས་སོ། །ལྷ་གཞན་ལ་ནི་ཀུན་སྦྱོར་བ། །
ཞེས་པ་ནི་སྙིང་རྗེ་ཆེན་པོ་དང་རབ་ཏུ་དགའ་བའི་ཐབས་སུ་སྦྱོར་བའི་མཆོག་འདི་བོར་ནས་གཞན་ལའོ། །ཀུན་སྦྱོར་བར་ཞེས་པ་ནི་དངོས་གྲུབ་ཀྱི་དོན་ལ་སྦྱོར་བ་ལྷག་པའི་ལྷ་ལས་གཞན་པར་ཀུན་དུ་འདོད་པའོ། །དེ་ནི་གང་དངོས་གྲུབ་འདོད་པ་ལ་རྣམ་པར་རྨོངས་པ་སྟེ་དམུས་

ལོང་ལྟ་བུའོ། །དེ་ནི་སྡུག་བསྔལ་མང་པོས་གདུངས་པ་ཧ་ཅང་ཡང་ཆེས་ཏེ། རྒྱལ་པོ་རྒྱལ་སྲིད་དང་བྲལ་ནས་མི་ཐ་མལ་པར་གྱུར་པ་ལྟ་བུའོ། །ལྷ་མོ་གཞན་དང་ཀུན་སྦྱོར་བ། །ཞེས་པ་ལ་ཀུན་སྦྱོར་བ་ཞེས་པ་ནི་རྣམ་པ་མང་པོར་རོལ་པ་ལ་གསུངས་ཏེ། རྣམ་
པར་མི་རྟོག་པའི་སེམས་ཀྱིས་རིགས་ཐམས་ཅད་ལ་མཉམ་པར་སྦྱར་བའོ། །མི་མོའི་སྤྱོད་དང་གཙུབ་ཤིང་དུ། །ཞེས་པ་ནི་དབང་པོ་གཉིས་རབ་ཏུ་སྦྱོར་བ་སྟེ། རྣ་བ་ལ་སོགས་པའི་དབང་པོ་ཐམས་ཅད་བདེ་བར་བསྡུ་ཞིང་ཡང་དག་པའི་སྙིང་པོ་གང་ལ་ཀུན་དུ་སྤྱོད་པའི་ཁྱབ་
བདག་གོ། །ཚངས་སྤྱོད་དེ་བཞིན་བསམ་གཏན་དང་། །ཞེས་པ་ལ། ཚངས་སྤྱོད་ཅེས་པ་ནི་སྟོང་པ་ཉིད་དུ་འགྱུར་བ་ལ་དྲན་པའི་སྦྱོར་བ་མ་སྤངས་པའོ། །དེ་ཡང་བདེ་བ་བྱང་ཆུབ་ཀྱི་ལམ་དག་པ་དེ་ཁོ་ན་ཉིད་བླ་ན་མེད་པའི་དམ་ཚིག་ལ་སྤྱོད་པ་འཛིན་ཅིང་བརྟགས་པ་སྟེ། བྱང་
ཆུབ་པ་སྒྲུབ་པ་པོས་རྟག་ཏུ་ཤེས་པར་བྱ་སྟེ། ཡང་དག་པར་གནས་ལ་བྱང་ཆུབ་བསྒྲུབ་པར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །རྒྱུད་རྣམས་ཀུན་གྱི་ཐུན་མོང་སྟེ། །ཞེས་པ་ནི་བྱ་བ་དང་སྤྱོད་པ་དང་། རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པ་ལ་སོགས་པ་སྟེ། རྣལ་འབྱོར་མ་
ཆེན་པོའི་རྒྱུད་ཀྱི་རང་བཞིན་ལ་བྱ་བ་འདྲ་བར་སྦྱོར་བས་མི་གཞོམ་མོ། །དེས་ན། རྒྱུ་མེད་པར་ནི་གཞོམ་མི་བྱ། །ཞེས་པ་སྨོས་ཏེ། གོ་འཕང་མཚུངས་པར་མ་མཐོང་ངོ་། །རྒྱུ་དེ་དང་དེ་དག་ལ་རྒྱུའམ་གཏན་ཚིགས་མེད་པས་ན་དམ་ཚིག་གི་སྤྱོད་པ་སྦས་ཤིང་གང་ལ་སྤྱོད་པ་
མིང་ཙམ་ཡང་སྦྱིན་པར་མི་བྱ་ཞིང་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་བཤད་པར་བྱའོ། །ཁྭ་སོགས་ཕོ་ཉ་བརྒྱད་པོ་ལ། །དྲོད་དང་དད་པ་འཕེལ་བྱེད་ཅིང་། །ཞེས་པ་ནི་འདོད་པའི་དེ་ཁོ་ན་ཉིད་ཕུན་སུམ་ཚོགས་པ་སྟེར་བར་ངེས་པ་སྟེ། ཀུན་དུ་ཁྱབ་པའི་བྱང་ཆུབ་ཀྱི་
ལམ་དུ་གནས་པའོ། །དད་པ་ཙམ་གྱིས་བླང་བྱ་ཡི། །ཞེས་པ་ལ། དད་པ་ཙམ་གྱིས་ཞེས་པ་ནི་དད་པའི་རྒྱུས་ཆོས་སྟོན་ལ། དེ་ལ་ཤེས་རབ་ཀྱི་རྒྱུས་དེ་ཁོ་ན་ཉིད་རིག་པར་བྱེད་པའོ། །དེ་སྐད་དུ་བརྟག་པའི་རྒྱལ་པོ་གཉིས་པ་ལས། ཉ་ཕྱིས་ཀྱིས་མིན་ལག་པས་མིན། །

རིག་པ་ལྕེ་ཡིས་མྱོང་བྱས་ན། །ཚེ་རིང་ནད་ཀྱང་མེད་པའོ། །ཞེས་སོ། །ཡེ་ཤེས་བསྐྱེད་པའི་རྒྱུ་ནི། །བློ་ལྡན་མཐེའུ་ཆུང་བསྐྱོད་པར་ནི། །ཞེས་པ་སྟེ། མཐེའུ་ཆུང་ཞེས་པ་ནི་མཐེའུ་ཆུང་སྟེ་སོར་མོ་ཐ་མའོ། །དེས་རབ་ཏུ་བསྐུལ་བ་ནི་བསྐྱོད་པའོ། །དེ་ཡང་ལོ་གྲངས་བཅུ་གཉིས་མའི་སྐྱེ་གནས་
སུ་བཅུག་པ་ལས་བྱུང་བ་ལྕེས་བླངས་ན་བཅུད་ཀྱིས་ལེན་འགྲུབ་པར་བྱེད་པས་བདེ་བ་ཆེན་པོ་བསྐྱེད་པའི་རྒྱུ་ཡིན་ནོ། །སྒྲུབ་པ་རྣམ་པ་གསུམ་དུ་གནས། །ཞེས་པ་ནི་སྒྲུབ་པ་པོ་དམན་པ་དང་། འབྲིང་དང་མཆོག་ཏུ་གྱུར་པ་འདི་དག་གི་དབྱེ་བའོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་
མཆོག་གི་འགྲེལ་བ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ནས་བརྟུལ་ཞུགས་སྤྱོད་པ་ཞེས་པ་ལ་སོགས་པས་ནི་ལེའུ་ཉི་ཤུ་རྩ་བདུན་པ་སྟོན་ཏོ། །དེ་ལ་སྤྱོད་པ་རྣམས་ནི་སྤྱོད་པའོ། །བརྟུལ་ཞུགས་ནི་མིའི་རུས་པའི་ཕྲེང་
བ་ལ་སོགས་པས་བརྒྱན་པའོ། །དཔའ་བོ་ཞེས་པ་ནི་རྣལ་འབྱོར་པའོ། །དེ་ཡང་གང་ཞེ་ན། རྣལ་འབྱོར་མ་ཐམས་ཅད་ཀྱི་སྒྲུབ་པའོ། །མཚན་ཉིད་དབྱེ་བར་ཤེས་བྱ་ན། །ཞེས་པ་ནི་ཕུང་པོ་དང་ཁམས་ལ་སོགས་པ་སྒྱུ་མ་ལྟ་བུར་ཤེས་པར་བྱ་བ་འབའ་ཞིག་སྟེ། འཇིག་རྟེན་གྱི་ཆོས་
བརྒྱད་པོ་ཡོངས་སུ་བསལ་ཏེ། ཐམས་ཅད་ཀྱི་མགོན་པོ་དཔལ་དང་ལྡན་པ་རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ་ཏེ་བློ་གྲོས་ཆེན་པོ་དང་ལྡན་པས་བཞི་པོ་གསང་བ་ལ་རྗེས་སུ་སྤྱད་པར་བྱ་ཞིང་ལུང་དང་མི་འབྲལ་བར་སྦྱངས་པའི་ཡོན་ཏན་གྱི་མཚན་མ་གསིལ་བྱེད་དང་། ལྷུང་བཟེད་
དང་། ཆོས་གོས་དང་། ཆུ་ཚགས་རྣམས་བཅང་བར་བྱའི། བསླབ་པ་དེ་རྣམས་དང་བྲལ་བའི་རྣལ་འབྱོར་པ་ནི་སངས་རྒྱས་པའི་མུ་སྟེགས་ཀྱི་སྤྱོད་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ་དེ་ལྟ་བུ་ནི་ལྷག་པའི་ལྷ་གཅིག་ཡིན་ནོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་
བྱུང་བ་དང་གདུག་པ་ཐམས་ཅད་གཞིག་པ་ལས་སྐྱེས་པའི་སྔོན་པོ་ཆེན་པོ་རྣམ་པར་འགྱུར་བ་དྲག་པོ་འཇིགས་པའང་འཇིགས་པར་མཛད་པ། མཆེ་བ་ཅུང་ཟད་རྣམ་པར་གཙིགས་པ་རལ་པ་ལ་ཟླ་བ་ཕྱེད་ཀྱིས་བརྒྱན་པ་རལ་པ་ཆེན་པོ་འཕུངས་པའི་སྟེང་ན་སྣ་ཚོགས་རྡོ་རྗེ་

ཅན། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན་ཅིང་། རྒྱན་ཐམས་ཅད་ཡང་དག་པར་རྫོགས་པ་དང་། སྟག་གི་པགས་པའི་སྨད་གཡོགས་ཅན། །སྐྱིལ་ཀྲུང་ཕྱེད་པས་ཤིན་ཏུ་གནས་པ། གདུག་པ་ཐམས་ཅད་འཇིགས་པར་མཛད་ཅིང་འདོད་པ་དང་གཏི་
མུག་ལས་བྱུང་བའི་ཕྲག་དོག་དུས་མཚན་མོ་འོག་ཏུ་གཟིར་བ་སྤྱན་གསུམ་དང་མགྲིན་པ་བཞི་ལ་ཞལ་བཞི་པའོ། །ནམ་མཁའ་ལྟ་བུའི་དཔལ་སྐྱ་དང་དཀར་པོ་དང་དམར་པོ་དང་ལྗང་གུའི་ཞལ་རྣམས་གྱེན་ཕྱོགས་སུ་གཟིགས་པའོ། །རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་
ཕག་གདོང་མ་ལ་སྙོམས་པར་ཞུགས་ཏེ་གཉིས་སུ་མེད་པར་དགའ་བའོ། །ཕྱག་གཞན་རྣམས་ན་ཆོས་ཀྱི་འཁོར་ལོ་དང་། གསིལ་བྱེད་དང་། ལྷུང་བཟེད་དང་། གསལ་ཤིང་དང་། ཞགས་པ་དང་། ལྕགས་ཀྱུ་རྣམས་སོ། །དེ་བཞིན་དུ་མགོ་བོ་དང་། ཅང་ཏེའུ་དང་། ཕྱག་
གཞན་གཉིས་ན་ཆོས་གོས་དང་མིའི་པགས་པ་བསྣམས་པའི་ཚུལ་ཅན་ནོ། །ཕག་རྒོད་མོ་ནི་ཁ་དོག་དམར་མོ་གཅེར་བུ་སྤྱན་གསུམ་པ་སྐྲ་གྲོལ་བ་རྒྱན་ཐམས་ཅད་ཀྱིས་འབར་བའོ། །གཡོན་པ་ན་སའི་ལྷུང་བཟེད་དང་ལྡན་པའོ། །གཡས་པ་ན་ཆོས་ཀྱི་དབྱངས་ཀྱི་སྒྲ་འཁྲོལ་བའི་
ཅང་ཏེའུའོ། །བྱིན་པ་གཉིས་ཀྱིས་མཉམ་པར་འཁྱུད་པ་ནི་ཐུགས་རྗེ་ཆེན་པོས་དགྱེས་པའི་བདེ་བ་ཆེན་པོའོ། །ཤར་ལ་སོགས་པའི་འདབ་མ་ལ་གདོལ་པ་མོ་དང་། སྨེ་མོ་དང་། ཚོས་མཁན་མ་དང་། སྦོས་མོ་དང་། ཤན་པ་མོ་དང་། རི་ཁྲོད་མ་དང་། ཉ་འཆོར་མ་དང་།
དེ་བཞིན་དུ་རྔོན་པ་མོའོ། །སེར་པོ་དང་། སྔོན་པོ་དང་། དམར་པོ་དང་། དུད་ཁ་དང་། ཁྲ་བོ་དང་། དམར་པོ་དང་། ལྗང་གུ་དང་། བརྒྱད་པ་ནི་དཀར་པོ་སྟེ། རིམ་དང་རིམ་ལས་བཟློག་པར་རོ། །ཚུལ་རྣམས་ནི་བཞད་པ་དང་། ཞི་བ་དང་། སྙིང་རྗེ་དང་། སྒེག་པ་དང་། གཤེ་བ་
དང་། སྨྲེ་བ་ལྟ་བུ་དང་། དྲག་པོ་དང་། ཁྲོ་བ་དང་། ཉམས་དེ་རྣམས་འཛིན་པའོ། །ཕྱག་ན་ཁར་གསིལ་ལྷུང་བཟེད་དང་། ཅང་ཏེའུ་གྲི་གུག་འཛིན་པའོ། །སྒོ་བ་བཞིའི་མཚན་ཉིད་ནི་ཁྲོ་མོའི་ཚུལ་དུ་དགོད་པ་སྟེ། དེ་བཞིའི་མཚན་ཀྱང་འདི་ལྟ་སྟེ། ཧེ་རུ་ཀའི་འོད་དང་། རྡོ་རྗེ་གཏུམ་

མོ་ཞེས་པ་དང་། རྡོ་རྗེ་སྲིན་མོ་ཉིད་དང་ནི་དེ་བཞིན་དུ་རྡོ་རྗེ་འཇིགས་བྱེད་མའོ། །དེ་རྣམས་ནི་དྲག་མོའི་ཚུལ་ཅན་གདུལ་དཀའ་ཐམས་ཅད་ཟ་བར་མཛད་པའོ། །ཁ་དོག་ནི་ཐལ་ཀའི་མདངས་དང་། ལྗང་གུ་དང་དམར་པོ་དང་སྔོན་པོ་སྟེ་ཆེར་འཇིགས་པར་མཛད་པའོ། །ལྷུང་བཟེད་
དང་། ཁ་ཊྭཱཾ་ག་དང་ཁར་གསིལ་ནི་ཕྱག་གཡོན་ནའོ། །གཡས་པ་ན་ནི་ཆོས་ཀྱི་འཁོར་ལོ་དང་། ཅང་ཏེའུ་འཛིན་པ་ཕྲག་པ་གཡོན་དུ་ཆོས་གོས་བཀལ་བའོ། །ཀུན་ཀྱང་ཞལ་གཅིག་ཕྱག་བཞི་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཡི་དགས་ཀྱི་སྟེང་ན་སྐྱིལ་ཀྲུང་ཕྱེད་པས་བཞུགས་
པ། དབུ་སྐྲ་གྲོལ་ཞིང་གཅེར་བུ་མའོ། །བསོད་སྙོམས་པ་དང་། ཆོས་གོས་གསུམ་པ་ཅན་དང་། དེ་ནས་ཟས་ཕྱིས་མི་ལེན་པ་དང་། ཅོག་པུ་པ་དང་། ཇི་ལྟ་བའི་སྟན་གཅིག་པ་དང་། །བླ་གབ་མེད་པ་དང་། ཤིང་དྲུང་བ་དང་། དགོན་པ་བ་དང་། དུར་ཁྲོད་པ་དང་། ཕྱག་
དར་ཁྲོད་པ་དང་། གཞི་ཇི་བཞིན་པ་དང་། ཕྱིང་པ་པ་རྣམས་ཏེ། སྦྱངས་པའི་ཡོན་ཏན་བཅུ་གཉིས་པོ་དེ་རྣམས་རྣམ་པར་དག་པ་ནི་རྣལ་འབྱོར་མ་རྣམས་ཏེ། དེ་ཡང་གསུང་རབ་ཡན་ལག་བཅུ་གཉིས་དང་། དམ་པའི་ཆོས་འདུལ་བའི་ཚུལ་ཁྲིམས་ལ་རབ་ཏུ་
དགའ་བ་དང་། སྙིང་རྗེ་ཆེན་པོས་དགའ་ཞིང་མཛེས་པ་རྣམས་སོ། །དེ་རྣམས་དང་ལྷན་ཅིག་ཏུ་མངོན་པར་སྤྱོད་ཅིང་རྗེས་སུ་ཞུགས་ནས་རྡོ་རྗེ་བྱིན་གྱིས་བརླབས་པ་བྱས་ནས་ལྷན་ཅིག་ཏུ་མངོན་པར་རོལ་པས་ཕྱག་རྒྱ་ཆེན་པོ་བདེ་བ་དང་ལྡན་པར་བྱས་ལ་བཟླས་པ་བྱའོ། །
ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་ཀཾ་ཨཱཿཧུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱའོ། །དམ་ཚིག་གི་ཁ་ཟས་རྣམས་རབ་ཏུ་ལོངས་སྤྱོད་ཅིང་སྤྱོད་པ་ནི་བྱ་བ་སྟེ་སངས་རྒྱས་ཀྱི་བརྟུལ་ཞུགས་སོ། །བྷུ་སུ་ཀུའི་སྤྱོད་པ་ནི་བྷུ་སུ་ཀུ་སྟེ་ཟ་ཉལ་འཆག་གསུམ་གྱི་སྤྱོད་པའི་རིམ་པས་སྤྱད་པར་བྱའོ། །དེ་ལ་
འདིའི་རིམ་པ་ནི་འདི་སྟེ། བྷུ་ཞེས་པ་ནི་ཁ་ཟས་ཏེ། འདུ་འཛི་ཡོངས་སུ་སྤངས་ནས་དེ་ཙམ་ཞིག་རྗེས་སུ་དྲན་པར་བྱས་པས་བྱ་བ་ཡིན་གྱི། །སྡུག་བསྔལ་བསྟེན་པས་ནི་འདི་དག་ཅུང་ཟད་ཀྱང་བསམ་པར་བྱ་བ་མ་ཡིན་ནོ། །སུ་ཞེས་པ་ནི་ཉལ་བ་སྟེ་རྣམ་པར་ཤེས་པ་དེ་དག་ལ་

