Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 17

Văn bản gốc(Tây Tạng)

Trang 22 / 29 (50.000 ký tự/trang)
ིད། །ལྷ་དང་ལྷ་ཡི་ཚོགས་ཀྱིས་ཀྱང་། །མ་མཐོང་བར་ཡང་མཆོད་པར་གྱིས། །ཞེས་པས་རྡོ་རྗེའི་མཆོད་པ་གསུངས་ཏེ། རབ་ཏུ་བཅུག་ནས་ནི་བཀུག་ནས་སོ། །གཞན་ནི་རྒྱས་ལ་སོགས་པ་ཅན་ནོ། །སྐྱེ་བོ་
དང་བྲལ་བར་ཕྱོགས་བཅིང་བ་ལ་སོགས་པས་གནས་ལ་སོགས་པ་བསྲུང་བ་བྱས་ནས་བུད་མེད་མྱོས་པ་དང་ལྷན་ཅིག་ཉེ་བར་སྤྱོད་པ་ལྔ་ལ་སོགས་པ་ཉིད་ཀྱིས་མཆོད་པ་བྱས་ནས་དེའི་ཆུ་སྐྱེས་སུ་རྡོ་རྗེ་རབ་ཏུ་གཞུག་གོ། །ཀྱང་གི་སྒྲ་ལས་མི་ལ་སོགས་པ་རྣམས་ཀྱིས་ཏེ་བྲམ་
ཟེ་ལ་སོགས་པ་རྣམས་དང་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མཐོང་བར་བྱ་བ་མ་ཡིན་ནོ། །རང་གི་སྒྲ་ལས་མཐོང་ཡང་ཁ་ན་མ་ཐོ་བ་མེད་པ་རྣམས་ནི་ཡོན་ཏན་གཞལ་དུ་མེད་པ་དང་ལྡན་པ་ཕྱག་རྒྱ་ཆེན་པོ་གྲུབ་པའོ། །གསུངས་པ་ཡང་། །གང་ཁྱོད་ཉེས་མེད་ལུས་རྣམས་ཀུན། །
ཁ་ན་མ་ཐོ་མེད་པས་གཟིགས། །ཤེས་རབ་ཕ་རོལ་ཕྱིན་པ་ཁྱོད། །རྣམ་པར་མི་རྟོག་ཁྱོད་ལ་འདུད། །དེ་བཞིན་དུ། གཟུགས་མེད་གཟུགས་དང་ལྡན་པའི་མཆོག །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་

མ་ལུས་འཆང་བ་པོ། །ཞེས་སོ། །མཆོད་པར་བགྱི་ཞེས་པ་ནི་དོན་དམ་པའི་བདེན་པས་ཕྱག་རྒྱ་མ་དང་འགྲོགས་པས་ཟུང་འཇུག་སྒོམ་པར་བྱེད་པའོ། །དེ་ནས་ཉི་ཤུ་རྩ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གི་ཉི་མ་རྣམས་ཀྱིས་དྲི་མ་མེད་པ་ཉིད་དུ་འགྱུར་རོ་ཞེས་པ་ངེས་
པའོ། །དགོངས་པའོ། །རྩ་བའི་སྔགས་དང་ཡང་ན་གཞན་ཡང་སྔགས་པས་གྲུབ་པར་འགྱུར་རོ། །གང་ཚེ་མེ་ཏོག་སྙིམ་པ་བཀང་། །ནམ་མཁར་གཏོར་བ་མ་མཐོང་ན། །ཞེས་པ་ལ་སོགས་པས་རྩ་བའི་སྔགས་ལ་སོགས་པ་གསུངས་ཏེ། མེ་ཏོག་གཅིག་ས་ལ་ལྷུང་བ་དེའི་ཚེ་ཕོ་
ཉ་མོ་རྣམས་འགྲུབ་པར་བྱེད་དེ་ངག་གི་དབང་ཕྱུག་དང་ངག་གི་དབང་ཕྱུག་གི་མ་མོ་རྣམས་འགུགས་པར་བྱེད་པར་འགྱུར་རོ། །ལྷ་ལ་སོགས་པའི་གནས་མཐའ་ཡས་པ་ལ་གནས་ཞེས་སོ། །འདིར་སྔགས་ནི་བཤད་པའི་རྒྱུད་ལས་གསུངས་པའོ། །དེ་བཞིན་དུ་ཡང་གསུངས་པ།
ཨོཾ་ཧེ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཅེས་སོ། །ཡང་ན་ཨོཾ་ཛྭ་ལ་ཛྭ་ལ་བྷྱོཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ཕྱག་གཉིས་པའོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ཕྱག་བཞི་པའོ། །བཛྲེ་ཝཱ་རཱ་ཧཱི་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་སོ། །སྐར་མའི་རྒྱུ་བ་ཤེས་པར་འགྱུར། །ས་འོག་སོགས་སུ་གང་འགྱུར་དང་། །སྙིང་
པོ་ཉེ་སྙིང་ཡིན་ན་ནི། །བསྒྲུབ་བྱ་དེ་ནི་མི་མཐོང་ངོ་། །ཞེས་ཏེ། རྒྱུ་བ་རྣལ་འབྱོར་མ་རྣམས་ཀྱིས་ཤེས་པར་བྱེད་པ་མི་མཐོང་སྟེ། རྣལ་འབྱོར་དེ་ནམ་མཁའ་ལ་འགྲོ་བའི་ཕྱིར་རོ། །མེའི་གོང་བུ་བཞིན་དུ་ནམ་མཁའ་ལ་མི་སྣང་བར་བྱེད་དོ། །ཇི་བཞིན་པའོ། །གྲོང་དང་གྲོང་དུ་དེ་བཞིན་
དགོན། །གྲོང་ཁྱེར་དང་ནི་བཞི་མདོ་དང་། །དཔའ་བོའི་ཁྱིམ་དང་ཤིང་གཅིག་དང་། །རི་ཡི་རྩེ་དང་མཚན་མ་མཚུངས། །ཤིང་རྩེར་ཁ་དོག་དམར་བསམས་ནས། །ཡི་གེ་བདུན་གྱི་བདག་ཉིད་ཅན། །མི་ཕྱེད་མྱུར་དུ་ལྟུང་བར་འགྱུར། །ས་སྤྱོད་རྣམས་ཀྱང་ལྟུང་བར་འགྱུར། །བདག་
གི་ལུས་ལ་རྣམ་བཀོད་དོ། །ས་ལ་ཀུ་ཤའི་སྟན་ལ་ཉལ། །ཡི་གེ་བདུན་གྱི་བདག་ཉིད་ཅན། །ཇི་སྲིད་བརྒྱ་རྩ་བརྒྱད་པར་བཟླས། །རྨི་ལམ་དུ་ནི་བྱ་བ་ཀུན། །སྟོན་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་བྱ་བ་ནི། རྣལ་འབྱོར་མ་རྣམས་ཨོཾ་ཧྲིཿཞེས་བྱ་བ་ལ་སོགས་པས་འཁོར་ལོ་

བསྒོམ་པ་དང་བཟླས་པས་ཐམས་ཅད་བྱེད་དེ་སྒྲ་ཇི་བཞིན་པའོ། །བུ་མོའི་ལུས་ཀྱི་ཆོ་གས་སྔགས་ཀྱིས་བགྲང་ཕྲེང་ལ་མངོན་པར་བསྔགས་པར་བྱའོ། །རལ་གྲི་དང་མར་མེ་དང་མཐེ་བོང་དང་། མེ་ལོང་ལ་བལྟས་པས་པྲ་ཕབ་པ་མཐོང་སྟེ་དགེ་བ་དང་མི་དགེ་བ་གང་ཅུང་ཟད་ཡོད་པ་འདིར་
སྟོན་པར་བྱེད་དོ་ཞེས་པས་རྡོ་རྗེའི་སྐར་མ་འམ་སྣང་བ་གསུངས་སོ། །དཔལ་ཀྱེའི་རྡོ་རྗེ་ལ་སོགས་པར་གསུངས་པའི་ཆོ་གས་ཤེས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ། །དེ་ནས་ཡི་གེ་པ་ཡི་སྔགས། །རྣམ་བཀོད་འཁོར་ལོའི་དབྱེ་བ་ལས། །ལག་གཡས་ཉི་མའི་དབུས་སུ་ནི། །སྟོང་
ཕྲག་གཅིག་ཏུ་མངོན་བསྔགས་ནས། །གང་གིས་ལག་པ་སྟོན་པར་བྱེད། །དེ་ནི་ངེས་པར་འགུགས་པར་བྱེད། །འཁོར་ལོ་ཟླ་བའི་དཀྱིལ་འཁོར་དུ། །རྣམ་བཀོད་ལག་པ་གཡོན་པས་དེ། །ཤེལ་གྱི་རྣམ་པའི་འོད་ཟེར་གྱིས། །ཕྱོགས་བཅུར་རྣམ་པར་འབྱེར་བར་བྱེད། །ཅེས་པ་
ནི་འབྱུང་པོ་ལ་སོགས་པ་འབྲོས་པར་བྱེད་པའོ། །སྒྲ་ཇི་བཞིན་པའོ། །གང་གིས་ལག་པ་སྟོན་པར་བྱེད་པ་དེ་ནད་ལ་སོགས་པས་གཟིར་བ་དེ་རྣམས་ཀྱི་ནད་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ་ཐེ་ཚོམ་མེད་དོ། །དུག་དང་གདོན་དང་རིམས་དང་གཟེར་དང་མཛེ་ལ་སོགས་པ་ཡང་
འཇོམས་པར་བྱེད་དོ་ཞེས་པ་སྒྲ་ཇི་བཞིན་པའོ། །བ་ལང་ཤ་ནི་མངར་གསུམ་བཏགས། །གལ་ཏེ་སྔགས་རིག་གཅེར་བུ་གང་། །མཚན་མོ་གསང་བ་རུ་ནི་གནས། །སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱ། །སྔགས་པས་ནང་པར་དུས་སུ་ནི། །གསེར་སྲང་སྟོང་ནི་རྙེད་པར་འགྱུར། །
སྦྱིན་སྲེག་སྟོང་ཕྲག་བཅུ་རྣམས་ཀྱིས། །ཡུལ་འཁོར་དམ་པ་རྙེད་པར་འགྱུར། །ཞེས་པས་སྦྱིན་སྲེག་གསུངས་སོ། །མངར་གསུམ་ནི་སྦྲང་རྩི་འོ་མ་ཀ་རའོ། །སྒྲ་ཇི་བཞིན་པའོ། །ཡང་ན་གསང་སྔགས་རྒྱལ་པོ་ཆེ། །གནས་ནི་གང་དུ་བསམ་པར་བྱ། །སྦྱིན་སྲེག་འབུམ་
གྱིས་གནས་དེ་རུ། །རྒྱལ་སྲིད་འགྱུར་བར་ཐེ་ཚོམ་མེད། །ཅེས་པ་སྒྲ་ཇི་བཞིན་པའོ། །དཀར་པོ་ཡིས་ནི་ཞི་བར་བྱེད། །དམར་པོས་དབང་དུ་འགྱུར་བར་བྱེད། །ནག་པོས་མྱུར་དུ་གསོད་པར་བྱེད། །སེར་པོས་ངེས་པར་གནོན་པར་བྱེད། །ཅེས་པ་ཁ་དོག་གསུངས་ཏེ་སྒྲ་

ཇི་བཞིན་པའོ། །ལག་པ་གཡོན་དང་གཡས་པ་ལ། །ཟླ་ཉི་མུན་པ་ཅན་དང་མེ། །སྤྱི་བོར་བཅིངས་པ་མཐོང་བ་དང་། །བྱེད་པར་འགྱུར་ཏེ་གཞན་དུ་མིན། །ཇི་སྲིད་ཁུ་ཚུར་མ་བཀྲོལ་བ། །མཚོན་ཆ་མྱུར་དུ་གནོད་པར་བྱེད། །གྲུ་དང་ཤིང་རྟ་འཁྲུལ་འཁོར་དང་། །དུད་
འགྲོ་ལ་སོགས་པ་ཡི་གཞི། །ཞེས་ཏེ། གཡས་པ་ལ་ནི་ལག་པ་གཡས་པ་ཁུ་ཚུར་བཅིངས་ནས་སྔགས་བཟླས་པས་མི་ལ་སོགས་པའི་འཁྲུལ་འཁོར་ལ་སོགས་པ་གནོན་པར་འགྱུར་རོ། །སྒྲ་ཇི་བཞིན་པའོ། །ཡང་ན་བྱ་བ་ཐམས་ཅད་ནི། །སྒྲུབ་པར་གྱུར་པ་བསྒྲུབ་པར་བྱ། །
དྲི་བཟངས་མེ་ཏོག་འབྲས་བུ་དང་། །བདུག་པ་སོ་རྩི་བཟང་པོའི་ཟས། །ཞེས་པ་ནི་གསལ་ལོ། །ལུས་ཀྱི་སྦྱོར་བ་དང་པོར་འགྱུར། །སྦྱོར་བ་གཉིས་པ་ནུས་པ་སྟེ། །གསུམ་པ་རྒྱལ་སྲིད་ལོངས་སྤྱོད་ཉིད། །བཞི་པ་མཐོ་རིས་གནས་པ་ཡིན། །སུམ་ཅུ་རྩ་དྲུག་ཕོ་ཉ་མོ། །དེ་
འགྲུབ་དེར་ནི་ཐེ་ཚོམ་མེད། །ཁམས་གསུམ་རྒྱུ་དང་མི་རྒྱུ་བཅས། །དམོད་འདེབས་རྗེས་འཛིན་བྱེད་པ་ཡིན། །ཞེས་པ་ཕན་ཡོན་ཏེ། འདིར་སྔགས་པའི་ལུས་ཀྱི་ལོངས་སྤྱོད་ནི་ལུས་མཛེས་པར་འགྱུར་རོ། །བསམ་གཏན་གྲུབ་པ་ལ་ནུས་པ། །ཞེས་སོ། །ངག་གི་འཇལ་བ་རྒྱལ་
སྲེད་ཅེས་ཏེ་ཡིད་ལ་མངོན་པར་འདོད་པའོ། །བཞི་པ་ནི་བུད་མེད་བཟང་མོའི་བདེ་བའོ། །སྒྲ་ཇི་བཞིན་པའོ། །ཡང་ན་རྣལ་འབྱོར་མ་དྲུག་སྔགས། །འཁོར་ལོ་ལག་པ་གཡོན་པར་གནས། །གང་གི་ལག་པ་དེ་བསྟན་པ། །དེ་ནི་ངེས་པར་འགུགས་པར་བྱེད། །འཁོར་ལོའི་
ཡི་གེ་ལ་སོགས་ནི་དམར་པོར་གསལ་ལོ། །ཙནྡན་དམར་པོའི་རྡུལ་དང་ནི། །དེ་བཞིན་སྐྱེ་ཚེ་ལན་ཚྭ་དང་། །བསྒྲུབ་པར་བྱ་བའི་རྐང་རྗེས་རྡུལ། །གཅིག་ཏུ་བྱས་ནས་བཏགས་པར་བྱ། །རྣལ་འབྱོར་མ་རྣམས་སྔགས་དང་ནི། །ལག་པས་མཉེ་བ་བྱས་ནས་ནི། །དེ་ནས་མཚན་མོ་གདོལ་
བའི་མེར། །རོ་བསྲེགས་མེ་ལ་ཕྱེ་མ་བསྲེགས། །བསྒྲུབ་བྱར་མངོན་ཕྱོགས་གྱུར་ནས་ནི། །སྦྱོར་བའི་དི་ནི་བརྩམ་པར་བྱ། །ཇི་སྲིད་ཆིག་བརྒྱར་སྦྱིན་སྲེག་བྱ། །དེ་སྲིད་ངེས་པར་འགུགས་པར་བྱེད། །ཅེས་པ་སྔགས་བརྗོད་པས་བསྒྲུབ་བྱ་རྨྱ་ཤིང་རྨུགས་པར་གྱུར་པ་རླུང་དང་མེའི་དཀྱིལ་

འཁོར་ལ་གནས་པ་ཕྱག་གི་ཞགས་པ་དང་ལྕགས་ཀྱུ་དང་ལྷ་རྣམས་ཀྱི་འོད་ཟེར་གྱིས་སྙིང་ཕུག་ནས། དེ་ནས་བུད་མེད་དེའི་སྐྱེ་གནས་ལྕགས་ཀྱུས་ཕུག་ནས་ཞགས་པས་མགྲིན་པ་བཅིངས་ནས་གཅེར་བུར་མངོན་དུ་ཕྱོགས་ནས་ཞབས་ཀྱི་འོག་ཏུ་ལྷུང་བར་གྱུར་པར་བསམ་པར་བྱའོ་ཞེས་པ་
སྒྲ་ཇི་བཞིན་པའོ། །ས་ཡི་མགོན་པོ་བདག་ཉིད་དང་། །ནོར་ཡང་དབང་དུ་འགྱུར་བ་ཡིན། །རྡུལ་དེ་ཉིད་ནི་ཡང་དག་བླང་། །ལྕགས་ཀྱི་ཕྱེ་མ་རྣམ་པར་བསྲེ། །དུར་ཁྲོད་རས་ལ་གཏུམས་ནས་ནི། །ལན་བདུན་བཟླས་ཏེ་བཞི་མདོ་རུ། །སོར་མོ་བརྒྱད་དུ་ས་བརྐོས་ནས། །དགྲ་ཡི་
མིང་དང་ཡང་དག་ལྡན། །གང་གི་མིང་སྨོས་སྦས་པ་དེ། །མྱུར་དུ་བསྒྲུབ་བྱ་དེ་གནོན་གྱུར། །བ་ཡི་འོ་མས་གྲོལ་དོན་དུ། །དེ་ནས་ཕྱི་མ་དེ་བཀྲུ་བྱ། །ཞེས་ཏེ། དེ་ཞེས་པ་བསྒྲུབ་བྱའི་རྐང་རྗེས་ཀྱིའོ། །དེ་ལ་གནས་པའི་ཡང་ནའོ། །སྒྲ་ཇི་བཞིན་པའོ། །ཕྱེ་མ་དེ་ཉིད་བླངས་ནས་ནི། །སྨྱོ་
བྱེད་ལྔ་དང་ཡང་དག་ལྡན། །ཡི་དགས་གོས་སུ་དེ་བཏུམས་ནས། །དགྲ་ཡི་མིང་ནི་ཀུན་དུ་བྲི། །གཅིག་ཏུ་བྱས་ནས་བརྒྱར་བཟླས་ཏེ། །དུར་ཁྲོད་དུ་ནི་མེ་སྦ་བྱ། །བསྒྲུབ་བྱ་འཕྲལ་དུ་སྨྱོ་བར་འགྱུར། །འོ་མས་བཀྲུས་ན་བདེ་བའོ། །ཞེས་ཏེ་རང་གི་གནས་སུ་འགྱུར་བའོ། །ལྔ་
ཞེས་པ་ནི་ད་དུ་རའི་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུའོ། །ཡི་དགས་ནི་ཤི་བའོ། །སྒྲ་ཇི་བཞིན་པའོ། །ཟླ་མཚན་དང་ལྡན་པའི་ཁྲག་གིས་གྲོ་ག་ལ་མིང་ཀུན་དུ་བྲི་བར་བྱའོ། །སུམ་མདོར་བཟླས་པ་བྱས་ཏེ་མཐེ་བོས་མནན་ན་དབང་དུ་འགྱུར་རོ། །རང་ཞེས་པ་
མིང་མེད་མཐེ་བོས་མནན་པའོ། །རྐང་པས་མནན་པར་བྱས་ནས་མིང་མེད་ཀྱིས་བཟླས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ། །དེ་ནས་ལས་མཆོག་བཤད་པར་བྱ། །ངག་གིས་དངོས་གྲུབ་རབ་བསྒྲུབ་པའོ། །ཀ་ར་བཱི་རའི་མེ་ཏོག་དམར། །བ་ཡི་འོ་མར་ལྡན་པས་ཀྱང་། །ཉིན་ཞག་
སོ་སོར་སྔགས་བཟླས་པས། །ཞི་བའི་ལིངྒའི་སྤྱི་བོར་བསྣུན། །ཉི་མ་བདུན་དུ་མཉམ་གཞག་པས། །བརྒྱ་རྩ་བརྒྱད་པོ་ཉིད་ཀྱིས་སོ། །དེ་ནས་ཉི་མ་བརྒྱད་པ་ལ། །མེ་ཏོག་དེ་རྣམས་བླངས་ནས་སུ། །ཆུ་ཀླུང་ཆེན་པོའི་ཆུར་ཞུགས་ནས། །དེ་དག་རེ་རེ་དོར་བར་བྱ། །མཐར་

གྱིས་ཀྱང་ནི་ཐམས་ཅད་རྣམས། །གསང་སྔགས་བཟླས་ནས་དོར་བར་བྱ། །ཆུ་ཀླུང་དོར་བའི་མེ་ཏོག་གང་། །རྒྱུན་ལས་ལྡོག་ན་སྒྲུབ་པ་པོས། །དེ་ནི་ཆུ་དང་ལྡན་པ་བླང་། །སྨོས་མ་རེག་པ་དེ་འཐུངས་ན། །སྒྲུབ་པ་པོ་དེའི་ངག་གིས་ནི། །དངོས་གྲུབ་འགྱུར་
བར་ཐེ་ཚོམ་མེད། །ཅེས་ཏེ་སྒྲ་ཇི་བཞིན་པའོ། །ལག་པ་སྐྱེ་གནས་ཕྱག་རྒྱ་བཅིངས། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །སྔགས་པ་བསྒྲུབ་བྱར་མངོན་ཕྱོགས་ནས། །བསྒྲུབ་བྱ་ཡི་ཡང་ལྟོ་བར་གནས། །བློ་ལྡན་དེ་ཡིད་ལ་གནས་པ། །ཐུན་གསུམ་མཐེ་ཆུང་བསྐྱོང་བར་བྱ། །
མཚན་མོ་བདུན་གྱིས་རྒྱལ་པོ་སོགས། །བརྒྱ་བྱིན་སོགས་རྣམས་ངེས་པར་འགུགས། །ཞེས་ཏེ་མཐེ་ཆུང་ནི་ལྕེའོ། །དགོངས་པའོ། །ཙནྡན་དམར་པོའི་རྡུལ་གྱིས་ནི། །བསྒྲུབ་པར་བྱ་བའི་གཟུགས་བྱས་ནས། །ཚ་བ་གསུམ་གྱིས་རྣམ་པར་བྱུགས། །སྤྲ་ཚིལ་གྱིས་ནི་རབ་བྱུག་
བྱ། །སྒྲུབ་པོས་དེ་ཡི་གསང་གནས་སུ། །ཟངས་མའི་ཁབ་ཀྱིས་དེ་ཕུག་ནས། །སེང་ལྡེང་མདག་མེ་དུ་མེད་ལ། །ཉི་མ་བདུན་དུ་ངེས་པར་གདུང་། །སྔགས་ཀྱིས་ལན་ཅིག་བཟླས་པ་ཡིས། །བསྒྲུབ་བྱ་མྱུར་དུ་འགུགས་པར་བྱེད། །བསྒྲུབ་བྱའི་མིང་ནི་སྔགས་སྤེལ་བ། །གི་ཝང་རོ་ཡི་
སེན་རྩི་ཡིས། །གྲོ་གའི་འདབ་མ་ལ་བྲི་བྱ། །རྒྱལ་པོའི་གནས་དང་སྡེ་ཉིད་བཅས། །སྤྲ་ཚིལ་གྱིས་ནི་འདབ་མ་དཀྲི། །སེང་སྡེང་མེ་ཡིས་གདུང་བར་བྱ། །ཇི་སྲིད་སྤྲ་ཚིལ་མ་ཞུ་བ། །དེ་སྲིད་བར་དུ་གདུང་བར་བྱ། །རྒྱལ་པོ་ངེས་པར་མྱུར་དུ་འགུགས། །བསྒྲུབ་པར་བྱ་བའི་རྐང་
རྗེས་རྡུལ། །ཙནྡན་དམར་པོ་དང་བསྲེས་པ། །དུར་ཁྲོད་ཐལ་བ་དང་ལྷག་མ། །གཅིག་ཏུ་བྱས་ནས་སྒྲུབ་པོས་ནི། །སེང་ལྡེང་མདག་མེ་དུ་མེད་ལ། །རྡུལ་དེ་ལག་པ་གཉིས་ཀྱིས་ནི། །མཉེས་ནས་གདུང་བའི་སྦྱིན་སྲེག་བྱ། །ཇི་སྲིད་དུ་ནི་བསྲེགས་པས་འགྲུབ། །བརྒྱལ་ཞིང་སེམས་
དང་བྲལ་བ་དང་། །རྣམ་པར་རྨོངས་ཤིང་ཉོན་མོངས་པས། །ཕྱུགས་དང་དེ་བཞིན་ཕོ་ཉ་མོ། །རླུང་གི་ཤུགས་ཀྱིས་འོང་བར་འགྱུར། །ཀ་ར་བཱི་རའི་ལྕུག་མ་ནི། །རླན་བཅས་དཔུང་པའི་ཚད་ཙམ་ནི། །བླངས་ནས་དེ་ལ་སྔགས་བྲིས་ཏེ། །རོ་བསྲེགས་མེ་རུ་དེ་གཞུག་བྱ། །ཇི་སྲིད་དེ་

ནི་མ་ཚིག་པ། །དེ་ནས་མྱུར་བས་བླངས་ནས་ནི། །རིགས་པས་ལན་བདུན་བཟླས་བྱས་ནས། །བསྒྲུབ་བྱའི་མིང་ནས་དེ་བསྐོར་བྱ། །བུད་མེད་མཆོག་གང་རྗེས་དྲན་ནས། །རླུང་གི་ཤུགས་ཀྱིས་དེ་འགུགས་བྱེད། །གཡོན་གྱི་འཇུག་པས་དེ་སླར་ཡང་། །བསྐོར་བས་ཞི་བར་བྱེད་
པ་ཡིན། །ཀ་ར་བཱི་ར་མར་མེ་ཏོག །རྒྱལ་ལ་གི་ཝང་གིས་བྱུགས་ཏེ། །ཆུ་ཀླུང་ཆེན་པོར་ཞུགས་ནས་ནི། །ལྟེ་བ་ཙམ་དུ་ཆུ་རུ་གནས། །ལག་པ་ཁ་སྦྱོར་དབུས་གནས་པ། །དེ་ནས་སྟོང་ཕྲག་གཅིག་ཏུ་བཟླས། །ལག་པ་གཉིས་ཀྱིས་ཕྱེ་མར་བརླགས། །ཆུ་ཡི་ལྷན་ཅིག་བཏུང་
བར་བྱ། །རྣལ་འབྱོར་པ་ནི་ཚིག་གྲུབ་པ། །དེ་ནས་དེ་ཡིས་དངོས་གྲུབ་འགྱུར། །རྒྱལ་པོ་རྒྱལ་པོའི་བཙུན་མོ་ཡང་། །ཡིད་ཀྱིས་ངེས་པར་འགུགས་པར་འགྱུར། །ལྷ་དང་ལྷ་མིན་མིར་བཅས་རྣམས། །ཁྲོས་པའི་ཚིག་གིས་གསོད་པར་བྱེད། །ཚར་བཅད་རྗེས་འཛིན་ལ་
སོགས་པ། །ཐམས་ཅད་ཚིག་གིས་བྱེད་པ་ཡིན། །ཞེས་པ་ལས་སྣ་ཚོགས་གསུངས་ཏེ་སྒྲ་ཇི་བཞིན་པའོ། །དེ་ནས་གཞན་ནི་རབ་འཆད་བྱེད། །བུད་མེད་ཀུན་དུ་རྨོངས་བྱེད་པ། །ཀ་ར་བཱི་རའི་མེ་ཏོག་ནི། །རིགས་པས་ལན་བདུན་བཟླས་པ་རྣམས། །དེ་རྣམས་ཁ་སྦྱོར་
བྱས་ནས་ནི། །སྐྱེ་གནས་དབུས་སུ་ངེས་པར་སྦྱར། །གཉིས་མེད་ཡེ་ཤེས་རྣལ་འབྱོར་ལྡན། །གསང་སྔགས་བརྒྱ་ཕྲག་གཅིག་བཟླས་བྱ། །སྒྲུབ་པ་དེ་དག་རྣམས་ཀྱི་ནི། །གཅིག་ནི་ཕུང་པོས་བླངས་ནས་སུ། །དེ་ཡིས་མི་མོ་གང་ལ་བསྣུན། །དེ་ནི་མོད་ལ་དབང་དུ་འགྱུར། །
ཞེས་ཏེ་རིགས་པས་ཞེས་པ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་སྔགས་ཀྱིས་སོ། །ཁ་སྦྱོར་བྱས་པ་ནི་མིག་བཙུམས་པའི་དགའ་བ་མེད་པའོ། །དམར་པོ་ནི་ཀ་ར་བཱི་རའི་མེ་ཏོག་གོ། །གཉིས་མེད་ཅེས་པ་བུད་མེད་དང་སྐྱེས་པའི་དབང་པོ་གཉིས་གཅིག་པ་ཉིད་དོ། །དགོངས་པའོ། །
དེ་ནས་ཡི་གེ་ཧ་ལྔ་ཡི། །ལས་ནི་འཆང་བྱེད་དེ་ཉིད་ལས། །གང་གིས་རྣམ་པར་ཤེས་ཙམ་གྱིས། །མྱུར་དུ་དངོས་གྲུབ་རབ་འཇུག་བྱེད། །ཅེས་པ་སྒྲ་ཇི་བཞིན་པའོ། །ཧཱིཾ་ཧཱིཾ་ཧཱུཾ་ཧཽ་ཧཿཞེས་པ་སྔགས་བསྟན་པའོ། །ཤེས་རབ་དག་པ་ཙམ་གྱིས་ཡོན་ཏན་ཕྱེད་དོ། །སྒྲ་ཇི་བཞིན་

པའོ། །འདི་དག་དགོད་པར་བྱ་བ་ནི་རྣལ་འབྱོར་པའི་ལག་པ་དག་བརྟན་པར་མཉེས་པར་བྱའོ། །བསྒྲུབ་བྱ་ལ་མངོན་དུ་ཕྱོགས་པར་གྱུར་པས་དེའི་མིང་ནས་བསྐུལ་བ་དང་ལྡན་པས་དེའི་ཁྲག་འགུགས་པར་བྱེད་དེ་དགྲ་བོ་མོད་ལ་འཆི་བར་འགྱུར་རོ། །འདི་དག་ནི་
ཧ་ཡིག་དབུས་མར་བྱས་ནས་གཞན་གྱི་མིང་དང་ལྡན་པ་བཀོད་པས་ཁ་ནས་ཁྲག་འཛག་པར་བསམ་པར་བྱའོ། །སྡིགས་མཛུབ་དང་མིང་མེད་ཀྱི་ཐོད་པར་གནས་པའི་ཁྲག་རབ་ཏུ་མཉེ་བར་བྱ་སྟེ་ཇི་སྲིད་དེ་སྐད་བཞིན་པར་འགྱུར་གྱི་བར་དུའོ། །དེ་ནས་བསྒྲུབ་བྱ་དེ་རྣམས་འཇིག་གོ། །
གཡོན་པའི་མིང་མེད་ཀྱི་རྩེ་མོ་ནས་མཉེས་ན་དེ་ནས་འཚོའོ། །ཆང་འཐུངས་ནས་གལ་ཏེ་ཁྲོས་པས་མིག་དམར་པོར་གྱུར་པས་བཟླས་པར་བྱ་སྟེ་རྒྱལ་པོ་སྡེ་དང་དཔུང་དང་བཞོན་པ་དང་བཅས་པ་ཡང་མྱུར་དུ་འགུགས་པར་བྱེད་དོ། །མྱོས་བྱེད་ནི་ཆང་ལ་སོགས་པའོ། །དེ་བཞིན་
དུ་ཤུན་པ་དང་བུ་རམ་དང་བཅས་པས་སོ། །གང་ཅུང་ཟད་བྱ་བ་དེ་སྦྲང་རྩིས་མཆོག་ཏུ་བཏགས་ནས་ཆུ་རྣམས་ཀྱིས་སྦྱར་བ་ཡང་མཁས་པས་ཆང་རྣམ་པ་གསུམ་དུ་ཤེས་པར་བྱའོ། །བུ་རམ་སོ་བ་བཅོས་པའི་ཆང་། །མཁས་པས་དྷཱ་ཧཱ་ཀཱི་ལ་གནས། །མཉེ་བྱ་ཟོས་ཤིང་འཐུངས་
པ་གང་། །དེ་དེ་མྱོས་བྱེད་ཅེས་བཤད་དོ། །སྒྲ་ཇི་བཞིན་པའོ། །དེ་ནས་རྣམ་པ་སྣ་ཚོགས་ཤེས། །མཁའ་འགྲོ་མ་ལ་གཏོར་མ་སྦྱིན། །སྒྲུབ་པོ་དངོས་གྲུབ་ལ་བརྩོན་པས། །གསང་སྔགས་བཟླས་པ་རབ་ཏུ་བྱ། །ཞེས་པས་བསྙེན་པ་གསུངས་སོ། །བཟླས་པ་
ཞེས་པ་ཉེ་བར་མཚོན་པ་སྟེ་སྦྱིན་སྲེག་ལ་སོགས་པ་འདི་ཉེ་བར་བསྡུས་སོ། །རི་བོང་ལ་སོགས་པའི་སྤུའི་སྐུད་པ་ལ་སྟོང་ཕྲག་མངོན་པར་བསྔགས་ནས་གང་གི་མགུལ་པ་ལ་བཅིངས་ན་མི་དེ་དེ་དང་འདྲ་བར་འགྱུར་རོ། །ཀ་ར་བཱི་རའི་མེ་ཏོག་ལ། །སྟོང་ཕྲག་གཅིག་ཏུ་མངོན་བསྔགས་
ནས། །དེ་ཡིས་སྦྲུམ་མ་ལ་རེག་ན། །མངལ་ནི་གཞན་དུ་འཕོ་བར་འགྱུར། །སྡིགས་མཛུབ་ལ་མངོན་པར་བསྔགས་ཏེ་སྡིགས་མཛུབ་བསྟན་ན་དེ་རྣམ་པར་འཇོམས་པར་བྱེད་དོ། །སྒྲུབ་པ་པོའི་གཡོན་པའི་མིང་མེད་ཀྱིས་རེག་ན་འཚོ་བར་བྱེད་དོ། །སྒྲ་ཇི་བཞིན་པའོ། །དེ་ནས་འདི་ལས་