མ་རིག་པས་ཉེ་བར་མཚན་པའི་སྡེ་དཔུང་ལ་སོགས་པ་རྣམས་དགེ་བའི་དངོས་པོར་མངོན་དུ་བྱའོ། །དེ་ཡང་རང་བཞིན་གྱིས་འོད་གསལ་བ་དྲི་མ་མེད་པའི་རང་བཞིན་ཅན་དུ་མངོན་དུ་བྱས་ལའོ། །ཀུ་ཞེས་པ་ནི་འཆག་ཏུ་འགྲོ་བ་སྟེ། བཤང་གཅི་ཙམ་ཞིག་འདོར་
དུ་ཕྱིན་ལ་འདུ་འཛི་ཡོངས་སུ་སྤངས་ཏེ། དེ་འོད་གསལ་བ་ཙམ་ཞིག་ཡོངས་སུ་བསྒོམ་པར་བྱའོ། །ལུས་ཀྱི་ཚོར་བ་དང་ཡུལ་དང་དབང་པོའི་རང་གི་ངོ་བོ་དག་ཏུ་ནི་བསམ་པར་མི་བྱའོ། །གྲོང་དང་གྲོང་དུ་ཞེས་པ་ལ་སོགས་པ་ནི་སྐྱོ་བར་གྱུར་ན་རྒྱུ་བར་བྱའོ། །བརྟུལ་ཞུགས་སྤྱད་པར་
ཞེས་པ་ནི་དེ་ནས་ཕོ་ཉ་མོའི་མཚན་ཉིད་ཅན་ལ་བརྟུལ་ཞུགས་ཅན་གྱི་སངས་རྒྱས་ཀྱི་བརྟུལ་ཞུགས་སུ་སྤྱོད་པ་ནི་བརྟུལ་ཞུགས་སོ། །བདག་གིས་ཀྱང་ལམ་ཀར་ཕོ་ཉ་མོ་མཐོང་ན་དེ་བཞིན་འདུའོ། །དེ་ལས་ནི་ཕྱག་རྒྱ་ཆེན་པོའི་གོ་འཕང་བླ་ན་མེད་པ་མཆོག་གི་བྱང་ཆུབ་ཉིད་ཡུན་རིང་
རིང་པོར་མི་ཐོགས་པར་མྱུར་དུ་བདེ་བར་ངེས་པར་འཐོབ་བོ། །དེ་ཡང་རང་བཞིན་གྱིས་འོད་གསལ་བའི་དགེ་བའི་རྩ་བས་སོ། །རྣལ་འབྱོར་གྱི་མཚན་ཉིད་འདིས་རྟག་ཏུ་བསམ་གཏན་ལ་སྦྱར་ན་སེམས་རིན་པོ་ཆེ་བརྟན་པར་འགྱུར་བས་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་གནས་
པར་བྱིན་གྱིས་རློབ་པར་བྱེད་དོ། །ལོ་གྲངས་བཅུ་དྲུག་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཛེས་པའི་རང་བཞིན་ཅན་མིག་གི་དཀྱུས་རིང་བ་རྙེད་ན་གཟུང་སྟེ་བརྟུལ་ཞུགས་ཆེན་པོས་ཐུན་མཚམས་བཞི་རུ་གསང་བའི་མཆོད་པ་བྱ་ཞིང་བརྟུལ་ཞུགས་སྤྱོད་ན་ཟླ་བ་དྲུག་ཉིད་ཀྱིས་དེ་
ཐམས་ཅད་འཐོབ་པར་འདི་ལ་ཐེ་ཚོམ་མེད་དོ། །རྟག་ཏུ་སྤྱད་བྱ་སྟེ་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོར་ཞུགས་པའི་སྐྱེ་བོ་དག་པ་ཐམས་ཅད་འདུས་ཏེ། རིགས་ཐམས་ཅད་མཉམ་པར་སྤྱད་ཅིང་གཅིག་ཏུ་བརྟག་པར་བྱ་སྟེ། མེ་ཡིས་དག་པ་ཇི་ལྟར་གྲུབ་པ་ལྟར་སྔགས་ཀྱིས་དག་པ་དེ་ལྟ་
བུར་གྲུབ་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་སརྦ་བཛྲ་ཀཱ་མི་ཎི་སརྦ་བྷཀྵཾ་ཤོ་དྷ་ཡ་གུ་ཧྱཾ་བཛྲཱི་ཎི་སྭཱ་ཧཱ་ཞེས་པའོ། །བདུད་རྩི་ལྔ་པོ་མར་དང་སྦྲང་རྩིར་ལྡན་པར་བྱས་པ་ནི་སྨན་གྱི་མཆོག་སྟེ་འཐུངས་ན་རྒས་པ་དང་འཆི་བ་རྣམ་པར་སྤང་ཞིང་དཔལ་དང་ལྡན་པ་དང་མཛེས་པ་དང་ནད་མེད་

ཅིང་གཟུགས་བཟང་བ་དང་འདོད་པའི་ལྷའི་བདག་པོ་ལྟ་བུར་འགྲོའོ། །དེ་ཡི་དེར་ནི་དབྱེར་མེད་པ། །སྒྲུབ་ཐབས་གཉིས་བཅས་ཕོ་ཉ་མོ། །ཞེས་པ་ནི་དབང་བསྐུར་བའི་དོན་ཏེ། རྒྱན་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་པ་ཅན་ནོ། །གཉིས་ཞེས་པ་ནི་ཕུན་སུམ་ཚོགས་པའི་ཕྱག་རྒྱ་
མ་སྟེ། གཅིག་ནི་གསང་བའི་སྦྱིན་པའི་དོན་ཏོ། །གཉིས་པ་ནི་ཤེས་རབ་ཡེ་ཤེས་སྦྱིན་དོན་དུའོ། །དེ་ལྟ་བུ་ནི་དེ་བཞིན་གཤེགས་པའི་དབུགས་འབྱིན་པར་འགྲུབ་པ་དང་། གཉིས་པ་ནི་རྡོ་རྗེ་འཛིན་པའི་ཡུམ་མོ། །རྗེས་སུ་གནང་བ་བྱིན་ལ་དེའི་རྗེས་སུ་སློབ་མ་དེ་ཉིད་ལ་ཕོ་
ཉ་མོ་གཅིག་བརྟུལ་ཞུགས་ཀྱི་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་དོན་དུ་བདག་ཉིད་ཆེན་པོས་སྦྱིན་ནོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་དབང་བསྐུར་བ་གནང་བའི་གནས་གསུངས་པའོ། །དེ་ལྟ་བུའི་དབང་བསྐུར་བ་ནི་བླ་མའི་མན་ངག་གི་
རིམ་པས་འཐོབ་པའོ། །མི་གསལ་བར་བྱས་པས་ནི་འདིར་གསང་བ་སྟེ། འོན་ཀྱང་རྣལ་འབྱོར་མའི་ཚོགས་རྣམས་ཀྱིས་ནི་ཡང་དག་པར་རྫོགས་པའི་ཡེ་ཤེས་ཀྱི་སྐུར་སྐྱེ་བར་གསུངས་པའོ། །འདི་ལ་ནི་ཇི་སྲིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་འཚལ་བར་
མཛད་པའོ། །བླ་མ་རྣམས་ཀྱི་བརྒྱུད་རིམ་གྱིས། །དབང་བསྐུར་ཐོབ་པ་ངེས་ལེགས་པ། །ཞེས་པའི་དོན་དེ་ལྟར་བཤད་དོ། །སེམས་ཀྱི་བདག་ཉིད་ཐོ་རངས་ལངས། །ཞེས་པ་ལ། ཐོ་རངས་ལངས་ཞེས་པ་ནི་རང་བཞིན་གྱིས་འོད་གསལ་བར་རོ། །ཡན་ལག་མེད་
བྱེད་མཚོན་ཆ་སྟེ། །ལུས་ལ་གནས་པར་ཡང་དག་སྤྱོད། །ཅེས་པ་ནི་ཡན་ལག་རྣམས་ཤིན་ཏུ་མནན་ནས་མཚོན་ཆས་ཐ་མལ་པ་བཟློག་པ་ཡན་ལག་རྣམས་ཤིན་ཏུ་དག་པར་བྱས་པའོ། །བྱང་ཆུབ་ཀྱི་སེམས་ལ་སོགས་པའི་བདུད་རྩི་ལྔ་པོ་ལ་ཡང་དག་པར་སྤྱད་ན་
བགེགས་ཐམས་ཅད་མི་གནས་ཤིང་བསོད་ནམས་དང་ཡེ་ཤེས་ལ་འཇུག་པའོ། །མཚོན་ཆ་རྣམས་ནི་བགོམ་མི་བྱ། །ཞེས་པ་ལ། མཚོན་ཆ་ནི་རྣལ་འབྱོར་གྱི་མཚོན་ཆས་ཉེ་བར་མཚན་པར་སྤྱད་པར་བྱ་བ་ལ་སྤྱོད་པའོ། །ལུས་ཉིད་དག་པར་བྱ་ན་ནི། །ཞེས་

པ་ནི་ལྷའི་རྣལ་འབྱོར་དུ་བདག་ཉིད་རིམ་པ་འདིས་བསྒོམ་པར་བྱ་བ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་བྷྲཱུཾ་དང་། ཨཱཾ་དང་། ཧྲཱིཿདང་། ཧ་དང་། ཧཱུཾ་དག་ལས་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་
ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་རྣམས་སུའོ། །ཧྲཱིཿལས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་གྱུར་པ་དཔལ་ཧེ་རུ་ཀའོ། །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་ནི་ཨོཾ་ཧཱུཾ་ཏྲཱཾ་ཨཱཾ་ཁཾ་ཧཾ་ལས་གཏི་མུག་དང་། ཞེ་
སྡང་དང་། སེར་སྣ་དང་། འདོད་ཆགས་དང་། ཕྲག་དོག་དང་། དབང་ཕྱུག་རྡོ་རྗེ་རྣམས་སོ། །ཛཿཧཱུཾ་བཾ་ཧོཿཁཾ་རཾ་ལས་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའོ། །ལཾ་མཱཾ་པཾ་ཏཱཾ་ལས་ས་དང་ཆུ་དང་མེ་དང་རླུང་དང་ཁཾ་ལས་ནམ་མཁའ་སྟེ། སངས་རྒྱས་ཀྱི་སྤྱན་དང་། མཱ་མ་ཀཱི་དང་།
གོས་དཀར་མོ་དང་། སྒྲོལ་མ་དང་། རྡོ་རྗེ་ཕག་མོ་རྣམས་སོ། །ཨོཾ་ཨཱཿཧུཾ་ཧཱུཾ་སྟེ་དེ་རྣམས་ལས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་སེམས་དཔའོ། །ཆོས་ཀྱི་འཁོར་ལོ་ནི་པདྨ་འདབ་མ་བརྒྱད་པ་ལ་བྷྲཱུཾ་ཨཱཾ་ཛྲཱི་ཁཾ་སྟེ། ཧཱུཾ་ནི་ལྟེ་བར་རོ། །མཚམས་རྣམས་སུ་ཨཱ་ཨཱི་ཨཱུ་ཨཻའོ། །
ལོངས་སྤྱོད་འཁོར་ལོ་ནི་ཆུ་སྐྱེས་འདབ་མ་བཅུ་དྲུག་པའོ། །ཨོཾ་ཨ་ཨི་ཨུ་ཨེ་དབྱངས་ཡིག་ལྔ་པོ་དེ་རྣམས་དགོད་པའོ། །བདེ་བ་ཆེན་པོ་ནི་ཆུ་སྐྱེས་འདབ་མ་སུམ་ཅུ་རྩ་གཉིས་པ་ལ་ལྟེ་བར་ཡི་གེ་ཧཾ་ངོ་། །སྤྲུལ་པའི་འཁོར་ལོ་ནི་ཆུ་སྐྱེས་འདབ་མ་དྲུག་ཅུ་རྩ་བཞི་ལ་ལྟེ་བར་ཨ་ཀ་ཙ་
ཊ་ཏ་པ་ཡ་ཤ་སྟེ། སྡེ་ཚན་བརྒྱད་པོ་རྣམས་ཀྱིས་རྣམ་པར་བརྒྱན་པའོ། །ཟླ་བ་དང་ཉི་མའི་རྣམ་པར་གསུངས་པ་ནི་གཡས་དང་གཡོན་གྱི་སྣ་བུག་གོ། །སྒོ་བཅུ་དྲུག་ཏུ་གསུངས་པ་ལས་ཁ་འོག་ཏུ་བལྟས་པས་ཡི་གེ་ཀ་ལ་སོགས་པའི་དབུས་སུ་ཐིམ་པར་ཤེས་པར་བྱ་སྟེ། དེ་ལ་
པུལླཱི་ར་མ་ལ་ཡ་ལ་སོགས་པ་ཐམས་ཅད་ཀྱང་གནས་སོ། །དེ་ཡང་པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི་པྲེ་གྲྀ་སཽ་སུ་ནཱ་སི་མ་ཀུ་རྣམས་སོ། །དེར་དཔའ་བོ་དང་དཔའ་མོའི་ཚོགས་རྣམས་གནས་པ་ནི། ཁཾ་པྲཾ་མཾ་ཙཾ་ཀཾ་པྲཾ་བིཾ་མཾ་སུཾ་བཱིཾ་ཨཾ་ཁཾ་བཾ་ལཾ་བཾ་དྲུཾ། ཨཾ་ཨེཾ་བཾ་མཾ་མཾ་བཾ་སུཾ་སུཾ་ཥཾ་བཾ་

སུཾ་མཾ་ཧཾ་བཾ་ཁེཾ། མཾ་ཙཾ་རཾ་ཁཾ་ཧཾ་སཾ་ཨོཾ་ཙཾ་ཤྲིཾ་སུཾ་པཾ་མཾ་བཾ་ཙཾ་བཾ་མཾ། དེ་དག་རྣམས་སོ། །མཚོག་མ་དང་། སྤྱི་གཙུག་དང་། རྣ་བ་གཡས་པ་དང་། རྒྱབ་ཀྱི་སོག་ཕྲག་དང་། རྣ་བ་གཡོན་པ་དང་། སྨིན་མའི་དབུས་དང་། མིག་གཉིས་དང་། དཔུང་རྩ་གཉིས་དང་། མཆན་ཁུང་དང་།
ནུ་མ་གཉིས་དང་། ལྟེ་བ་དང་། སྣའི་རྩེ་མོ་དང་། ཁ་དང་། མགྲིན་པ་དང་། སྙིང་ག་དང་། མཆན་ཁུང་གི་དྲུང་དང་། མཚན་མ་དང་། བཤང་ཀ་དང་། བརླ་གཉིས་དང་། བྱིན་པ་གཉིས་དང་། སོར་མོ་རྣམས་དང་། རྐང་པའི་བོལ་དང་། མཐེ་བོང་གཉིས་དང་། ལོང་མོ་གཉིས་དང་།
སོ་དང་། སེན་མོ་ལ་རབ་ཏུ་གཏུམ་མོའོ། །སྐྲ་དང་བ་སྤུ་ལ་རབ་ཏུ་གཏུམ་མིག་ཅན་མའོ། །པགས་པ་དང་དྲི་མ་ལ་འོད་ལྡན་མའོ། །ཤ་ལ་སྣ་ཆེན་མའོ། །རྒྱུས་པ་ལ་དཔའ་བོའི་བློ་ཅན་ནོ། །རུས་པ་ལ་མིའུ་ཐུང་མའོ། །གློ་བ་ལ་སྲིན་པོའི་དབང་ཕྱུག་མའོ། །སྙིང་ལ་ནི་
ཤིང་གྲིབ་མའོ། །མིག་གཉིས་ལ་ནི་ས་སྲུང་མའོ། །མཁྲིས་པ་ལ་འཇིགས་བྱེད་ཆེན་མོའོ། །མཁལ་མ་གཉིས་ལ་ནི་རླུང་གི་ཤུགས་མའོ། །རྒྱུ་མ་ལ་ནི་ཆང་འཐུང་མའོ། །གཉེ་མ་ལ་ལྷ་མོ་སྔོ་བསངས་མའོ། །ལྟོ་བ་ལ་ནི་ཤིན་ཏུ་བཟང་མོའོ། །ལྒང་པ་ལ་རྟ་རྣ་མའོ། །
མཚོག་མའི་སྲུབས་ལ་བྱ་གདོང་མའོ། །སྣབས་ལ་འཁོར་ལོའི་ཤུགས་ཅན་མའོ། །རྣག་ལ་དུམ་སྐྱེས་མའོ། །ཁྲག་ལ་སྣ་རིང་མའོ། །རྡུལ་ལ་འཁོར་ལོའི་མཚོན་ཆ་མའོ། །ཕོ་བ་ལ་ཤིན་ཏུ་དཔའ་མོའོ། །མཆིན་པ་ལ་སྟོབས་ཆེན་མོའོ། །ལུད་པ་ལ་ནི་འཁོར་ལོ་
བསྐོར་མའོ། །སྣ་ཆུ་ལ་ནི་བརྩོན་འགྲུས་ཆེན་མོའོ། །དེ་ལྟ་བུའི་མཁའ་འགྲོ་མ་རྣམས་ཀྱི་རང་བཞིན་གྱི་ལུས་ནི་ཆོས་ཀྱི་དབྱིངས་སུ་རབ་ཏུ་གྲགས་སོ། །སྔགས་དང་ཕྱག་རྒྱར་ཡང་དག་སྤྱད། །རྣལ་འབྱོར་མ་རྣམས་གནས་སུ་བསྟན། །ཞེས་པ་ནི་དེ་ལྟར་བཤད་དོ། །
མཚོན་ཆ་རྣམས་བགོམ་པར་མི་བྱའོ་ཞེས་གསུངས་པ་ནི་སྨན་གྱི་དམ་པ་བདུད་རྩི་རྣམས་ཏེ་མི་བསྐྱོད་པ་བསྟེན་པས་ནི་རྣལ་འབྱོར་པ་ནད་ཐམས་ཅད་རྣམ་པར་སྦྱོང་ངོ་། །རྟག་པས་ནི་མདངས་ཆེན་པོར་འགྱུར་རོ། །འོད་དཔག་ཏུ་མེད་པས་ནི་སྟོབས་ཆེན་པོར་འགྱུར་རོ། །

རྡོ་རྗེ་ཉི་མས་ནི་མི་རྒས་སོ། །སྲོག་ཆགས་ཐམས་ཅད་ཀྱི་ཡན་ལག་ལས་བྱུང་བའི་དོན་ཡོད་པར་གྲུབ་པས་ནི་རྒྱལ་པོ་ཆེན་པོར་ཏེ་དོན་ཐམས་ཅད་ཡོད་པར་འགྲུབ་ཅིང་དཔལ་དང་ལྡན་པ་དེ་ནི་རྣལ་འབྱོར་མ་དམ་ཚིག་དང་ལྡན་པར་འགྱུར་རོ། །རྣལ་འབྱོར་པས་རྟག་
ཏུ་མི་བསྐྱོད་པ་འཐུངས་ན་ཚེ་ལོ་ལྔ་བརྒྱར་འཚོའོ། །རྟག་པས་ཁྲི་ཕྲག་གཅིག་ཏུ་འཚོ་བར་གསུངས་སོ། །རྡོ་རྗེ་ཉི་མས་ནི་བྱེ་བར་རོ། །ཚེ་དཔག་མེད་ཀྱིས་ནི་ཚེ་དཔག་ཏུ་མེད་པར་རོ། །རྡོ་རྗེ་ཉི་མ་དང་འོད་དཔག་ཏུ་མེད་པ་གཉིས་ནི་འཁོར་བསྒྲུབ་པའི་རྩ་བ་སྟེ། འདི་དག་རྣལ་འབྱོར་
པས་བསྟེན་ན་ཀུན་དུ་བཟང་མོ་དང་མཉམ་པར་འགྱུར་རོ། །ལུས་ཉིད་དག་པས་བྱས་ནས་ནི། །སྔགས་དང་ཕྱག་རྒྱར་ཡང་དག་སྤྱད། །ཅེས་པ་ནི། ཨོཾ་ནཱ་ནཱ་ས་མ་ཡ་ཤུདྡྷཿསརྦ་དྷརྨཱ་ནཱ་ནཱ་ས་མ་ཡ་ཤུདྡྷོ྅ཧཾཿ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ། སརྦ་དྷ་རྨཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་
ཨཱཏྨ་ཀོ྅ཧཾ་ཞེས་སོ། །རྣལ་འབྱོར་གནས་རྣམས་སུ་ཞེས་པ་ནི་རང་གི་དབང་བསྐུར་རྡོ་རྗེའོ། །མཚོན་ཆ་རྣམས་ནི་བགོམ་མི་བྱ། །ཞེས་པ་ནི་འདི་ཡང་དམ་ཚིག་རྣམས་ཡོངས་སུ་བསྐྱང་བར་བྱའོ། །དེས་ནི་དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོར་འགྱུར་རོ། །རྩུབ་མི་སྨྲ་ཞེས་པ་
པ་ནི་ལམ་ཤིན་ཏུ་དག་པ་ལ་གནས་པའོ། །མངོན་པར་བརྩོན་ཞེས་པ་ནི་བདེ་མཆོག་གི་རྒྱུད་འདིར་དབང་བསྐུར་བའི་བླ་མ་དང་། སློབ་མ་དང་ཕོ་ཉ་ནི་གང་གི་ཕྱིར་མཆོག་ཐོབ་པ་ཡིན་པའི་ཕྱིར་ན་དེ་ལྟ་བུ་ལ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བསོད་ནམས་ཀྱི་ཚོགས་བསྐལ་པ་བྱེ་བ་བརྒྱར་
བསགས་པ་ཅན་གྱིས་ཀྱང་སྡང་བར་བྱས་ན་དེའི་སྐད་ཅིག་ཉིད་ལ་ཟད་པར་འགྱུར་རོ། །དེས་ན་དེ་ལྟ་བུ་ལ་སྡང་བ་བསྡམ་པར་བརྩོན་པ་ལས་འདའ་བར་མི་བྱའོ། །གྲོལ་བའི་དོན་དང་དེ་དོན་དུ། །ཞེས་པ་ལ་གྲོལ་བའི་དོན་ནི་བདག་གི་ལུས་གནས་པར་བྱ་བའོ། །དེའི་དོན་ནི་ལུས་
དེའི་དོན་དེ་བདུད་རྩི་རྣམ་པ་ལྔའོ། །མཚན་མོ་རྟག་པར་གཅེར་བུ་སྟེ། ཞེས་པ་ལ། མཚན་མོ་ཞེས་པ་ནི་མཚན་མོ་ཕྱག་རྒྱ་ལ་མཆོད་པར་བྱ་བའོ། །གནག་དང་དམར་ཞེས་པ་ལ། ནག་པ་ནི་ཧེ་རུ་ཀའི་གཟུགས་སུ་བྱ་བའོ། །དམར་ཞེས་པ་ནི་རྡོ་རྗེ་ཕག་མོར་བྱ་བའོ། །མགུལ་

རྒྱན་དང་ནི་གདུ་བུ་དང་། ཞེས་པ་ནི་གསལ་ལོ། །བདེ་བའི་དོན་ཐོབ་བདེ་བ་སྟེ། ཞེས་པ་ནི་ཇི་ལྟར་འཐོབ་པའི་བདེ་བ་སྟེ། དེས་བདེ་བའི་རང་བཞིན་ཅན་ཕྱོགས་བཅུ་དུ་མར་གསལ་བར་བྱེད་པའི་ཡེ་ཤེས་སྣང་བ་མར་མེ་ལྟ་བུ་ལ་རྣམ་པར་སྤྱོད་པའི་རྣལ་འབྱོར་སྤྱོད་པ་སྙིང་རྗེ་ཆེན་
པོ་རང་བཞིན་གྱིས་དགའ་བའི་བདེ་བ་དང་ལྡན་པར་རོ། །རིགས་དང་རིགས་མིན་ངོར་མི་བལྟ། །ཞེས་པ་ནི་དཀྱིལ་འཁོར་གྱི་བྱ་བ་དང་། །བསླབ་པ་དག་སྙིང་རྗེས་དང་པོའི་ལས་ཅན་གྱི་སེམས་ཅན་རྣམས་ཡོངས་སུ་གཟུང་བ་བྱས་ན་བསྒོམ་པའི་བར་ཆད་དུ་འགྱུར་ཞིང་
གཏི་མུག་ཆེན་པོར་འགྲོ་བས་སྲིད་པར་བཅིངས་པ་ལྟ་བུར་འགྱུར་རོ། །དེའི་ཕྱིར་ན་འཆིང་བ་ལས་གྲོལ་བར་བྱས་ན་སྐྱེ་བ་འདི་ཉིད་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །དེས་ན་དེའི་དོན་དུ་ཇི་ལྟར་གསུངས་པ་བཞིན་དུ་གནས་པར་བྱའོ། །ཞལ་བཞི་རུ་གསུངས་པ་ནི་དགའ་བ་བཞི་
ལས་བྱུང་ཞིང་སྐྱེས་པའོ། །དགའ་བ་ཐམས་ཅད་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོང་པ་ཉིད་ཀྱི་རང་གི་ངོ་བོ་གཅིག་པུའི་ཕྱིར་ན་ཞལ་གཅིག་མར་རབ་ཏུ་གྲགས་སོ། །སྤྱན་གསུམ་ནི་སྲིད་པ་གསུམ་དུ་རབ་ཏུ་བཤད་དོ། །ཐོག་མ་དང་ཐ་མ་མེད་པའི་ཆོས་རྣམས་བེམས་
པོའི་རང་བཞིན་གྱི་ཕྱིར་ན་རལ་པའི་དོན་དུ་གསུངས་སོ། །སྣ་ཚོགས་པའི་སེམས་ཅན་གྱི་དོན་མཛད་པའི་ཕྱིར་ན་སྣ་ཚོགས་རྡོ་རྗེས་མཚན་པར་གྱུར་པའོ། །བདེ་བ་ཆེན་པོའི་རང་བཞིན་གྱིས་འོད་གསལ་བའི་བྱང་ཆུབ་ཀྱི་སེམས་སུ་འགྱུར་བས་ཟླ་བ་ཚེས་པས་བརྒྱན་པའོ། །
རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་སུ་འགྱུར་བའི་ཕྱིར་ན་ཕྱག་བཅུ་གཉིས་དང་ལྡན་པའོ། །ཕྱག་རྣམས་མཚན་དང་ལྡན་པ་ནི་ཡུལ་དང་དབང་པོ་གཉིས་སུ་མེད་པའི་ངོ་བོར་ལོངས་སྤྱོད་པར་མཛད་པའོ། །རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་སུ་འགྱུར་རོ། །
དྲིལ་བུ་ནི་ཤེས་རབ་ཏུ་བཤད་དོ། །སྐུ་གསུམ་རྣམ་པར་དག་པའི་ཕྱིར་ན་རྩེ་གསུམ་པའོ། །གླང་པོའི་པགས་པ་ནི་གཏི་མུག་དྲལ་བའོ། །དགྲ་སྟ་ནི་སྐྱོན་རྣམས་གཅོད་པའོ། །ལུས་དང་ངག་དང་ཡིད་ལས་བྱུང་བའི་སྐྱོན་རྣམས་དང་། མི་མཐུན་པའི་ཕྱོགས་མ་ལུས་པ་

འཆིང་བས་ན་ཞགས་པའོ། །གྲི་གུག་ནི་སེམས་ཅན་གྱི་དོན་རྣམས་མྱུར་དུ་བྱེད་པའོ། །མགོ་བོ་ནི་ཚངས་པའི་རང་གི་ངོ་བོའོ། །ཁ་ཊྭཱཾ་ག་ནི་སྟོང་པ་ཉིད་ཀྱི་ངོ་བོའོ། །ཅང་ཏེའུ་ནི་ཐབས་རྣམ་པར་དག་པ་རྟག་ཏུ་དགའ་བའི་གཟུགས་ཀྱིས་ཆོས་དབྱིངས་ཀྱི་ཧཱུཾ་
སྒྲོགས་པར་མཛད་པའོ། །ཐོད་པ་ནི་དངོས་གྲུབ་ཀྱི་རྒྱུ་ཐུགས་རྗེའི་རོས་ནམ་མཁའི་དཀྱིལ་འཁོར་ཡོངས་སུ་གང་བའི་ཁྲག་གསོལ་བའོ། །མཆེ་བ་བཞི་ཤིན་ཏུ་གཙིགས་པ་ནི་བདུད་རྣམ་པ་བཞི་ལ་བཏབ་པའོ། །འོད་འཕྲོས་པའི་ཚོགས་དང་ལྡན་པའི་མེ་མཚམས་ནི་གཉིས་སུ་མེད་པའི་
ཐུགས་རྗེའི་རོས་རྟག་ཏུ་གང་བ་སྟེ། ཆེར་བཞད་ཅིང་ཞལ་རྣམ་པར་རྒྱས་པ་ཡང་ངོ་། །མགོ་བོའི་དོ་ཤལ་གྱིས་མཛེས་པ་ནི་ཉོན་མོངས་པ་བཞིའི་བདུད་དག་པའོ། །སྟོང་པ་ཉིད་རྣམ་པར་དག་པ་ནི་སྡིགས་མཛུབ་བོ། །ཕོ་ཉ་གཙང་སྦྲ་དང་པོ་ཡིན། །ཞེས་པ་ནི་རྒྱལ་བ་རིན་པོ་ཆེ་རྣམས་
ཐམས་ཅད་ཀྱི་བདེ་བའི་རྒྱུ་ཉིད་ཀྱི་ཕྱིར་ནའོ། །གཉིས་པ་ཟླ་བ་ཡིན་པར་འདོད། །ཅེས་པ་ལ། ཟླ་བ་ནི་བདུད་རྩི་སྟེ་ཆང་ངོ་། །ཟས་གཅིག་ཏུ་ཟ་བ་ཉིད་ངེས་པ་ནི་ཇི་ལྟར་བྱ་བའི་རིགས་དུ་མ་རྣམས་གཅིག་ཏུ་བསྐྱེད་པར་བྱ་བའོ། །གཙང་སྦྲ་འདི་དག་ཅེས་པ་ལ་སོགས་པ་ནི་གསལ་ལོ། །དེ་
བཞིན་གཤེགས་པའི་ས་རྣམས་འཐོབ་པ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་བྱའོ། །གང་གི་ཚེ་བརྩོན་འགྲུས་དམན་པས་མ་ཐོབ་པ་དེའི་ཚེ་ན་ཡང་སྦྲུལ་གྱི་པགས་པ་རྙིང་པ་བཞིན་དུ་ལུས་འདི་ཡོངས་སུ་བོར་ནས་གྱ་ནོམ་སྣང་ལ་སོགས་པར་གནས་ཏེ། དེ་བཞིན་གཤེགས་པ་རྣམས་
བཞིན་དུ་འཆིང་བ་ལས་གྲོལ་ལོ། །དེ་ནས་སླར་མིའི་འཇིག་རྟེན་དུ་སྐྱེས་ན་ནི་ཆོས་དང་ལྡན་པའི་རྒྱལ་པོར་འགྱུར་རོ། །བསོད་ནམས་དང་ཡེ་ཤེས་ལས་བྱུང་བ་དེས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟ་བུར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་ཞིང་སྨོན་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་
བར་བྱེད་ཅིང་ཐམས་ཅད་དུ་ཕན་འདོགས་པར་བྱེད་དོ། །སྐྱེ་ཞིང་སྐྱེ་བ་རྣམས་སུ་ནི། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེ། །ཞེས་པ་ནི་དཔལ་ཤཱཀྱའི་མགོན་པོ་ཇི་ལྟར་འཁྲུངས་པ་དེ་བཞིན་དུའོ། །དེའི་ཕྱིར་ན་བདག་ཉིད་སངས་རྒྱས་ཐམས་ཅད་ལ་སོགས་པའི་ངོ་བོ་ལ་བཟའ་

བ་དང་བཏུང་བར་ལྡན་པས་མཆོད་པར་བྱའོ། །དད་པ་ཡིས་ནི་གཏོར་མ་སྦྱིན། །ཞེས་པ་ནི་ལས་གང་འདོད་པ་རྣམས་ལ་དད་པ་སྟེ་ཞི་བ་དང་རྒྱས་པ་ལ་སོགས་པ་རྣམས་སོ། །ནག་པོའི་ཕྱོགས་ཀྱི་ཚེས་བཅུ་ཞེས་པ་ནི་ཇི་ལྟ་བ་བཞིན་དུ་ངེས་པ་སྟེ་རང་གི་མཐེ་བོང་རྡོ་རྗེ་བརྟན་པོར་སྦྱར་ལ་དབུ་
མ་འདུད་པ་སྟེ། མཛུབ་མོ་སྦྱར་བར་གནས་པ་དཔྲལ་བའི་དབུས་ཀྱི་ཕྱོགས་སུ་གཞག་ལ། རིམ་དང་རིམ་མིན་བཟློག་པར་བསྐོར་བར་བྱས་ལ་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཨཱ་རལླི་ཧོཿཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿཞེས་སོ། །དེ་ལན་གསུམ་དང་བཞིའི་
བར་དུ་བརྗོད་དོ། །སྒྲུབ་པ་པོ་ནི་གཅེར་བུ་སྐྲ་གྲོལ་པར་གྱུར་པ་གནས་དགོན་པར་ཁ་ལྷོ་ཕྱོགས་སུ་བལྟས་ཏེ་གནས་ལ་མཚན་ཕྱེད་ན་གཏོར་མ་གཏང་ངོ་། །འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་དེ་གཏང་བ་གནས་དགོན་པ་ཞེས་པ་དེ་ཡང་རི་རབ་རིའི་རྒྱལ་པོ་མཆོག་ཏུ་བཟང་པོར་
གསུངས་པའི་སྟེང་དུ་དཀྱིལ་འཁོར་ཆེན་པོར་སྦྱར་ཏེ། གྲུ་བཞི་པ་སྒོ་བཞི་པ་ཏྭ་ར་ཎ་བཞིས་རྣམ་པར་བརྒྱན་པའི་འཁོར་ལོ་རིམ་པ་ལྔའི་དབུས་སུ་ནི་སྣ་ཚོགས་པདྨའི་ལྟེ་བའི་དཀྱིལ་འཁོར་ལ་རྡོ་རྗེ་སེམས་དཔའ་ཡོངས་སུ་ཞུ་བའི་བདག་ཉིད་ལས་དཔལ་ཧེ་རུ་ཀ་རྣམ་པར་བསྒོམ་
པར་བྱའོ། །རྟག་པ་དང་ཆད་པའི་རྣམ་པར་རྟོག་པའི་ངོ་བོ་འཇིགས་བྱེད་དང་དུས་མཚན་གྱི་སྟེང་དུ་གཡས་བརྐྱང་བའི་སྦྱོར་བས་གནས་པར་མཛད་ཅིང་བདུད་ཐམས་ཅད་རབ་ཏུ་གནོན་པ། ཁ་དོག་སྔོན་པོ་ཆེན་པོར་འཇིགས། །འཇིག་པའི་དུས་ཀྱི་མེ་ཆེན་པོ་ལྟ་བུ་
འཇིགས་པ་སྤྱན་གསུམ་པ་ཅན་མི་བཟད་པ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། སངས་རྒྱས་ལྔ་ཡིས་བྱིན་གྱིས་བརླབས་པ། སྣ་ཚོགས་རྡོ་རྗེས་དབུའི་རལ་པ་བཅིངས་པ་བྱང་ཆུབ་ཀྱི་སེམས་ཟླ་བས་ཉེ་བར་མཛེས་པ། ཕྱག་རྒྱ་དྲུག་གིས་སྐུ་ལ་རྒྱན་དུ་མཛད་པ།
མཚན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་དྲུག་པ་ཕྱག་བཅུ་དྲུག་པའོ། །དཔའ་བ་དང་སྨྲེ་བ་དང་སྒེག་པ་དང་བཞད་པ་དང་། དྲག་པ་དང་། ཞལ་གདངས་ཤིང་ལྗགས་འདྲིལ་བ་སྟེ་སྔོན་པོ་དང་། དེ་བཞིན་དུ་དམར་པོ་དང་སེར་པོ་དང་ལྗང་གུ་དང་། དཀར་པོ་དང་སྟེང་གི་ཞལ་ནི་དྲག་