འབད་པ་ཡིས། །རྡོ་རྗེ་མཁའ་འགྲོའི་སྙིང་པོ་འཆང་། །གང་གིས་བསྒྲུབས་པ་ཙམ་གྱིས་ནི། །དངོས་གྲུབ་ཀྱི་ནི་འབྲས་བུ་འབྱུང་། །ཞེས་པ་ལས་གསུངས་སོ། །མཁའ་འགྲོ་རྣམས་ཀྱི་རིག་པ་ཆེན་པོ་བཟླས་པར་བྱ་ཞེས་པ་ནི་རྣལ་འབྱོར་པས་འབུམ་བཟླས་པ་བསྒྲུབས་པས་
འབྱུང་པོ་རྣམས་དབང་དུ་བྱེད་དོ་ཞེས་པ་སྔོན་དུ་བསྙེན་པ་གསུངས་པ་ཕག་མོའི་སྔགས་འབུམ་བཟླས་པས་སོ། །ད་ནི་མངོན་པར་བརྗོད་པ་བླ་མར་གསུངས་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། སྟོང་པར་བསྒོམས་ནས་རང་གི་སྙིང་གར་ཟླ་བ་ལ་གནས་པའི་སྣ་
ཚོགས་སུ་ཆུ་སྐྱེས་ཀྱི་སྟེང་དུ། ཨཱ་ལི་ཀཱ་ལིའི་དབུས་སུ་ཡཾ་ལས་སྐྱེས་པའི་ཕག་མོ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་ཕྱག་གཉིས་མ་ཞལ་གཅིག་པ་སྤྱན་གསུམ་པ་མཆེ་བ་གཙིགས་པ་སྐྱིལ་ཀྲུང་ཕྱེད་པས་གར་བྱེད་བཞིན་པས་གནས་པ་ཤིན་ཏུ་མཛེས་པ་ཕྱག་གཡོན་གྱི་མཐར་སྐྲ་
གྲོལ་བ་སྣ་ཚོགས་པདྨ་ལ་རྣམ་པར་བཞུགས་པ་ཞལ་མཆེ་བ་གཙིགས་པ། ཟླ་བ་ཕྱེད་པས་ཉེ་བར་མཛེས་པ་ཅོད་པན་ལ་རྡོ་རྗེས་མཚན་པ་དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན་པར་བྱེད་པ་དྲག་མོ་ཐོད་པའི་ཕྲེང་བ་ཅན། དཔྲལ་བར་རྡོ་རྗེ་ཕྲེང་བ་ཅན། །གཡོན་དུ་ཐོད་པ་
ཁྲག་དང་བཅས། །གཡས་སུ་རྡོ་རྗེ་སྡིགས་མཛུབ་བྱེད། །བསྐལ་པའི་མེ་ལྟར་ཀུན་དུ་འབར། །ཁྲག་ལ་དགྱེས་ཤིང་ཁྲག་འཛག་མོ། །སྤྱན་དམར་འོད་ཟེར་དམར་པོ་སྟེ། །སངས་རྒྱས་ལྔ་ཡིས་རྒྱན་དུ་བྱས། །ཡང་ན་པདྨ་དམར་པོ་ཡི། །དབུས་སུ་སེམས་དཔའི་
སྐྱིལ་ཀྲུང་ཅན། །ཐོད་པའི་ཕྲེང་བའི་ཅོད་པན་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །རྡོ་རྗེ་དྲིལ་བུ་སྙོམས་པར་འཇུག །ཐབས་ནི་འཚིར་ཞིང་འཛིན་པའོ། །ཡང་ན་གཡས་བརྐྱང་དམར་པོར་བཅས། །སྐྲ་ནི་གྱེན་དུ་བཅིངས་ཤིང་བརྫེས། །འཇིགས་བྱེད་
དང་ནི་དུས་མཚན་མནན། །རྒྱན་བྱད་དམར་གནས་ཤིན་ཏུ་རྨུགས། །དེ་ལྟར་ལྷ་མོ་སྣ་ཚོགས་མཚོན། །སྣ་ཚོགས་དབྱིབས་དང་ཁ་དོག་སྟེ། །སྙིང་ལ་ཡེ་ཤེས་ཏིང་འཛིན་སེམས། །བསམས་ནས་སེམས་ནི་མཚོན་པར་བྱ། །ཇི་ལྟར་འཁོར་ལོ་ལྔ་བདག་ཉིད། །

བྷ་གའི་དབུས་སུ་བསྒོམ་པར་བྱ། །དེ་ནས་འཁོར་ལོ་བཞི་བདག་ཉིད། །དེ་ལྟ་བུ་སོགས་མཐར་ཐུག་པའོ། །ཡང་ན་ཡུད་ཀྱི་སྦྱོར་བ་ཡིས། །བརྗོད་པའི་ས་བོན་སོགས་དྲན་བྱ། །ས་བོན་འོད་ཟེར་སྤྲོས་པ་ཡིས། །འགྲོ་བའི་དོན་ནི་སྒྲུབ་པ་དང་། །
བར་མ་གསལ་བའི་ཡེ་ཤེས་དང་། །རྣམ་ཤེས་མཆོག་གི་ལུས་ཅན་རྣམས། །ཐུན་མཚམས་བཞི་རུ་བསྒོམས་པ་ལས། །ས་འོག་ས་སྟེངས་ཀུན་བལྟ་བྱ། །བདག་པོ་རྣམ་གཉིས་དེ་ཇི་སྲིད། །མཐོང་བར་ས་ལ་རྣམ་པར་སྤྱད། །ངེས་པར་སྦྱོར་བ་འདི་ཡིས་ནི། །
དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །གོ་ཆ་ཆེན་པོས་ཡང་དག་བསྲུང་། །འབུམ་ཕྲག་བཟླས་ནས་ལས་བྱའོ། །སྒྲ་ཇི་བཞིན་པའོ། །མིའི་རུས་པའི་ཕུར་པ་སོར་དྲུག་པ་བྱས་ནས་བརྒྱ་རྩ་བརྒྱད་བཟླས་ཏེ་དགྲའི་སྒོར་གཟུགས་པར་བྱ་སྟེ་དེའི་རིགས་རྒྱུད་ཟད་པར་འགྱུར་རོ། །བ་ལང་
གི་ཞིང་ངམ་མ་ཧེ་དང་གླང་པོ་ཆེ་དང་རྟའི་ར་བར་སྦ་བར་བྱ་སྟེ། གང་དང་གང་གི་རུས་པས་ཕུར་པ་བྱས་ན་དེའི་རིགས་རྒྱུད་ཉམས་པར་བྱེད་དོ་ཞེས་པའོ། །རིགས་རྒྱུད་ནི་རིགས་སོ། །བརྒྱད་ལྷག་པའི་བརྒྱ་བཟླས་པ་ལས་སོ། །སྒྲ་ཇི་བཞིན་པའོ། །དེ་ནས་རྒྱལ་པོ་
དབང་དུ་བྱ་བར་འདོད་པར་གྱུར་ན་སྒྲུབ་པ་པོས་སའི་རང་བཞིན་གྱི་གཟུགས་བརྙན་བྱས་ནས་སོར་བརྒྱད་ཀྱི་ས་རུ་གཞུག་པར་བྱའོ། །ཉི་མ་དང་པོ་ལ་མ་དུ་ལུངྒའི་མེ་ཏོག་གསུམ་དང་མེ་ཏོག་བསྲེས་ལ་སྦྱིན་སྲེག་བྱ་ཞིང་ཉིས་འགྱུར་དུ་འཕེལ་བར་བྱའོ། །སྟོང་ཕྲག་བརྒྱད་
དེ་སྲིད་མི་བདག་དབང་དུ་གྱུར་གྱི་བར་སྦྱིན་སྲེག་བྱའོ། །སྔགས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས། །རྨུགས་དང་དེ་བཞིན་རེངས་པ་དང་། །རྨོངས་དང་སྐེམས་པ་ཉིད་ཀྱང་ནི། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །ཅེས་ཏེ་ས་ལ་ནི་རྒྱལ་པོའི་སྒོ་རུའོ། །མེ་ཏོག་ནི་རྡུལ་ལོ། །
དགོངས་པའོ། །ཤ་དང་ལྡན་པའི་སྦྱིན་སྲེག་གིས། འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །སྐྱེས་པ་བུད་མེད་དུ་བྱ་བར་འདོད་པས། །སྐྱེས་པའི་ཞེས་པ་དེ་ཉིད་ཀྱིའོ། །རྐང་པའི་པགས་པ་དང་སེན་མོ་ནི་འདིར་ཆ་མཉམ་པར་བྱའོ། །རྐང་པ་ནི་ལྟོགས་པ་དེ་ཉིད་ཀྱིའོ། །ཀཎྜ་

ཀ་རིའི་མེ་ཏོག་དང་འབྲས་བུ་གཉིས་ཆ་མཉམ་པར་བྱས་ལ་རི་བོང་གི་ཁྲག་གིས་བཏགས་པར་བྱའོ། །ཉི་མ་བཅུ་གཅིག་ཇི་སྲིད་པར་གྲིབ་ནས་བསྐམ་པར་བྱའོ། །ཉི་མ་བཅུ་གཉིས་པ་ལ་གང་གི་མགོ་བོར་ཕྱེ་མ་བྱིན་པའི་སྐྱེས་པ་དེ་ངེས་པར་བུད་མེད་དུ་འགྱུར་ཏེ་ཡང་དག་པར་
འོ་མས་བཀྲུས་པས་གྲོལ་བར་འགྱུར་རོ། །ལྟོགས་པ་ནི་བྱ་རོག་ཆེན་པོའོ། །ཁྲག་རྣམས་ཞེས་སྤངས་པ་གསུམ་པའི་དོན་ཏོ། །མགོ་ལ་ཞེས་པ་མགོ་ལ་ཞེས་ཐོབ་བོ། །སྒྲ་ཇི་བཞིན་པའོ། །ཡང་ན་ཁྱི་རུ་བྱ་བར་འདོད་པས་རྒྱལ་གྱི་ལྕགས་ནེ་ལེའི་མགོ་བོར་བཞག་
ནས་ཞག་བདུན་དུ་སྔགས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །ཉི་མ་བརྒྱད་པ་ལ་སླར་ཡང་གུར་གུམ་གྱིས་མཉམ་པར་བྱས་ནས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་གང་གི་མགོ་བོར་དེའི་ཐལ་བ་བྱིན་པའི་སྐྱེས་པ་དེ་ཁྱིར་འགྱུར་རོ། །སླར་གསོ་བ་ལ་མཚན་མོ་མཁའ་
འགྲོ་མ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ་ཞེས་སོ། །རྒྱལ་ནི་སྐར་མ་རྒྱལ་ལ་ལྕགས་ཀྱི་དྲི་མའོ། །བརྒྱད་ཅེས་པ་བརྒྱད་ལྷག་པའི་སྟོང་ཕྲག་གོ། །ཁྱི་ནི་ཁྱིའོ། །སྒྲ་ཇི་བཞིན་པའོ། །རྫས་ཉིད་འདིར་རྫས་མ་ཡིན་པར་བྱ་བར་འདོད་ན་གསེར་ཤིང་གི་འབྲས་བུའི་སྦྱིན་སྲེག་བརྒྱ་རྩ་
བརྒྱད་བྱས་ན་གང་གི་ཚེ། མི་དེའི་རྫས་མ་ཡིན་པར་འགྱུར་རོ། །སླར་གསོ་བ་ལ་ནི་སྔགས་ཨ་རུ་རའི་སྦྱིན་སྲེག་བྱས་ན་དེ་བཞིན་དུ་འགྱུར་རོ། །གསེར་ཤིང་ནི་སྨོ་བྱེད་དོ། །ལྟས་སུ་བྱུང་བར་བྱ་བར་འདོད་པས་གང་བྱ་ཆེན་པོའི་ཚང་གིས་སྦྱིན་སྲེག་བྱས་ན་ཉི་མ་བདུན་པ་ལ་འདིར་ལྟས་སུ་
འབྱུང་བར་འགྱུར་ཏེ་ས་ལའོ། །སླར་གསོ་བ་ལ་ནི་ཕུབ་མའི་སྦྱིན་སྲེག་བྱས་ན་ངེས་པར་ལྟས་ངན་ཞི་བར་འགྱུར་རོ། །སྤེལ་ཚིག་གི་དབྱེ་བས་བརྒྱད་ལྷག་པ་རྣམས་བཟླས་པས་ཞིའོ་ཞེས་པ་སྒྲ་ཇི་བཞིན་པའོ། །ཟླ་བ་གཟས་ཟིན་པ་ན་བྱི་ལའི་སྤུ་རྣམས་རོ་བསྲེགས་པའི་མེར་བསྲེག་
པར་བྱའོ། །གང་གི་མིང་ནས་སྨོས་པ་སྔགས་ཀྱིས་མི་དེ་བྱི་ལར་འགྱུར་རོ། །ཐལ་བ་མགོ་བོར་བླུགས་པ་དེ་འོ་མས་བཀྲུས་ན་ཞིའོ། །བྱ་རོག་གི་རྒྱུས་པས་སྲད་བུ་བྱས་ནས་སྔགས་ཀྱིས་མངོན་པར་བསྔགས་ཏེ་མགུལ་པར་བཅིངས་པའི་མི་དེ་བྱ་རོག་ཏུ་འགྱུར་རོ། །སེམས་

ཅན་གང་དང་གང་ཉིད་ཀྱིས་སྐུད་པ་མགུལ་པ་ལ་བཅིངས་ཏེ་བརྒྱ་རྩ་བ་རྒྱད་བཟླས་ན་མི་དེ་དང་འདྲ་བར་འགྱུར་རོ། །མགུལ་པའི་སྐུད་པ་བཀྲོལ་བས་ཀྱང་གྲོལ་བར་འགྱུར་རོ། །རང་གི་སོ་བ་ལ་མངོན་པར་བསྔགས་ནས་ཕ་རོལ་གྱི་སོ་བ་རྣམས་སུ་གཞག་པར་བྱའོ། །
སོ་བ་ཕྱེད་ཀྱིས་ཀྱང་བདག་ཉིད་ལ་མངོན་པར་དབང་བསྐུར་ནས་མཚན་མོ་བདུན་དུ་སྔགས་བཟླས་པ་བྱས་ཏེ། དེ་ནས་སོ་བ་འགུགས་པར་བྱེད་དོ། །རང་གི་སོ་བ་ལ་ལན་བདུན་བཟླས་ནས་སོ། །སྒྲ་ཇི་བཞིན་པའོ། །སྣ་ཚོགས་པའི་ལས་རབ་འབྱམ་གྱི་ཆོ་གའོ། །དེ་ནས་གཞན་
ནི་རབ་འཆད་བྱེད། །མཁའ་འགྲོ་མ་ཡི་གནས་ཆེན་པོ། །རིན་ཆེན་ལྔ་ཡི་རང་བཞིན་དགེ། རི་བོ་བཟང་པོས་བྲིས་ནས་ནི། །དེ་ཡང་སྟེང་དུ་རྟག་བཟླས་བྱ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་གྱི་མཆོད་པ་གསུངས་སོ། །རི་བོ་ནི་སུཾ་ལས་སྐྱེས་
པའི་ལྷུན་པོའོ། །ལྔ་ཞེས་པ་ནམ་མཁའ་ལ་སོགས་པའི་དབྱིངས་སུ་གནས་པར་བསམ་པར་བྱའོ། །བཤད་པའི་རྒྱུད་དུ་ཡང་། རྟེན་དང་བརྟེན་པའི་རང་བཞིན་གྱིས། །བྷཻ་རམྦ་ལ་སོགས་པར་གནས། །བླ་མ་བརྒྱུད་རིམ་ཇི་ལྟ་བར། །དེ་ལྟར་ཤེས་ནས་ཆོག་ཤེས་པས། །རི་
ཡི་མགོ་དང་གེ་སར་དང་། །སྣ་ཚོགས་འདབ་མ་འཇམ་པ་ལ། །དེ་ཡི་དབུས་གནས་དཔའ་བོ་ནི། །འདོད་དོན་ཐམས་ཅད་སྒྲུབ་པ་པོ། །ཞེས་པ་དྲང་བའི་དོན་ཏོ། །གཙུག་ཏོར་ལ་སོགས་པའི་པདྨ་ནི་ལྔའོ། །བཟང་པོ་ནི་གསང་བའི་པདྨ་གཅིག་པུའོ། །སྣ་ཚོགས་ཆུ་
སྐྱེས་འདབ་མ་བརྒྱད་པ་རྡོ་རྗེ་ནོར་བུར་གནས་པ་ལ་སོགས་པ་བརྒྱད་པ་ཟེའུ་འབྲུ་དང་བཅས་པ་ལ་ཉི་མའོ། །ཨུ་མཱ་ར་དང་དེ་རང་དབང་ཕྱུག་ཆེན་པོ་དག་རྡུལ་དང་ཁུ་བའོ། །འདིར་ཧེ་རུ་ཀ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་དག་འགགས་པ་ནི་གང་བའོ། །རྡོ་རྗེ་ཕག་མོ་ནི་
དེ་ལ་སྣང་བ་ཐམས་ཅད་མཁྱེན་པ་ཉིད་དེ་ཟླ་བའམ། ཟླ་བ་ཅན་གྱི་དབྱེ་བ་མེད་པའི་ཆོས་ཅན་མ་སྒོམ་པར་བྱེད་པས་སྐྱེ་བོ་ཞེས་པ་ངེས་པའི་དོན་ཏོ། །མཁའ་འགྲོ་དེ་བཞིན་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །རབ་གཏུམ་ལ་སོགས་ཉི་ཤུ་བཞི། །བྱ་

རོག་གདོང་སོགས་མ་མོ་བརྒྱད། །ཅེས་པ་འདིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་གསུངས་སོ། །ཀུན་སྤྱོད་དུ་ཡང་ལུས་རྗེས་སུ་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །དེ་བཞིན་དུ་གཞན་ཡང་རྟོགས་པར་བྱའོ། །རྡོ་རྗེ་སེམས་སོགས་དཔའ་བོ་ནི། །ལུགས་ལས་བཟློག་
པས་རབ་ཏུ་བསྟན། །ཞེས་པས་འཁོར་ལོ་ལྔས་བསྡུས་པའི་དཀྱིལ་འཁོར་གསུངས་སོ། །མཁའ་ལ་འགྲོ་མ་ཉི་ཤུ་བཞི། །ཞེས་པ་ལེའུ་བཞི་པར་གསུངས་སོ། །རྣལ་འབྱོར་མའི་རྒྱུད་ཉིད་ཀྱི་ཕྱིར་རོ། །དྲང་བའི་དོན་གྱིས་གོ་སླའོ། །ངེས་པའི་དོན་གྱིས་མཁའ་
འགྲོ་མ་ལ་སོགས་པ་རྣམས་ལྟེ་བ་ལ་སོགས་པའི་འཁོར་ལོར་ས་ལ་སོགས་པ་འབབ་པའོ། །རབ་གཏུམ་ལ་སོགས་པ་རྣམས་རྩ་ཉི་ཤུ་རྩ་བཞིའི་སེན་མོ་དང་སོ་ལ་སོགས་པ་འབབ་པའོ། །བྱ་རོག་གདོང་ལ་སོགས་པ་རྣམས་སྒོའི་རྩ་རྣམས་ཏེ། ཁའི་དྲི་མ་ལ་སོགས་པ་
འབབ་པའོ། །དཔའ་བོ་རྣམས་ཀྱང་སོོ་དང་སེན་མོ་ལ་སོགས་པ་འབབ་པའོ་ཞེས་སོ། །དང་པོར་རྡོ་རྗེ་སེམས་དཔའ་སྟེ། །དེ་ནས་དཔའ་བོ་རྣམ་སྣང་མཛད། །པདྨ་གར་གྱི་དབང་ཕྱུག་ཉིད། །དེ་བཞིན་ཧེ་རུ་ཀ་དཔལ་ཆེ། །ནམ་མཁའི་སྙིང་པོ་རྟ་མགྲིན་དང་། །དེ་
བཞིན་རིན་ཆེན་རྡོ་རྗེ་མཆོག །སྟོབས་པོ་ཆེ་ཞེས་བརྒྱད་པ་ནི། །སྐུ་ཡི་འཁོར་ལོར་གནས་པ་སྟེ། །ལུགས་ལས་བཟློག་པར་གསུངས་པའོ། །མིག་ངན་རྡོ་རྗེ་འཇིགས་བྱེད་ཉིད། །རྡོ་རྗེ་བཟང་དང་ཤིན་ཏུ་བཟང་། །རྡོ་རྗེ་ཧཱུཾ་མཛད་ཉིད་དང་ཡང་། །དཔའ་ཆེན་རྡོ་རྗེ་
རལ་པ་དང་། །མྱུ་གུ་ཅན་ཞེས་བྱ་བ་སྟེ། །བརྒྱད་པོ་གསུང་གི་འཁོར་ལོར་གནས། །རྡོ་རྗེའི་ལུགས་དང་རྡོ་རྗེའི་འོད། །འོད་དཔག་མེད་དང་ལྷ་དགྲ་དང་། །དེ་བཞིན་ཉིད་དུ་མཆེ་རྣམ་གཙིགས། །ཀེང་རུས་ཀེང་རུས་ཆེན་པོ་མཆོག །ཐོད་པའི་དུམ་བུ་ཅན་རྣམས་ནི། །
དཔའ་བོ་ཉི་ཤུ་རྩ་བཞིར་བཤད། །བརྒྱད་པོ་ཐུགས་ཀྱི་རྡོ་རྗེར་གནས། །དཔའ་བོ་གཅིག་པུའི་དོན་དུ་ནི། །ཇི་སྐད་གསུངས་བཞིན་ཁ་དོག་དབྱིབས། །བསྒོམ་པར་བྱ་ཞིང་མཆོད་པར་བྱ། །ཞེས་ཏེ་སྒྲ་ཇི་བཞིན་པའོ། །ཉི་ཤུ་རྩ་བཞིའི་དཔའ་བོ་རྣམས། །དཔའ་མོ་