པོ་ཆེན་པོ་སྟེ་ནག་པོའོ། །ཁྱོན་ནི་ནམ་མཁའི་ཁྱོན་ཙམ་མོ། །ཧཱ་ཧཱ་ཞེས་སྒྲོགས་ཤིང་དེ་ཉིད་དུ་ཧཱུཾ་ཞེས་ཀྱང་མཛད་ཅིང་ཧི་ཧི་མཛད་པས་འཇིགས་པར་མཛད་པ། ཧུཾ་ཧཱུཾ་མཛད་པས་ཕཊ་སྒྲ་སྒྲོགས་ཤིང་ཨོཾ་ཨོཾ་གྱིས་མཛད་པ་སྒྲོགས་པའོ། །རྡོ་རྗེ་དང་དྲིལ་བུ་བསྣམས་
ནས་སྙོམས་པར་ཞུགས་པས་ལྷ་མོའི་ནུ་མ་བཙིར་བའོ། །གཞན་རྣམས་ཀྱིས་ནི་དུས་མཚན་མོ་དང་དྲག་པོའི་པགས་པ་འཛིན་པ་དང་ཐོད་པ་དང་ཁ་ཊྭཱཾ་ག་དང་། མདུང་རྩེ་གསུམ་པ་དང་གྲི་གུག་དང་། དགྲ་སྟ་དང་། ལྕགས་ཀྱུ་དང་ཞགས་པ་དང་། མགོ་བོ་དང་། ཅང་ཏེའུ་དང་། དེ་བཞིན་
དུ་གསལ་ཤིང་ངོ་། །ཕྱག་གཉིས་ཀྱིས་ནི་འབར་བའི་ཕྱག་རྒྱ་བཅས་ནས་དཔྲལ་བའི་སྟེང་དུ་བཞག་པའོ། །ཕག་མོའི་ཁ་དོག་དང་ཕྱག་མཚན་རྣམས་ཀྱང་དེ་བཞིན་ནོ། །འོན་ཀྱང་པགས་པའི་ན་བཟའ་སྤངས་པའི་ཕྱག་གིས་མདའ་དང་གཞུ་འཛིན་པའི་ལྷ་མོ་སྟེ་གཅེར་བུ་དབུ་
སྐྲ་གྲོལ་བ་དུམ་བུས་བརྒྱན་པའི་སྐུ་རགས་ཅན། བྱིན་པ་གཉིས་ཀྱིས་མཉམ་པར་བསྡམས་པ་ནི་ཐུགས་རྗེ་ཆེན་པོས་ཆགས་པ་རྟག་ཏུ་བདེ་བ་སྲིད་པ་འགྲོ་བ་རིགས་དྲུག་པོ་ཡང་དག་པར་སྦྱོར་བར་མཛད་ཅིང་སེམས་ཅན་གྱི་དོན་ལ་དགྱེས་པའོ། །འདབ་མ་བཞི་ལ་
ནི་ཕོ་ཉ་མོ་བཞི་སྟེ། ས་ལ་སོགས་པའི་རང་གི་ངོ་བོ་མཁའ་འགྲོ་མ་ལ་སོགས་པ་སྟེ། སྔོན་པོ་དང་སེར་པོ་དང་། དམར་པོ་དང་། ལྗང་གུའོ། །ཞལ་གཅིག་ཕྱག་བཞི་པ། སྤྱན་གསུམ་པ་གཅེར་བུ་སྐྲ་གྲོལ་བ་ནུ་མ་རྒྱས་པ་དང་། སྒེག་པ་དང་བཅས་ཤིང་རྣམ་པར་བཞད་
པའི་ཞལ་ཅན་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པའོ། །གཡོན་པ་རྣམས་ན་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། འབེབས་པ་ལྟ་བུ་སྟེ་འགུགས་པའི་ཚུལ་དང་། འཛུད་པའི་ཚུལ་དང་། འཆིང་བའི་ཚུལ་དང་། སྤྱན་འདྲེན་པའི་ཚུལ་ལྟ་བུའོ། །གཞན་ན་ནི་
གྲི་གུག་དང་། ཐོད་པ་དང་ཁ་ཊྭཱཾ་ག་དང་། ཅང་ཏེའུའོ། །ཞབས་གཡས་བརྐྱང་བས་ཡང་དག་པར་བཞུགས་པ། ཐུགས་རྗེའི་ཆགས་པས་བདེ་བ། འཁྲུལ་པ་ཐམས་ཅད་རྣམ་པར་སྤངས་པའོ། །མཚམས་རྣམས་ན་བུམ་པ་བཟའ་བ་ཐམས་ཅད་ཀྱིས་གང་བའི་

སྟེང་ན་ཐོད་པ་བྱང་ཆུབ་ཀྱི་སེམས་འོ་མས་རབ་ཏུ་གང་བ་རྣམས་སོ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་ཅིང་ཡེ་ཤེས་སེམས་དཔའ་དང་གོ་ཆ་རྣམ་པ་གཉིས་བྱས་ཏེ། ཡི་གེ་ཛཿལ་སོགས་པས་ཡང་དག་པར་སྦྱར་ལ་དབང་བསྐུར་ཏེ་མཆོད་ཅིང་བསྟོད་ལ་བཀའ་བསྒོ་བར་བྱའོ། །དེ་
ཡང་ཤིང་གཅིག་དང་དུར་ཁྲོད་ལ་སོགས་པར་གནས་ལ་ཇི་སྐད་དུ་གསུངས་པའི་སྔགས་རྗེས་སུ་སྦྱོར་བའི་སྒོ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བའོ། །ཞིང་བརྒྱད་ཀྱིས་བདག་མོ་དགོད་པར་བྱ་བའི་རིམ་པ་ནི་འདི་ཡིན་
ཏེ། ཕག་མོ་དང་། ཤེས་བྱེད་མ་ཉིད་དང་། གཞོན་ནུ་མ་དང་། དེ་བཞིན་དུ་ཀེང་རུས་མ་དང་། ཚངས་པ་མོ་དང་། ཚོགས་བདག་མོ་དང་། ཁྱབ་འཇུག་མོ་དང་། དབང་པོ་མ་དང་། བརྒྱད་དུ་བཤད་དེ་རིམ་པ་གཉིས་པའིའོ། །རིམ་པ་གསུམ་པ་ལ་ནི་དབང་པོ་དང་། གཤིན་
རྗེ་དང་། ཆུ་བདག་དང་། ནོར་སྦྱིན་དང་། ཡི་དགས་ཀྱི་གདན་ཅན་དང་། སྲེག་རྫས་ཀྱི་གདན་ཅན་དང་། བདེན་བྲལ་དང་། རླུང་གི་ལྷའོ། །རིམ་པ་བཞི་པ་ལ་ཉི་མ་དང་། ཟླ་བ་དང་། མིག་དམར་དང་། གཟའ་ལག་པ་དང་། ཕུར་བུ་དང་། པ་བསངས་དང་། སྤེན་པ་དང་། རཱ་ཧུ་ལ་
དང་། རྒྱལ་མཚན་ནོ། །རིམ་པ་ལྔ་པ་ལ་ནི་སྒོ་བཞིར་ཏེ། ཚངས་པ་དང་། ཁྱབ་འཇུག་དང་། དེ་བཞིན་དུ་དྲག་པོ་དང་། ཀཱརྟི་ཀ་རྣམས་སོ། །དེ་ལ་སྔོན་དུ་གསུངས་པའི་རིམ་པ་གཉིས་པའི་ལྷ་མོ་རྣམས་སྐྱེས་པའི་རིམ་པ་ནི་འདི་ལྟ་སྟེ། ཧྲཱིཿའི་ཡི་གེ་ལས་བྱུང་བའི་ལྷ་མོ་ཕག་མོ་
ཞེས་བྱ་བ་སྟེ། ཕྱག་བཞི་པ་ལ་མདའ་དང་གཞུ་དང་། དེ་བཞིན་དུ་རྒྱལ་མཚན་དང་ཐོད་པ་བསྣམས་པའོ། །ཁ་དོག་སྔོན་པོ་འཇིགས་པ་ཆེན་པོ་ཕག་གི་གདོང་པས་འཇིགས་པར་བྱེད་པའོ། །བྱང་དུ་ཡི་གེ་ཕེེཾ་གིས་ཤེས་བྱེད་མོ་ཁ་དོག་དམར་མོ་དྲག་མོ་ཆེན་མོ་སྟེ། ཐོད་
པ་དང་ལྕགས་ཀྱུ་དང་། དེ་བཞིན་དུ་ཁ་ཊྭཱཾ་ག་དང་ཅང་ཏེའུའོ། །ནུབ་ཕྱོགས་སུ་ཡི་གེ་ཧི་ཡིས་གཞོན་ནུ་མདོག་སེར་མོ་ཕྱག་བཞི་པ་སྟེ། རྩེ་གསུམ་པ་དང་། དར་ལྕེ་གསུམ་པ་དང་། དེ་བཞིན་དུ་མདའ་དང་གཞུ་འཛིན་པའོ། །ལྷོར་ཡི་གེ་ཧོ་ཡིས་ཀེང་རུས་མ་མདོག་ནག་མོ་

ཕྱག་བཞི་པ་སྟེ། ཁ་ཊྭཱཾ་ག་དང་ཐོད་པ་དང་དེ་བཞིན་དུ་རལ་གྲི་དང་ཅང་ཏེའུའོ། །མེའི་ཕྱོགས་སུ་ཡི་གེ་བཾ་གྱིས་ཚངས་པ་མོ་སྟེ་ཁ་དོག་དཀར་མོ་ཕྱག་བཞི་པའོ། །ཚངས་པའི་མགོ་བོ་དང་། ཐོད་པ་དང་། དེ་བཞིན་དུ་མདའ་དང་གཞུའོ། །བདེན་བྲལ་དུ་ནི་ཡི་གེ་
གཾ་གིས་ཚོགས་བདག་མོ་ཁ་དོག་སྔོ་བསངས་ལ་ཕྱག་བཞི་པའོ། །ཕྱག་ན་རྩེ་གསུམ་དང་། ཐོད་པ་དང་། ཕྲེང་བ་དང་། ལ་དུ་བསྣམས་པའོ། །རླུང་གི་མཚམས་སུ་ཡི་གེ་བཾ་གྱིས་ཁྱབ་འཇུག་མོ་མདོག་སྔོན་མོ་ཕྱག་བཞི་པ་སྟེ། ཆང་གི་སྣོད་དང་། ཐོད་པ་དང་། དེ་བཞིན་དུ་
ཞགས་པ་དང་། རལ་གྲིའོ། །དབང་ལྡན་དུ་ཡི་གེ་ཨི་ལས་བྱུང་བ་དབང་པོ་མོ་སྟེ། ཁ་དོག་སེར་མོ་ཕྱག་བཞི་པ་རྡོ་རྗེ་དང་གསལ་ཤིང་དང་། ཐོད་པ་དང་། སྡིགས་མཛུབ་དང་། ཞགས་པའོ། །ལྷ་མོ་ཐམས་ཅད་རལ་པ་གྱེན་དུ་འབར་བ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ།
ཞིང་གི་སྟེང་ན་ལངས་ཤིང་མིག་གསུམ་པ། སྟག་གི་པགས་པའི་སྨད་དཀྲིས་ཅན་ནོ། །རིམ་པ་གསུམ་པའི་དབང་ལྡན་དུ་ཛཾ་ལས་དབང་ལྡན་ཁྱུ་མཆོག་ལ་ཞོན་པ་ཁ་དོག་དཀར་པོ་ལག་པ་བཞི་པ། ཐོད་པ་དང་། རྩེ་གསུམ་པ་དང་། ཐལ་མོ་སྦྱར་བ་འཛིན་པའོ། །ཤར་
དུ་ཡི་གེ་ཨི་ལས་སྐྱེས་པ་དབང་པོ་གླང་པོ་ལ་ཞོན་པ་མདོག་སེར་པོ་ལག་པ་བཞི་པ་སྟེ། རྡོ་རྗེ་དང་ཐོད་པ་དང་། ལག་པ་གཉིས་ཐལ་མོ་སྦྱར་བར་བྱས་པའོ། །མེའི་མཚམས་སུ་ཡི་གེ་བཾ་གྱིས་བྱིན་ཟ་ར་སྐྱེས་ལ་ཞོན་པ་ཁ་དོག་དམར་པོ། །ལག་པ་བཞི་པ་སྟེ་མེ་ཐབ་དང་
ཐོད་པ་དང་། ཐལ་མོ་དམ་དུ་བསྡམས་པ་འཛིན་པའོ། །གཤིན་རྗེར་ནི་ཡི་གེ་ཛིཾ་གིས་གཤིན་རྗེ་མ་ཧེ་ལ་ཞོན་པ་མདོག་ནག་པོ་ལག་པ་བཞི་པ་སྟེ། དབྱིག་པ་དང་ཐོད་པ་དང་། ཐལ་མོ་དམ་དུ་བསྡམས་པའོ། །བདེན་བྲལ་དུ་ཡི་གེ་རཾ་ལས་བདེན་བྲལ་སྲིན་པོ་ལ་ཞོན་
པ། ཁ་དོག་ལྗང་གུ་ལག་པ་བཞི་པ་སྟེ། རལ་གྲི་དང་ཐོད་པ་འཛིན་པ་དང་། ཐལ་མོ་དམ་དུ་བསྡམས་པ་འཛིན་པའོ། །ཆུར་ནི་ཡི་གེ་བཾ་གྱིས་ཆུ་བདག་ཆུ་སྲིན་མ་ཀ་ར་ལ་ཞོན་པ་ཁ་དོག་དཀར་པོ་ལག་པ་བཞི་པ་སྟེ། ཞགས་པ་དང་། ཐོད་པ་འཛིན་པ་དང་། ཐལ་མོ་སྦྱར་

བའོ། །རླུང་མཚམས་སུ་ཡི་གེ་ཡཾ་ལས་རླུང་ལྷ་རི་དགས་ལ་ཞོན་པ་དུད་ཁ་ལག་པ་བཞི་པ་སྟེ། བ་དན་དང་། ཐོད་པ་དང་། དེ་བཞིན་དུ་ཐལ་མོའོ། །ནོར་སྦྱིན་དུ་ཡི་གེ་ཀུཾ་གིས་ནོར་སྦྱིན་ནོར་གཏེར་ལ་ཞོན་པ་ཁ་དོག་སེར་པོ་ལག་པ་བཞི་པ་སྟེ། རིན་པོ་ཆེ་དང་། ཐོད་པ་འཛིན་ཅིང་
མཆོག་ཏུ་ཐལ་མོ་སྦྱར་བའོ། །རིམ་པ་བཞི་པའི་ཤར་ཕྱོགས་སུ་ནི་ཡི་གེ་ཨོཾ་གྱིས་ཉི་མ་མདོག་དཀར་པོ་སྟེ། ལག་པ་གཉིས་ཀ་ན་པདྨ་རེ་ཐོགས་པ་རྟ་བདུན་གྱིས་འདྲེན་པའི་ཤིང་རྟ་ལ་ཞོན་པའོ། །མེའི་གྲྭར་ནི་སཾ་ལས་པ་བསངས་དཀར་པོ་གཡོན་ན་པདྨའི་སྟེང་ན་ནོར་བུ་ཉི་མའི་
མེ་ཅན་ནོ། །གཞན་གཉིས་ཀྱིས་ཐལ་མོ་དམ་དུ་སྦྱར་བ་ར་སྐྱེས་ལ་ཞོན་པའོ། །ལྷོར་ནི་ཨོཾ་གིས་མིག་དམར་དམར་སྐྱ་རལ་གྲི་དང་ཞགས་པ་འཛིན་པ་དང་། ཐལ་མོ་གཉིས་སྦྱར་བ་ཡི་དགས་ལ་ཞོན་པའོ། །བདེན་བྲལ་དུ་རཾ་གིས་རཱ་ཧུ་ལ་ཁ་དོག་དུད་ཁ་གཡས་ན་ཉི་མ་གཡོན་ན་
ཟླ་བ་གཞན་གཉིས་ཐལ་མོ་དམ་དུ་སྦྱར་བ། ལུས་ཕྱེད་ཙམ་འཐོན་ནས་དུར་ཁྲོད་ན་གནས་པའོ། །ནུབ་ཏུ་སཾ་གིས་སྤེན་པ་སྔོན་པོ་ལག་པ་གཉིས་ན་ཐོད་པ་རེ་རེ་འཛིན་པ། ལག་པ་གཉིས་ཐལ་མོ་སྦྱར་བ་མེ་དཔུང་རྣམ་པར་འབར་བ་ནི་མེ་ལྟ་བུ་ཅན་ནོ། །རླུང་དུ་ཡི་གེ་ཤྱྃ་གིས་ཟླ་བ་
དཀར་པོ་གཡོན་ན་པདྨ་ལ་ཟླ་བའི་ནོར་བུ་ཅན་དང་། གཡས་ན་པདྨའི་སྟེང་ན་ཟླ་བ་ཅན་དང་། ལག་པ་གཉིས་པ་ཐལ་མོ་དམ་དུ་སྦྱར་བ་ངང་པ་ལ་ཞོན་པའོ། །བྱང་དུ་བཾ་གྱིས་ཕུར་བུ་ཁ་དོག་སེར་པོ་གཡོན་སྤྱི་བླུགས་དང་། གཡས་ན་ཐོད་པ་དང་།གཞན་གཉིས་ཐལ་མོ་
ཁ་སྦྱར་བ་རིན་པོ་ཆེའི་གབ་ཙེ་ལ་གནས་པའོ། །དབང་ལྡན་དུ་བྲུཾ་གྱིས་གཟའ་ལག་དཀར་པོ་གཡས་ན་རིན་པོ་ཆེའི་མདའ་གཡོན་ན་ཐོད་པ་གཞན་གཉིས་ཐལ་མོ་དམ་དུ་སྦྱར་ཏེ་གཏེར་གྱི་བུམ་པ་ལ་ཞོན་པའོ། །ཀེཾ་ལས་རྒྱལ་མཚན་དམར་པོ་ཀླུ་ལྟ་བུ་སྟེ། རལ་གྲི་དང་སྦྲུལ་
ཞགས་དང་། ཐལ་མོ་སྦྱར་བའོ། །གནས་དེ་རྣམས་ཉིད་ཀྱི་རྩར་རྒྱུ་སྐར་རྣམས་བུད་མེད་ཀྱི་གཟུགས་སུ་དགོད་དེ། ཐ་སྐར་ནི་དཀར་མོ། །བྲ་ཉེ་ལྗང་གུའོ། །སྨིན་དྲུག་སྔོ་བསངས། སྣར་མ་དམར་མོ། མགོ་ནི་ནག་མོ། ལག་སེར་མོ། ནབ་སོ་སེར་མོ།

རྒྱལ་སྔོ་བསངས་མ། སྐག་དཀར་མོ། མཆུ་སེར་མོ། གྲེ་སྔོ་བསངས། དབོ་ལྗང་གུ། མེ་བཞི་དཀར་མོ། ནག་པ་ལྗང་གུ། ས་རི་སེར་མོ། ས་ག་ནག་མོ། ལྷ་མཚམས་སྔོ་བསངས། །སྣྲོན་སེར་མོ། །སྣྲུབས་ལྗང་གུ། །ཆུ་སྟོད་ནག་མོ། ཆུ་སྨད་སྐྱ་མོ། །གྲོ་ཞུན་
དཀར་སེར། བྱི་བཞིན་སྔོ་བསངས། མོན་དྲེ་སེར་མོ། མོན་གྲུ་ནག་མོ། ཁྲུམས་སྟོད་ལྗང་གུ། ཁྲུམས་སྨད་སེར་མོ། །ནམ་གྲུ་དཀར་སེར་རོ། །ཐམས་ཅད་ཀྱང་གསེར་གྱི་སྟོད་གཡོགས་ཅན་དང་ཐལ་མོ་སྦྱར་བ་ཅན་བྲི་བར་བྱའོ། །རིམ་པ་ལྔ་པའི་ཤར་ཕྱོགས་ཀྱི་སྒོར་ནི་བཾ་གྱིས་
ཚངས་པ་དཀར་པོ་གདོང་བཞི་ལག་པ་བཞི་པ་ཐོད་པ་དང་། །བགྲང་ཕྲེང་དང་སྤྱི་བླུགས་དང་། དེ་ལྟར་པདྨའོ། །བྱང་གི་སྒོར་བཾ་གྱིས་ཁྱབ་འཇུག་གདོང་གཅིག་པ་ལག་པ་བཞིན་དུང་དང་འཁོར་ལོ་དང་། དེ་ལྟར་ཐོད་པ་དང་། །དབྱིག་པའོ། །ནུབ་ཏུ་སཾ་གིས་དྲག་པོ་ཁ་དོག་
དུད་ཁ་ལག་པ་བཞི་པ་རྩེ་གསུམ་པ། ཐོད་པ་དང་། དེ་བཞིན་དུ་ཞགས་པ་དང་། བགྲང་ཕྲེང་འཛིན་པའོ། །ལྷོ་རུ་ཀཱཾ་གིས་ཀཱརྟི་ཀ་ཁ་དོག་སེར་པོ་ལག་པ་བཞི་པ་སྟེ། གསལ་ཤིང་དང་། དབྱུག་པ་དང་། ཐོད་པ་དང་། དེ་བཞིན་དུ་བགྲང་ཕྲེང་འཛིན་པའོ། །དེ་རྣམས་ཀྱང་
ཆུང་མ་དང་བུ་དང་བུ་མོ་དང་འཁོར་གཡོག་དང་བཅས་པ་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པའོ། །དེ་ལ་དེ་ལྟ་བུའི་དཀྱིལ་འཁོར་ཆེན་པོའི་སའི་དབུས་རྣམས་སུ་ཤར་དུ་དྲག་པོ་ནག་པོ་དང་། བྱང་དུ་ནག་པོ་ཆེན་པོ་དང་། ནུབ་ཏུ་ལྷ་སྦྱིན་དང་། ལྷོ་རུ་ནག་པོའོ། །
དབང་ལྡན་དུ་རྣམ་པར་སྒེག་བྱེད་དང་། མེར་ནི་འཇིགས་བྱེད་དང་། བདེན་བྲལ་དུ་དགའ་བྱེད་དང་། རླུང་དུ་རྣམ་པར་འདྲེན་པའོ། །དེ་དག་ཐམས་ཅད་ཀྱང་གདོང་གཅིག་པ་མིག་གསུམ་པ་ལག་པ་བཞི་པ་གྲི་གུག་དང་། ཐོད་པ་དང་། ཁ་ཊྭཱཾ་ག་དང་རྩེ་གསུམ་པ་ལག་ན་ཐོགས་
པ་སྟེ། ནག་པོ་དང་། སེར་པོ་དང་། དཀར་པོ་དང་། དམར་པོའི་ཁ་དོག་གོ། །མཚམས་ན་གནས་པ་རྣམས་ནི། །ཡིད་འཕྲོག་པའི་གཟུགས་གཉིས་པའོ། །ནག་པོ་དྲག་པོའི་མདུན་དུ་ནི་ཀེང་རུས་མའོ། །གཡོན་དུ་ནི་སེར་མོའོ། །རྒྱབ་ཏུ་ནི་འཇིགས་བྱེད་མའོ། །

གཡས་སུ་ནི་ལྷ་མོ་ཨུ་མའོ། །དེ་དག་ནི་མཁའ་འགྲོ་མའི་མདོག་ཅན་ནོ། །ལག་ན་ཉེ་བར་སྤྱོད་པ་ལྔས་ཡོངས་སུ་གང་བའི་ཐོད་པ་འཛིན་པའོ། །དྲག་པོ་ཆེན་པོའི་མདུན་ལ་སོགས་པར་ནི་རྒྱལ་མ་དང་། མི་ཐུབ་མ་དང་། གཞན་གྱིས་མི་ཐུབ་མ་རྣམས་ཏེ། ལག་ན་བཟའ་བ་དང་
བཏུང་བའི་སྣོད་ཅན་ལཱ་མའི་ཁ་དོག་གོ། །ནུབ་ཏུ་ནི་ལྷ་སྦྱིན་གྱི་བྱན་མོ་ནག་མོ་བཟང་མོ་དང་། ནག་མོ་ཆེན་མོ་དང་། སྦོམ་མོ་ནག་མོ་དང་། རྣལ་འབྱོར་མ་སྟེ། དུམ་སྐྱེས་མའི་ཁ་དོག་ལ་ལག་ན་ཉེ་བར་སྤྱོད་པ་ལྔ་ཅན་ནོ། །ལྷོར་ནག་པོའི་ཆུང་མ་དབང་མོ་མ་དང་། ཟླ་བ་
མོ་དང་། སེར་མོ་དང་། གདུག་པ་ཅན་མ་སྟེ། གཟུགས་ཅན་མའི་ཁ་དོག་ཅན་ལ་ལག་ན་བཟའ་བ་དང་བཏུང་བའོ། །དབང་ལྡན་དུ་ནི་འཇིགས་བྱེད་ཀྱི་ཆུང་མ་ལྟོ་འཕྱང་མོ་དང་། སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་མ་དང་། དུད་ཅན་མ་དང་། འབར་བྱེད་མ་སྟེ། ཀེང་རུས་
མའི་ཁ་དོག་ཅན་ལག་ན་བཟའ་བ་དང་། བཅའ་བ་ཅན་ནོ། །མེ་མཚམས་ཀྱི་འཇིགས་བྱེད་ཀྱི་ཆུང་མ་འཇིགས་བྱེད་མ་དང་། གྲོང་ན་གནས་པའི་རྣལ་འབྱོར་མ་དང་། འཇིགས་གཟུགས་མ་དང་། གཟུགས་ཆེན་མ་རྣམས་ཏེ། དབང་པོ་མའི་ཁ་དོག་ལ་ལག་ན་
བཟའ་བཏུང་སྔོན་གྱི་བཞིན་ནོ། །བདེན་བྲལ་གྱི་དགའ་བྱེད་ཀྱི་ཆུང་མ་མཆེ་བའི་གཟུགས་ཅན་མ་དང་། མི་བཟད་འཇིགས་མ་དང་། ཐོད་ཕྲེང་མ་དང་། གཤིན་རྗེའི་སྟེང་འགྲོ་མ་སྟེ། ནག་མོ་བཟང་མོའི་ཁ་དོག་ཅན་ལ་ལག་ན་བཟའ་བཏུང་ཅན་ནོ། །རླུང་
མཚམས་ཀྱི་རྣམ་པར་འདྲེན་པའི་ཆུང་མ་ནི་ལག་ན་རལ་གྲི་མ་དང་། ལག་ན་དགྲ་སྟ་མ་དང་། ལག་ན་རྡོ་རྗེ་མ་དང་། ལག་ན་གཞུ་འཛིན་མ་སྟེ། རྒྱལ་མ་ལ་སོགས་པའི་མདོག་ཅན་ལ་ལག་ན་བཟའ་བཏུང་ཅན་ནོ། །ཤར་གྱི་ཏྭ་ར་ཎའི་ཕྱི་རྒྱབ་ཀྱི་དུར་ཁྲོད་ན། འཇིགས་
བྱེད་ལག་པ་ཙམ་དང་ལྡན་པ་དང་། སྲིན་པོ་ཁྲི་སྟེངས་ཉལ་དང་། ཚོགས་ཀྱི་དབང་ཕྱུག་དང་། དྲིལ་བུའི་རྣ་ཆ་ཅན་ནོ། །དེ་རྣམས་བཞིའི་ཆུང་མ་རྣམས་ཀྱང་མཁའ་འགྲོ་མའི་མདོག་ཅན་ནོ། །བྱང་གི་དུར་ཁྲོད་ན་གཏུམ་པའི་དབང་ཕྱུག་དང་། འཇིགས་པའི་འཇང་

སྒྲོགས་དང་། རོ་སྨད་དྲག་པོ་དང་། སྦོམ་པོའི་དབང་ཕྱུག་སྟེ་ལཱ་མའི་མདོག་ཅན་ནོ། །དེ་རྣམས་ཀྱི་ཆུང་མའང་དེ་བཞིན་ནོ། །ནུབ་ཀྱི་དུར་ཁྲོད་ན་ཆེ་བ་དང་། ཆེན་པོ་དང་། ཕག་ཀ་དང་། འཇིགས་བྱེད་རྣམས་དང་། དེའི་ཆུང་མ་རྣམས་ཏེ། དུམ་སྐྱེས་མའི་མདོག་
ཅན་ནོ། །ལྷོ་ཕྱོགས་ཀྱི་དུར་ཁྲོད་ན་དྲི་ཟའི་དབང་ཕྱུག་དང་། འཇིགས་པའི་སྒྲ་སྒྲོགས་དང་། མཆེ་བ་གཙིགས་པ་དང་། གཞུ་འཛིན་ཏེ། འདི་དག་རང་གི་ཆུང་མ་དང་བཅས་པ་གཟུགས་ཅན་མའི་མདོག་ཅན་ནོ། །དེ་དག་ཐམས་ཅད་གདོང་གཅིག་པ་ལག་པ་བཞི་པ་སྟེ། ཁ་ཊྭཱཾ་
ག་དང་ཐོད་པ་དང་རྩེ་གསུམ་པ་དང་། ལྷ་མོ་ལ་འཁྱུད་པའི་ལག་པའོ། །སྔོན་དུ་བཤད་པའི་ཤིང་བརྒྱད་དང་ལྡན་པར་བལྟ་བར་བྱའོ། །དེ་དག་ཁམས་གསུམ་པ་ཐམས་ཅད་ཀྱང་གནས་ཏེ། རིག་པ་འཛིན་པ་གྲུབ་པ་དང་། ལྷ་མ་ཡིན་དང་མི་མ་ཡིན་པ་ལ་སོགས་པ་མང་པོས་ཀུན་དུ་
ཡོངས་སུ་བསྐོར་བར་བྱས་པའོ། །ཡི་དགས་དང་ཤ་ཟ་ལ་སོགས་པ་ཀུན་དུ་སྒྲ་སྒྲོགས་ཤིང་ཐམས་ཅད་ཀྱང་སྒྲུབ་པ་པོ་ལ་གདོང་མངོན་དུ་ཕྱོགས་ཏེ་མཆོག་སྟེར་བར་བྱའོ། །ཐམས་ཅད་ཀྱི་སྙིང་གར་རང་རང་གི་མིང་གི་ཡི་གེ་དང་པོ་དགོད་པར་བྱའོ། །ཨོཾ་ཨཱཿཧཱུཾ་ཞེས་པས་ནི་སྐུ་གསུང་
ཐུགས་ཀྱི་རིགས་གསུམ་དུ་བསྐྱེད་པར་བསྟན་ནོ། །དེ་ནས་ཆོ་ག་བཞིན་དུ་ཞབས་བསིལ་བ་དང་། བསང་གཏོར་དང་། ཞལ་བསིལ་ལ་དམ་ཚིག་རྣམས་ལ་དམ་ཚིག་གི་སྦྱོར་བས་སྦྱར་ཏེ་བཟའ། རང་གི་དཀྱིལ་འཁོར་པ་རྣམས་ལ་བཟའ་བ་དང་བཏུང་བ་སྦྱིན་པར་བྱ་
སྟེ། ཕྱག་འཚལ་ཡི་གེར་ཡང་དག་ལྡན། །དབུས་སུ་ཧཱུཾ་ཉིད་བྱས་ནས་སུ། །འབར་ཞིང་འབར་བར་ཧྲཱིཿའབར་བས། །བྱ་བ་ཇི་སྲིད་རབ་ཏུ་འགྲུབ། །ཅེས་སོ། །རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ་སྔགས་འདི་བརྗོད་པར་བྱ་སྟེ། ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་ལ་སོགས་པའོ། །
མེ་ཏོག་དང་། བདུག་པ་དང་། བྱུག་པ་ལ་སོགས་པས་ཀྱང་མཆོད་དེ། དེ་དག་གི་སེམས་མགུ་བར་བྱས་ན་འདོད་པའི་མཆོག་སྟེར་བར་འགྱུར་རོ། །དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་བསམས་ལ་གཏང་བར་བྱའོ། །འདི་དག་ནི་དཔལ་

ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ནས་མཆོད་པ་རྣམ་དག་བདག །ཅེས་པ་ལ། རྣམ་དག་ཅེས་པ་ནི་དངོས་པོ་ཐམས་ཅད་སོ་སོ་མ་ཡིན་པ་ཉིད་དེ་གཉིས་སུ་མེད་པར་བདེ་
བ་ཆེན་པོ་རང་བཞིན་གྱིས་འོད་གསལ་བའོ། །དེ་ལྟ་བུ་དེ་ཉིད་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །དེ་ནས་དཔའ་བོ་དེས་འགྲོ་བ། །ཞེས་པ་ནི་སྲིད་པ་མཉམ་པ་དག་གིས་མི་གཡོ་བའི་ཕྱིར་ན། ལོངས་སྤྱོད་རྫོགས་པའི་སྐུ་སྟེ། །ཀུན་དུ་བསགས་པ་ལས་འཁྲུངས་
པ་ཉིད་ཀྱི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སྤྱོད་པའོ། །སངས་རྒྱས་ཀྱི་ཚོགས་འཕྲོས་པས་སེམས་ཅན་གྱི་དོན་མཛད་པའི་མཚན་ཉིད་ནི་སྤྲུལ་པའི་སྐུའོ། །དེའི་བདག་ཉིད་ཅན་གྱི་བདག་ཉིད་རང་གི་ལྷག་པའི་ལྷའི་སྦྱོར་བས་ཇི་ལྟར་ནུས་པ་
མཆོད་པར་བྱའོ། །བདག་ཉིད་མཆོད་པར་བྱ་ཞེས་པ་ནི་དེ་ལྟ་བུར་བཤད་དོ། །དོན་དུ་སྤྱད་པ་ཉིད་ཀྱང་མཆོད། །ཅེས་པ་ནི། ལྷན་ཅིག་ཐོས་པ་དང་བསམ་པ་དག་པ་ཕུན་སུམ་ཚོགས་པ་ཅན་ཏེ། རྣལ་འབྱོར་གཅིག་ལ་ངེས་པར་བྱེད་པ་རྣམས་སོ། །ཉིད་ཅེས་པའི་
སྒྲ་ནི་རྣལ་འབྱོར་མ་རྣམས་ཀྱང་ཡང་དག་པར་གཟུང་བར་བྱ་སྟེ། གང་གི་ཕྱིར་དེར་མ་གྱུར་ན་ཕུན་སུམ་ཚོགས་པ་མ་ཡིན་པ་དེས་ནའོ། །དེས་ན་འདི་ལས། ཟླ་བ་འདུས་པར་ཡང་དག་གནས། །ཞེས་གསུངས་ཏེ། ཡང་དག་གནས་ཞེས་པ་ནི་ཤེས་རབ་དང་ཡང་དག་
པར་སྦྱོར་བར་འགྲོ་བའོ། །ཟླ་བ་ཞེས་པ་ནི་ཆང་ངོ་། །ཡང་ན་ནི་ཟླ་བ་ཞེས་པ་ནི་བདེ་བའི་ག་པུར་ཏེ། རྟག་ཏུ་རང་བཞིན་གྱིས་འོད་གསལ་བ་སྐྱེ་བའོ། །དེ་ཡང་སྙིང་གི་པདྨོ་ལ་དངོས་གཞི་དང་བྲལ་བའི་སྟོང་པ་ཉིད་དུ་བལྟ་བར་བྱ་བ་ཡིན་ཏེ། དེ་ལྟ་བུའི་སེམས་ནི་བསྒོམ་པར་
བྱ་བ་ཡིན་ནོ། །སྤུན་དང་སྲིང་མོ་ལྷན་ཅིག་ཏུ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དང་རྣམ་པར་བྲལ་བའི་སྡུག་པའི་བུ་དང་བུ་མོ་ལ་སོགས་པ་དག་ལ་སྔགས་དང་། ཕྱག་རྒྱ་སྟོན་པ་དང་། དཀྱིལ་འཁོར་དང་། ཚོགས་ཀྱི་འཁོར་ལོ་སྟོན་པ་དང་། རྡོ་རྗེའི་གླུ་ཐོས་པར་བྱེད་པ་