ཆེ་སོགས་ཕོ་ཉ་མོ། །ཞེས་པས་ཤེས་རབ་དང་ཐབས་ཉིད་དུ་གསུངས་སོ། །དེ་ལ་གཤིན་རྗེ་སྲེག་མ་ལ་སོགས་པ་བོང་བུ་དང་རྔ་མོ་དང་། ར་དང་བྱི་ལའི་གདོང་ཅན་ཞེས་བརྗོད་དོ། །ཕོ་ཉ་མོ་སུམ་ཅུ་རྩ་དྲུག་ནི་མཚན་མ་ལྔས་མཚན་མ་ལ་ཆགས་པ་དང་ཅུང་
ཟད་དགོད་པ་ཡོངས་སུ་འཁྱུད་པ་གཅེར་བུ་ཉིད་དང་སྐྲ་གྲོལ་བ་སྤུ་ལངས་པ་ཡང་ངོ་ཞེས་ཏེ་སྒྲ་ཇི་བཞིན་པའོ། །སྔར་བརྗོད་པ་ཡི་ཆོ་ག་ཡིས། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །དངོས་པོ་ཀུན་གྱིས་མཆོད་པར་བྱ། །དངོས་གྲུབ་ཀུན་བྱེད་དགེ་བ་ཡིན། །ཞེས་ཏེ་སྔར་བརྗོད་པ་ནི་
རྩ་བ་དང་བཤད་པའི་རྒྱུད་དུ་བརྗོད་པས་སོ། །རྡོ་རྗེ་མཁའ་འགྲོར་ཡང་ཐོ་རངས་རང་གི་སྙིང་གར་ཟླ་བའི་དབུས་སུ་ཨ་ཡིག་གིས་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམས་ནས་དེའི་སྟེང་དུ་ཧཱུཾ་ཡིག་རྣམ་པར་བསྒོམ་པར་བྱའོ། །དེ་ནས་བྱམས་པའི་སེམས་བྱས་ནས། །ཕྱི་ནས་དཀྱིལ་
འཁོར་བྲི་བར་བྱའོ། །ཞེས་པའི་ཆོ་གས་མཁའ་འགྲོ་མ་ལ་སོགས་པའི་གནས་དགོད་པས་སོ། །དེ་བཞིན་དུ་ཀུན་སྤྱོད་དུ། མཁའ་འགྲོ་དེ་བཞིན་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །པདྨའི་ཕྱོགས་ཀྱི་གནས་ལ་དགོད། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་མ། །
ཞལ་གཅིག་མ་ལ་ཕྱག་གཉིས་མ། །སྣ་ཚོགས་གཟུགས་ཅན་རྣམ་སྒེག་མ། །ཕྱོགས་བྲལ་གྱི་ནི་བཞི་པོ་ལ། །ལྔ་ཡིས་གང་བའི་ཐོད་པ་ཉིད། །སུཾ་ཡིག་ལ་སོགས་ཡང་དག་སྦྱར། །ཡུལ་དང་ཡུལ་དུ་རྣམ་གནས་པ། །དྲངས་པ་འཁོར་ལོའི་སྙིང་པོར་གནས། །རྣལ་འབྱོར་
རིག་པས་རྟག་ཏུ་མཆོད། །ཅེས་སོ། །ད་ནི་མངོན་པར་བརྗོད་པ་བླ་མར་གསུངས་པའི་དམ་ཚིག་གི་མཁའ་འགྲོ་ལ་སོགས་པ་བསྒོམ་པ་བརྗོད་པར་བྱ་སྟེ་འདི་ལྟ་སྟེ། དཀྱིལ་འཁོར་སྔ་མའི་དབུས་སུ་ནི། །པདྨ་འདབ་བརྒྱད་བྲི་བར་བྱ། །སྣ་ཚོགས་ཁ་དོག་གེ་སར་ལྡན། །འདོད་པའི་
འབྲས་བུ་ཀུན་རབ་སྦྱིན། །དེ་ལ་དབུས་སུ་ཧཱུཾ་ཡིག་ནི། །རྡོ་རྗེ་སེམས་དཔའ་རྣམ་བསྒོམ་བྱ། །བཅོམ་ལྡན་ཞལ་བཞི་སྔོ་དང་སེར། །དམར་དང་ལྗང་ཞལ་སྤྱན་གསུམ་པ། །བཅུ་གཉིས་ཕྱག་སྟེ་གཡས་བརྐྱང་གནས། །འཇིགས་བྱེད་ཆེ་དང་དུས་མཚན་མོ། །ཞབས་ཀྱི་མཐིལ་

གྱིས་ཀུན་དུ་མནན། །དམ་ཚིག་རྡོ་རྗེ་ཕག་མོས་འཁྱུད། །ཕྱག་གཉིས་རྡོ་རྗེ་དྲིལ་བུའོ། །ཞེས་སོ། །དེ་ནས་གཞན་ནི་རབ་འཆང་བྱེད། །གསུང་གི་དཀྱིལ་འཁོར་སྒོམ་པའོ། །དཀྱིལ་འཁོར་སྔ་མའི་དབུས་སུ་ནི། །གསུང་གི་འཁོར་ལོ་ཡོངས་བསྒོམ་བྱ། །རྩིབས་བརྒྱད་ཁ་
དོག་དམར་པོ་ལ། །པདྨ་སྔ་མ་དེ་བཞིན་ནང་། །རྡོ་རྗེ་སེམས་དཔའ་ཡོངས་བསྒྱུར་བས། །གསུང་གི་རྡོ་རྗེ་ཡོངས་སུ་བསྒོམ། །ཞལ་བཞི་ཕྱག་ནི་བཅུ་གཉིས་པ། །ཞེས་པ་ལ་སོགས་པ་རྒྱས་པར་རོ། །དེ་ནས་མཆོག་སྒྲུབ་པའི་ཆོ་གར་འགྱུར་ཏེ། པདྨ་འདབ་བརྒྱད་ཡིད་འོང་བ། །ཁ་
དོག་སྣ་ཚོགས་ཡིད་འཕྲོག་པར། །ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། །པདྨའི་རྒྱལ་པོ་རྣམ་པར་བསམ། །ཞལ་བཞི་པ་ཕྱག་བཅུ་གཉིས་པ་རྡོ་རྗེ་ཕག་མོས་འཁྱུད་པ། ཕྱག་གཉིས་ཀྱིས་རྩེ་མོ་ལྔ་གདེངས་པའི་རྡོ་རྗེ་པདྨ་དང་དྲིལ་བུའོ། །ཕྱག་གཞན་གཉིས་ཀྱིས་ཚོགས་བདག་
གི་པགས་པའི་ན་བཟའ་འཆང་བ་གཡས་ཀྱི་ཕྱག་རྣམས་སུ་མདུང་དང་ལྕགས་ཀྱུ་དང་གྲི་གུག་དང་ཅང་ཏེའུ་གཡོན་རྣམས་སུ་ཁ་ཊྭཱཾ་ག་དང་ཞགས་པ་དང་ཚངས་པའི་མགོ་བོ་དང་དགྲ་སྟ་རྣམས་སོ། །ཁ་ཊྭཱཾ་ག་ཡང་མཆོད་ཕྱིར་ཐོགས་ཀྱི་ཚུལ་གྱིས་སྟེང་དུ་རྡོ་རྗེ་རྩེ་མོ་ལྔ་པ་དང་། དྲིལ་བུ་
རབ་ཏུ་འཆང་བ་བ་དན་གསུམ་པས་མཚན་པ་དབུས་སུ་སྣ་ཚོགས་རྡོ་རྗེས་མཚོན་པ་འོག་ཏུ་རྡོ་རྗེ་རྩེ་གཅིག་པའོ། །རྒྱུ་མའི་ཐོད་པ་ཕྱག་ཏུ་གནས་པའོ། །སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་ཞལ་ཕག་མོ་དམར་མོས་འཁྱུད་པ། དཀྱིལ་འཁོར་ཕྱི་རུ་རྣམ་པ་ལྔའི། །ཡི་
དགས་རྣམས་ཀྱིས་དེ་བཞིན་བསྐོར། །ཕྱི་རུ་དུར་ཁྲོད་མི་བཟད་པ། །ཁ་དོག་སྣ་ཚོགས་མཆོག་གི་མཆོག །ཤིང་མཆོག་སྣ་ཚོགས་ཀྱིས་ཡིད་འོང་། །ཅེ་སྤྱང་བཅས་པས་ཤིན་ཏུ་འཇིགས། །བྱ་རོག་འུག་པ་བྱ་དཀར་རྒོད། །ཅེ་སྤྱང་དེ་བཞིན་རོ་བསྲེགས་དང་། །ཀེང་
རུས་དང་ནི་མདུང་གིས་ཕུག །འཕྱང་དང་ཕྱེད་ཚིག་པ་དང་མགོ །མགོ་ཐོད་དང་ནི་རྗེ་ངར་དང་། །མགོ་མེད་ལག་དང་མགོ་བོ་དང་། །སྦྲུལ་ནི་སྣ་ཚོགས་ཡིད་འོང་དང་། །མིག་སྣ་དེ་བཞིན་རྔ་བོ་ཆེ། །སེང་གེ་ཕག་དང་སྟག་རྣམས་དང་། །ར་དང་ལུག་དང་དེ་བཞིན་དུ། །གླང་ཆེན་

རྟ་བོང་བ་ལང་དང་། །རྔ་མོ་སྣ་ཚོགས་དམ་ཚིག་མཆོག །མྱོས་བྱེད་རྣམ་པ་སྣ་ཚོགས་ཉིད། །དེ་བཞིན་ཆང་གི་བཏུང་བ་མཆོག །དཔའ་བོ་འདུས་པ་བཟང་མོ་ཡི། །རྣལ་འབྱོར་མ་རྣམས་སྣ་ཚོགས་མཆོག །ཐོད་པ་ཁ་ཊྭཱཾ་ག་འཛིན་ཞིང་། །གྲི་གུག་དང་ནི་
ཅང་ཏེའུ་མཆོག །ལྷ་ཡི་རོལ་མོ་སྣ་ཚོགས་དང་། །བཟའ་དང་བཅའ་བ་རོ་ཡི་མཆོག །རྣམ་པ་སྣ་ཚོགས་འོ་བྱེད་འཁྱུད། །གཞིབ་བྱ་བལྡག་བྱ་མཆོག་དམ་པ། །རྣམ་པ་དེ་ལྟའི་དུར་ཁྲོད་དུ། །གནོད་སྦྱིན་རོ་ལངས་སྲིན་པོ་རྣམས། །ཞེས་སོ། །ཆ་བརྒྱད་དཀྱིལ་འཁོར་ཡིད་འོང་
བ། །འབར་བ་དང་བཅས་ཉི་མ་མཚུངས། །དཀྱིལ་འཁོར་རྡོ་རྗེ་རིན་ཆེན་གྱིས། །ཤིན་ཏུ་དགའ་བ་ཐུག་མེད་སྒྲུབ། །ཅེས་སོ། །ད་ནི་གནས་བརྗོད་པས་སྒྲུབ་ཐབས་བརྗོད་པར་བྱ་སྟེ། འདི་ལ་བསྙེན་པ་དང་ཉེ་བར་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་སྟེ་ཡན་ལག་བཞི་གནས་སོ། །རྣལ་
འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་སྟེ་བཞིའོ། །མངོན་པར་བརྗོད་པ་བླ་མར་ཡང་། །དེ་ཉིད་ཀྱི་ནི་སྙིང་གར་བསྒོམ། །བསྙེན་པ་རྣལ་འབྱོར་རབ་ཏུ་བརྟགས། །མཁའ་འགྲོ་མ་ཚོགས་དཀྱིལ་འཁོར་ཉིད། །ཉེ་བསྙེན་རྗེས་སུ་རྣལ་
འབྱོར་གྱིས། །དཔའ་བོའི་ཡན་ལག་དགོད་པ་ཡིས། །རྣལ་འབྱོར་གྱིས་ནི་སྒྲུབ་པ་བརྩམ། །དག་པའི་བཟླས་པ་གྲུབ་ཆེན་གྱིས། །ཡན་ལག་རྣལ་འབྱོར་ཆེན་པོའོ། །ཞེས་སོ། །འདིའི་དོན་འདི་ཡིན་ཏེ། དང་པོའི་མགོ་བོའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་
གནས་པ་ཏིང་ངེ་འཛིན་སེམས་དཔའ་ལ་དམིགས་པ་རྣལ་འབྱོར་བསྒོམས་ནས་སྤྲུལ་པ་རྣམས་ཀྱིས་བླང་བའི་དཔའ་བོ་ཉི་ཤུ་རྩ་བཞིའི་ས་བོན་ཡན་ལག་དགོད་པར་བྱས་ནས་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དག་པ་དང་བཟླས་པ་རྣམས་
སོ། །གཏོར་མ་སྦྱིན་ནས་བདག་ཉིད་གོ་བགོ་བར་བྱའོ། །འདིར་ཉེ་བར་སྒྲུབ་པའི་ཡན་ལག་ལ་ཇི་ལྟར་གསུངས་པ་ནི་བཅོམ་ལྡན་འདས་ཞལ་གཅིག་པ་ཕྱག་གཉིས་པ་ལ་སོགས་པ་བསྒོམས་ནས་མཁའ་འགྲོ་མའི་ཚོགས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་

མཚན་མ་བཅུ་གཉིས་ཀྱི་དཀྱིལ་འཁོར་བརྗོད་པར་བྱ་སྟེ་བླ་མར་ཡང་མཁའ་འགྲོ་མ་ནི་རྡོ་རྗེ་སྟེ་མཚན་མ་བརྒྱད་ལའོ། །ལཱ་མ་ནི་དྲིལ་བུ་ལའོ། །དུམ་སྐྱེས་མ་དང་གཟུགས་ཅན་མ་ནི་གླང་པོ་ཆེའི་པགས་པའི་ཁུ་ཚུར་ལའོ། །དེ་བཞིན་དུ་བྱ་རོག་གདོང་མ་ལ་སོགས་པ་རྣམས་ཀྱི་མདུང་དང་
ལྕགས་ཀྱུ་དང་ཅང་ཏེའུ་དང་ཁ་ཊྭཱཾ་ག་དང་ཞགས་པ་དང་ཚངས་པའི་མགོ་བོ་དང་དགྲ་སྟ་དང་སྣ་ཚོགས་རྡོ་རྗེ་མཚན་མ་བརྒྱད་ལའོ། །སློབ་དཔོན་བྷ་བས་ཀྱང་གསུངས་པ་མཁའ་འགྲོ་མ་བཅུ་པོ་རྣམས་ནི་བཞི་དང་དྲུག་ནི་དགྲ་སྟ་དང་ཞགས་པ་དང་མདུང་དང་ཁ་ཊྭཱཾ་ག་དང་རྡོ་རྗེ་དང་སྣ་ཚོགས་
རྡོ་རྗེ་རྣམས་སོ་ཞེས་པའོ། །ཇི་སྲིད་ལྡོག་པའི་སྤྱོད་ཡུལ་དུ་གྱུར་གྱི་བར་དུ་ཕྱིའི་དཀྱིལ་འཁོར་ལ་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །གཡོན་ནས་བསྐོར་བའི་འཇུག་པའི་ཕྱག་འཚལ་བ་དང་པོ་མིང་དང་ལྷན་ཅིག་སྭཱ་ཧཱའི་མཐའ་ཡེ་ཤེས་རྒྱས་པའི་
དོན་དུའོ། །ཀུན་སྤྱོད་དུ་ཡང་། གཉིས་མེད་རྫས་ནི་མེ་ཏོག་སོགས། །མེ་ཏོག་རེ་རེ་ནས་དབུལ་བྱ། །ཞེས་སོ། །མངོན་པར་བརྗོད་པ་བླ་མར་ཡང་། །ཡེ་ཤེས་ལྔ་ཡི་བདུད་རྩི་ཡིས། །ས་གཞི་ཀུན་ནས་བྱུག་པར་བྱ། །བཟོད་པའི་ཕ་རོལ་ཕྱིན་མེ་ཏོག །འབད་པས་གཏོར་ཏེ་
དབུལ་བར་བྱ། །སྣ་ཚོགས་ཕྱག་རྒྱ་ཡིད་འོང་ལྡན། །རྒྱ་ཆེ་ཤིན་ཏུ་མཉམ་གཞག་པས། །ཞེས་སོ། །རྒྱུད་མདོར་བསྟན་པར་ཡང་། །ཤིང་སྐྱེས་རྡོ་འམ་རས་ལ་ཡང་། །གྲུ་བཞི་ཁྲུ་ཡི་ཚད་དུ་ནི། །སྐྲ་དང་སྲོག་ཆགས་ཕྲ་བརྟགས་ནས། །ས་ལ་དཀྱིལ་འཁོར་བྲི་བར་བྱ།།
ཞེས་ཏེ་སྒྲ་ཇི་བཞིན་པའོ། །དངོས་པོ་ཀུན་གྱིས་ཞེས་པ་ནི་མཁའ་སྤྱོད་ལ་སོགས་པ་གཟུགས་ཡོངས་སུ་བསྒྱུར་བ་གནས་པ་རྣམས་སོ། །རྒྱ་ཆེར་བཤད་པ་སུམ་ཅུ་རྩ་དྲུག་པར་ཡང་། །གྲུབ་འདོད་ཤིན་ཏུ་མཉམ་གཞག་པའི། །རྣལ་འབྱོར་པས་ནི་ཐུན་གསུམ་བསྒོམ། །
གཏོར་མ་དང་ནི་སྦྱིན་སྲེག་བྱ། །སྒྲུབ་ཆེན་དུས་ཀྱི་ཁྱད་པར་ལས། །ཞེས་སོ། །བསྒོམ་པར་བྱ་ནི་རྣམ་པ་ལྔས་མངོན་པར་བྱང་ཆུབ་པས་སམ། ཡན་ལག་བཞིས་ཐུན་མཚམས་བཞིར་རོ། །ཡང་ཡིད་ལ་བཟླས་པ་དང་དམ་ཚིག་བཏུང་བ་ཡང་བྱའོ། །དྲན་པའི་དོན་ཏོ། །

ཐུན་མཚམས་གསུམ་ནི་ཀུན་དུ་སྦྱོར་བ་གསུམ་གྱི་ལུས་ཤེས་རབ་དང་ཐབས་སུ་བསྒོམ་པར་བྱའོ། །སྙོམས་པར་འཇུག་པ་ནི་གཅིག་ཏུ་འདྲེས་པའི་དངོས་པོར་བྱའོ། །སྦྱིན་སྲེག་ནི་ཕུང་པོ་རྣམས་སོ། །དུས་ནི་མི་འགྱུར་བའི་བདེ་བ་ཡིན་ནོ་ཞེས་པ་
ངེས་པའི་དོན་ཏོ། །ད་ནི་རྒྱུན་དུ་གསུངས་པའི་མཆོད་པ་བརྗོད་པར་བྱ་སྟེ། སྔ་བར་མལ་ལས་ལངས་ནས་བཤང་བ་དང་ཁ་བཤལ་བ་བྱའོ། །རང་བཞིན་གྱི་ཁ་དག་པའི་དོན་དུ་རིལ་བུ་ཁར་གཞུག་པར་བྱའོ། །མདུན་དུ་དཀྱིལ་འཁོར་བྱས་ནས་བདུད་རྩི་ལྔ་དང་
བཅས་པའི་བ་བྱུང་གིས་སོ། །ཇི་སྐད་གསུངས་པའི་ཆོ་གས་མིང་མེད་དང་མཐེ་བོང་ཁ་སྦྱར་བ་དག་གིས་འཁོར་ལོའི་དབུས་སུ་བཅོམ་ལྡན་འདས་ཕག་མོ་དང་ལྷན་ཅིག་པ་མཆོད་པར་བྱའོ། །དེ་ནས་ཤར་དང་བྱང་དང་ནུབ་དང་ལྷོར་གནས་པ་རྣམས་ལའོ། །མེ་དང་བདེན་
བྲལ་དང་རླུང་དབང་དུ་གནས་པ་རྣམས་ལའོ། །ཡང་ན་ཕྱོགས་གསུམ་གཡས་སུ་བསྐོར་བ་དང་ཕྱོགས་བྲལ་རྣམས་སུ་གཡོན་པས་འཁོར་ལོ་མཐའ་དག་ཡང་དག་པར་ལྡན་པའོ། །ཡི་གེ་བརྒྱ་པ་བཏོན་ནས་བཏུད་པ་ཙམ་གྱིས་མཛོད་སྤུར་ཕྱག་བྱས་ནས་དཀྱིལ་འཁོར་གྱི་རེ་ཁ་
དབྱི་བར་བྱའོ། །མཆོད་པའི་ཆོ་ག་མདོར་བསྡུས་པའོ། །དེ་ནས་གཞན་ཡང་བཤད་བྱ་བ། །ཕྱུགས་ཀྱི་ལས་ཀྱི་ཆོ་ག་མཆོག །གང་གི་རྣམ་པར་ཤེས་ཙམ་གྱིས། །མྱུར་དུ་དངོས་གྲུབ་རབ་འཇུག་པའོ། །ཞེས་བྱ་བ་ལ་སོགས་པས་ཡི་གེ་བདུན་པའི་ལས་གསུངས་
ཏེ་སྒྲ་ཇི་བཞིན་པའོ། །སྔགས་པས་ཆོ་ག་ལྡན་བྱས་ནས། །སཱ་ལི་བཏགས་པ་ལས་བྱུང་ཕྱུགས། །བོང་བུ་མི་དང་རུས་སྦལ་དང་། །རྔ་མོ་ཅེ་སྤྱང་རྟ་ལ་སོགས། །ཀུན་དུ་སྣ་ཚོགས་ཕག་དག་ནི། །དངོས་གྲུབ་སྟེར་བའི་ཕྱུགས་སུ་བཤད། །ཅེས་ཏེ་ཕྱུགས་ཀྱི་སྐྱེ་བ་
བདུན་པ་སོ་སོར་བདུན་པ་ཅན་ནོ། །བོང་བུ་ནི་བོང་བུའོ། །སྣ་ཚོགས་ཕག་ནི་གྲོང་གི་ཕག་པའོ། །སྒྲ་ཇི་བཞིན་པའོ། །དེས་ཟོས་པ་འདིས་སྐྱེ་བ་བདུན་པ་ཤེས་པ་དང་རྙེད་པར་འགྱུར་རོ་ཞེས་པ་ཕན་ཡོན་གསུངས་པའོ། །སྒྲ་ཇི་བཞིན་པའོ། །མཚན་ཉིད་ཇི་ལྟར་འགྱུར་

བ་དང་། །དེ་རྣམས་ལས་ནི་རབ་འཆང་བྱེད། །ཉོན་ཅིག་ལྷ་མོ་སྐལ་བ་ཆེ། །རྣལ་འབྱོར་པ་ཡི་མཉེས་གཤིན་མ། །སྐྱེ་བ་གཅིག་དང་སྐྱེ་བ་གཉིས། །གསུམ་བཞི་ལྔ་དང་སྐྱེ་བ་དྲུག །སྐྱེ་བ་བདུན་དུ་འགྱུར་བ་ཡང་། །དེ་རྣམས་ཕྱུགས་སུ་ཐེ་ཚོམ་མེད། །ཅེས་ཏེ།
ཕྱུགས་ནི་བོང་བུ་ལ་སོགས་པ་སྟེ་དྲང་བའི་དོན་ཏོ། །དེ་འགྲོ་བ་མ་ཡིན་པ་ལས་བདུན་ནོ། །ངེས་པའི་དོན་ཏོ། །གང་གི་དབུགས་ནི་དྲི་ཞིམ་ཞིང་། །མིག་མི་འཛུམ་པར་ངེས་པ་ལྟ། །བདེན་པར་སྨྲ་བའི་མི་དེ་རྣམས། །རྟག་ཏུ་དམ་པའི་ཆོས་ལ་དགའ། །བདག་གི་སྐྱེ་བ་
ཤེས་པ་དང་། །རྟག་ཏུ་ལུས་ཀྱི་དྲི་ནི་ཞིམ། །མཚན་ཉིད་དེ་རྣམས་ལྡན་པ་དེ། །སྐྱེ་བ་བདུན་དུ་གྱུར་པའི་ཕྱུགས། །ཞེས་སོ། །འདི་རྣམས་བཤད་པའི་རྒྱུད་དུ་གསུངས་པ་ནི་བླ་མར་ཡང་། འདི་འདྲ་རྣལ་འབྱོར་པས་མཚོན་བྱ། །འཆི་བདག་མེ་ཡིས་མི་འཚིག་ཅིང་། །སྲོག་
ཆགས་གདུག་པ་སྣ་ཚོགས་ཀྱིས། །ནམ་ཡང་ཟ་བར་མི་འགྱུར་རོ། །སྒྲ་ཇི་བཞིན་པའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །ཉེ་སྙིང་འབུམ་དུ་བཟླས་པས་ཀྱང་། །དེ་ཉིད་ཀྱི་ནི་ལག་པར་དབུལ། །སྦྱིན་པ་འདི་ནི་བདག་ལ་སྩོལ། །ཞེས་སོ། །དེ་ནི་ཟོས་པ་ཙམ་གྱིས་ཀྱང་། །
ལྷ་ཡི་གཟུགས་ནི་འཆང་བར་འགྱུར། །སྙིང་གའི་རོ་ཙ་ན་བླངས་ནས། །གང་ལ་ཐིག་ལེ་བྱེད་འགྱུར་བ། །སེམས་ཅན་གང་དག་གང་ཉིད་ཀྱི། །དེ་དང་དེ་ཡི་གཟུགས་འཛིན་འགྱུར། །སྐྲ་འམ་སྤུ་འམ་རྒྱུད་མ་ཡིས། །སྐུད་པ་བྱས་ནས་མགྲིན་པ་ལ། །བཅིངས་ན་སེམས་ཅན་
གང་ཡིན་དེའི། །མི་དེ་དེ་འདྲར་འགྱུར་བ་ཡིན། །དེ་ལྟར་ཐམས་ཅད་ཡོངས་ཤེས་ནས། །སྔར་བརྗོད་པ་ཡི་ལས་རྣམས་སྒྲུབ། །ཅེས་སོ། །དེས་ན་དེ་ནི་རང་ཤི་བའིའོ། །རབ་ཏུ་ཟོས་པ་ནི་ཟོས་པའོ། །སྔར་བརྗོད་པ་མངོན་པར་བརྗོད་པར་གསུངས་པའི་ལས་རྣམས་བྱ་བའོ་
ཞེས་པ་སྒྲ་ཇི་བཞིན་པའོ། །མཁས་པ་ཤིང་ལོའི་ཁུ་བ་ནི། །རོ་ཙ་ནར་བཅས་བླངས་ནས་སུ། །དཔྲལ་བར་ཐིག་ལེ་བྱས་ན་ནི། །དེ་གཟུགས་འགྱུར་བར་ཐེ་ཚོམ་མེད། །ཅེས་ཏེ་ཤིང་ནི་འབྱུང་པོའི་སྐྲའོ། །སྒྲ་ཇི་བཞིན་པའོ། །ཕྱུགས་རྣམས་ཉིད་ཀྱི་སྤུ་རྣམས་ནི། །

ལག་དང་སྤྱི་བོར་བཅིང་བར་བྱ། །ལྗོན་ཤིང་ཡན་ལག་ལྔ་དང་ལྡན། །མི་དེ་དེ་ཡི་གཟུགས་སུ་འགྱུར། །ཞེས་ཏེ་ལྗོན་ཤིང་ནི་སྐྱེ་བ་བདུན་པའོ། །དེའི་ཡན་ལག་ལྔ་རྣམས་སུའོ། །དགོངས་པའོ། །རྣལ་འབྱོར་གོམས་ཤིང་བཟླས་པར་ལྡན། །མི་ནི་ནུས་
པར་ལྡན་ཡིན་ཡང་། །དཀའ་དང་སྡིག་པ་ལ་དགའ་དེ། །དངོས་གྲུབ་ལམ་ནི་འགོག་པ་ཡིན། །ཞེས་པས་སྒྲུབ་པ་པོ་གསུངས་སོ། །རྣལ་འབྱོར་ནི་གཉིས་སུ་མེད་པའོ། །གསུངས་པ་ཡང་། ཤེས་རབ་ཐབས་ནི་སྙོམས་ཞུགས་པ། །མི་ཕྱེད་རྡོ་རྗེ་གསུམ་གྱིས་མཚན། །ཤེས་དང་ཤེས་
བྱ་རྫོགས་གཅིག་ཉིད། །སྟོང་ཉིད་སྙིང་རྗེ་གཉིས་སུ་མེད། །དགོངས་པའོ། །དཀའ་བ་ནི་དམ་ཚིག་ཉམས་པའོ། །སྡིག་པ་ལ་དགའ་བ་ནི་མི་དགེ་བ་བཅུ་དང་རྩ་བ་དང་སྦོམ་པོའི་ལྟུང་བ་ལ་སོགས་པ་ལ་རབ་ཏུ་འཇུག་པའོ། །རྩ་བའི་ལྟུང་བ་རྣམས་ཀྱང་གཤིན་རྗེ་གཤེད་ནག་པོའི་རྒྱུད་དུ་
གསུངས་པ། སློབ་དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས་སྤུན་རྣམས་ལ། །ཉེས་པ་བརྗོད་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་ངེས་པར་བཏང་མི་བྱ། །བྱང་ཆུབ་སེམས་ནི་འདོར་མི་བྱ། །རང་གཞན་
ཆོས་ལ་སྨད་མི་བྱ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་རྣམས་ངོ་བོ་སུན་མི་དབྱུང་། །གདུག་པའི་བྱམས་པ་རྟག་ཏུ་སྤང་། །ཆོས་རྣམས་ཉིད་ནི་བསྟན་མི་བྱ། །དད་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་
ཚིག་བསྟེན་པར་བྱ། །ཤེས་རབ་རང་བཞིན་བུད་མེད་ལ། །སྐྱོན་ཉིད་ཀྱིས་ནི་སུན་མི་དབྱུང་། །ཞེས་སོ། །སྦོམ་པོའི་ལྟུང་བ་ཡང་གྲུབ་པའི་སློབ་དཔོན་པདྨ་མྱུ་གུའི་ཞབས་ཀྱིས། སྦོམ་པོའི་ལྟུང་བ་སྟོབས་ཉིད་ལས། །རྡོ་རྗེ་བཙུན་མོ་ལ་ཞེན་དང་། །སྟོབས་ལས་དེ་ཡིས་བྱང་
ཆུབ་སེམས། །དབང་བྱེད་བདུད་རྩིའི་ཆོ་ག་དང་། །ཤིན་ཏུ་གསང་བ་མི་སྦེད་ཉིད། །ཚོགས་ཀྱི་འདུས་པ་རྩོད་པ་དང་། །དད་པ་ཆེ་ལས་གསང་བའི་ཆོས། །ཕྱིན་ཅི་ལོག་ཏུ་སྟོན་པ་དང་། །ཉན་ཐོས་ལྷན་ཅིག་ཉིན་ཞག་བདུན། །རྒྱུན་མི་འཆད་པར་འགྲོགས་པ་དང་། །རྣལ་

འབྱོར་མི་ཤེས་རྣལ་འབྱོར་རྒྱགས། །དད་པ་མེད་ལ་དམ་ཚིག་སྟོན། །ཞེས་སོ། །དེ་ཞེས་པ་རྩ་བའི་ལྟུང་བ་བཅུ་བཞི་དང་། །སྦོམ་པོའི་ལྟུང་བ་རྣམ་པ་དགུའོ། །ནི་ནི་གང་གི་ཕྱིར་གྱི་དོན་ཏེ། དངོས་གྲུབ་ཀྱི་ལམ་འགྲོགས་པར་བྱེད་པ་ནི་དེའི་ཕྱིར་སྤང་བར་བྱའོ། །གསུངས་པ་
ཡང་། །དམྱལ་བ་ཡི་དགས་དུད་འགྲོ་རུ། །ཀུན་ནས་ལྟུང་བར་བྱེད་པ་གང་། །དེའི་ཕྱིར་ལྟུང་བ་རྣམས་སུ་བཤད། མཁས་པས་དེ་རྣམས་ཡོངས་སུ་སྤང་། །ལྟུང་བ་ལས་སློང་བར་བྱེད་པའི་སྔགས་ཀྱང་གསུངས་པ། བཤད་པའི་རྒྱུད་དུ་ཡང་། ཨོཾ་ཤྲཱི་བུདྡྷ་ཀ་པཱ་ལི་ཀཾ་བུ་
ཨཱ་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཧཱུཾ་ཕཊ་སྭཱ་ཧཱ། ཡང་ན་རང་གི་མིང་བཟླས་པ་ཡང་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་བཟླས་པར་བྱའོ། །འཁོར་ལོ་བྱས་ནས་ཇི་ལྟ་བུའི་རྣལ་འབྱོར་གསུངས་པ་ལས་བླ་མ་དམ་པའི་མདུན་དུ་ཕྱག་བྱས་ནས་ལྟུང་བ་ཐམས་ཅད་ངེས་པར་འདུལ་བར་བྱེད་པའི་གསང་
སྔགས་གདོན་པར་བྱའོ། །སླར་ཡང་བླ་མ་ལ་གསོལ་བ་བཏབ་པས་དམ་ཚིག་སྡོམ་པ་བླང་བར་བྱའོ། །བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་བདག་སྐྱབས་མཛོད། །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་
བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་པ་ཐེ་ཚོམ་མེད་བྱས་ནས། །ངེས་པར་དངོས་གྲུབ་ཅན་དུ་འགྱུར། །ཞེས་སོ། །བླ་མའི་རྒྱུད་དུ་བླ་མར་ཡང་། །ཞི་བར་འགྱུར་ཞིང་སྐལ་བཟངས་ཉིད། །རྣལ་འབྱོར་མ་ཡིས་དབང་ཡང་བསྐུར། །ཐུན་བཞིའི་
གོ་རིམས་བཞིན་དུ་ནི། །ཕྱི་དང་གསང་པའི་ཆུས་བཀྲུའོ། །ཞེས་སོ། །ལྟུང་བ་ལས་སློང་བར་བྱེད་པའི་ཆོ་གའོ།། །།གླང་པོ་རྟ་དང་རུས་སྦལ་དང་། །རྔ་མོ་ཕག་སོགས་ཅེ་སྤྱང་དང་། །བྱ་རོག་འུག་སོགས་བྱ་རྒོད་སོགས། །ཁྲུང་ཁྲུང་བཞད་དང་ཁྲ་རྣམས་དང་། །གཟུགས་
བཟང་གཟུགས་ངན་རྣམས་ཀྱིས་ཀྱང་། །ལྷ་ཡི་གཟུགས་སུ་དེ་འགྱུར་རོ། །རྣལ་འབྱོར་ཆེན་པོ་རང་འདོད་གཟུགས། །སྐྱེ་འགྱུར་འདི་ལ་ཐེ་ཚོམ་མེད། །འདི་ལས་ཆེ་མཆོག་དངོས་གྲུབ་ནི། །འཇིག་རྟེན་གསུམ་ན་ཡོད་མ་ཡིན། །འཇིག་རྟེན་ཅན་དུ་འགྱུར་བ་དང་། །