དང་། དམ་ཚིག་དག་གོ་བར་བྱེད་ན་སློབ་དཔོན་དེ་ལ་སྨོད་ཅིང་བརྙས་པ་དང་། སེམས་ཅན་ཐམས་ཅད་ཀྱང་སྡང་བར་འགྱུར་རོ། །དེའི་ཕྱིར་ན་སློབ་དཔོན་དེའི་བུ་ལ་སོགས་པ་རྣམས་དམྱལ་བར་འགྲོ་ཞིང་། སེམས་ཅན་གཞན་རྣམས་ཀྱང་འགྲོ་བར་འགྱུར་རོ། །
དེའི་ཕྱིར་ན་དེ་བྱང་ཆུབ་ཀྱི་སེམས་དྲི་མ་ཅན་དུ་འགྲོའོ། །དེས་ན་དེ་དག་ཉིད་ཡོངས་སུ་གཟུང་སྟེ་ཟས་ལ་སྤྱད་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །འདི་དག་ནི་སྤྱིའི་ཁྱད་པར་ཙམ་སྟེ། ཅིའི་ཕྱིར་ཞེ་ན། གལ་ཏེ་འམ་བརྒྱ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྙིང་རྗེས་མ་བཅིངས་པ་ཡིན་ན་
ནི་ཇི་ལྟ་བ་དེ་བཞིན་དུ་སྟེ། དེ་རྣམས་ལ་ཡང་དག་ཉིད་ཀྱིས་ནི་བསྟན་པར་མི་བྱའི། དེ་རྣམས་གཞན་ལ་སྤྱོད་དུ་གཞུག་པར་བྱ་བ་ཡིན་ཏེ། དེར་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དད་པས་དེའི་དབང་དུ་གཏང་བར་བྱའོ། །དེ་ལྟར་ན་ནི་རྟག་ཏུ་དམ་ཚིག་ལ་སྤྱད་པར་འགྱུར་རོ། །རྟག་ཏུ་
དམ་ཚིག་སྤྱད་བྱས་འགྱུར། །ཞེས་པའི་དོན་ནི་དེ་ལྟར་རོ། །གསང་སྔགས་སུ་ལའང་མི་སྦྱིན་ནོ། །ཞེས་པ་ནི་ཡོངས་སུ་མ་བྱང་བའི་སེམས་ཅན་རྣམས་ལའོ། །སྦྱིན་ཞེས་པ་ནི་བདག་གིས་དབང་བསྐུར་བ་རྣམས་སོ། །ཕོ་ཉ་མོ་ཞེས་པ་ལ་སོགས་པ་ལ། ལམ་ནི་ལམ་དང་འདྲ་
བས་བྱང་ཆུབ་ཀྱི་ལམ་སྟེ། ཉོན་མོངས་པ་མཐའ་ཡས་པར་ཡོངས་སུ་དག་པར་སྐྱེད་པར་བྱེད་དེ། ཉོན་མོངས་པ་རྣམས་ནི་གློ་བུར་བ་ཉིད་ཀྱི་ཕྱིར་རོ། །དེ་ཡང་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་ཁ་བ་དང་དུ་བ་ལ་སོགས་པས་བསྒོས་པ་ལྟ་བུའི་འཁྲུལ་བ་ཙམ་པོ་དེ་རྣམ་པར་
བསལ་བར་བྱས་ན་ནི། རྡོ་རྗེ་འཛིན་པ་ཉིད་དུ་ཚེ་འདི་ཉིད་ལ་འགྱུར་བའོ། །དེ་ལྟ་བུར་བྱེད་པ་དེ་ཡོངས་སུ་སྤངས་ནས་རྣལ་འབྱོར་གཞན་ལ་ཡང་དག་པར་གནས་པ་ནི། ཉན་ཐོས་ཀྱི་སྤྱོད་པ་དང་། བྱ་བའི་རྒྱུད་ཀྱི་སྤྱོད་པ་ལ་སོགས་པར་བཤད་དོ། །དེ་ལྟ་བུའི་དངོས་གྲུབ་འདོད་
པ་དེ་ནི་རྣམ་པར་རྨོངས་ཏེ། དེའི་དངོས་གྲུབ་དང་བདེ་བ་ཙམ་དུ་ཡང་མི་འགྱུར་ཏེ། རྒྱལ་སྲིད་དང་བྲལ་བའི་མི་ལྟ་བུའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་དད་པ་མེད་པའི་ཕྱིར་ནའོ། །འོ་ན་ཇི་ལྟར་ཞེ་ན། ཕོ་ཉར་ཆགས་པ་རྣམ་ཐར་པ། །ཞེས་པ་གསུངས་ཏེ། ཆགས་པར་བྱ་བ་ལ་

ཆགས་པས་བལྟས་ཏེ་མཐོང་ན་གྲོལ་ཞིང་ཐར་ཏེ། ཕོ་ཉ་མོ་ལ་ཆགས་པས་ཡང་དག་པར་གྲོལ་བའོ། །དེའི་ཕྱིར་ན་དེ་ལ་རིམ་པ་བཞིན་དུ་སྤྱད་པར་བྱའོ། །བྷ་ག་ལས་བསྐྱེད་པའི་ཐམས་ཅད་བདེ་བ་རྣམས་ནི་བདུད་རྩིར་རྟག་ཏུ་ངེས་པའོ། །བསྙེན་བཀུར་ཉིད་ནི་བྱ་བ་མིན། །ཞེས་པ་
ནི་དེ་ལ་བསྙེན་བཀུར་ལ་སོགས་པའི་དོན་གྱི་བྱ་བ་མ་ཡིན་ཏེ། འཁྱུད་པའི་བདེ་བའི་རོལ་པ་ལ་དགའ་བའི་ཕྱིར་ནའོ། །དེའི་ཕྱིར་ན། ཕོ་ཉ་མོ་རྙེད་པ་ན་རྗེས་སུ་ཆགས་པ་དང་ལྡན་པས་འཁྱུད་པར་བྱ་བའོ། །གཞན་དུ་ནི་བདེ་བ་ཉིད་དུ་མི་འགྱུར་རོ། །སྐྱེ་གནས་དམན་ལ་གནས་
རྣམས་དང་། །ཞེས་པ་ནི། རྡོ་རྗེའི་རིགས་ལ་སོགས་པ་རྣམས་སོ། །དང་ཞེས་བྱ་བའི་དངོས་པོས་ནི་དམ་པ་སྟེ་སྐྱེ་བ་གཉིས་མ་བསྡུའོ། །དེ་ལྟ་བུའི་སྐྱོབ་པ་རྣམས་ནི་མ་དང་སྲིང་མོ་ལྟ་བུ་སྟེ། དེ་དག་ལ་ལྷག་པར་སྡུག་པའི་སེམས་ཀྱིས་རྟག་ཏུ་མཆོད་པར་བྱའོ། །གལ་
ཏེ་དེ་དག་ལ་དཀའ་ཐུབ་བྱས་ན་གཙང་སྨེ་དང་བྲལ་བའི་བདག་ཉིད་ཆེན་པོ་ཡིན་ཡང་དེའི་དམན་པའི་སེམས་ཀྱིས་དཀའ་ཐུབ་དེས་ཕུན་སུམ་ཚོགས་པ་ཟད་པར་འགྱུར་བ་ཧ་ཅང་ཡང་ཆེས་སོ། །གཅིག་ཏུ་ནི་ཕོ་ཉ་མོ་མ་ཡིན་པ་འཇིག་རྟེན་གྱི་བུད་མེད་ལ་རྟག་ཏུ་འགྲོ་ན་སྐྱོན་དེ་
ལྟ་བུའོ་ཞེས་གསུངས་སོ། །འཁོར་ལོ་གྲུབ་པའང་དེ་བཞིན་དུའོ། །ཞེས་པ་ནི་དེ་ལྟ་བུ་ཡང་ཟད་པར་འགྱུར་བའོ། །དེའི་ཚེ་དམ་ཚིག་དང་སྡོམ་པ་ཉམས་པ་རྣམས་ཀྱིས་ཡང་གསོ་བར་བྱ་ན་སྦྱོར་བ་འདིས་བླང་བར་བྱའོ། །དེའི་རིམ་པ་ནི་འདི་སྟེ། མཁའ་འགྲོ་ཧ་ཀའི་
རྣལ་འབྱོར་གྱིས་དམ་ཚིག་མཆོག་ཏུ་བསྡམ་པར་བྱ་སྟེ། ནམ་མཁའི་ཁམས་ཀྱི་དབུས་སུ་དམ་ཚིག་དམ་པའི་དཀྱིལ་འཁོར་ལ་གནས་པར་བྱའོ། །དེའི་དབུས་སུ་ནི་འཁོར་ལོ་ཆེན་པོ་དཀྱིལ་འཁོར་ལྔ་དང་ལྡན་པའོ། །དབུས་སུ་ཉི་མའི་གདན་ལ་ཨཱ་ལི་ཀཱ་ལི་མཆོག་
དང་ཡང་དག་པར་ལྡན་པ་ནི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །བྱིན་གྱིས་རློབ་པར་བྱེད་པ་ནི་ཡི་གེ་ཧྲཱིཿའི་དངོས་པོ་ལས་ཡང་དག་པར་བྱུང་བ་དུས་ཀྱི་ཐ་མ་ལྟར་འཇིགས་པར་མཛད་པ། སྤྱན་གསུམ་པ་མཆེ་བ་གཙིགས་

པ་ལྗགས་བརྐྱང་ཞིང་འདྲིལ་བ། ལྷ་ཐམས་ཅད་ཆེར་ཞལ་དུ་འཛུད་པ། བསྐལ་པའི་མེ་ལྟར་དྲག་པ། རལ་པའི་ཅོད་པན་དང་ལྡན་པ། འཇིགས་བྱེད་ཀྱི་པགས་པས་སྨད་གཡོགས་མཛད་པ། གཡས་བརྐྱང་བས་ཡང་དག་པར་གནས་པ།
འཇིགས་བྱེད་དང་དུས་མཚན་ཞབས་འོག་ཏུ་མནན་པ། དེའི་དཔྲལ་བ་ན་རྡོ་རྗེ་ཕྲེང་བ་ཅན་དང་། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པའི་རྒྱན་ཅན། ཕྱག་རྒྱ་དྲུག་གིས་སྐུ་ལ་རྒྱན་དུ་བྱས་པ། ཕྱག་དྲུག་པ། ཞལ་ལྔ་པ། ཉམས་དགུ་དང་ལྡན་པའོ། །སྔོན་པོ་དང་སེར་པོ་དང་།
དེ་བཞིན་དུ་དམར་པོ་དང་། ལྗང་གུའོ། །སྟེང་གི་ཞལ་ནི་དཀར་ཞིང་ཞི་བ་སྟེ། །འཆི་བ་མཆོག་ཏུ་ཡང་དག་པར་འཚོ་བར་མཛད་པའོ། །གདུག་པ་ཐམས་ཅད་མི་འབྱུང་བར་བྱེད་པ། རྡོ་རྗེ་དང་དྲིལ་བུ་སྙོམས་པར་འཇུག་པས་ཕག་མོ་ལ་ཡང་དག་པར་འཁྱུད་པའོ། །
པགས་པ་དཀར་པོའི་ན་བཟའ་འཛིན་པ་དང་། སྟེང་ནས་གདུགས་དཀར་པོ་འགེབས་པའི་ཚུལ་དུ་འཛིན་པ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་དང་། དྲུག་པ་ན་ཅང་ཏེའུ་བསྣམས་པའོ། །དེའི་མདོག་བཞིན་དུ་ཕག་མོ་སྟེ། སྐྲ་གྲོལ་བ་ཅན། གཅེར་བུ་མིའི་རུས་པའི་རྒྱན་
ཐམས་ཅད་ཀྱིས་བརྒྱན་པའོ། །འོན་ཀྱང་པགས་པ་འཛིན་པའི་གནས་སུ་ནི་གྲི་གུག་དང་མགོ་བོ་དགོད་དོ། །དེ་ཡི་ཤར་དུ་སངས་རྒྱས་མཁའ་འགྲོ་སྟེ། །དེ་བཞིན་བྱང་དུ་ལས་ཀྱི་མཁའ་འགྲོའོ། །ནུབ་ཏུ་ཆོས་ཀྱི་མཁའ་འགྲོ་ཉིད་ཡིན་ལ། །དེ་ལྟར་ལྷོ་རུ་རིན་ཆེན་
མཁའ་འགྲོའོ། །དཀར་དང་སྔོ་དང་དམར་ལྗང་ཞལ་བཞིའི་མདོག །དེ་བཞིན་སྟེང་གི་ཞལ་ནི་སེར་པོའོ། །ཕྱག་གཉིས་འཁོར་ལོ་དྲིལ་བུ་སྙོམས་འཇུག་དང་། །གཞན་གཉིས་ཚངས་པའི་པགས་པའི་ན་བཟའ་འཛིན། །གཞན་གཉིས་ཐོད་པ་ཁ་ཊྭཱཾ་ཅང་ཏེའུ་
འཛིན། །ཚངས་པ་དང་ནི་བྱན་མོར་བཅས་པ་དག །གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན་པའོ། །ལས་ཀྱི་མཁའ་འགྲོའི་མཚན་ཉིད་བསྟན་པ་ནི། །ལྗང་གུ་སེར་པོ་དམར་པོ་སྔོན་པོའི་མདོག །དཀར་པོ་སྟེང་གི་ལྔ་པོ་དེ་བཞིན་ནོ། །སྣ་ཚོགས་རྡོ་རྗེ་དྲིལ་བུ་སྙོམས་འཇུག་དང་།

ཚོགས་བདག་པགས་པ་མཆོག་ཏུ་བསྣམས་པ་དང་། །གཞན་གྱིས་ཐོད་པ་ཁ་ཊྭཱཾ་ཅང་ཏེའུ་འཛིན། །འཇིགས་ཤིང་འདར་བའི་ཚོགས་བདག་ཆུང་མར་བཅས། །གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན་པའོ། །ཆོས་ཀྱི་མཁའ་འགྲོ་དམར་སྔོ་སེར་པོ་དང་། །ལྗང་གུའི་སྟེང་གི་ཞལ་ནི་
དཀར་བ་ཉིད། །པདྨ་དང་ནི་དྲིལ་བུ་སྙོམས་འཇུག་དང་། །འདོད་ལྷའི་པགས་པ་བཤུས་པ་རབ་མནབས་དང་། །ཐོད་པ་ཁ་ཊྭཱཾ་ག་དང་ཅང་ཏེའུའོ། །གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན་པ་ནི། །འདོད་པའི་དབང་ཕྱུག་ཆུང་མར་བཅས་པའོ། །རིན་ཆེན་མཁའ་འགྲོ་སེར་སྔོ་
དམར་ལྗང་ཞལ། །དེ་བཞིན་དུ་ནི་སྟེང་ཞལ་དཀར་པོའོ། །རིན་ཆེན་ཕྱག་གཉིས་དྲིལ་བུ་སྙོམས་འཇུག་ཅིང་། །དབང་པོའི་པགས་པ་བཤུས་ནས་རབ་མནབས་དང་། །ཐོད་པ་ཁ་ཊྭཱཾ་ག་དང་ཅང་ཏེའུའོ། །གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན་པ་ནི། །དབང་པོ་ཆུང་
མ་དང་ནི་བཅས་པའོ། །ཀུན་ཀྱང་ཕྱག་དྲུག་སྤྱན་ནི་གསུམ་པ་ལ། །དར་དཔྱངས་ཀྱིས་མཚན་རལ་པའི་དབུ་རྒྱན་ཅན། །མེ་དང་བདེན་བྲལ་རླུང་དང་དབང་ལྡན་གྲྭར། །སངས་རྒྱས་མཁའ་འགྲོ་མ་དང་རྡོ་རྗེ་མཁའ་འགྲོ་མ། །པདྨའི་མཁའ་འགྲོ་མ་དང་ལས་
ཀྱི་མཁའ་འགྲོ་མའོ། །གཡས་སྐོར་དང་པོ་དཀར་དང་སྔོ་དང་དམར། །གཉིས་པ་སྔོ་དང་དཀར་པོ་སེར་པོའོ། །གསུམ་པ་དམར་དང་སྔོ་དང་སེར་པོ་སྟེ། །བཞི་པ་ལྗང་གུ་སྔོན་པོ་སེར་པོའོ། །ཀུན་ཀྱང་ཞལ་གསུམ་ཕྱག་ནི་དྲུག་པ་ལ། །སྤྱན་གསུམ་གཅེར་བུ་དབུ་སྐྲ་
གྲོལ་བ་དང་། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་ནས་སུ། །ཟབ་མོ་དང་ནི་ཐུགས་རྗེའི་གར་གྱིས་ནི། །ཆགས་ཤིང་བདེ་ཆེན་བདག་ཉིད་ཅན་དུའོ། །ཀུན་གྱི་གཡས་པའི་ཕྱག་ནི་དང་པོ་ན། འཁོར་ལོ་མདའ་དང་རྡོ་རྗེ་མདའ་དང་ནི། རིན་པོ་ཆེ་ཡི་མདའ་དང་དེ་ལྟ་བུར། །
སྣ་ཚོགས་རྡོ་རྗེ་ཡིས་ནི་མཚན་པའི་མདའོ། །ཀུན་གྱི་གཡོན་པའི་ཕྱག་ན་གཞུ་འཛིན་ཅིང་། །ཐོད་པ་ཁ་ཊྭཱཾ་ག་དང་ཅང་ཏེའུའོ། །གཞན་རྣམས་ཞགས་པ་དང་ནི་ལྕགས་ཀྱུ་འཛིན། །རེའུ་མིག་དགུ་པ་རབ་ཏུ་ཟླུམ་པ་ལ། །ཕྱི་རོལ་གྲུ་བཞིར་སྒོ་བཞི་ཡང་དག་ལྡན། །དེ་