འོག་མིན་གནས་ཀྱི་མཐར་ཐུག་པ། །ཕྱག་རྒྱ་དཀྱིལ་འཁོར་བསྒོམ་པའོ། །ཞེས་པས་ཕན་ཡོན་གསུངས་སོ། །འོག་མིན་ནི་གཟུགས་ན་སྤྱོད་པའི་མཐའ་སྟེ་དེའི་མཐར་ཐུག་པའི་བདག་པོ་ཉིད་དུ་འགྱུར་རོ། །ས་བདུན་གྱི་དབང་ཕྱུག་ཡང་འཇིག་རྟེན་པ་
ཅན་སྒྲུབ་པ་ཉིད་ལས་སོ། །ཕྱག་རྒྱ་དཀྱིལ་འཁོར་བསྒོམས་པས་ནི་དཀྱིལ་འཁོར་མངོན་སུམ་དུ་བྱས་པས་ཀྱང་འཇིག་རྟེན་པ་ཐམས་ཅད་འགྲུབ་པར་བྱེད་དོ་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་དང་པོ་མཆོག་གི་སངས་རྒྱས་སུ་གསུངས་པ། འདོད་པར་སྤྱོད་པའི་དངོས་གྲུབ་
ནི། །ལས་ཀྱི་ཕྱག་རྒྱས་བསྒྲུབ་པར་བྱ། །ཡེ་ཤེས་ཕྱག་རྒྱས་འོག་མིན་གྱི། །གནས་ཀྱི་མཐར་ཐུག་བདག་པོ་ཉིད། །གཟུགས་ཞེས་བྱའོ་ཀུན་མཁྱེན་ཉིད། །རྣལ་འབྱོར་ཆེན་པོའི་ཕྱག་རྒྱ་ཆེ། །མ་ཉམས་བསྒོམས་པས་བསྒྲུབ་པར་བྱ། །འགྱུར་བ་མེད་པའི་བདེ་བ་
ཉིད། །སྐྱེ་བ་འདི་ལས་སངས་རྒྱས་ཉིད། །ཅེས་སོ། །དེ་ནས་རྫོགས་པའི་རིམ་པ་ཉིད་ཀྱིས་ཕག་མོ་ཡུད་ཀྱིས་བསམ་པར་བྱའོ། །ཟུང་འཇུག་མཉམ་པར་སྦྱོར་བ་ལས། །སྣང་བ་གསལ་བ་ལས་བདེ་བའི། །གོ་འཕང་རྟག་ཏུ་མཐོང་བ་ནི། །དེ་ནི་རྒྱལ་བས་མཆོད་པར་
འདོད། །ཉེར་སྤྱོད་ལྔ་ཡི་སྦྱོར་བ་ཡིས། །མྱུར་དུ་སངས་རྒྱས་ཐོབ་པར་འགྱུར། །འདིར་ནི་དཔལ་ལྡན་རྡོ་རྗེ་འཆང་། །མངོན་སུམ་འགྱུར་ཏེ་ཐེ་ཚོམ་མེད། །དབང་པོའི་དྲ་ལྟའི་འཇིག་རྟེན་དུ། །སེམས་ཅན་ཀུན་དོན་བྱེད་པ་པོ། །རུས་སྦལ་ལུས་ནི་སྐྱོང་བ་ཅི། །བསམ་
གྱིས་མི་ཁྱབ་སངས་རྒྱས་ཆོས། །ལུང་ནི་ལྷག་པར་རྟོག་པས་གྲུབ། །ཕྱི་ཡི་བསྟན་བཅོས་ཀྱིས་མ་སྒྲུབས། །དེ་ཉིད་ཕྱིར་ན་འགྲོ་བའི་མགོན། །བདེ་བ་ཆེ་ལ་ཡང་དག་བརྟེན། །མེད་པའི་ཆོས་ཅན་ལ་ནི་ཆོས། །སྐྱེ་བ་འདི་ནི་རབ་ཏུ་མཐོང་། །ཡིད་བཞིན་ནོར་ལྟར་མ་
ལུས་པའི། །སེམས་ཅན་བསམ་པ་ཡོངས་རྫོགས་བྱེད། །ཤེས་རབ་ཐབས་གཉིས་སྙོམས་འཇུག་པས། །ཆོས་དབྱིངས་ཀུན་དུ་དམིགས་པ་ལ། །ཐམས་ཅད་སྟོང་པར་རབ་འབྱུང་བ། །ཡེ་ཤེས་དག་པའི་ཡེ་ཤེས་ཉིད། །གང་དེས་རྫོགས་པའི་བྱང་ཆུབ་

ཉིད། །སྐད་ཅིག་གཅིག་ལ་རྙེད་པར་འགྱུར། །བརྒྱ་ཕྲག་བཅོ་བརྒྱད་དབུགས་རྣམས་ཀྱིས། །འགྱུར་མེད་སྐད་ཅིག་གིས་ཟོས་པས། །བདེ་གཤེགས་ས་ནི་ཀུན་འོད་འགྱུར། །ཟུང་འཇུག་རྣམ་པར་སྒོམ་པ་པོ། །དེ་ལྟར་ཉི་ཁྲིའི་བརྒྱད་གཉིས་བརྒྱས། །རྫོགས་པའི་བདེ་སྟོང་
སྐད་ཅིག་གིས། །བཅུ་གཉིས་པ་ནི་དེ་ནས་འགྲུབ། །ངེས་པར་སྲས་པོ་ཆེན་པོ་ཡིས། །ཐོག་མ་ཐ་མ་མེད་ཅེས་པ། །སོ་སོ་རང་རིག་མི་གཡོ་བ། །ཡང་དག་རྫོགས་པའི་སངས་རྒྱས་ཚུལ། །བདེ་བ་ཆེན་པོ་རང་དོན་ལྡན། །གཞན་དོན་བྱེད་ཕྱིར་སངས་རྒྱས་ཏེ། །རྟག་
ཏུ་སྙིང་རྗེ་ཅན་གྱི་སྟོབས། །ཆོས་ཀྱི་དབྱིངས་ལ་རྟག་ཏུ་གནས། །སྐལ་ལྡན་ཆེ་གེ་ཞེས་མཐོང་ངོ་། །སྔོན་གྱི་འཕེན་པའི་དབང་དང་ནི། །རྣམ་རྟོག་ཐམས་ཅད་བྲལ་ལས་ཏེ། །འགྲོ་བ་ནམ་མཁའི་མཐར་ཐུག་པར། །སེམས་ཅན་དོན་ལ་རབ་ཏུ་འཇུག །མཐོང་བའི་ཡུལ་ལ་
ཁྱབ་པ་ནི། །སྤྲུལ་པའི་ཡེ་ཤེས་སུ་བཤད་དོ། །ལུས་དང་ངག་ཡིད་གསང་བ་ནི། །ལྷན་སྐྱེས་བསྒོམས་པ་རྣམས་ཀྱིས་ཐོབ། །ཇི་ལྟར་རྒྱལ་བ་སངས་རྒྱས་ཀྱིས། །བརྒྱ་བྱིན་གཟུགས་བརྙན་སོགས་བརྗོད་པ། །དགུག་བྱས་ངེས་པར་བཏོན་པ་ནི། །ཆོས་ཀྱི་དབྱིངས་
ནི་ངེས་པར་གསུངས། །ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་བའི་སེམས་གཞི་གཙང་མ་ལ། །ཐུབ་པའི་དབང་པོ་སྐུ་ཡི་གཟུགས་བརྙན་འཆར། །ཇི་ལྟར་རྔ་བོ་ཆེ་ལས་ནི། །མ་བརྡུངས་པར་ཡང་སྒྲ་
འབྱུང་འགྱུར། །དེ་བཞིན་རྒྱལ་བ་བཟོ་མེད་པར། །སྟོན་པར་བྱེད་པ་ཡང་དག་འབྱུང་། །ཇི་ལྟར་འཇིག་རྟེན་དགེ་བའི་ལམ་འཇུག་ན། །རླུང་སྐྱེས་ཆུ་ཆར་སྤྲིན་གྱིས་འབེབས་པ་ལྟར། །དེ་བཞིན་བརྩེ་རླུང་འགྲོ་དགེ་མངོན་སྤེལ་ཕྱིར། །སངས་རྒྱས་སྤྲིན་ལས་དམ་ཆོས་ཆར་པ་
འབེབས། །ཚངས་བཞིན་ཟག་མེད་གནས་ལས་མ་བསྐྱོད་པ། །གང་ཚེ་སྤྲུལ་པ་རྣམ་པ་དུ་མ་སྟོན། །རྟག་ཏུ་ཉི་བཞིན་ཡེ་ཤེས་སྣང་བ་སྤྲོ། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་བུའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུངས་འདི་ནི། །བྲག་ཅ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་

ལྟ་བུ་སྟེ། །ཁྱབ་དང་གཟུགས་མེད་རྟག་པ་མེད། །ས་བཞིན་འགྲོ་བའི་དཀར་པོ་ཡི། །ཆོས་ཀྱི་སྨན་ནི་མ་ལུས་པའི། །རྣམ་པ་ཀུན་དུ་གཞིར་གྱུར་པ། །འདི་ནི་སངས་རྒྱས་ས་ཡིན་ནོ། །བརྒྱ་བྱིན་རྔ་བཞིན་སྤྲིན་དང་ཚངས་པ་ཉི་མ་ནོར་བུ་རིན་
ཆེན་བཞིན། །བྲག་ཅ་ལྟ་བུ་ནམ་མཁའ་དང་ནི་ས་གཞི་ལྟ་བུར་དེ་བཞིན་གཤེགས། །ཞེས་སོ། །སྐྱེ་བ་བདུན་པའི་གཟུགས་ཡོངས་སུ་བསྒྱུར་བའི་ཆོ་གའོ།། །།དེ་ནས་སྦྱིན་སྲེག་ཆོ་ག་བཤད། །འཇིག་རྟེན་གསུམ་པོ་དབང་དུ་འགྱུར། །གང་གིས་ཡང་དག་
ཆོ་ག་ཡིས། །མྱུར་དུ་དངོས་གྲུབ་རབ་འཇུག་པ། །བ་ལང་ཤ་དང་ཆང་བསྲེགས་ནས། །ལག་པ་གཡོན་པས་སྦྱིན་སྲེག་བྱ། །སངས་རྒྱས་ཀྱང་ནི་དབང་འགྱུར་ན། །ཕྲན་ཚེགས་མི་ནི་སྨོས་ཅི་དགོས། །ཞེས་ཏེ། ཆང་ནི་བུ་རམ་ལས་བྱུང་བ་དང་རྒུན་འབྲུམ་གྱི་ཤིང་
ལས་སྐྱེས་པའི་བཏགས་པ་ལས་བྱུང་བའོ། །སངས་རྒྱས་ནི་མཁས་པའོ། །སྒྲ་ཇི་བཞིན་པའོ། །ཁ་ཆུ་སོ་ཤིང་དག་དང་ནི། །དེ་བཞིན་རང་གི་ལུས་མཉེས་པ། །མིང་དང་མྱོས་བྱེད་སྦྱིན་སྲེག་གིས། །འཇིག་རྟེན་གསུམ་ཡང་དབང་དུ་བྱེད། །ཅེས་ཏེ། ཁ་ཆུ་ནི་སྐྱུགས་
པའམ་མཆིལ་མའོ། །མྱོས་བྱེད་ནི་རྩ་བ་བཅུ་པ་ལ་སོགས་པའི་རྩ་བ་མོའོ། །སྒྲ་ཇི་བཞིན་པའོ། །ཟླ་མཚན་ལྡན་པའི་ཁྲག་དང་ནི། །ཟོས་ནས་སྐྱུགས་པ་དག་དང་ནི། །མི་ཡི་སྐྲ་དང་ལྡན་པ་ཡི། །སྦྱིན་སྲེག་གིས་ནི་འགུགས་པར་འགྱུར། །སྒྲ་ཇི་བཞིན་པའོ། །རང་
གི་ལུས་ལས་ཟོས་པ་སྐྱུགས། །ནིམ་པའི་ཤིང་ལ་མེ་སྦར་ནས། །མཁས་པ་རང་སྒྲའི་སྦྱིན་སྲེག་བྱ། །མོད་ལ་མཆོག་ཏུ་སྡང་བར་འགྱུར། །ཞེས་ཏེ་རང་གི་ལུས་ནི་ཁྱིའོ། །སྐྲ་ནི་བསྒྲུབ་བྱའིའོ། །མཁས་པ་ནི་ལས་རབ་འབྱམ་ཤེས་པའོ། །སྒྲ་ཇི་བཞིན་པའོ། །
སྨྱོ་བྱེད་མེ་ལ་བརྒྱད་བརྒྱར་ནི། །ཚ་བའི་ཏིལ་མར་གྱིས་བསྒྲེས་པས། །བྱ་རོག་གཤོག་པས་སྦྱིན་སྲེག་བྱ། །ངེས་པར་འཕྲལ་དུ་སྐྲོད་པར་འགྱུར། །མི་ཡི་ཤ་ནི་ཁྲག་དང་ལྡན། །ར་ཅན་དུག་དང་མཉམ་ལྡན་པ། །མཚན་མོ་དུར་ཁྲོད་སྦྱིན་སྲེག་བྱ། །དགྲ་བོ་

མྱུར་དུ་གསོད་པར་འགྱུར། །ཞེས་ཏེ་མཚན་མོ་ནི་ཐུན་ཚོད་གཉིས་པ་ལའོ། །གསུངས་པ་ལས་ཀྱང་། ཞི་བ་ཅན་ནི་སྲོད་ལ་བྱ། །དེ་ནས་ཐོ་རངས་རྒྱས་པ་ཅན། །ཉི་མ་གུང་དང་མཚན་ཕྱེད་ལ། །དབང་དང་བསྐྲད་པ་ལ་སོགས་སོ། །དཀོན་མཆོག་གསུམ་ལ་སོགས་
པ་ལ། །གནོད་པ་བྱེད་པའི་དགྲ་བོ་ལ་སྟེ་ཉེས་པ་ཕྱུང་དུས་མི་བྱ་སྟེ་དངོས་གྲུབ་ཉམས་པར་འགྱུར་རོ། །སྒྲ་ཇི་བཞིན་པའོ། །ཅེ་སྤྱང་ཤ་ཡིས་སྲེག་བླུགས་བརྒྱ། །ཡང་དག་སྦྱིན་སྲེག་བྱེད་པའི་མི། །དེ་ནི་ཇི་སྲིད་འཚོ་བར་དུ། །ལག་ཏུ་དཔལ་འོང་ཐེ་ཚོམ་མེད། །
ཅེས་ཏེ་མི་ནི་ཤར་དུ་མངོན་པར་ཕྱོགས་པའོ། །ཡང་དག་པ་ནི་རྒྱས་པ་ཅན་གྱི་ཚོགས་སོ། །བརྒྱ་ནི་བརྒྱད་ལྷག་པ་དང་བཅས་པའོ། །སྒྲ་ཇི་བཞིན་པའོ། །འགའ་ཞིག་མྱོས་བྱེད་དང་ལྡན་པའི། །ཤ་ཆེན་དག་གིས་སྦྱིན་སྲེག་བྱེད། །སྒྲུབ་པོ་མཆོག་ནི་ཐུན་
གསུམ་དུ། །ཇི་སྲིད་བརྒྱ་རྩ་བརྒྱད་ཀྱི་བར། །ཇི་སྲིད་འཚོ་བར་ས་ཀུན་ལ། །སྤྱོད་པར་འགྱུར་བར་ཐེ་ཚོམ་མེད། །དེ་བཞིན་ཟླ་བ་གསུམ་སྟེང་དུ། །སྐད་ཅིག་ཉིད་ལ་དབུལ་བ་འཇིག །ཅེས་པ་ནི་རྟག་ཏུའོ། །སྤྱོད་པར་འགྱུར་ཞེས་པ་ནི་རྟག་ཏུའོ། །སྤྱོད་པར་
འགྱུར་ཞེས་པ་ནི་རྣམ་པར་རྒྱལ་བ་དང་ལྡན་པར་འགྱུར་རོ། །སྐད་ཅིག་ལས་ནི་སྟོང་ཐོབ་པ་ལའོ། །སྒྲ་ཇི་བཞིན་པའོ། །གསང་སྔགས་དུས་ཀུན་ཟློས་བྱེད་པ། །དེ་ལ་བཏུད་ནི་ཡིད་མ་ཡིན། །ལྷ་རྣམས་ཐམས་ཅད་བསྒོམས་ནས་ནི། །ཐུན་ཚོད་གཉིས་སུ་སྦྱིན་
སྲེག་བྱ། །དེ་ལ་མཁའ་འགྲོ་མ་རྒྱལ་སྲིད། །སྩོལ་འགྱུར་འདིར་ནི་ཐེ་ཚོམ་མེད། །རང་གི་ལུས་ནི་འདི་ཉིད་ཀྱིས། །མཁའ་ལ་སྤྱོད་པའི་གོ་འཕང་ཐོབ། །ཅེས་པ་ནི་ཕན་ཡོན་གསུངས་པའོ། །དུས་ཀུན་ནི་སྤྱོད་ལམ་བཞི་པོ་ཐམས་ཅད་དུ་བཟླས་པར་བྱ་ཞིང་མཆོད་
པར་བྱའོ། །སྔགས་ནི་གང་ལ་ལ་ཞིག་གོ། །ལྷ་ནི་མཁའ་འགྲོ་ལྔ་ལ་སོགས་པའི་སྔགས་ཏེ་མངོན་བརྗོད་དུ་གསུངས་པ་རྟོགས་པར་བྱའོ། །ཨོཾ་བཛྲ་ཌཱ་ཀ་དཾ་ཧཱུཾ་ཕཊ། ཨོཾ་བུདྡྷ་ཌཱ་ཀ་ཉཾ་ཧཱུཾ་ཕཊ། ཨོཾ་རཏྣ་ཌཱ་ཀ་ཧཱུཾ་ཕཊ། ཨོཾ་པདྨ་ཌཱ་ཀ་ནཾ་ཧཱུཾ་ཕཊ། ཨོཾ་བི་ཤྭ་ཌཱ་ཀ་མཾ་ཧཱུཾ་ཕཊ། ཉེ་བའི་

སྙིང་པོ་ལྔ་སྟེ་ཐམས་ཅད་གཅིག་ཁོ་ནའོ་ཞེས་སོ། །རྒྱལ་སྲིད་ནི་འབྱོར་པའོ། །གསུངས་པ་ཡང་། མཆོད་ལ་བརྩོན་པས་མཆོད་པར་འགྱུར། །བཟླས་ལ་བརྩོན་པས་རྣམ་པར་དག །མེ་ལ་སྦྱིན་སྲེག་བརྩོན་པས་འབྱོར། །བསམ་གཏན་བརྩོན་པས་ཐར་པ་ཐོབ། །
ཅེས་སོ། །རང་གི་ལུས་ནི་མཆོག་ཏུ་བདེ་བ་ལུས་མེད་པ་འོད་གསལ་བའོ། །འདི་ཉིད་ཀྱིས་ནི་སྐྱེ་བ་འདི་ཉིད་དོ། །མཁའ་སྤྱོད་ནི་ནམ་མཁའ་ལ་འགྲོ་བའོ། །གོ་འཕང་ནི་སངས་རྒྱས་ཉིད་རྟག་པའོ། །གསུངས་པ་ཡང་། གོ་འཕང་རྟག་པ་འགྲོ་གསུམ་དུ། །མི་རྟག་
གོ་འཕང་ཀུན་དུའོ། །ཐོབ་པར་འགྱུར་ནི་ལས་ཀྱི་ལུས་ཅན་ནོ། །སྒྲ་ཇི་བཞིན་པའོ། །ཅེ་སྤྱང་ཤ་དང་མྱོས་བྱེད་ཀྱི། །ཕྱི་དང་ནང་གི་སྦྱིན་སྲེག་གིས། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །སྒྲུབ་པོས་རྒྱུད་དུ་བརྗོད་པ་ཡིས། །ཞེས་པ་སྟེ་ཅེ་སྤྱང་ནི་ཅེ་སྤྱང་
ངོ་། །ལས་ཐམས་ཅད་ནི་ཞི་བ་ཅན་ལ་སོགས་པ་བརྒྱད་དངོས་གྲུབ་ཆེན་པོ་རྣམས་སོ། །སྦྱིན་སྲེག་གིས་ནི་ཐབ་ཏུ་དོང་ལྟ་བར་ཡང་བླུགས་གཟར་ལ་སོགས་པས་དང་ལག་པས་ཀྱང་བསྒྲུབ་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ། །གཽ་ཞེས་པ་དབང་པོ་རྣམས་སོ། །ཤ་
ནི་གསུངས་པ་ཡང་། །མཱཾ་ཞེས་མཱ་མ་ཀཱིར་རབ་བརྗོད། །ས་ཞེས་རྫོགས་པའི་བྱང་ཆུབ་གསལ། །དགོངས་པའོ། །མྱོས་ནི་ལྷན་ཅིག་སྐྱེས་དགའོ། །སོགས་པའི་སྒྲ་ལས་དགའ་བ་གསུམ་པོ་རྒྱུར་གྱུར་པའོ། །སྦྱིན་སྲེག་གིས་ནི་ལྷན་ཅིག་སྐྱེས་པ་སྟོང་པ་བསྒོམས་
པས་སོ། །ནང་གི་ཞེས་པ་ཐམས་ཅད་སྟོང་པ་བདེ་བ་ལའོ། །ཕྱི་དང་ཞེས་པ་ཀུན་རྫོབ་ཀྱི་བདེན་པས་སོ། །ལས་རྣམས་ཐམས་ཅད་ཅེས་པ་འགྲོ་བའི་དོན་བྱེད་པ་སངས་རྒྱས་ཉིད་དོ། །གསུངས་པ་ཡང་སངས་རྒྱས་ཉིད་ནི་ཡེ་ཤེས་དང་ཐུགས་རྗེ་དང་ནུས་པར་བསྟན་
པ་དོན་གཉིས་མཁྱེན་པའོ་ཞེས་ཏེ་ངེས་པའི་དོན་ཏོ། །རྒྱུད་དུ་ནི་ཤེས་རབ་དང་ཐབས་དག་གིས་གཞུང་ཡང་དག་པར་སྤེལ་བ་རྣམས་སུ་སྟེ་དེར་རྒྱལ་བས་གསལ་བར་བྱེད་པ་རྣམས་ནི་འདུས་པ་ཕྱི་མ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ཉི་ཤུ་རྩ་བཞི་དང་རྣལ་འབྱོར་མའི་

རྒྱུད་རྣམས་ཀྱང་སྟེ་དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་དང་། མངོན་པར་བརྗོད་པ་བླ་མ་དང་། ནམ་མཁའ་དང་མཉམ་པ་དང་། ཀུན་སྤྱོད་དང་རྡོ་རྗེ་མཁའ་འགྲོ་དང་། རྀ་གི་ཨ་རིལླི་དང་རྡོ་རྗེ་ཨ་རལླི་དང་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་དང་། རིག་པ་རྒྱ་མཚོ་དང་།
གསང་བ་རྒྱ་མཚོ་དང་། རལ་པ་གྱེན་བརྫེས་ཕྱི་མ་དང་ཁ་སྦྱོར་འབྱུང་བའི་རྒྱུད་རྣམས་སུ་རྟོགས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ། །ད་ནི་ཐབ་གསུངས་པ། ཞི་ལ་ཐབ་ཁུང་ཟླུམ་པོ་རུ། །སྒྲུབ་པོས་སྦྱིན་སྲེག་བྱ་བ་ཡིན། །ཞེས་བྱ་བ་ལ་སོགས་པས་སོ། །རྡོ་རྗེ་
ཨཱ་རལླིར་ཡང་ངེས་པར་བསྟན་པ། ཁྲུ་གང་བ་ཡི་ཚད་ཙམ་ལ། །སྔགས་པས་ཁྲུ་ཕྱེད་བརྐོས་པར་བྱ། །མཁས་པས་ཤིན་ཏུ་དཀར་བ་ཡིས། །རྡུལ་ཚོན་ལྡན་པས་ཐབ་ཁུང་བྱ། །དེར་ནི་ཤ་ལ་སོགས་པ་དང་། །གསུངས་པའི་སྔགས་ཀྱིས་སྦྱིན་སྲེག་བྱ། །མེ་ནི་
རང་གི་ལྷ་ཡི་གཟུགས། །འདོད་དོན་ཐམས་ཅད་སྒྲུབ་བྱེད་ཡིན། །ཞེས་སོ། །འདིར་ཐམས་ཅད་དུ་ཐབ་ཁུང་གི་ཕྱེད་ཀྱི་ཚད་བརྐོ་བར་བྱའོ། །ཐབ་ཁུང་གི་དྲུག་ཆ་ནི་ཁ་ཁྱེར་ཏེ་ཐབ་ཁུང་གི་རྣམ་པའོ། །ཐབ་ཁུང་གི་བཅུ་གཉིས་ཆ་ནི་མཆུ་སྟེ་ཐད་ཀར་འབྱུང་བའོ། །
གང་གི་ཚེ་རྡུལ་ཚོན་དུ་གྱུར་པ་དེའི་ཚོན་དཔངས་ངེས་པ་མེད་དོ། །སྒྲ་ཇི་བཞིན་པའོ། །རྒྱས་པའི་སྦྱིན་སྲེག་གྲུ་བཞི་རུ། །གསལ་ལ་གཞུ་ཡི་རྣམ་པ་རུ། །ཟུར་ལྔ་ཡང་དག་བཤད་པ་ལ། །སླར་ཡང་རྣམ་པར་ལྡང་དང་བསྐྲད། །དབང་ལ་ཟུར་གསུམ་པ་ཡི་
ཐབ། །དགུག་པ་ལ་ནི་ཟུར་བདུན་དུ། །རྨོངས་པའི་སྦྱིན་སྲེག་ཟུར་དྲུག་ཏུ། །རེངས་པ་ལ་ཡང་ཟུར་བརྒྱད་ལ། །ཐབ་ཁུང་མཚན་ཉིད་ཤེས་ནས་ནི། །དེ་ནས་མེ་ལ་སྦྱིན་སྲེག་བྱིན། །ཞེས་སོ། །འདིར་ཐམས་ཅད་དུ་མེ་ཏོག་དང་གོས་ལ་སོགས་པ་ལས་ཀྱི་རྗེས་
སུ་འབྲངས་པས་དཀར་པོ་ལ་སོགས་པར་ཤེས་པར་བྱའོ། །སྔགས་ནི་མཆོག་ཏུ་གསང་ཆེན་ལ་ཡང་བརྗོད་པ་ཉིད་མ་ཡིན་པའི་ཕྱིར་འདིར་མི་བརྗོད་དོ། །འདིར་ཞི་བ་ལ་དཀར་པོའི་ཞལ་འཛུམ་པ་དང་བཅས་སྔོན་མ་གཙོ་བའོ། །ཐུན་དང་པོ་ལའོ། །དཔའ་བོ་

གཅིག་པ་ཡང་རུང་ངོ་། །རྒྱས་པ་ལ་དཀར་པོ་དང་སེར་པོ་མཚུངས་པ་གཉིས་པ་ལ་འགྱུར་རོ། །དེ་བཞིན་དུ་རེངས་པ་ལ་སེར་པོ་རེངས་པ་གསུམ་པ་ལའོ། །དེ་བཞིན་དུ་རྨོངས་པ་ལ་སེར་པོ་དང་དམར་པོར་འགྱུར་རོ། །དེ་བཞིན་དུ་དགུག་པ་ལ་ཆགས་པ་དང་བཅས་པ་དམར་པོ་ལྔ་
པ་ལ་འགྱུར་རོ། །དེ་བཞིན་དུ་དབང་ལ་དམར་པོ་དང་ནག་པོ་དྲུག་པ་ལའོ། །དེ་བཞིན་དུ་གསང་བ་ལ་ནག་པོའི་ཞལ་བདུན་པ་ལའོ། །སྐྲོད་པར་བྱེད་པ་ནི་དཀར་པོ་དང་ནག་པོ་བརྒྱད་པ་ལའོ། །བསྒྲུབ་པར་བྱའོ་ཞེས་པ་ཁྲོ་བ་དང་བཅས་པའོ། །ཡང་ན་ཐུན་ཕྱེད་པའི་དབྱེ་བས་ཕྱེའོ། །ཡང་ན་
ཐུན་མཚམས་བཞིའི་དབྱེ་བས་ལས་རྣམས་ཏེ་སྔ་མའི་ཐུན་མཚམས་ལ་ཞི་བའོ། །ཉི་མ་གུང་ལ་རེངས་པའོ། །ནུབ་པར་གྱུར་པ་ལ་དགུག་པའོ། །མཚན་མོ་ཕྱེད་ལ་གསད་པའོ། །སྒྲ་ཇི་བཞིན་པའོ། །དཔལ་འབྲས་པ་ལ་ཤ་དང་ནི། །ཨུ་དུམྺཱ་རའམ་ཨ་ཤྭདྠ་ནི་ཡམ་ཤིང་ངོ་། །དེ་ནས་
གསང་སྔགས་གྲུབ་པར་འགྱུར། །ཞེས་སྲེག་རྫས་གསུངས་སོ། །གསུངས་པ་ཡང་། གསང་སྔགས་བཟླས་པས་འགྲུབ་པར་འགྱུར། །ཆོ་གས་བཅུ་ཆའི་སྦྱིན་སྲེག་ལས། །ཞེས་སོ། །འདིར་ཐམས་ཅད་དུ་དང་པོར་སྔགས་བསྒྲུབ་པའི་ཆེད་དུ་ཡི་གེ་གསུམ་གྱི་གསང་སྔགས་ཀྱི་བདག་པོ་
བཟླས་པ་དང་སྦྱིན་སྲེག་ལ་སོགས་པ་བསྒྲུབ་པར་བྱའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་བསམ་གཏན་དང་བསམ་གཏན་གཞན་བསྒྲུབ་པའི་ཆེད་དུ་དང་པོར་བསྟན་པར་བྱའོ། །རྣམ་པ་གཞན་དུ་དངོས་གྲུབ་མེད་དོ། །དཔལ་དུས་ཀྱི་འཁོར་ལོར་ཡང་གསུངས་པ། སྔགས་དང་གཟུགས་
བརྙན་གྲུབ་པར་སྲིད་པ་གསུམ་གནས་སུ་ནི་ཅི་ཡང་འགྲུབ་པར་འགྱུར་བ་ཉིད་མ་ཡིན། །དེ་ཡི་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ལ་གསང་སྔགས་གཟུགས་ནི་བསྒྲུབ་པར་བྱ། །ཞེས་པས། དེ་བཞིན་དུ་སྲོག་གི་རླུང་རྡོ་རྗེ་བཟླས་པའམ་མ་ནིང་གི་བཟླས་པས་སམ་
སྲོག་རྩོལ་ལ་སོགས་པས་ལས་རབ་འབྱམ་གྱི་དོན་དུ་དབུ་མར་རབ་ཏུ་གཞུག་པར་བྱའོ། །སྲོག་གིས་བསྒྲུབས་པ་ལས་རྣམ་པ་གཞན་དུ་ལས་གྲུབ་པ་མེད་དོ་ཞེས་པ་ངེས་པའོ། །གསལ་ལོ་སྦྱིན་སྲེག་གི་ཆོ་གའོ། །དེ་ནས་འདིས་ནི་ཡེ་ཤེས་ཀྱི། །འཁོར་ལོ་དགུག་པ་མཆོག་

འཆད་བྱེད། །ཕྱག་རྒྱས་བཅིང་དང་ལག་པར་དགོད། །དེ་ནས་ཡན་ལག་དགོད་པ་སོགས། །དཔྲལ་དྲུག་མཉམ་པར་སྤྲོར་བ་ཡིས། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་པ་ལ་སོགས་པས་ཡེ་ཤེས་དགུག་པ་ལ་སོགས་པ་མདོར་སྟོན་ཏེ་དམ་ཚིག་སེམས་དཔའ་རྫོགས་ནས་ཡེ་
ཤེས་ཀྱི་འཁོར་ལོ་ཛཿཧཱུཾ་བཾ་ཧོཿཞེས་པ་ལ་སོགས་པས་རབ་ཏུ་གཞུག་པར་བྱའོ་ཞེས་པ་ཡང་ནའོ། །དྲང་བའི་དོན་ཏོ། །ཡེ་ཤེས་སེམས་དཔའ་ནི་གཞོན་ནུ་མ་དང་རབ་ཏུ་འགྲོགས་པའི་ཁུ་བ་སྟེ། དེའི་དགུག་པ་ནི་སྲོག་ལ་སོགས་པའི་རླུང་གི་ཚོགས་ཀྱིས་བྱེད་དོ། །སྤྱི་བོར་
བྱང་ཆུབ་ཀྱི་སེམས་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་དོན་ཏོ། །དེས་མེས་ཞུ་བར་གྱུར་ནས་ཐིག་ལེའི་གཟུགས་ཀྱིས་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བར་རབ་ཏུ་འཇུག་པར་བྱེད་དོ། །ས་ནི་དེའི་བཅིང་བ་བྱེད་དོ། །ཆུའི་ཁམས་ནི་ལུས་ལ་བསིལ་བ་ཉིད་དུ་བྱེད་དོ། །
སླར་ཡང་གནས་དེ་ནས་སྟེང་དུ་བགྲོད་པའི་དོན་དུ་རྒྱུ་མཐུན་པའི་བདེ་བ་ཉིད་དོ། །སྤྱན་མ་ལ་སོགས་པས་རྡོ་རྗེའི་གླུ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱེད་དོ། །ལྟེ་བ་ལ་སོགས་པ་ནས་དེ་ལྟ་བུ་ལ་སོགས་པ་རྣམས་ཀྱིས་བསླངས་ནས་བདེ་བ་ཆེན་པོ་དྲི་མ་མེད་པ་ཉིད་དུ་གྱུར་པས་ཕུང་པོ་ལ་
སོགས་པ་སྒྲིབ་པ་མེད་པར་བྱེད་དོ། །དེ་ནས་རྣལ་འབྱོར་པ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དུ་འགྱུར་རོ་ཞེས་པ་ངེས་པའི་དོན་ཏོ། །ཕྱག་རྒྱ་སྟེ་དྲ་བའི་ཕྱག་རྒྱ་དང་སྡོམ་པ་འཆང་བར་བྱེད་དོ་ཞེས་པ་རྣལ་འབྱོར་རོ། །སྒྲ་ཇི་བཞིན་པའོ། །སྡོང་པོ་ལ་ནི་རྡོ་རྗེ་སེམས། །ལྕུག་
མར་རྣམ་པར་སྣང་མཛད་གནས། །པདྨ་གར་དབང་གུང་མོ་ལ། །ཧེ་རུ་ཀ་ནི་མིང་མེད་གནས། །མཐའ་ལ་ནམ་མཁའི་སྙིང་པོ་ཡང་། །རྟ་མགྲིན་ལག་པའི་མཐིལ་དུའོ། །དཔལ་མོ་ཆོས་སོགས་ཕོ་ཉ་མོ། །ལག་པ་གཡོན་པར་དེ་བཞིན་གནས། །ཞེས་ཏེ་ལག་པ་ལ་དགོད་པ་
གཞན་རྒྱས་པར་འཆད་དོ། །ལག་པ་གཡས་པ་ལ་སྟེ་སྒྲ་ཇི་བཞིན་པའོ། །མཛུབ་མོ་ལྕགས་སྒྲོག་ལྟ་བུར་སྦྲེལ། །འོག་ཏུ་མཐེ་བོང་ངེས་པར་སྦྱར། །གུང་མོ་དག་ནི་ཁབ་ལྟར་བྱ། །མིང་མེད་ལ་སོགས་རབ་ཏུ་བརྐྱང་། །འབར་བའི་ཕྱག་རྒྱ་མགོར་བཞག་ནས། །རྐང་པ་གཅིག་