ལ་ཤར་གྱི་སྒོ་ནི་གཟུགས་མང་བ། །བྱང་དུ་གཟུགས་མཛེས་མ་སྟེ་ནུབ་ཏུ་ནི། །རྡོ་རྗེ་གདོང་ཅན་མ་སྟེ་ལྷོ་རུ་ཡང་། །རྡོ་རྗེ་ཆོམ་རྐུན་མ་སྟེ་ཀུན་ཀྱང་ནི། །ཞལ་གསུམ་ཕྱག་དྲུག་རྒྱན་རྣམས་ཀུན་གྱིས་བརྒྱན། །སྔོན་བཤད་སངས་རྒྱས་མཁའ་འགྲོ་ལ་
སོགས་པའི། །མཚན་མ་རིམ་པ་བཞིན་དུ་འཛིན་པའོ། །དེ་ཡི་ཕྱི་རོལ་དུ་ཡང་གྲུ་བཞི་པ། །སྒོ་བཞི་ཏྭ་ར་ཎ་བཞིས་བརྒྱན་པ་དང་། །དར་དཔྱངས་མེ་ཏོག་ཕྲེང་བ་འཕྱང་བར་ལྡན། །དེ་ལ་ཟུར་བཞི་པ་ཡི་ལྷ་སྣམ་གྱི། །མེ་མཚམས་ལ་སོགས་དགོད་པར་བྱ་བ་ནི། །གཡོན་སྐོར་དུ་
ནི་དགོད་པར་བྱའོ། །རྡོ་རྗེའི་གདོང་ཅན་མ་དང་། ཁྭ་གདོང་མ་དང་། གདོང་རིངས་མ་དང་། གྲགས་ལྡན་མ་དང་། རྡོ་རྗེ་ཕོ་ཉ་མ་དང་། རྡོ་རྗེ་སེན་མོ་དང་། རྡོ་རྗེ་གཞོན་ནུ་མ་དང་། རྡོ་རྗེ་དུང་མོ་དང་། རྡོ་རྗེ་རོ་ལངས་མ་དང་། རྡོ་རྗེ་ལུས་སྙེམས་མ་དང་། དྲིལ་
སྒྲ་མ་དང་། ཁ་ཆེན་མ་དང་། རྡོ་རྗེ་མོ་དང་། ཁྲོ་གཉེར་མ་དང་། སྣ་ཚོགས་གཟུགས་མ་དང་། རྡོ་རྗེ་རྣལ་འབྱོར་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། ལྷ་མོ་སྒྱུ་མ་དང་། གྲགས་བྱེད་མ་དང་། སེར་མོ་མ་སྟེ། ལྷ་མོ་ཉི་ཤུའོ། །ཤར་གྱི་སྒོར་ནི་རྡོ་རྗེ་འབར་མའོ། །
བྱང་དུ་ནི་འཁྱིལ་པ་མའོ། །ནུབ་ཏུ་ནི་རྡོ་རྗེ་འཇིགས་བྱེད་མའོ། །ལྷོ་རུ་ནི་རྡོ་རྗེ་འགྲུབ་པ་མའོ། །མཁའ་འགྲོ་མ་དེ་དག་ནི་དངོས་གྲུབ་ཀྱི་དཀྱིལ་འཁོར་དེ་ཀུན་ཀྱང་སྤྱན་གསུམ་པ། ཞལ་རྣམ་པར་གཙིགས་པ། ལྟོ་འཕྱང་མའི་སྒོ་སྐྱོང་མའོ། །གཞན་རྣམས་ནི་སྣ་
ཚོགས་པའི་གཟུགས་ཅན་རྣམ་པར་སྒེག་པ་ཀུན་ཀྱང་ཕྱག་རྒྱ་ལྔ་འཆང་བ་ཐོད་པའི་ཕྲེང་བས་རྣམ་པར་བརྒྱན་པ་ཞལ་གསུམ་པ་དཔའ་ཞིང་སྒེག་པ་སྙིང་རྗེའི་རོས་གང་བ། བྲང་འཕེལ་ཆེ་ཞིང་ནུ་མ་རྒྱས་པ། སྐལ་ལྡན་མ། གཅེར་བུ་སྐྲ་གྲོལ་མ་ཐུགས་རྗེ་ཆེན་པོ་ཆགས་
པ་དམ་པའི་བདེ་བའི་ངོ་བོ་རོ་ལ་ཞོན་པ། མཆོག་ཏུ་དགའ་བ་དང་ལྡན་པ། ཐོད་པ་དང་། ཁ་ཊྭཱཾ་ག་དང་། ཅང་ཏེའུ་བསྣམས་ཤིང་། གཡས་ན་ཞགས་པ་དང་། ལྕགས་ཀྱུ་འཛིན་པ་དང་། གཞན་གཉིས་ན་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བའོ། །སྐུ་གསུང་ཐུགས་སུ་

བྱིན་གྱིས་བརླབས་ཏེ། གོ་ཆ་གཉིས་ཀྱིས་བརྒྱན་ཏེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ་དབང་བསྐུར་ནས་མཆོད་པ་དང་། བསྟོད་པ་བྱས་ལ་བཟླས་པ་བྱའོ། །ཨོཾ་ཤྲཱི་བཛྲ་ཌཱ་ཀ་ཨཱཿཧྲཱིཿཧཱུཾ་ཌཱ་ཀ་ནཱི་ཛཱ་ལ་སམྦ་ར་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་མོས་པའི་བསམ་པས་རྟག་ཏུ་སྤྲོ་ཞིང་
བསྡུ་བའི་སྦྱོར་བའི་རྡོ་རྗེས་བརྟུལ་ཞུགས་ཆེན་པོ་དང་ལྡན་པར་མི་གཡེང་བར་བཟླས་སོ། །ཨོཾ་ཤྲཱི་བུདྡྷ་ཌཱ་ཀ་ཨཱཿབྷྲཱུཾ་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། །ཨོཾ་ཤྲཱི་ཀརྨ་ཌཱ་ཀ་ཨཱཿཁཾ་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་པདྨ་ཌཱ་ཀ་ཨཱཿཧྲཱིཿཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སམྦ་
ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་རཏྣ་ཌཱ་ཀ་ཨཱཿཨོཾ་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱཿ ཨོཾ་ཤྲཱི་བཛྲ་བཱ་རཱ་ཧཱི་བཾ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ལྟ་བུར་ནི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་སུ་ཡང་རབ་ཏུ་བཟླས་པར་གྲགས་སོ། །འདི་ནི་དམ་ཚིག་དང་སྡོམ་པ་བླང་སྟེ། རྡོ་རྗེ་དང་མཉམ་
པར་རབ་ཏུ་འགྲུབ་པའོ། །མཆོག་འབྲིང་ཐ་མ་ལྷན་ཅིག་འགུགས། །ཞེས་པ་ལ་སོགས་པ་ནི་གང་དང་གང་གཞན་ན་གནས་པ་སྔོན་དུ་གྲུབ་པ་དམ་ཚིག་དང་ལྡན་མ་བྱིན་གྱིས་རློབ་པར་དྲན་པར་བྱའོ། །མཆོག་ཅེས་པ་ལྷན་ཅིག་སྐྱེས་པའོ། །འབྲིང་ཞེས་པ་ནི་ཞིང་
སྐྱེས་མའོ། །ཐ་མ་ཞེས་པ་ནི་སྔགས་མའོ། །དེས་བསྐྱེད་པའི་རྫས་གང་ཡིན་པ་ཐམས་ཅད་དེ། དེས་ན་དེ་ལྟར་རྫས་ནི་རབ་ངེས་ཡིན། །ཞེས་གསུངས་ཏེ། དེ་ནི་རྩ་རྣམས་ལ་གནས་པའི་རྫས་དབང་པོ་གཉིས་ཀྱི་སྦྱོར་བ་ལས་སྐྱེས་པ་ཐམས་ཅད་དོ། །རྐྱེན་དེས་བསྐྱེད་
པའི་བདུད་རྩི་ལྔ་ལ་སོགས་པ་ཆང་དང་ཁྲག་ཏུ་མཉམ་པར་ལྡན་པས་ཐོད་པ་ལ་དཀྱིལ་འཁོར་གྲུ་གསུམ་པར་བྱས་པ་བྲིས་པར་གཞག་སྟེ། སྟེང་དང་བྱོལ་སོང་དང་། འོག་དང་གནས་པ་རྣམས་ཕྱོགས་དང་ཕྱོགས་མཚམས་ཇི་ལྟ་བ་བཞིན་དུ་བསྐྱེད་དེ། །དེ་ནས་
ཁ་ཟས་དེ་རྣམས་ལ་སྟེ། དེ་ཁོ་ན་ཉིད་གསུམ་གྱི་སྔགས་ཀྱིས་བཏབ་ལ་དམ་ཚིག་གི་མཆོག་དེ་འཐུངས་ཤིང་ཟོས་ཏེ། ཡང་དག་པར་འཁྲིགས་པའི་རྣལ་འབྱོར་མ་རྣམས་ལ་ཡང་ཕུལ་ཏེ། བླ་མ་དང་མངའ་བདག་རྡོ་རྗེ་འཛིན་གྱིས་གསན་པར་དམ་ཚིག་རྣམས་ལ་

འདིས་གསོལ་བ་བཏབ་བོ། །བདག་གིས་རྟག་ཏུ་སྡོམ་པ་མང་པོར་བླངས་ཤིང་བསྐྱང་བར་བགྱིའོ་ཞེས་སོ། །འཇིག་རྟེན་རྟག་ཏུ་གཡོན་གྱིས་སྤྱོད། །ཅེས་པ་ནི་གཡོན་པའི་སྤྱོད་པར་འགྲོ་བ་རྣམས་ཀྱི་བདེ་བ་བླང་བར་བསྒྲུབ་པའི་ཕྱིར་ན་བདེ་བ་བསྲུང་བའི་
ནམ་མཁའི་གནས་ལ་རྣལ་འབྱོར་ཆེན་པོས་འདི་རྣམ་པར་སྤྱད་དོ། །གཡོན་པ་དང་གཡོན་པའི་ཚོགས་མཆོག་ཏུ་མཛེས་པ་ནི་འཇིག་རྟེན་གསུམ་གྱི་བདག་པོ་དང་། མཆོག་གི་དོན་ཐམས་ཅད་གསལ་བར་བརྗོད་ཅིང་རྒྱལ་བར་མཛད་པས་ན་བདེ་བ་སྟེར་བར་
མཛད་པའི་གཡོན་པ་ལ་བསྙེན་བཀུར་བར་བྱ་སྟེ། གང་གི་ཕྱིར་རྣལ་འབྱོར་པའི་དགེ་བ་ཐམས་ཅད་ཀྱི་ཐབས་ཡིན་པ་དེའི་གཙོ་བོར་ངེས་པར་འགྱུར་རོ། །ཐམས་ཅད་བསྐྱེད་པའི་གཡོན་པ་ཕྱག་རྒྱ་ཆེན་པོ་ཅན་ལ་མཆོད་པ་མི་བྱེད་པར་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་
བྱེད་པ་ནི་ཡོངས་སུ་ཉོན་མོངས་ཤིང་དེ་ལ་འབྲས་བུ་མི་རྙེད་དོ། །གང་འོག་དག་ནི་གསལ་བས་མ་བཀྲོལ་ཏོ། །བརྟུལ་ཞུགས་མེད་ཀྱང་བརྟུལ་ཞུགས་རྫོགས། །ཞེས་པ་ལ་བརྟུལ་ཞུགས་ནི་ཕྱིས་མི་ལེན་པ་ལ་སོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཏེ། འདི་དག་གིས་ནི་
བསྐལ་པ་དུ་མས་ཀྱང་སངས་རྒྱས་ཉིད་དུ་བརྒྱ་ལམ་འགའ་ཞིག་ན་འགྱུར་ལ། འདིར་ནི་དེ་ལྟ་བུའི་བརྟུལ་ཞུགས་ཐམས་ཅད་ཟིལ་གྱིས་མནན་ཅིང་བཅོམ་ཡང་ཚེ་འདི་ཉིད་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ཐོབ་པའི་ཕྱིར་ཏེ། དེའི་ཕྱིར་ན་བརྟུལ་ཞུགས་རྫོགས་པ་ཞེས་བྱ་སྟེ། དེ་
བས་ན་གང་གི་ཕྱིར་སྒྲུབ་པ་པོས་དེར་འབད་པ་བྱས་ན་འཇིག་རྟེན་གྱི་སྤྱོད་པ་ལས་རྣམ་པར་གྲོལ་བར་འགྱུར་བའི་ཕྱིར་རོ། །དམ་ཚིག་ཅེས་པ་ནི་རིགས་ཀྱི་ཚོགས་འདི་དག་སྟེ། རིགས་དྲུག་དང་རིགས་ལྔ་ལ་སོགས་པའོ། །སྔོན་བཞིན་དུ་འདི་དག་དང་དེ་བཞིན་དུ་ལྷན་ཅིག་ཏུ་སྤྱད་
པར་བྱའོ། །རིགས་ལྔར་ཡང་དག་སྤྱོད་ཅེས་པ་ནི། རིགས་བཞི་རུ་ནི་རྣམ་པར་བརྟག །ཅེས་པ་འདིའི་རིགས་ནི་རིན་པོ་ཆེ་དང་མི་བསྐྱོད་པ་རྣམ་པར་སྣང་མཛད་ཀྱི་བར་མདོར་གྱུར་པའོ། །རིགས་གཅིག་ཅེས་པ་ནི་གཙོ་བོའི་སེམས་ཏེ་མཐར་ཐུག་པའོ། །དེས་དཀྱིལ་འཁོར་

པ་རྣམས་དེར་མཉམ་པའོ། །ཡང་དག་སྤྱོད་ཅེས་པ་ནི་རྣམ་པར་མི་རྟོག་པས་ཡང་དག་པར་སྤྱོད་པ་སྟེ། ཚོགས་པ་མེད་པ་དང་། ཡོངས་སུ་གཟུང་བ་མེད་པ་དང་། ལོངས་སྤྱོད་པ་མེད་པས་སྤྲོ་བར་བྱ་ཞིང་། འདོད་པའི་ཡོན་ཏན་ལྔ་རྣམས་སྡིག་པ་མེད་པར་བསྟན་པར་བྱའོ།།
དེ་ཡང་ཇི་ལྟར་སྡིག་པ་མེད་པར་མི་འགྱུར་ཞེ་ན། མཉམ་པར་སྤྱོད་པའི་བློས་ཇི་ལྟར་མེས་ཟས་རྣམས་ཐུན་མོང་དུ་སྤྱོད་པ་དང་། ཇི་ལྟར་ཉི་མ་བལྟས་ན་དེར་ཐུན་མོང་དུ་མཐོང་བ་དང་། ཇི་ལྟར་རླུང་དྲི་ལ་ཐུན་མོང་དུ་བྱེད་པ་ལྟར་དམ་ཚིག་ཀུན་ལ་སྤྱོད་པ་ནི་རྣམ་པར་རྟོག་པ་གཏི་
མུག་གི་རྒྱ་མཚོ་རིང་དུ་སྤོང་བའོ། །དཀྱིལ་འཁོར་གྲུ་གསུམ་བྱས་ཞེས་པ་ནི་ཤྭ་ས་བསྐམས་པའི་ས་ནག་པོ་ཚ་སྒོ་ཅན་གས་པ་ལ་སོར་ཉི་ཤུ་པའི་ཚད་ལ་སོར་བཅུ་ཐུར་དུ་བརྐོས་པ་ཟུར་གསུམ་གྱི་མགོ་རྣོན་པོ་བྱང་དུ་བསྟན་ནོ། །དེ་དག་ནི་མེ་ཐབ་ཀྱི་ལས་སོ། །རྡོ་རྗེ་
དང་དེ་བཞིན་དུ་གསལ་ཤིང་དང་། འབར་བ་རྩེ་གསུམ་དང་རྡོ་རྗེ་ཐོ་བ་དང་། གསལ་ཤིང་ནི་ཁ་གྱེན་དུ་བསྟན་ཏེ་གཟུགས་པར་བྱའོ། །དེ་དག་གིས་གསང་པར་་བྱ་ཞིང་སྡུག་བསྔལ་དུ་གཞུག་པར་བྱའོ། །ཕྱག་མཚན་འདི་དག་ནི་སོར་བཞིའི་ཚད་དུ་བྲི་བར་བྱའོ། །
དེའི་སྟེང་དུ་སོར་གསུམ་བསྐྱེད་པ་ལ་ཁ་ཁྱེར་སོར་གསུམ་གྱི་ཚད་ཀྱིས་གྲུ་གསུམ་དུ་བསྐོར་ཞིང་ཞེང་དང་དཔངས་སུ་མཉམ་པར་ཁ་ཕྱིར་ཕྱོགས་སུ་བལྟས་ལ་བྱའོ། །ས་ནག་པོ་དྲི་ང་བ་དང་། བོང་བུ་དང་རྔ་མོའི་སྦངས་དང་། མིའི་རུས་ཕྱེ་དང་། སོལ་ཕྱེ་བསྲེས་པས་དེ་
ལ་བྱུག་གོ། །དྲི་ང་བའི་མེ་ཏོག་དང་སྤོས་ཀྱི་མཆོད་པ་དང་། ཚེར་མ་རྣོན་པོ་ཅན་གྱི་དྲི་ང་བའི་ཤིང་དང་། དུར་ཁྲོད་ཀྱི་ཤིང་དང་། བོང་བུ་དང་རྔ་མོའི་སྦངས་བསྐམས་པས་བུད་ཤིང་བྱའོ། །ཤིང་ནིམ་པ་དང་། ཙནྡན་དམར་པོ་དང་། ཚེར་མ་ཅན་གྱི་ཤིང་ཀུ་ཉ་ཙ་ཀ་དང་། ཚེར་
མ་དང་། འཁྲི་ཤིང་དང་། ཚེར་མ་ཤིན་ཏུ་རྣོན་པོ་དང་། ཤིང་ཤིན་ཏུ་རྣོན་པོ་དང་རོ་བསྲེགས་པའི་ཤིང་གས་པ་དག་ལས་སོར་བཅུ་གཉིས་པའི་རྩ་བའི་ཆ་རྣམས་དུག་དང་ཁྲག་དང་ཏིལ་མར་ལ་སྦངས་པ་ཤིན་ཏུ་རྣོ་བ་རྣམས་ཡམ་ཤིང་དུ་སྦྱིན་པར་བྱའོ། །ཡུངས་ཀར་དང་།