མནན་གྱེན་དུ་བལྟ། །ཀུན་དུ་བསྐོར་ཞིང་རྣམ་བསྐོར་བས། །དེ་ནས་ཕེཾ་ཡིག་བསྒྲག་པར་བྱ། །ཡེ་ཤེས་འཁོར་ལོ་མཉམ་བཀུག་ནས། །དམ་ཚིག་འཁོར་ལོར་རབ་གཞུག་བྱ། །ཞེས་པས་ཕྱག་རྒྱ་རྒྱས་པར་བསྟན་ནོ། །དམ་ཚིག་དེ་ཉིད་ནི་རྣལ་འབྱོར་དང་རྗེས་སུ་རྣལ་
འབྱོར་དང་ཤིན་ཏུ་རྣལ་འབྱོར་ཆེན་པོ་གང་ཡང་རུང་བས་རྫོགས་པ་སྟེ་ཕྱི་རོལ་དུ་བྱིས་པ་སྐྱེས་པ་ཙམ་ནི་དམ་ཚིག་གི་འཁོར་ལོ་ཞེས་སུ་བརྗོད་པར་བྱའོ། །དཔའ་དྲུག་མཉམ་པར་སྦྱོར་བ་ནི། །ཡན་ལག་དྲུག་ཏུ་ཇི་བཞིན་རིམ། །ཞེས་པ་ནི་དང་པོར་ཡན་ལག་དགོད་པ་གསུངས་
ཏེ་གསལ་ལོ། །འབྱུང་མོ་དྲུག་མཉམ་སྦྱོར་བ་ཡིས། །གོ་ཆ་གཉིས་པར་བཤད་པ་ཡིན། །ཕག་མོ་ཕོ་ཉ་གཤིན་རྗེ་མ། །དེ་བཞིན་རྨོངས་བྱེད་སྐྱོད་བྱེད་མ། །སྐྲག་བྱེད་གཏུམ་མོ་ཕོ་ཉ་མོ། །ཡན་ལག་དྲུག་ཏུ་ཇི་བཞིན་རིམ། །ཞེས་པས་གོ་ཆ་གཉིས་པ་གསུངས་ཏེ་གསལ་ལོ། །
མགོ་བོ་སོགས་ལ་རབ་གཏུམ་སོགས། །ཕོ་ཉ་མོ་ནི་ཉི་ཤུ་བཞི། །ཆོ་ག་གསུམ་པར་བཤད་པ་ཡིན། །སྒྲུབ་པའི་ཕྱིར་དུ་རྣལ་འབྱོར་བདག །ཅེས་སོ། །གོ་ཆ་ཞལ་གྱི་དགོད་པ་གསུངས་པ་རྣལ་འབྱོར་པ་ཆུང་ངུ་དང་། འབྲིང་དང་ཆེན་པོ་རྣམས་ཀྱིས་བཏགས་པ་ཨུ་ཡིག་གིས་རྫོགས་
པར་སྒོམ་པ་པོ་རྣམས་ཀྱི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་གིས་སོ། །དེའི་ཕྱིར་ཡན་ལག་བཞིན་ཧེ་རུ་ཀ་བསྒོམ་པར་བྱའོ། །དེ་བཞིན་དུ་ཡང་གསུངས་པ་ཇི་ལྟར་མངལ་དུ་ལུས་རྫོགས་པ་དེ་བཞིན་དུ་ལྷ་བསྐྱེད་པ་ལ་དཀྱིལ་འཁོར་རྒྱལ་པོ་མཆོག་བསྙེན་པའི་ཡན་ལག་གོ། །དེ་བཞིན་
དུ་ལས་རྒྱལ་པོ་མཆོག་ཉེ་བར་སྒྲུབ་པའོ། །ཐིག་ལེའི་རྣལ་འབྱོར་ནི་སྒྲུབ་པའོ། །ཕྲ་མོའི་རྣལ་འབྱོར་ནི་སྒྲུབ་པ་ཆེན་པོ་སྟེ་ངག་དང་ཁུ་བའི་བདེ་བ་རྫོགས་པའོ་ཞེས་སོ། །ད་ནི་ནང་གི་པུ་ཡིག་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱི་ཤེས་རབ་དང་ཐབས་དག་གིས་གནས་ལ་སོགས་པ་རྣམས་
ཀྱི་ཡི་གེ་རྣམས་གཞོམ་དུ་མེད་པ་དང་ཟླ་བ་དང་ཐིག་ལེས་བརྒྱན་པ་དག་གི་དགོད་པ་བརྗོད་པར་བྱ་སྟེ། མགོ་བོར་པུཾ་བརྟགས་པ་རྣལ་འབྱོར་པས་དགོད་པར་བྱའོ། །དེ་བཞིན་དུ་གཙུག་ཏོར་དུ་ཛིཾ་མོ། །རྣ་བ་གཡས་པའི་སྟེང་དུ་ཨོཾ་མོ། །མགྲིན་པའི་རྒྱབ་ཏུ་ཨོཾ་མོ། །རྣ་བ་གཡོན་པའི་

སྟེང་དུ་གོཾ་མོ། །སྨིན་མའི་དབུས་སུ་རཱཾ་ངོ་། །མིག་གཉིས་ལ་དེཾ་ནོ། །ཕྲག་པ་དག་ལ་མཱཾ་མོ་ཞེས་པ་གནས་དང་ཉེ་བའི་གནས་སུའོ། །མཆན་ཁུང་གཉིས་སུ་ཀཾ་ངོ་། །ནུ་མ་གཉིས་སུ་ཨོཾ་མོ། །ལྟེ་བར་ཏྲིཾ་མོ། །སྣའི་རྩེ་མོར་ཀོཾ་ངོ་ཞེས་པ་ཞིང་དང་ཉེ་བའི་ཞིང་གཉིས་སུའོ། །ཁ་ལ་ཀཾ་ངོ་། །མགྲིན་
པར་ལཾ་མོ། །སྙིང་གར་ཀཱཾ་ངོ་། །རྨིག་པར་ཧིཾ་མོ། །འདུན་རྟོག་དང་ཉེ་བའི་འདུན་རྟོག་དག་ལའོ། །རྟགས་ལ་པྲེཾ་མོ། །བཤང་ལམ་དུ་གྲྀཾ་ངོ་། །བརླ་དག་ལ་སཽཾ་ངོ་། །བྱིན་པ་དག་ལ་སུཾ་མོ། །རྐང་པའི་སོར་མོ་རྣམས་ལ་ནཾ་མོ། །རྐང་པའི་རྒྱབ་དག་ལ་སིཾ་མོ། །རྐང་པའི་མཐེ་བོང་དག་ལ་
མཾ་མོ། །པུས་མོ་དག་ལ་ཀུཾ་མོ་ཞེས་པ་འདུས་པ་ཅན་དང་ཉེ་བའི་འདུས་པ་ཅན་དང་། །དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དེ་བཞིན་ནོ་ཞེས་པ་དྲང་བའི་དོན་ཏོ། །ཉི་ཤུ་རྩ་བཞི་ནི་ཀུན་སྤྱོད་དུ། ལུས་ཀྱི་ཁམས་ནི་ཉི་ཤུ་བཞིས། །དཔའ་བོ་རྣམས་སུ་བཏགས་པའོ། །ཞེས་ཏེ་ངེས་པའི་དོན་ཏོ། །མགོ་
བོ་ལ་སོགས་པར་དགོད་པའི་ཆོ་གའོ། །དེ་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་རྣམ་པར་སྦྱང་བར་བྱ་སྟེ་དེ་བཞིན་ཞེས་བྱ་བ་ལ་སོགས་པས་ས་བཅུ་གསུངས་པ། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་
འཕྲོར་བཤད། །འདུན་རྟོག་ཤིན་ཏུ་རྒྱལ་དཀའ་བ། །ཉེ་བའི་འདུན་རྟོག་མངོན་གྱུར་ཉིད། །འདུས་པ་ཅན་ཡང་རིང་དུ་སོང་། །ཉེ་བའི་འདུས་ཅན་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ས། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཞེས་ཏེ། གནས་ཞེས་པ་ཕྱི་རོལ་དུ་གླིང་བཞིའོ། །
ཉེ་བའི་གནས་ནི་ཉེ་བའི་གླིང་བཞི་པོ་རྣམས་སོ། །གཞན་སྔར་གསུངས་པས་ཤེས་པར་བྱའོ། །རབ་ཏུ་དགའ་བ་ནི་བྱང་ཆུབ་སེམས་དཔའི་སའོ། །ཕྱི་རོལ་དུ་ལུས་ལ་སྤུ་ལ་སོགས་པ་གཞན་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ལུས་ལ་པགས་པ་དང་ཤ་ནི་དྲི་མ་མེད་པའོ། །
རོ་དང་ཆུ་རུས་པ་དང་རྐང་རྩ་དང་སྲོག་དུས་ཀྱི་མེ་དང་ཆགས་པའི་ཁམས་ཏེ་རིང་དུ་སོང་བ་སྒྲ་གཅན་དང་ཉི་མ་དང་ཟླ་བ་ཞེས་པའོ། །དེ་ལྟར་སྤུ་དང་སྐྲ་ལ་སོགས་པ་ནས་ཟླ་བའི་མཐར་ཐུག་པ་སྒྲིབ་པ་མེད་པ་རྣམས་ས་བཅུར་གསུངས་པ་རྣམས་སོ། །གསུངས་པ་ཡང་། མགོན་པོ་

ས་བཅུའི་དབང་ཕྱུག་ནི། །འདི་རྣམས་དོན་ལ་གཞན་མི་གསུངས། །དེ་བཞིན་དུ། དགོངས་པས་ཕ་རོལ་ཕྱིན་པ་བཅུ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །དཔའ་བོའི་ཡན་ལག་བརྟན་གཡོའི་བདག །ཅེས་ཏེ། བརྟན་གཡོ་ནི་ཁམས་
བཅུར་གསུངས་པ་དེ་ཉིད་སྒྲིབ་པ་ལས་དཔལ་ཧེ་རུ་ཀའི་ཡན་ལག་ཏུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། །ལུས་ལས་མ་གཏོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་གཞན་ནི་འགའ་ཡང་ཡོད་མ་ཡིན། །ཞེས་ཏེ་དགོངས་པའོ། །ཀུན་ནས་ཕྱག་དང་ཞབས་
ཀྱི་མཐའ། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་ཏིང་འཛིན་ནི། །ཐམས་ཅད་གཡོགས་ཏེ་གནས་པར་བྱེད། །དེ་ནས་དངོས་གྲུབ་བསྒྲུབ་བྱ་བ། །རྣལ་འབྱོར་ལྡན་པའི་སེམས་ཀྱིས་སོ། །སྒྲུབ་པོ་རྣམས་ལ་ཕན་དོན་དུ། །དེ་ཉིད་འདི་རུ་དཔེར་བརྗོད་དོ། །ཞེས་པས་སྒོམ་
པ་གསུངས་སོ། །དང་ཞིང་གསལ་བའི་རྣལ་འབྱོར་གྱིས། །གཟི་བརྗིད་གཟུགས་འཆང་བསྒོམ་པར་བྱ། །ཞེས་བརྗོད་དོ། །དེ་ཉིད་མི་སླུ་བ་སོགས་བདེ། །ཧེ་རུ་ཀ་དཔལ་རབ་ཏུ་བསྟན། །བཤད་པའི་རྒྱུད་ཀྱིས་རྗེས་འབྲངས་ནས། །བླ་མའི་ཞལ་ལས་རྟོགས་པར་བྱ། །བླ་མར་ཡང་། རང་གི་
ལྷག་པའི་ལྷར་དམིགས་ནས། །དེ་ཉིད་གཅིག་པུ་རྣམ་བསམ་བྱ། །ཟླ་དྲུག་ཙམ་ན་ངེས་པར་ནི། །ལྐུགས་པའི་དངོས་པོར་ཐལ་བར་འགྱུར། །ཞེས་ཏེ་དགོངས་པའོ། །ས་ངེས་པར་བསྟན་པའི་ལེའུའོ།། །།དེ་ནས་གཞན་ནི་རབ་འཆང་བྱེད། །འདིར་ནི་དེ་ཉིད་བཅུ་བཞིའོ། །ཞེས་པས་
བསྐྱེད་པའི་རིམ་པས་སྒྲུབ་པའི་ཐབས་ཀྱི་མདོ་གསུངས་སོ། །གཞན་ལས་འོད་གསལ་དང་ཟུང་དུ་འཇུག་པ་ལས་སོ། །འདིར་ཧེ་རུ་ཀའི་རྒྱུད་དུ་དེ་ཉིད་རྣམས་ནི་དབང་བསྐུར་བ་རྣམས་ཏེ་ཡེ་ཤེས་ཀྱི་ཆེད་དུའོ། །སྒྲ་ཇི་བཞིན་པའོ། །གདན་དང་ཕྱག་རྒྱ་ཅན་དགོད་པ། །ཤེས་
རབ་ཡན་ལག་གདུགས་ཕུར་བུ། །ར་བ་དང་ནི་གུར་དགོད་པ། །དེ་བཞིན་རྒྱུ་སོགས་སྟོང་པ་ཉིད། །འཇུག་པ་དང་ནི་སྒྲ་ཙམ་མོ། །ཨཱ་ལི་ཀཱ་ལི་སོགས་བསྡུས་པ། །དགུག་པ་ཡེ་ཤེས་སེམས་དཔའ་ཡིས། །གཅིག་ཏུ་ཤེས་རབ་རྗེས་ཆགས་པ། །བདུད་རྩིས་ཚིམ་པར་བྱེད་ཉིད་དང་། །

འཁོར་ལོ་ཆེན་པོ་གཤེགས་སུ་གསོལ། །དེ་ཉིད་རྣམས་ནི་བཅུ་བཞི་སྟེ། མདོར་བསྡུས་པ་ཉིད་བསྟན་པ་ཡིན། །ཞེས་རྒྱས་པར་བཤད་པ་གསུངས་སོ། །གདན་ནི་གནས་ལ་སོགས་པ་ལས་ལ་གསུངས་པའི་ཁྱིམ་དུ་འམ་དགེ་བའི་ཡུལ་དུ་སྔར་གསུངས་པའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་
ཉེ་བར་འདུག་སྟེ་བསྒྲུབ་པར་བྱའོ། །བུམ་པ་ལ་སོགས་མདུན་དུའོ་ཞེས་པའི་དོན་ཏོ། །ཕྱག་རྒྱ་ཅན་ནི་འཁོར་ལོ་ཅན་ལ་སོགས་པ་དེ་རྣམས་དགོད་པའོ། །ཤེས་རབ་ནི་ཤིང་ལ་སོགས་པ་ལས་བྱས་པའི་རྡོ་རྗེ་དྲིལ་བུ་འམ་ཁ་ཊྭཱཾ་ག་ལ་སོགས་པ་དགོད་པའོ། །བླ་མར་ཡང་། རྟག་ཏུ་མཆོག་གི་
ཕྱག་རྒྱ་ལྔ། །ཅོད་པན་ཐོགས་པ་ལས་བྱས་པ། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །ལུས་ནི་ཐལ་བའི་རྡུལ་དང་ལྡན། །ཞེས་སོ། །ཡན་ལག་ནི་དེར་ཕུང་པོ་ལ་སོགས་པ་དགོད་པར་བྱའོ། །དམ་ཚིག་གི་རིལ་བུ་ཁར་གཞུག་པར་བྱའོ། །རང་བཞིན་དག་པའི་སྔགས་བརྗོད་པའི་དེ་མ་ཐག་ཏུ་གདུག་
པ་ལ་ཕུར་བུས་གདབ་པར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱི་དང་ནང་གི་བདག་ཉིད་ཅན་སྟོང་པར་བལྟས་ནས་ཧཱུཾ་ཡིག་ལས་སྐྱེས་པའི་འོད་ཟེར་གྱིས་གདུག་པ་རྣམས་བསྲེགས་ནས་བསྐྲད་པར་བྱའོ། །ཡང་ན་གནོད་མཛེས་ལ་སོགས་པས་ཕུར་བུས་གདབ་
པར་བྱའོ། །དེ་ནས་ར་བ་དང་དེའི་འོད་ཟེར་གྱིས་གུར་དགོད་པ་དང་རྡོ་རྗེའི་ས་གཞི་ཡང་བསྒོམ་པར་བྱའོ། །བླ་མར་ཡང་། ཕྱོགས་བཅུར་སྲིད་རྩེའི་བར་དུ་ནི། །འོད་ཟེར་ཕྲེང་བ་སྤྲོ་བར་བྱ། །དེ་ནས་འོད་དེས་བལྟས་ནས་ནི། །ར་བ་གུར་ནི་དེ་བཞིན་ནོ། །ཞེས་སོ། །རྒྱུ་སོགས་སྟོང་པ་ཉིད་ནི་དོན་དམ་
པས་བསྲུངས་པ་ཚིགས་སུ་བཅད་པས་བསྒོམ་པར་བྱའོ། །བླ་མར་ཡང་། ཆོས་ནི་ནམ་མཁའ་ལྟ་བུ་སྟེ། །ཆོས་མིན་ཆོས་ཉིད་ཀྱང་མ་ཡིན། །ནམ་མཁའ་ལྟ་བུར་གོས་པ་མེད། །རང་བཞིན་མེད་ཅིང་གནས་མེད་པའོ། །ཞེས་སོ། །དེ་ནས་འཇུག་པ་སྒྲ་ཙམ་ནི་ཡིད་ལས་བྱུང་བའི་མཆོད་པའི་བར་མ་ཆད་པར་
སེམས་ཙམ་གྱི་དོན་ལ་གནས་པར་བྱ་ཞིང་ནཱ་ད་ཙམ་དུ་རྣམ་པར་བརྟག་པར་བྱའོ། །དེ་ནས་སྟོང་པའི་སྔགས་བརྗོད་ནས་བསྒོམ་པར་བྱའོ། །ཨཱ་ལི་ཀཱ་ལི་ལ་སོགས་བསྡུས་པ་ནི་རླུང་ལ་སོགས་པའི་དཀྱིལ་འཁོར་སྔོན་དུ་འགྲོ་བས་ཁང་པ་བརྩེགས་པ་བསྒོམས་ནས་རྣམ་པ་ལྔ་ལས་སྐྱེས་

པའི་དང་པོའི་མགོན་པོ་རྣམ་པར་བསྒོམས་ཏེ་ཤེས་རབ་ཀྱི་ཆགས་པས་ཞུ་བར་གྱུར་པ་ལྷ་མོའི་གླུས་རབ་ཏུ་སད་པར་བྱས་ཏེ་སྐུ་ལ་སོགས་པའི་མཁའ་འགྲོའི