དྲི་དཀུ་བ་ཅན་གྱི་ཏིལ་དང་། ཁྲག་དང་ལན་ཚྭ་དང་། སྐེ་ཚེ་དང་། ཤིང་ནིམ་པའི་ལོ་མ་དང་། དུར་ཁྲོད་ཀྱི་ཐལ་བ་དང་། རྐང་རྗེས་ཀྱི་རྡུལ་དང་། བོང་བུ་དང་། རྔ་མོ་ལ་སོགས་པའི་སྦངས་དང་། སྐྲ་དང་མར་ཁུ་ཆེན་པོ་དང་། ཁྭ་དང་འུག་པའི་སྒྲོ་དང་།
བཤང་བ་དང་། གཅི་བ་དང་། མིའི་རུས་པའི་ཕྱེ་མ་དང་། བ་སྤུ་དང་། ཤ་ལ་སོགས་པ་ཇི་ལྟར་རྙེད་པ་གཅིག་ཏུ་བྱའོ། །རྫས་དེ་རྣམས་ཀྱང་དུག་དང་ཁྲག་དང་། སྨྱོ་བྱེད་ཀྱི་འདབ་མར་བསྲེགས་པ་དང་། ཐལ་བ་དང་། སོལ་བ་དང་། ཕུབ་མ་ལ་སོགས་པ་ལས་གདུག་པ་ཅན་
གྱི་གཟུགས་བརྙན་བྱས་ལ་མཚོན་ཤིན་ཏུ་རྣོན་པོས་མགོ་བོ་ནས་བརྩམས་ཏེ། ལུས་ཀུན་བཅད་དེ། མངོན་སྤྱོད་ཀྱི་བསྲེག་རྫས་སུ་བྱའོ། །དེ་ཡང་ལྕགས་ཀྱི་སྣོད་དུ་ཁྲག་དང་། ཆུ་དང་། མི་དང་། བོང་བུའི་གཅི་བར་བསྲེས་ཏེ་གཞག་པ་མངོན་སྤྱོད་ལ་ཡི་གེ་ཕཊ་
མཐའ་མར་བཞག་པའི་ཡི་གེ་བདུན་པའི་སྔགས་ལན་བདུན་བདུན་བཟླས་ཤིང་བསྲེག་པར་བྱའོ། །དེ་ཡང་དཀོན་མཆོག་གསུམ་ལ་བསྔོ་བ་དང་། དམ་ཚིག་ལས་ཉམས་པ་དང་། སྡང་བ་ཅན་དག་ལ་བྱ་བ་ནི་ནག་པོས་བརྒྱན་ཅིང་ལྕགས་ཀྱི་རྒྱན་ཆ་ཅན་གྱི་སྔགས་པ་གཤིན་རྗེ་
ལ་བལྟས་ཏེ། ཁྲོ་བོའི་སྐྱིལ་མོ་ཀྲུང་གིས་ཤིང་ཁྲིའི་སྟན་ལ་ཡང་དག་པར་གནས་ལ་མཚན་ཕྱེད་ཉི་མ་ཕྱེད་ན་བསྒྲུབ་བྱ་ལ་བསམ་པར་བྱའོ། །རེ་ཕས་ནི་མེའི་དཀྱིལ་འཁོར་ཏེ། མཐའ་མར་ཧཱུཾ་དང་ཕཊ་ཀྱི་སྒྲ་མཛད་པ་འབྲུག་སྒྲ་ལྟ་བུར་བརྗོད་དོ། །དེ་ནས་ཐོག་མ་དང་དབུས་
དང་མཐའ་མར་བྱ་བའི་མེ་ནི་དུར་ཁྲོད་ཀྱི་མེ་དང་ལག་པས་བཏོན་པ་དང་། རྡོ་ལས་བཏོན་པ་དང་། གདོལ་པའི་ཁྱིམ་ནས་བྱུང་བ་ནི་མངོན་སྤྱོད་ལ་ཤིས་སོ། །ཐོག་མ་ཁོ་ནར་མེ་ཐབ་ཏུ་ཇི་སྐད་སྨྲས་པའི་བུད་ཤིང་བཞག་པ་ལ་མེ་བཅུག་པ་རླུང་ཡབ་ཀྱིས་པ་ཀའི་མེ་སྦར་རོ། །
སྔགས་ནི་ཧཱུཾ་ཛྭ་ལ་ཧཱུཾ་ཞེས་བརྗོད་ཅིང་མེ་སྦར་བར་རིག་པར་བྱའོ། །དེ་ནས་ལག་པ་གཡས་པར་ཀུ་ཤ་བཅུག་སྟེ། མཐེ་བོང་སྲིན་ལག་གི་རྩར་བཞག་ལ་མེ་དགུག་པར་བྱའོ། །སྔགས་ནི་ཨོཾ་ཨེ་ཧྱེ་ཧི་མཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛྭ་སཏྭ་མི། གྲི་ཧི་ཏྭཱ་ཨ་ཧཱུ་ཏིཾ་ཨ་ཧཱ་རཾ་ཨ་སྨིན་སནྣི་ཧི་ཏོ་

བྷ་བ་ཞེས་པ་འདིས་ཐབ་ཀྱི་མེའི་ཕྱོགས་སུ་འོངས་པར་བསམ་མོ། །འདིར་འབར་བ་འཁྲིགས་པའི་དབུས་སུ་ཁྲོ་བོ་མི་བཟད་པར་བྱེད་པ་ཞེས་པ་བཀུག་ལ་གཞག་པ་གློག་འཁྱུག་པ་ལྟ་བུ་བ་སྤུ་སེར་པོ་ཅན་དེ་བཞིན་དུ་ཁ་དོག་དུད་ཁ་དེ་ནས་མིག་གཡོ་ཞིང་སྟེང་ཕྱོགས་སུ་རྣ་བ་ཉན་པ་
ལྟར་མཛད་ཅིང་སྒྲ་ཆེན་པོ་སྒྲོགས་པ་མཆེ་བ་བཞི་པ་སྟོབས་ཆེན་པོ་རླུང་གི་དཀྱིལ་འཁོར་ལ་ཞོན་པ། །རབ་ཏུ་འཇིགས་ཤིང་ཧཱུཾ་མཛད་པས་ཧཱུཾ་སྒྲ་སྒྲོགས་པ། སྤྱན་གསུམ་པ། ཕྱག་བཞི་པ། བརྗིད་པ་ཆེན་པོ་རྡོ་རྗེའི་འོད་ཅན། རིག་པའི་ཁྲི་ལ་གནས་པ། གདོང་
བདུན་པ། རྣམ་པར་ཟློག་པ། མ་ཧེ་ལ་ཞོན་པ། །མྱ་ངན་བྱེད་པའི་ཚུལ་ཅན་དུད་པའི་ཕྲེང་བ་འཁྲིགས་ཤིང་འབར་བ། ལྕགས་ལས་བྱས་པའི་རྒྱན་རྣམས་དང་ལྡན་པ། བཞིན་བཟང་པོ་ལྕགས་ཀྱིས་ཁེབས་པ། འབར་བའི་ཕྲེང་བ་ཅན། སྤྱན་དམར་པོ་ཆེན་པོ། མི་
གཡོ་བའི་ཚུལ་ཅན་ན་བཟའ་སྔོན་པོ་བསྣམས་པ། འཇིག་པའི་དུས་ལྟར་མཉམ་པར་འབར་བ་དྲག་པོ་འཇིག་རྟེན་གསུམ་པོ་ཟ་བ་ལྟ་བུར་རྔམ་པ། ལག་ན་གསལ་ཤིང་དང་། རྡོ་རྗེ་སྟེང་དུ་འཕྱར་བ་ལྟར་འཛིན་པ་གཞན་གཉིས་ན་རལ་གྲི་དང་གྲི་གུག་འཛིན་པའོ། །དེའི་
གཡས་སུ་ནི་སོ་སོར་ཞེས་བྱ་བ་ཕྱག་གཉིས་པ། རྡོ་རྗེ་དང་གྲི་གུག་ལག་ན་བསྣམས་པ། ཡན་ལག་ནག་པོ། མིག་དུད་པའི་མདོག་ཅན། མ་མཆུ་ཚེམས་ཀྱི་སྒྲོས་མནན་པའོ། །དེ་ཉིད་ཀྱི་གཡོན་ན་ནི་ཁྲག་གིས་གང་བའི་ཐོད་པ་སྟེ། རང་གི་རིགས་སུ་གནས་པ།
ཁྲག་གི་ཕྲེང་བ་མཉམ་པར་འབར་བའོ། །གཡོན་དུ་ནི་གཤིན་རྗེ་མཐར་འབྱིན་ཆར་སྤྲིན་ལྟ་བུར་འཇིགས་པའི་མདོག་ཅན་ཞལ་གསུམ་ཕྱག་དྲུག་པ། དྲག་པོ་ཞབས་བཞི་པ། སྤྱན་གསུམ་པ། མཆེ་བ་རྣམ་པ་གཙིགས་ཤིང་རྣམ་པར་འགྱུར་བ། ལྕགས་ལས་
བྱས་པའི་རྒྱན་གྱིས་འབར་བ་ཅན། དུར་ཁྲོད་ཀྱི་མེ་ལྟར་འབར་བ། མ་ཧེ་ལ་ཞོན་པར་བལྟ་བར་བྱའོ། །སྙིང་གར་ནི་འཇམ་དཔལ་གྱི་དངོས་པོ་བསྐྱེད་པར་བྱའོ། །ཐབ་ཀྱི་མདུན་དང་རྒྱབ་ཀྱི་ཕྱོགས་གཉིས་སུ་ནི་མཐར་བྱེད་དང་དུས་ཅན་ཞེས་པ་དག་སྟེ། རང་

བཞིན་ཇི་ལྟ་བ་བཞིན་དུ་བསམ་པར་བྱ་བ་སྟེ། བཀྲེས་པའི་ཚུལ་ལ་ཤིང་ཟ་བའི་དོན་ལ་འདོད་པའི་ཕྱག་གཉིས་དྲག་པོའི་ཆ་བྱད་ཅན། ཇི་ལྟ་བུའི་ཡི་དགས་ཀྱི་བདག་པོའི་རྒྱལ་པོ་དེ་བཞིན་དུ་སྟེ། བསྲེག་རྫས་ཟ་བར་འདོད་པ་ཅན་དུ་བྱ་བ་ནི་དྲག་པོའི་
ལས་ལ་རབ་ཏུ་བསམ་པའོ། །དེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་སུ་ཡང་དག་པར་གྱུར་པས་ནི་སྒྲུབ་པ་པོའི་དོན་ཐམས་ཅད་ནས་ཐམས་ཅད་དུ་འགྲུབ་པའོ། །སྔགས་དང་ཕྱག་རྒྱ་དང་རྣལ་འབྱོར་རྣམས་ནི་ལས་དང་རྗེས་སུ་མཐུན་པའི་གཟུགས་སུ་ལྡན་པར་བྱ་ཞིང་སྐུ་
གསུང་ཐུགས་སུ་བྱིན་གྱིས་བརླབས་པར་བྱས་པ་ལ་མཆོད་ཡོན་ལ་སོགས་པས་མཆོད་པར་བྱའོ། །དེ་ཡང་མཆོད་ཡོན་ནི་དབུ་ལའོ། །ཞབས་བསིལ་ནི་ཞབས་ལའོ། །ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་ཨརྒྷཾ་དབུལ་ལོ། །ལག་པ་གཡས་པའི་མཛུབ་མོ་
དང་། མཐེ་བོང་གི་རྩེ་མོ་སྐམ་པའི་ཁ་ལྟར་སྤྲད་དེ་མཛེས་པར་བསྐོར་བའི་ཚུལ་གྱིས་གྱེན་དུ་བསྟན་ཏེ། ཀུ་ཤ་ཆུ་གཙང་ལ་སྦངས་ལ་ཞབས་ལ་དབུལ་ལོ། །ཨོཾ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་ཕུལ་ཏེ། དེ་ནས་ཞལ་བསིལ་ཡང་ཕུལ་ལ་མཆོད་པ་རྣམས་ཀྱིས་མཆོད་དོ། །
དེ་ལ་མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་མདུན་དུའོ། །དྲི་ཆུ་ནི་ཐུགས་ཀར་རོ། །མར་མེ་ཡང་མདུན་དུའོ། །དེ་བཞིན་དུ་ལྷ་བཤོས་ཀྱང་མདུན་དུ་སྟེ་གསོལ་བར་བྱའོ། །དེ་ནས་བསྒྲུབ་བྱའི་གཟུགས་བརྙན་བསྲེག་རྫས་སུ་སྦྱིན་ནོ། །དེ་ནས་ཡང་དེ་ལྟ་བུའི་ཡང་དག་པར་མཆོད་པ་
རྣམས་ཀྱིས་གང་ལ་ཕན་པར་བྱ་བ་སྟེ། མི་འབྱོར་ན་ཡང་ཡིད་ཀྱི་སྒྱུ་འཕྲུལ་གྱི་ཁྱད་པར་གྱིས་སོ། །དེ་ནས་ཡང་ཞལ་བསིལ་ཕུལ་ཏེ། གོང་དུ་སྟེ་སྔོན་དུ་ཡང་དབུལ་བར་བྱའོ། །དགང་གཟར་བླུགས་གཟར་གྱི་མཚན་ཉིད་ལ་དགང་གཟར་ནི་སོར་བཞི་པའི་ཚད་ལ་དབྱིབས་གྲུ་
གསུམ་པ་ཐུར་དུ་སོར་གཉིས་ཀྱི་ཚད་དུ་བརྐོས་པ། ཁ་རན་ལ་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བས་ཡོངས་སུ་བསྐོར་བར་བྱའོ། །འདིའི་ནང་གི་གྲ་གསུམ་ལ་མཚན་མ་དག་གཞག་པར་བྱ་བ་ཡིན་ཏེ། དེ་ཡང་སྟག་དང་། སྦྲུལ་དང་སེང་གེའི་གདོང་རྣམས་ཇི་ལྟར་བཏུབ་ཚད་དུ་བྲིའོ། །མར་ཀྱི་

འཛག་ཁུང་ནི་སོར་གཅིག་པའི་ཚད་ལ། རྩེ་མོ་ཡང་སོར་གཅིག་པ་རྡོ་རྗེས་བྱིན་གྱིས་བརླབས་པའོ། །དེ་ཡི་ཡུ་བ་ནི་སོར་བཅུ་དྲུག་པའི་ཚད་དང་ལྡན་པ་ཅན་ནོ། །དེ་ནས་བླུགས་གཟར་ནི་ཡུ་བ་སོར་བཅུ་པ་ཅན། གཟར་བུ་ཉིད་ནི་སོར་གསུམ་པའི་ཚད་ལ་གྲུ་གསུམ་པའི་དབྱིབས་ཏེ།
དབུས་སུ་སོར་གཅིག་བརྐོས་པ་གང་གི་མཚན་མས་བྱིན་གྱིས་བརླབས་པའོ། །འོག་གི་མཆུ་ཡང་དེ་བཞིན་དུ་སོར་གསུམ་པ་ལ་རྩེ་མོ་གསུམ་པ་ཁ་གྱེས་པའི་རྡོ་རྗེས་བྱིན་གྱིས་བརླབས་པའོ། །འདི་ལྟ་བུའི་དགང་གཟར་དང་བླུགས་གཟར་ནི་མངོན་སྤྱོད་ཀྱིའོ། །དེ་ཡང་རྡོ་རྗེ་
བརྒྱབ་པའི་ཤིང་ངམ། ལྕགས་ལས་བྱའོ། །ཡང་ན་ཚེར་མ་ཤིན་ཏུ་རྣོན་པོ་ཅན་ལ་སོགས་པ་ལ་བྱའོ། །སངས་རྒྱས་དག་ཀྱང་ངེས་པར་འཇིག །ཅེས་པའི་དོན་ནི་དེ་ལྟ་བུའོ། །དེ་དག་ནི་ཕྱིའི་སྦྱིན་སྲེག་ཏུ་གསུངས་སོ། །ཡང་ནང་གི་བདག་ཉིད་གསུངས་པ། །སྔགས་
དང་ཕྱག་རྒྱར་ཡང་དག་ལྡན། །དེ་བཞིན་དཔའ་བོའི་སྟོན་མོ་ནི། །ཞེས་པ་སྟེ། སྔོན་དུ་གསུངས་པའི་རྫས་རྣམས་དང་། །རང་གི་ལྷག་པའི་ལྷའི་རྣལ་འབྱོར་གྱིས་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱ་བའི་དོན་དང་། བསམ་གཏན་གྱི་ཉམས་ཆེན་པོར་བྱ་བའི་ཆེད་དུ།
ས་གསུམ་གྱི་གཉེན་པོའི་ཐབ་ཁུང་དུ་ལས་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱའོ། །ལྟེ་བར་རང་གི་ངོ་བོས་སྐྱེས་པའི་དྲག་འཛིན་མའི་མེ་ཤིན་ཏུ་གསལ་བའི་སྒྲའི་རང་བཞིན་ལ། རྣལ་འབྱོར་མ་ཐམས་ཅད་དང་། དཔལ་ཧེ་རུ་ཀས་གང་བ་འ