Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 17
Văn bản gốc(Tây Tạng)
Trang 20 / 29 (50.000 ký tự/trang)
་ཡང་། མཆོད་པའི་དོན་དུ་འདོད་པའི་བསྟན་བཅོས་ཡོན་ཏན་མང་པོའི་གནས་ནི་རྣལ་འབྱོར་པ་ཡིས་རིག་པར་བྱ། །ཤིན་ ཏུ་དགའ་བར་གྱུར་ཀྱང་རྣལ་འབྱོར་མ་རྣམས་རྣལ་འབྱོར་པ་ལ་མ་ཚིམ་དངོས་གྲུབ་སྦྱིན་མི་འགྱུར། །ཞེས་སོ། །རྣལ་འབྱོར་གནས་སུ་ནི། གསང་བར་ཏེ་ཁྱད་པར་ལས་སོ། །རྡོ་རྗེ་བདུད་རྩིར་ཡང་། བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཁྱོགས་དང་ གྲུབ་མོ་ཡིས་ཀྱང་ནི། །དེ་བཞིན་ཤིན་ཏུ་རབ་བརྐྱང་ཉིད། །ཅེས་སོ། །རྡོ་རྗེ་ཨ་རལླི་རྒྱུད་དུ། ཇི་སྲིད་མི་འཛག་དེ་སྲིད་དུ། །པདྨར་རྡོ་རྗེ་གཞུག་བྱ་མིན། །ཞེས་སོ། །པདྨ་ཆེན་པོ་དེར་ཕྱིན་ནས་རྡོ་རྗེ་གཞུག་པར་བྱའོ་ཞེས་པ་དགོངས་པའོ། །ཇི་སྲིད་རྣལ་འབྱོར་ཚོགས་པ་ཉིད། །དངོས་གྲུབ་ཐམས་ ཅད་བྱེད་པར་བཤད། །ཇི་སྲིད་རྡོ་རྗེ་མཁའ་འགྲོ་རྣམས། །རྣལ་འབྱོར་པས་ནི་བསྒྲུབ་པར་བྱ། །ཞེས་སོ། །སྦྱོར་དང་ཀུན་སྦྱོར་དེ་རྗེས་འགྲོ། །ཡང་དག་བཟུང་ནས་ཚོགས་པ་ཉིད། །འདོད་ཁམས་གནས་པའི་བུད་མེད་ཅེས་པའི་དོན་ཏོ། །དེ་བཞིན་དུ་ལྷ་མོ་དང་ཀླུ་མོ་དང་། དེ་བཞིན་འདབ་ཆགས་ མོ་དང་ལྷ་མིན་མོ་དང་མི་ཡང་སྟེ། རྒྱུད་གཞན་དུ་ཡང་། སྤྲེ་མོ་དང་ནི་ཁྱི་མོ་ཡང་། །བོང་མོ་དེ་བཞིན་རྔ་མོ་སྐྱེས། །རི་དགས་མོ་དང་ར་མ་ཉིད། །ཕག་མོ་བ་མིན་ལས་བྱུང་བ། །བདག་ཉིད་ཧེ་རུ་ཀ་ཁོ་ནས། །འདོད་པར་བྱའོ་ཟླ་དྲུག་གིས། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །སྒྲ་ཇི་བཞིན་པའོ། ། རྡོ་རྗེ་མཁའ་འགྲོ་མ་རྣམས་ནི། །རྒྱུད་སྣ་ཚོགས་སུ་གསུངས་པའི་ལྷ་མོ་རྣམས་སོ། །སྒྲ་ཇི་བཞིན་པའོ། །མ་དང་སྲིང་མོ་བུ་མོ་དང་། །ཆུང་མ་ཕོ་ཉ་མོ་ཅན་གནས། །ཞེས་སོ། །ཐམས་ཅད་བསྟེན་པ་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །རྡོ་རྗེ་མཁའ་ འགྲོ་མ་ནི་རེག་བྱ་རྡོ་རྗེ་མའོ། །དགོངས་པའོ། །ཕོ་ཉ་མོ་དེ་དབང་གྱུར་ལས་ཀྱི་ཕྱག་རྒྱར་འགྱུར་ཞིང་གསང་བའི་མི་མོ་གཞན་གྱི་བུད་མེད་དམ་ཚིག་སྟེ། །རང་དབང་ཆོས་ཀྱི་ཕྱག་རྒྱ་ཕུལ་ནི་མང་པོ་ལ་དགའ་རང་གི་ཆུང་མ་ཡེ་ཤེས་ཕྱག་རྒྱའོ། །དོན་དམ་པའི་བསྙེན་པར་ཡང་། །དེ་བཞིན་འདིར་ནི་ལྡན་ཁྱོད་ མེད་པ་བསྙེན་པར་བྱ། །ཇི་ལྟར་ཆགས་པས་མངལ་ནི་འཛིན་པར་མི་བྱེད་དེ། །མངལ་ནས་འདོད་མིན་སྐྱེ་བའི་ཁ་ན་མཐོང་འགྱུར། །སྐྱེ་བོའི་ཁ་ན་མ་ཐོས་འཇིག་རྟེན་ཕ་རོལ་ཉམས། །ཞེས་སོ། །གང་གིས་སྔགས་འདི་སྦྱིན་བྱེད་པ། །ཡང་། གང་ཡང་དེ་ཡི་ཆོ་གར་འགྱུར། །ཞེས་པ་ནི་བསྟེན་ པའི་འབྲས་བུ་གསུངས་པའོ། །གང་ལ་སྔགས་གང་ཡོད་པ་དེ་ཤིན་ཏུ་ཆགས་པ་ལས་དེའི་ཡེ་ཤེས་དགའ་བར་སྟོན་པར་བྱེད་དོ། །དེའི་ནི་སྒྲུབ་པ་པོའི་དངོས་གྲུབ་ཀྱི་ཆོ་ག་དེ་ཉིད་དུ་འགྱུར་རོ། །གསལ་ལོ། །དེ་ནས་རྣལ་འབྱོར་རྒྱུད་དུ་ནི། །རྙེད་དཀའི་དམ་ཚིག་ང་ཡིས་བཤད། །ཧེ་རུ་ཀ་དཔལ་རྣལ་འབྱོར་མཆོག།། མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་སོ། །རྣལ་འབྱོར་རྒྱུད་རྣམས་སུ་ནི་སངས་རྒྱས་ཐོད་པའི་རྒྱུད་དུ་ཡང་། རྣལ་འབྱོར་གྱི་རྒྱུད་ནི་ངེས་པར་བྱེ་བ་ཕྲག་དྲུག་གོ། །རྣལ་འབྱོར་མའི་རྒྱུད་ནི་བྱེ་བ་ཕྲག་བཅུ་དྲུག་གོ་ཞེས་སོ། །དཔལ་ཧེ་རུ་ཀ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཉེ་བར་བསྟན་པའོ། །བླ་མར་ཡང་། རྡོ་རྗེ་ཐེག་པར་ཉེར་བསྟན་པའི། །ངག་དེ་དངོས་གྲུབ་གོ་འཕང་ཉིད། །མ་ཐོས་པ་ཡི་ཆོས་བསྟན་པས། །སེམས་ཅན་སྲིད་ལས་གྲོལ་བར་འགྱུར། །བསྟན་བྱ་བླ་མེད་སྟོན་བྱེད་པ། །མི་སྣང་ལ་སོགས་གྲུབ་པར་བྱེད། །འཇིག་རྟེན་གསུམ་ན་གང་ཅུང་ཟད། །དེ་ཀུན་སྐད་ཅིག་ལས་གྲུབ་འགྱུར། ། ཞེས་སོ། །རྣལ་འབྱོར་ནི། ཡེ་ཤེས་ཀྱི་སྐུ་སྟེ་སྐུ་བཞི་འཆང་བའོ། །གཟུགས་བརྙན་གྱི་ཆོས་ཀྱི་གཟུགས་ཉིད་ཀྱིས། བྱམས་པ་ལ་སོགས་པ་རྣམས་ཀྱིས་བལྟ་བར་བྱ་བའོ། །ལོངས་སྤྱོད་རྫོགས་པས་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་དགྲ་བཅོམ་རྣམས་ལ་ ཆོས་སྐུ་ཡིས། །ཞེས་པ་ཆོས་ཀྱི་རང་བཞིན་གྱི་སྐུ་རྣམས་ཀྱི་ཡེ་ཤེས་ཀྱི་འོད་ཟེར་སྤྲོ་བར་བྱེད་དོ་ཞེས་པའོ། །དེའི་ཕྱིར་ལོངས་སྤྱོད་རྫོགས་པ་ཉིད་ནི། ཉན་ཐོས་དང་ལྷ་དག་གིས་བལྟ་བར་བྱ་བ་སྟེ་འོག་མིན་ལ་སོགས་པར་རོ། །དེ་བཞིན་དུ་སྤྲུལ་པ་ནི་མི་རྣམས་ཀྱིས་བལྟ་བར་བྱ་བ་སྟེ། རྡོ་རྗེ་ བཙུན་མོའི་བྷ་གར་སེམས་ཅན་རྣམས་སྨིན་པའི་དོན་དུའོ་ཞེས་གསུངས་སོ། །དགོངས་པའོ། །རྟག་པར་དངོས་གྲུབ་རྣམས་ཀྱང་སྐྱོང་བ་དང་། ཕོ་ཉ་མོ་གཞན་རིགས་བྱུང་བ། །འདོད་ལ་ཆགས་པ་འདོད་མིན་བྱ། །གཉིས་སུ་མེད་དང་ཐོགས་པ་མེད། །དམ་ཚིག་རྣམས་ནི་སྤྱོད་པ་ དང་། །མི་མོའི་སྤྱོད་པ་ལེགས་པར་སྲུབ། །ཚངས་པར་སྤྱོད་པའི་དེ་བཞིན་ཞལ། །འདྲེན་པའི་རྩ་ཡི་ཀུན་སྤྱོད་དེ། །འདི་བརྒྱད་དམ་ཚིག་ཡིན་པར་བཤད། །རྣལ་འབྱོར་པ་གང་དེ་སྲུང་བྱེད། །མྱུར་དུ་དངོས་གྲུབ་དེ་ཐོབ་འགྱུར། །ཞེས་སོ། །དངོས་གྲུབ་རྣམས་ནི་འདོད་པ་ དང་། གཟུགས་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣམས་འཛག་པ་སྟེ། གཡོ་བ་དང་། མི་གཡོ་བའི་བདེ་བའི་མཚན་ཉིད་རྣམས་ཏེ། འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་སྐྱེ་བོ་རྣམས་ཀྱི་རྒྱུའི་བྱང་ཆུབ་ཀྱི་སེམས་རྟག་ཏུ་སངས་རྒྱས་ཉིད་ཀྱི་རྒྱུ་ཟུང་འཇུག་མ་ཉམས་པའོ་ཞེས་པའི་དོན་ ཏོ། །དགོངས་པའོ། །དམ་ཚིག་ནི་ཁུ་བའི་ཐིག་ལེ་བཞི་རྣམས་སོ། །དེ་རྣམས་ཤེས་རབ་ལ་ཆགས་པས་འོངས་པ་རྣམས་གསང་བར་སྲུང་བར་བྱེད་པའོ། །ཕོ་ཉ་མོ་ནི་རིགས་ལྡན་མ་དོར་ནས། ཕྱི་རོལ་གྱི་དོན་དུ་མཁའ་འགྲོ་མ་ལ་སོགས་པ་རྣམས་བསྒོམ་པར་མི་བྱའོ་ཞེས་སོ། །འདོད་ ལ་རྣམ་པར་རྨོངས་པ་ཡིས། །ཕོ་ཉ་མོ་གཞན་ཀུན་སྦྱོར་འགྲོ། །ཞེས་ཀློག་པ་ནི་གཞན་ནོ། །གཉིས་སུ་མེད་པ་ནི་ཐིག་ལེ་བཞི་པོ་རྣམས་ཉའི་མཐར་གཉིས་སུ་མེད་པའི་རྣམ་པར་བྱེད་པའོ། །ཐོགས་པ་མེད་པའི་དམ་ཚིག་རྣམས་ཀྱི་སྤྱོད་པ་ནི། །དགའ་བ་བཅུ་དྲུག་གི་རང་བཞིན་ འགྱུར་བ་མེད་པར་རབ་ཏུ་ཞུགས་པའོ། །མི་མོའི་སྤྱོད་པ་ལེགས་པར་སྲུབ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཀུན་དུ་བཟང་མོ་ནི། །མི་མོའི་དེའི་སྤྱོད་པ་བཞི་སྟེ། གསུངས་པ་ཡང་། བརྟན་པ་རྣམས་ཀྱི་སྤྱོད་པ་བཞི། །ཞེས་ཏེ། བྱང་ཆུབ་སེམས་དཔའ་སོ་སོ་རྣམས་ཀྱིས་སེམས་ ཅན་གྱི་དོན་དུ། དེ་རྣམས་ལ་རྟག་ཏུ་བདེ་བའི་སེམས་སོ་ཞེས་སོ། །བརྩེ་བདག་གཞན་གྱི་དོན་བརྩོན་ལྡན། །གནས་མེད་གནས་ལ་དགའ་བ་ཉིད། །ཅེས་མདོ་སྡེ་རྒྱན་དུའོ། །ཞལ་ནི་རྡོ་རྗེའི་སྒོ་རུའོ། །ཚངས་པར་སྤྱོད་པ་ནི་རྟག་ཏུ་མི་འཕོ་བའི་ཚུལ་ཁྲིམས་སོ། །འོག་ཏུ་སོན་ པ་བཞི་པོ་རྣམས་ཀྱི་རྩ་བའི་ཀུན་སྤྱོད་ནི། མཁའ་འགྲོ་གདོང་གི་ཀུན་སྤྱོད་ལ་སྟེ། རྡོ་རྗེ་ནོར་བུ་ལས་བཀུག་ནས་ཁུ་བ་སྟེང་དུ་འགྲོ་བ་ཞེས་པ་ངེས་པའི་དོན་ཏོ། །འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་དངོས་གྲུབ་ཀྱི་རྒྱུ་རྟག་ཏུ་སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ པའོ། །དམ་ཚིག་ནི་མྱོས་བྱེད་དང་གོ་ཀུ་ལ་སོགས་པ་དང་རིགས་མ་ཡིན་པ་ལ་སོགས་པ་ལ་འགྲོ་བ་དེ་རྣམས་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་སྲུང་བར་བྱེད་པའོ། །རིགས་གཞན་ཞི་བ་ལ་སོགས་པའི་མངོན་པར་དབང་བསྐུར་བ་དེ་སངས་རྒྱས་པའི་དམ་ཚིག་སུན་འབྱིན་པ་གཞན་ གྱིས་དམ་ཚིག་སྤྱོད་པ་རྣམས་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་འདོད་པར་མི་བྱའོ། །གཉིས་སུ་མེད་པ་ནི་ཕོ་ཉ་མོ་དང་དཔའ་བོ་དག་གི་དུས་གཅིག་ཏུ་བདེ་བ་བྱང་ཆུབ་སེམས་ཀྱི་རོ་མྱང་བའོ། །ཐོགས་པ་མེད་པ་ནི་བསྟེན་པ་རྣམས་དང་དམ་ཚིག་རྣམས་ཀྱི་སྤྱོད་པ་སྔགས་ལ་ སོགས་པ་སྤྲོ་བར་བྱེད་པའི་ལྷ་ལ་སོགས་པས་གཞོམ་པར་མི་ནུས་པའོ། །མི་མོའི་སྤྱོད་པ་ལེགས་པར་སྲུབ་ནི། རིགས་ཐམས་ཅད་ལས་སྐྱེས་པ་དེ་རྣམས་ལ་འཁྲིག་པ་བྱེད་པའི་རྒྱུའོ། །ཚངས་པར་སྤྱོད་པ་ནི་བདེ་བ་དེ་བཞིན་ཞེས་པ་སྲུབ་པ་ཞལ་རྡོ་རྗེའི་ཁར་རྟོགས་ པར་བྱའོ། །འདྲེན་པ་ནི་བྱང་ཆུབ་ཀྱི་སེམས་འཛིན་པ་སྟེ། རྒས་པ་ལ་སོགས་པ་འཇོམས་པའི་ཆེད་དུའོ། །དམ་ཚིག་བརྒྱད་པོ་འདི་རྣམས་ནི། །འཇིག་རྟེན་བྱ་བ་སྤངས་ནས་ནི། །ཤིན་ཏུ་མཉམ་གཞག་བསྐྱང་བར་བྱ། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པ་དེ་བཞིན་གཤེགས་ པའི་ངེས་པའོ། །བསྒྲུབ་ལ་ཡང་དག་རྣམས་གནས་པས། །སྒྲུབ་པོས་རྟག་ཏུ་ཤེས་པར་བྱ། །ཞེས་ཀློག་པ་ནི་གཞན་ནོ། །དྲང་བའི་དོན་ཏོ། །ཐུན་མོང་རྒྱུད་རྣམས་ཐམས་ཅད་དུ། །གཏན་ཚིགས་དེས་ནི་གཞོམ་མི་བྱ། །དད་པ་ཙམ་གྱིས་བླང་བྱ་ཡི། །མིག་དང་ལག་པར་མ་ཡིན་ནོ། །ཞེས་ པ་བསྙེན་པ་ལ་དོན་སྨོད་པར་བྱེད་པ་འདིས་ཅི་ཞིག་ཅེས་རིགས་པ་རྣམས་ཀྱིས་གཞན་དུ་མ་ཡིན་ནོ། །གསུངས་པ་ཡང་། རྫས་ཀྱི་ནུས་པ་བསམ་མི་ཁྱབ། །ཅེས་གསུངས་སོ། །དེ་ཕྱིར་སངས་རྒྱས་ཉིད་ཐོབ་པར་འགྱུར་ཞེས་སོ། །བདུད་རྩི་ལྕེས་བླང་བར་གསལ་ལོ། །དག་དང་མ་དག་རྣམ་དག་ པ། །སྒྲུབ་པོ་རྣམ་པ་གསུམ་དུ་གནས། །མཉེས་བྱེད་རྣམ་པར་དག་པ་དང་། །གསལ་བྱེད་ཡོན་ཏན་ལྡན་པའི་མི། །ཞེས་པས་སློབ་མ་རྣམ་པ་གསུམ་གྱི་མཚན་ཉིད་གསུངས་ཏེ། དག་པ་ནི་ཐར་པ་དོན་དུ་གཉེར་བ་རང་གི་ལུས་ལ་སོགས་པ་གཏང་བའོ། །མ་དག་པ་ནི་རང་ལྷག་པར་གནས་པའི་དོན་ དུ་གཉེར་བའོ། །རྣམ་པར་དག་པ་ནི་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པ་དོན་དུ་གཉེར་བ་དེ་ཉིད་བླ་མ་མཉེས་པར་བྱེད་པའོ། །གསལ་བྱེད་ནི་དབང་པོ་འབྲིང་པོའོ། །ཡོན་ཏན་དང་ལྡན་པ་ནི་རིན་པོ་ཆེའི་གང་ཟག་བདེན་པ་དོན་དུ་གཉེར་བར་གསལ་ལོ། །སྒྲུབ་པོས་གསུམ་པོ་འདི་རྣམས་ ལ། །མཆོད་པ་བྱ་ཕྱིར་བརྙས་མི་བྱ། །སྒྲུབ་པ་པོ་རྣམས་བརྙས་མི་བྱ། །མཆོད་པར་བྱ་ཞིང་གུས་པར་བྱ། །ཞེས་སོ། །ཞེས་པས་བླ་མ་དང་སེམས་ཅན་དག་མཉེས་པར་བྱེད་པ་གསུངས་སོ། །སློབ་དཔོན་ནི་འཇིག་རྟེན་ལས་འདས་པའི་ཀུན་དུ་སྤྱོད་པ་ཤེས་པ་ཉིད་ཀྱི་ཕྱིར་རོ། །བླ་མར་ ཡང་། ཀུན་སྤྱོད་རྣལ་འབྱོར་མ་རྣམས་དང་། །དེ་བཞིན་ཉིད་དུ་མཁའ་འགྲོ་མ། །མ་མོ་ཕྱི་ཡི་ཕྱག་རྒྱ་རྣམས། །ཕག་མོའི་རིགས་ལས་ཡང་དག་བྱུང་། །ལུང་དང་གྲུབ་པའི་བསྟན་བཅོས་རྣམས། །དེ་བཞིན་མདོ་ཡི་མཐར་སྐྱེས་རྣམས། །བླ་མེད་གོ་འཕང་ཀུན་དུ་སྤྱོད། །ཤེས་རབ་ཕ་རོལ་ཕྱིན་ འབྱུང་བ། །ཞེས་སོ། །སློབ་མས་ཕྱིར་བརྙས་པར་མི་བྱ། །མཆོག་དང་པོའི་བརྟག་པར་ཡང་། །གལ་ཏེ་སློབ་མ་ཕྱིར་ཞིང་དེ། །སློབ་དཔོན་ལ་ནི་གང་བརྙས་པ། །དེས་ནི་སངས་རྒྱས་ཀུན་བརྙས་པས། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར། །ཞེས་སོ། །གུར་གྱི་རྒྱུད་དུ་ཡང་། བླ་མའི་ གྲིབ་མ་ཆུང་མ་དང་། །མཆིལ་ལྷམ་སྟན་དང་སྔས་རྣམས་ལ། །རྨོངས་ཆེན་གང་ཞིག་འགོམ་བྱེད་ན། །མི་དེ་རྣམས་ནི་སྤུ་གྲིའི་སོ། །གང་ཚེ་དབང་བསྐུར་མཆོག་ཐོབ་པའི། །སློབ་མ་བླ་མའི་བཀའ་འགོམ་པའང་། །འཇིག་རྟེན་འདི་རུ་སྡུག་བསྔལ་འགྱུར། །འཇིག་རྟེན་ ཕ་རོལ་དམྱལ་བར་གནས། །སྒྱུ་དང་གཡོ་ཡི་རབ་སྦྱོར་གྱིས། །གུས་པས་ལོག་པ་བསལ་བྱས་ནས། །ཟག་བྱེད་མཛེ་དང་ནད་ཆེན་དང་། །དམྱལ་བ་ལ་སོགས་རྣམས་སུ་སྐྱེ། །དེ་ལྟར་ཤེས་ནས་སློབ་མ་དེས། །བླ་མ་ལ་གུས་མཆོག་ཏུ་གཞོལ། །བླ་མའི་བཀའ་ནི་རབ་སྐྱོང་བྱེད། ། དངོས་གྲུབ་རྒྱ་ཆེན་འགྲུབ་པར་འགྱུར། །འདིར་རྣལ་འབྱོར་མའི་རྒྱུད་རྡོ་རྗེ་གུར་དུ་ཡང་། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དེ། །ཕྱག་རྒྱ་ཆེན་པོ་རབ་སྦྱོར་བས། །གང་ཕྱིར་དེ་ཉིད་རྒྱུད་དུ་བྱེད། །ཅེས་སོ། །སྒྲུབ་པ་པོ་ལེགས་པ་རྣམས་མཆོད་པར་བྱ་ཡིས་ རྣམ་པར་འཚེ་བར་མི་བྱའོ། །དེ་བཞིན་དུ་ཡང་གསུངས་པ། སེམས་ཅན་ཁོ་ན་རྫོགས་སངས་རྒྱས། །སངས་རྒྱས་པ་ཡི་འདོད་པའི་ལྷ། །གསལ་ལོ། །དམ་ཚིག་དང་སློབ་མ་ཡོངས་སུ་བརྟག་པའི་ཆོ་གའོ།། །།དེ་ནས་རྣལ་འབྱོར་དངོས་གྲུབ་རྣམས། །སྒྲུབ་པའི་མཚན་ ཉིད་དབྱེ་ཤེས་ནས། །མྱུར་དུ་དངོས་གྲུབ་རབ་འཇུག་པའི། །སྤྱོད་པའི་བརྟུལ་ཞུགས་བཤད་པར་བྱ། །ཞེས་པ་ནི་སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་དབྱེ་བས་རྣམ་པ་གསུམ་ལུས་དང་སེམས་ཀྱི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་པོ་རྣམས་ ཀྱིའོ། །དེའི་སྤྱོད་པའི་བརྟུལ་ཞུགས་ནི་འཇུག་པའི་བྱེ་བྲག་གོ། །དངོས་གྲུབ་ནི་འདི་ཉིད་དུ་མཁའ་ལ་སྤྱོད་པའོ། །མཚན་ཉིད་དང་དབྱེ་བ་ནི་རྣལ་འབྱོར་མའི་བརྡ་དང་རིགས་དང་ཀུན་དུ་སྤྱོད་པ་ལ་སོགས་པའོ། །གྲོང་དང་གྲོང་དུ་དེ་སོང་ནས། །ཕོ་ཉ་ཀུན་དུ་རྣམ་པར་གནས། །ཕོ་ཉ་རལ་གྲིའི་ སོ་བསྟེན་དང་། །དག་བྱེད་སྡིག་པ་འཇིག་བྱེད་པ། །རྟག་ཏུ་རབ་མྱོས་མར་གསུངས་པ། །རྣལ་འབྱོར་པ་གྲོང་དང་གྲོང་ཁྱེར་ལ་སོགས་པར་སོང་བ་སྟེ་ཀུན་སྤྱོད་དུ་ཡང་། ཇི་ལྟར་ཧེ་རུ་ཀ་དཔལ་ཤེས། །ཇི་ལྟར་འདོད་བཞིན་ཡོངས་སུ་རྒྱུ། །ཞེས་སོ། །རྣལ་འབྱོར་མ་དེའི་མཆོད་པ་དང་ཧཱུཾ་གི་གཟུགས་དང་ བརྡ་དང་བརྡ་ཅན་དང་། ཁྱིམ་ལྔ་ལ་སོགས་པའི་གྲོང་དུ་གནས་པ་ཉིད་ཀྱི་འཁོར་ལོའི་རྣལ་འབྱོར་མ་རྣམས་བསྒྲུབ་པར་བྱ་སྟེ། གང་ལས་ཐམས་ཅད་དུ་གཡོན་མའི་འཇུག་པར་འགྱུར་བ་ལྷུར་ལེན་པའོ། །རལ་གྲིའི་སོ་ནི་རྣམ་པར་འཇོམས་པའི་མཚན་ཉིད་དོ། །གང་ལས་མཆོད་པར་བྱས་ པ་དང་མཆོད་པར་འདོད་པ་ངེས་པར་སྲེག་པར་བྱེད་དོ། །ངེས་པར་རློམ་པའོ་ཞེས་པའི་དོན་ཏོ། །སྒྲ་ཇི་བཞིན་པའོ། །ཕོ་ཉ་མོ་འཁྲིག་པས་ལེགས་པར་འགྲོགས་པ་ལས་སྒྲུབ་པ་པོས་དངོས་གྲུབ་ཐོབ་པར་འགྱུར། །བཟླས་བརྗོད་བསམ་གཏན་སོགས་བྲལ་བས། །ཡུན་མི་རིང་བར་ཉིད་གྲུབ་ བྱེད། །རྣལ་འབྱོར་པ་རྣམས་སྔགས་ཕྱག་རྒྱ། །སྣ་ཚོགས་མཆོད་པ་རབ་འཇུག་པ། །རྡོ་རྗེ་མཆོད་པ་ལས་གཞན་མེད། །སྤྱོད་པའི་བརྟུལ་ཞུགས་བླ་ན་མེད། །ཅེས་སོ། །བསྟེན་པའི་འབྲས་བུ་གསུངས་པ། དངོས་གྲུབ་སྐད་ཅིག་གཅིག་གིས་རྫོགས་པར་བྱང་ཆུབ་པའོ། །བླ་མར་ཡང་། རྣལ་འབྱོར་བཟང་མོའི་སྤྱོད་པ་ཡིས། །གཉིས་མེད་ཡེ་ཤེས་སེམས་ལྡན་པས། །སྐད་ཅིག་གཅིག་གིས་རྫོགས་བྱང་ཆུབ། །མཆོག་ཏུ་རྟག་པ་ཐོབ་པར་འགྱུར། །ཞེས་སོ། །ཡུན་མི་རིང་བ་ནི་སྐད་ཅིག་གཅིག་གིས་སྒྲུབ་པར་བྱེད་པ་སྟེ། མཐར་ཐུག་པའི་རྟེན་ཡོངས་སུ་གྱུར་པའི་སངས་རྒྱས་ ཉིད་རྡོ་རྗེའི་མཆོད་པ་བུད་མེད་དང་འགྲོགས་པའོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། ཕྱག་རྒྱ་རབ་ཏུ་འགྲོགས་ལས་ཤིན་ཏུ་རྣམ་དག་བདེ་བ་ཉིད། །ཡང་དག་ཐོབ་སྟེ་དམྱལ་བའི་སྡུག་བསྔལ་འཇིག་པར་བྱེད། །སྐྱེ་བ་འདི་ཉིད་ལ་ཡང་རང་གི་ལུས་ཀྱིས་ནི། །བདུད་ནི་ བཅོམ་པ་དེ་དང་འདི་ལ་ངོ་མཚར་རོ། །བུད་མེད་སྐྱེ་གནས་འགྲོགས་ལས་མ་ཉམས་བདེ་བ་ནི། །སྐལ་ལྡན་རྣམས་ཀྱིས་དེ་ཐབས་སྦྱོར་བས་བླང་བར་གྱིས། །ཞེས་སོ། །ཕོ་ཉའི་ལམ་ལ་དགའ་བ་ནི་དག་པའོ། །སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན། །ཙཱ་རུ་རྟག་ཏུ་ བཟའ་བར་བྱ། །རིག་མས་ལྷན་ཅིག་དེ་ཉིད་འཆང་། །ཞེས་སོ། །ཁ་སྦྱོར་འབྱུང་བའི་རྒྱུད་དུ་ཡང་། །མི་ཁྱིའི་སྐྱུགས་པ་བསྲེས་དང་ཤ། །རྡོ་རྗེའི་ཆུ་དང་སྦྲང་རྩིར་ལྡན། །རྣམ་སྣང་མཛད་དང་ཀུན་དུ་བསྲེས། །རྣལ་འབྱོར་པས་ནི་རྟག་ཏུ་བཟའ། །ཞེས་སོ། །དེ་ཉིད་འཆང་ནི་དེའི་དེ་ཉིད་སྟོང་པ་ ཉིད་དང་སྙིང་རྗེ་ཐ་མི་དད་པ་དེ་འཆང་བའོ། །དགོངས་པ་མ་ཡིན་པའོ། །དག་པའི་སྤྱོད་པའོ། །རིགས་རྣམས་ཀུན་ལ་སྤྱད་པར་བྱ། །བཟའ་མིན་བར་ནི་མི་བརྟག་གོ །དབྱེར་མེད་ཕོ་ཉ་མོ་དེ་ཡི། །དེ་ཉིད་ལས་ཀུན་རྣམ་པར་གནས། །ཞེས་བྱ་བ་ལ་སོགས་པའི་སྤྲོས་པ་མེད་པའི་སྤྱོད་པ་གསུངས་ ཏེ། རིགས་ཀུན་ལ་ནི་རིགས་ལྔ་པོ་རྣམས་ལའོ། །དབྱེར་མེད་ནི་རྣམ་པར་རྟོག་པ་མེད་པའོ། །དེ་ཉིད་ལས་ནི་རང་བཞིན་ལས་སོ། །ཀུན་དུ་རྣམ་པར་གནས་པ་ནི་མཐོང་བའོ། །སྒྲུབ་པ་རྣམ་པ་གཉིས་རབ་བརྗོད། །ཕོ་ཉ་མོ་གཅིག་པོ་འདི་ལས་གཞན་སྣ་ཚོགས་གཟུགས་དང་། ཕོ་ཉ་མོ་དེ་བསྐུལ་ བའི་དངོས་གྲུབ་ཡང་དག་པར་གནས་པའོ། །འདི་ཡང་ཕོ་ཉ་མོ་གཅིག་མཚན་ཉིད་ཐམས་ཅད་དང་ལྡན་པ་ལས་གཞན་སྒྲུབ་པ་པོ་ལ་གུས་པ་སྣ་ཚོགས་གཟུགས་དང་། གཉིས་པ་ཕྱག་རྒྱ་ཆེན་མོའོ། །གསུངས་པ་ཡང་། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱང་། །ཡང་དང་ཡང་དུ་བསྟེན་ བཞིན་པ། །རྣལ་འབྱོར་གདོན་མི་ཟ་བར་སྐྱེ། །ཞེས་སོ། །དངོས་གྲུབ་ཡང་དག་པར་གནས་པ་ལ་ནི་དངོས་གྲུབ་ལ་མཚན་གཉིས་འདིར་གསུངས་པ། བླ་མ་བརྒྱུད་རིམ་ལས་ཐོབ་པ། །མངོན་པར་དབང་བསྐུར་སྔགས་ལེགས་ལྡན། །ཕྱག་རྒྱ་ཀུན་སྦྱོར་ལས་ཚུལ་ཁྲིམས། ། ཡོངས་རྫོགས་ཡེ་ཤེས་ལུས་ལས་སྐྱེ། །ཞེས་པས་ཚོགས་གསུམ་ངེས་པར་སྟོན་པར་བྱེད་དོ། །བླ་མ་བརྒྱུད་པ་དང་དྲུག་རྫོགས་པ་དང་། འཁོར་ལོ་སྐྱེས་པའི་བསོད་ནམས་སོ། །རིམ་པས་ཐོབ་པས་ནི་བསོད་ནམས་ཀྱིས་སོ། །མངོན་པར་དབང་བསྐུར་ནི་བཞི་པ་ཐོབ་པའོ། ། སྔགས་ལེགས་ལྡན་ནི་རྒྱུ་དང་འབྲས་བུ་གཉིས་སུ་མེད་པ་འདིས་སོ། །བླ་མ་རྣམས་ཀྱི་རྗེས་སུ་ཞེས་པ་འདིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསུངས་སོ། ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཀྱི་ཚོགས་ཏེ་ཚུལ་ཁྲིམས་ཀྱི་སྤྱོད་པའོ། །གསུངས་པ་ཡང་། ཚུལ་ཁྲིམས་སྤྱོད་ པ་དྲི་མེད་ཡོངས་རྫོགས་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པ་ནི། །ཞེས་སོ། །གསུངས་པ་ཡང་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་དོན་དུ་བུད་མེད་རྣམས་ཀྱི་མཁའི་པདྨར་སྨད་པར་མི་བྱའོ་ཞེས་སོ། །ཡོངས་སུ་རྫོགས་པའི་ཚོགས་གསུམ་པོ་རྣམས་ཀྱིས་ཡེ་ཤེས་ལུས་སྐྱེ་སྟེ་ཐམས་ ཅད་མཁྱེན་པ་ཉིད་དོ། །གསུངས་པ་ཡང་། ཚོགས་གཉིས་ཡོངས་སུ་རྫོགས་པ་ནི། །བྱང་ཆུབ་སེམས་དཔར་རབ་ཏུ་བརྗོད། །ཚོགས་གསུམ་ཡོངས་སུ་རྫོགས་པ་ནི། །སྟོན་པ་ཐམས་ཅད་མཁྱེན་པར་བརྗོད། །ཅེས་ཏེ་སྒྲ་ཇི་བཞིན་པའོ། །ནང་པར་སྔར་ལངས་སེམས་ དག་ཉིད། །ལུས་ལ་མ་ལུས་བྱས་ནས་ནི། །ཡན་ལག་ལས་འདས་མཚོན་ཆ་རྣམས། །ལུས་ལ་གནས་པ་ཀུན་དུ་སྤྱོད་པ་གསུངས་ཏེ། སེམས་དག་ནི་རྡོ་རྗེ་མཁའ་འགྲོར་གསུངས་པའི་དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སེམས་དཔའི་སྡོམ་པ་གཟུང་ བའོ། །རྡོ་རྗེ་རྩེ་མོའི་རྒྱུད་དུ་ཡང་གསུངས་པ། སེམས་ནི་མ་སྐྱེས་པ་ལ་ཡང་། །དངོས་གྲུབ་འགའ་ཡང་ཐོབ་མི་འགྱུར། །དཔལ་འདུས་པར་ཡང་འདི་ལྟ་སྟེ། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་བྱ་འཛིན་པ་པོ་སྤངས་ པ། །ཆོས་བདག་མེད་པ་མཉམ་ཉིད་པ། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་སོ། །ལུས་པ་ནི་དུམ་བུའོ། །མ་ལུས་པ་ནི་ལུས་པ་མེད་པ་སྟེ། བྱས་ནས་ནི་སོ་སོར་བྱིན་གྱིས་བརླབས་པའོ། །འདི་ལྟ་སྟེ་ཀུན་སྤྱོད་དུ་གཟུགས་ཀྱི་ཕུང་ པོ་ལ་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ལ་རྡོ་རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་ལ་པདྨ་གར་གྱི་དབང་ཕྱུག་གོ །འདུ་བྱེད་ཀྱི་ཕུང་པོ་ལ་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ལ་དཔལ་ཧེ་རུ་ཀ་ རྡོ་རྗེའོ། །མིག་དག་ལ་གཏི་མུག་རྡོ་རྗེའོ། །རྣ་བ་དག་ལ་ཞེ་སྡང་རྡོ་རྗེའོ། །སྣ་དག་ལ་ཕྲག་དོག་རྡོ་རྗེའོ། །ཁ་ལ་འདོད་ཆགས་རྡོ་རྗེའོ། །རེག་ལ་སེར་སྣ་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ལ་ལྟུང་བྱེད་མའོ། །ཆུའི་ཁམས་ལ་གསོད་བྱེད་མའོ། ། མེའི་ཁམས་ལ་འགུགས་བྱེད་མའོ། །རླུང་གི་ཁམས་ལ་གར་གྱི་དབང་ཕྱུག་མའོ། །ནམ་མཁའི་ཁམས་ལ་པདྨའི་དྲ་བ་ཅན་མའོ། །དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ལྷའི་ང་རྒྱལ་བསྐྱེད་པར་བྱ་སྟེ་ཐམས་ཅད་ལའོ། །བླ་མར་ཡང་། ལུང་དང་བྲལ་བའི་རྣལ་ འབྱོར་པ། །སངས་རྒྱས་རིགས་ཅན་འབྱུང་བར་འགྱུར། །ལུང་ནི་དོར་བར་མི་བྱ་ཞིང་། །དཀོན་མཆོག་གསུམ་ཤེས་དོར་མི་བྱ། །ཐོགས་མེད་ལུས་ལ་གནས་པ་ནི། །བསྟན་བཅོས་བཤད་པ་མཐོང་བའི་ཕྱིར། །རིལ་བུ་ཁ་རུ་གཞུག་པར་བྱ། །ལུས་ཀྱི་དག་བྱེད་བྱས་ནས་ནི། །དེ་ནས་ ཕྱག་རྒྱ་ཀུན་དུ་སྤྱད། །ཅེས་སོ། །དག་བྱེད་བྱས་ནས་ནི་རང་གི་ལྷག་པའི་ལྷའི་རྣལ་འབྱོར་གྱིས་སོ། །ཡང་ན་དང་པོར་གསང་སྔགས་བརྗོད་པར་བྱ་སྟེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བསམ་པར་བྱའོ། །རང་གི་སྙིང་གར་ར་ཡིག་བསྐལ་པའི་མེ་ལྟར་བསྒོམ་པར་བྱའོ། ། དེ་ལས་བྱུང་བའི་རྡོ་རྗེ་ཉི་མ་འབར་བའི་ཕྲེང་བས་འཁྲུགས་པ། དེའི་སྟེང་དུ་ཧཱུཾ་ཆེན་པོ་འཇིག་པའི་མེ་དང་མཚུངས་པར་འགྱུར་རོ། །རྡོ་རྗེ་དེས་སླར་ཡང་རྡོ་རྗེ་ལས་བྱུང་བའི་ཧེ་རུ་ཀར་བསམ་པར་བྱའོ་ཞེས་བཤད་པའི་རྒྱུད་དུའོ། །ཕྱག་རྒྱ་ཁ་ཅིག་ལ་སོགས་པ། །རྣལ་འབྱོར་གནས་རྣམས་ངེས་ བསྟན་བྱ། །མཚོན་ཆར་བརྗོད་ལ་འགོམ་མི་བྱ། །དམ་ཚིག་གནས་གང་སྨད་མི་བྱ། །མངོན་པར་བརྩོན་ལས་འདའ་མི་བྱ། །དེ་ཡིས་ལྷན་ཅིག་བདེ་བ་བྱ། །གྲོལ་བའི་དོན་དུ་བདེ་བ་གཟུང་། །ཞེས་ཏེ། མངོན་པར་བརྩོན་པ་ནི་སྒྲུབ་པ་དང་ལྡན་པའོ། །དེ་ཡིས་ནི་མཁའ་འགྲོ་མ་ རྣམས་ཀྱིས་སོ། །བདེ་བ་གཟུང་བར་བྱའོ། །གྲོལ་བའི་དོན་ནི་སྐྱེ་བ་འདི་ཁོ་ན་ལ་བདེ་བ་བྱང་ཆུབ་ཀྱི་སེམས་ཏེ། རྣལ་འབྱོར་གྱི་རྒྱུད་དུ་ཡང་གསུངས་པ། དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་གྱུར་ལ། །དངོས་གྲུབ་སྨད་ མེད་ག་ལ་ཡིན། །ཞེས་སོ། །ད་ནི་དུར་ཁྲོད་ལ་སོགས་པར་མཚན་མོ་རྒྱུ་བ་གསུངས་པ། དེ་ནས་དམ་ཚིག་སྤྱོད་བྱས་ནས། །སླར་ཡང་རྣམ་འཁྲུལ་སེམས་དཔའ་ཉིད། །མཚན་མོ་གཅེར་བུར་ཡོངས་སུ་རྒྱུ། །རྟག་ཏུ་གནས་དང་དམར་བར་འགྱུར། །ཞེས་བྱ་བ་ལ་སོགས་པས་ ཐོག་མར་རང་གི་ཁྱིམ་དུ་མཉམ་པར་བཞག་པས་དམ་ཚིག་གི་སྤྱོད་པ་སྤྱད་པར་བྱའོ། །ཀུན་སྤྱོད་དུ་ཡང་། དང་པོར་མཉམ་གཞག་རྣལ་འབྱོར་པས། །འབད་དེ་ནུས་པ་བསྐྱེད་པར་བྱ། །ནུས་པ་བསྐྱེད་པའི་རྗེས་ཐོགས་ལ། །ཡིད་ལ་འདོད་པའི་བརྟུལ་ཞུགས་སྤྱད། །སེམས་ཅན་རྗེས་སུ་ གཟུང་བའི་རྒྱུར། །དཔའ་བོ་ཆེན་པོ་རྒྱུ་བར་བྱེད། །ཅེས་སོ། །རྣམ་འཁྲུལ་སེམས་ཅན་ཐམས་ཅད་ནི། རྣམ་པར་འཁྲུལ་བའི་གནས་སྐབས་ཀྱི་ལུས་ཀྱི་བྱ་བའོ། །སླར་ཡང་བསམ་གཏན་ལས་ནུས་པ་བསྐྱེད་ནས། ཕྱི་ནས་སྤྱོད་པ་ཀུན་དུ་བརྩམ་མོ། །རང་སེམས་བསྐུལ་པའི་དོན་ གྱི་ཕྱིར། །ཡིད་ནི་བརྟན་ནམ་གཡོའམ་ཅི། །ནག་པོ་དམར་པོ་ནི། ནག་པོ་ཧེ་རུ་ཀ །དམར་པོ་ཕག་མོའི་དངོས་པོར་འགྱུར་རོ་ཞེས་པ་དྲང་བའི་དོན་ཏོ། །ནག་པོ་འཇིགས་པའི་ཕུང་པོར་གནས་པ་དེའི་ཚེ་མ་ཆགས་པ་ཐམས་ཅད་སྟོང་པ་སྒོམ་པ་པོའོ། །ངེས་པའི་དོན་ཏོ། ། མགུལ་རྒྱན་གཙུག་ཕུད་དཔུང་རྒྱན་དང་། །རྣ་རྒྱན་ཚངས་པའི་སྐུད་པ་ཅན། །མགྲིན་པར་མགོ་བོའི་ཕྲེང་བ་འཕྱང་། །འོག་པག་སིལ་སིལ་སྒྲ་སྒྲོགས་པ། །རལ་པའི་ཅོད་པན་དར་དཔྱངས་དང་། །སྐྲ་སོགས་ཕྱིན་ཅི་ལོག་གིས་བརྒྱན། །རྡོ་རྗེ་པདྨ་ཁ་ཊྭཱཾ་བཅས། ཅང་ཏེའུ་ཧཱུཾ་ གི་སྒྲ་སྒྲོགས་པ། །ཞེས་སོ། །དཔལ་ལྡན་རྒྱལ་བུ་གཞོན་ནུའི་བརྟུལ་ཞུགས་ཀྱི་ལམ་གསུངས་པ། རྡོ་རྗེ་པདྨ་བཅས་པ་ནི། རྡོ་རྗེ་ཨ་རལླིར་ཡང་། ཤིང་ལས་བྱུང་བའི་རྡོ་རྗེ་བྱས། །དེ་བཞིན་ཤིང་བྱུང་དྲིལ་བུ་ནི། །བཟུང་ནས་རྟག་ཏུ་ཡོངས་སུ་རྒྱུ། །ཧེ་རུ་ཀ་ཉིད་རབ་སྒྲུབ་ཆེད། ། མི་ཡི་རུས་པའི་མགུལ་པའི་རྒྱན། །སོགས་བྱས་རལ་པའི་ཅོད་པན་སོགས། །ཕྱིན་ལོག་རོ་ཡི་སྐྲ་ལས་སྐྱེས། །ཞེས་སོ། །དཔའ་བོ་ཀུན་དང་རྣལ་འབྱོར་མ། །གོ་ཆ་གསུམ་གྱིས་བརྒྱན་པ་དང་། །སྲོག་ཆགས་ཡན་ལག་པགས་པ་གྱོན། །བདེ་བ་དོན་གཉེར་བདེ་བསྐྱང་བྱ། ། མཆོད་ཕྱིར་ཐོགས་པ་སྤངས་ནས་ནི། །ཧེ་རུ་ཀ་དཔལ་གཙང་སྦྲར་གནས། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན། །ཞེས་སོ། །དཔའ་བོ་ཞེས་པ་ནི་དཔའ་བོ་ཉི་ཤུ་བཞི་རྣམས་ཀྱིས་ལུས་ཀྱི་ཁམས་ལ་ལྷག་པར་གནས་པར་བྱའོ། །གསུངས་པ་ཡང་། ཐོད་ པའི་དུམ་བུ་ལ་སོགས་ཀུན། །ལུས་ཀྱི་ཁམས་ལ་བརྟགས་པའོ། །གོ་ཆ་གསུམ་ནི་ཤེས་རབ་དང་ཐབས་དག་གི་གོ་ཆ་གཉིས་སོ། །དཔའ་མོ་རྣམས་ཀྱི་ཡང་སྤྱི་བོ་ལ་སོགས་པར་རབ་གཏུམ་མ་རྣམས་སོ་ཞེས་འདི་ཉིད་དུ་འཆད་པར་བྱེད་དོ། །དེ་བཞིན་དུ་ཡང་སྤྱི་བོར་རབ་གཏུམ་ མའོ། །སྤྱི་གཙུག་ཏུ་གཏུམ་པའི་མིག་ཅན་མའོ་ཞེས་པ་ལ་སོགས་པའི་ང་རྒྱལ་བརྗོད་ལ་བསམ་པར་བྱའོ། །རྒྱུད་དུ་ལྷག་པར་གནས་པ་ལས་གཞན་དཔའ་བོ་དྲུག་ཤེས་རབ་དང་ཐབས་གསུངས་སོ། །དཔའ་བོ་རྣམས་བརྗོད་པར་བྱ་སྟེ། དེ་བཞིན་དུ་བླ་མར་ཡང་སེན་མོ་དང་སོ་དག་ ལ་ཐོད་པའི་དུམ་བུའོ། །སྐྲ་དང་སྤུ་དག་ལ་ཀེང་རུས་ཆེན་པོའོ། །པགས་པ་དང་དྲི་མ་ལ་ཀེང་རུས་སོ་ཞེས་བྱ་བ་ལ་སོགས་པ་ལྷ་མོ་རྣམས་དགོད་པ་བཞིན་དུ་རྟོགས་པར་བྱའོ། །དེ་ལྟར་བདག་ཉིད་རྣམ་བསམས་ནས། །ཚམ་ངམ་སྔགས་ཀྱིས་ལེགས་པར་བསྲུང་། །རྐང་པ་ བརྒྱད་པའི་སྔགས་ཉིད་ལྡན། །ཚངས་པར་སྤྱོད་པས་རྟག་ཏུ་བཟའ། །ཞེས་གསུངས་སོ། །སྲོག་ཆགས་ནི་སྟག་གོ། །བསྐྱོད་པར་བྱ་བ་ནི་འགྲོ་བའོ། །བདེ་བ་ནི་ཇི་ལྟ་བ་བཞིན་དུ་འགྱུར་རོ། །དྲང་བའི་དོན་ཏོ། །རྣལ་འབྱོར་བདེ་ལྡན་སྡུག་བསྔལ་བྲལ། །ཞེས་སོ། །མཆོད་ ཕྱིར་ཐོགས་སྐུད་པ་ལས་སྐྱེས་པ་ཡང་དག་པར་སྤངས་ནས། སྐྲ་ལས་སྐྱེས་པ་བཅང་བར་བྱའོ། །གཙང་སྦྲ་འདི་དག་དཔལ་ཧེ་རུ་ཀའི་རྒྱུད་དུ་རྣམ་པ་གསུམ་དུ་གནས་སོ། །ཐལ་བ་དང་ནི་མཆོད་ཕྱིར་ཐོགས། །དུས་ཀུན་དུ་ནི་རྣམ་པར་གནས། །རིགས་དང་རིགས་མིན་ངོར་མི་ བལྟ། །གཙུག་ཏོར་འཆིང་བར་བྱེད་པ་སྤང་། །ཞེས་པའི་རིགས་ནི་བྲམ་ཟེ་ལ་སོགས་པའོ། །རིགས་མ་ཡིན་པ་ནི་གཏུམ་མོ་ལ་སོགས་པ་འཆིང་བར་བྱེད་པའོ། །རིགས་དང་རིགས་མ་ཡིན་པ་རང་བཞིན་གཅིག་པ་དང་གཅེར་བུ་དང་སྐྲ་གྲོལ་བ་ཡང་ངོ་། །སྒྲ་ཇི་བཞིན་པའོ། །ཕོ་ཉ་ གཙང་སྦྲ་དང་པོ་སྟེ། །གཉིས་པ་ཟླ་བ་ཡིན་པར་འདོད། །གསུམ་པ་རྣལ་འབྱོར་མ་ལྷན་ཅིག །ཟས་གཅིག་ཏུ་ནི་ཟ་བ་ཡིན། །ཞེས་ཕོ་ཉ་མོ་ཉིད་ཀྱིས་ལྷན་ཅིག་པའོ། །རྡོ་རྗེ་ཨ་རལླི་རུ་ཡང་། །གཟུགས་དང་ལང་ཚོ་ཕུན་སུམ་ཚོགས། །ཚུལ་ཁྲིམས་ཀུན་སྤྱོད་ཡོན་ཏན་ལྡན། །ཕྲག་དོག་ རྨོངས་ཆགས་ལ་སོགས་སྤང་། །དེ་བཞིན་སྒྲིན་ཞིང་ངོ་ཚ་ཤེས། །བླ་མར་ཡང་། རང་ཉིད་གསང་སྔགས་རིག་པ་སྟེ། །ཐབས་ཅིག་རིག་པའི་བརྟུལ་ཞུགས་སྤྱད། །ཅེས་སོ། །ཟླ་བ་ནི་མྱོས་བྱེད་དོ། །ཀུན་སྤྱོད་དུ་ཡང་། ཟླ་བ་འཐུངས་ནས་རྟག་པ་ཡི། །དངོས་གྲུབ་གོ་འཕང་ མཆོག་ཏུ་འགྱུར། །ཞེས་སོ། །བླ་མར་ཡང་། བཤང་བ་ཤ་ཆེན་ཟོས་ནས་ནི། །དགའ་བ་ལྷན་ཅིག་མྱོས་བྱས་འཐུང་། །སེམས་གནས་འཆི་མེད་ཁང་པ་རུ། །འདྲེན་པ་དཔའ་བོ་བསྒོམ་པར་བྱ། །སྒྲུབ་པོ་གཙང་སྦྲ་འདི་ཡིས་ནི། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །གཙང་སྦྲ་འདི་ཙམ་ཉིད་ ཀྱིས་ནི། །རྣལ་འབྱོར་པ་རྣམས་ཀུན་དུ་འགྲོ། །ཞེས་སོ། །ཡན་ལག་དང་། མགོ་བོ་དང་། ཡིད་འདིས་དངོས་གྲུབ་དྲི་མ་གསུམ་དང་བྲལ་བའོ། །ཆུ་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ནོ། །བཤད་པའི་རྒྱུད་དུ་ཡང་། ཟླ་བ་ཉ་དང་འཕོས་པ་དང་། །ཆེས་དང་ཆེས་ལ་བརྟག་པར་བྱ། །རྣལ་ འབྱོར་དྲི་མ་བསལ་བའི་ཁྲུས་བྱ་འམ། །ཡང་ན་མི་བྱའོ་ཞེས་སོ། །བྱ་བ་གཞན་ལ་སོགས་པ་ཡང་གསུངས་པ། བརྗོད་པ་བཟླས་པས་ཀུན་དུ་བཤད། །ཡན་ལག་བསྐྱོད་སོགས་ཕྱག་རྒྱ་སྟེ། །ལྷ་ཡི་རྣལ་འབྱོར་དམིགས་ནས་ནི། །གང་ཕྱིར་རྟག་ཏུ་གནས་པར་བྱ། །མང་དུ་བརྗོད་པས་ཅི་ཞིག་ བྱ། །འཇིག་རྟེན་བྱ་བ་གང་ལ་གནས། །རྡོར་སེམས་གོ་འཕང་ཐོབ་དོན་དུ། །ཕྱིན་ཅི་ལོག་གིས་གནས་པར་བྱ། །རིགས་བཞི་ལ་ནི་སློང་མོ་སྤྱད། །མཁས་པས་ཕྲུ་བ་ཆག་པར་ནི། །བཟའ་བྱ་ཆུ་ཀླུང་འགྲམ་དུ་ནི། །རང་སེམས་རབ་ཏུ་གསལ་བར་བྱ། །བྱི་ལའི་རྐང་པ་ཙམ་གྱིས་ནི། །བསོད་ སྙོམས་བཟུང་ནས་བློ་བཟངས་ལྡན། །བླངས་པ་ཉིད་བཅས་བཟའ་བྱ་ཞིང་། །མ་བྱིན་རྟག་ཏུ་བླང་བར་བྱ། །མི་ཡི་གཡོན་ནས་བསྐོར་བྱ་ཞིང་། །རབ་མྱོས་སྐྱེ་བོའི་གཡོན་ནས་སོ། །མ་ངེས་པ་ཡི་ཁྱིམ་དུ་གནས། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །དེ་ནས་འདིར་ནི་ལྷ་མཆོད་པ། །ཆུ་ཀླུང་ འགྲམ་དང་ནགས་ཡུལ་དུ། །བདག་གིས་ལྷ་ཉིད་མཆོད་པར་བྱ། །བདག་གིས་གསང་སྔགས་ཡང་དག་བརྗོད། །མེ་ཏོག་ལ་སོགས་ལྷག་གནས་བྱ། །མི་གང་ཕྱག་རྒྱ་འགོམ་མི་བྱ། །འཇུག་བྱ་མངོན་པར་དགའ་མི་བྱ། །བགྲོད་བྱའི་གཞོན་ནུ་མ་རྟག་བཏང་། །བློ་ལྡན་བགྲོད་བྱ་མིན་པ་བསྟེན། །དེ་བཞིན་ ཉན་ཐོས་སྐལ་ངན་ལ། །ཡིད་བརྟན་པ་ཉིད་མི་བྱའོ། །ཟས་བྱེད་པ་དང་ཐོད་ཅན་ཉིད། །དེ་བཞིན་རལ་པ་འཆང་ཉིད་ལང་། །ཞེས་སོ། །གདིང་བའི་དམ་ཚིག་ནི་པགས་པའོ། །འཕངས་ཀྱི་དམ་ཚིག་ནི་གང་ཟག་རྣམས་ཀྱིས་སོ། །སྟན་གྱི་དམ་ཚིག་ནི། སྲོག་ཆགས་ཁྱི་གཞོམ་པར་མི་བྱའོ། །བརྗོད་པར་བྱ་ བ་ནི་བརྫུན་ཚིག་མ་ཡིན་པའོ། །མ་བྱིན་པ་ནི་གཟུང་བ་མ་ཡིན་པ་ཁོ་ན་ལ་སྟེ་གཞན་གྱི་ཆུང་མ་བསྟེན་པར་མི་བྱའོ། །ཉིན་མོ་གཉིད་ལོག་མཚན་དུས་སུ། །སད་ལས་ཤིན་ཏུ་མཉམ་པར་གཞག།།ཤ་ཆེན་པོ་ནི་ཟ་བར་བྱེད། །ཆུ་ཆེན་རབ་ཏུ་འཐུང་བྱེད་དང་། ཞེས་སོ། །སྒྲ་ཇི་བཞིན་པའོ། །དེ་ཉིད་ བསྡུས་ལས་གང་རབ་གསུངས། །མཆོག་གི་དང་པོ་འཕྲོག་བྱེད་རྒྱུད། །གསང་བའི་རྒྱུད་དུ་ཡང་དག་བཤད། །རྡོ་རྗེ་འཇིགས་བྱེད་ཀྱེ་རྡོ་རྗེར། །བརྟུལ་ཞུགས་བྱ་བ་སྤྱོད་བཟླས་པས། །དངོས་གྲུབ་ཉིད་སྒྲུབ་བརྟུལ་ཞུགས་ཅན། །དེ་འདིར་བསམ་གཏན་ཙམ་གྱིས་ནི། །སྔགས་པས་ སྐད་ཅིག་ལས་བསྒྲུབ་བྱ། །ཞེས་པ་ནི། དེ་ཉིད་བསྡུས་པ་ཞེས་པ་གཉིས་ཀའི་རྒྱུད་དོ། །མཆོག་གི་དང་པོ་ནི་རྟོག་པ་རུའོ། །འཕྲོག་བྱེད་རྒྱུད་དུ་ནི་རྟ་མགྲིན་གྱི་རྒྱུད་དུའམ་གསང་བའི་རྒྱུད་དུའམ་ཐུན་མོང་མ་ཡིན་པའི་གསང་བ་རུའོ། །བསམ་གཏན་གྱིས་ན་འདིར་སྤྱོད་པ་ལ་སོགས་པ་དང་ བྲལ་བས་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་བརྗོད་དོ། །འདིས་རྒྱུད་ཀྱི་བདག་ཉིད་ཆེ་བ་ཉིད་སྨོས་སོ། །སྒྲ་ཇི་བཞིན་པའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའོ། །དེ་ནི་རང་བྱིན་གྱིས་བརླབ་པ་ཤིན་ཏུ་དག་པའི་རིམ་པས་སྤྱོད་པ་བརྗོད་པར་བྱ་སྟེ། རྣལ་འབྱོར་ལམ་དགའི་རྣལ་འབྱོར་པ། ། གཙང་སྦྲ་འདི་ནི་ཀུན་དུ་སྤྱད། །གཙང་སྦྲའི་བསོད་ནམས་གང་འགྱུར་བ། །དེ་ནི་སྨྲ་བར་ནུས་མ་ཡིན། །ཞེས་བྱ་བ་ལ་སོགས་པས་སོ། །འདིར་བརྗོད་པ་གསུམ་དང་འཆད་བཞིན་པའི་བཞི་པའོ། །ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །རྣམ་དག་དངོས་གྲུབ་ཐམས་ཅད་སྦྱིན། །བདེ་བའི་ཆུ་འཐུངས་ པ་ཉིད་ལས། །སྒྲུབ་པ་གཉིས་མེད་རྣལ་འབྱོར་ལྡན། །ཞེས་པ་ལ་དཔལ་ཧེ་རུ་ཀ་ནི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དོ། །ཡེ་ཤེས་ཆེ་ནི་དམིགས་པ་མེད་པའི་སྙིང་རྗེའོ། །རྣམ་དག་ནི་དེ་གཉིས་འོད་གསལ་བའོ། །དངོས་གྲུབ་ཐམས་ཅད་སྦྱིན་པ་དེའི་ཆུ་ནི་བདེ་ བ་ཉིད་ཁོ་ན་ཆུ་སྟེ། ཁུ་བའི་གཟུགས་དང་བ་ཉིད་ལས་སོ། །འཐུངས་པ་ལས་ནི་སྣང་བ་མེད་པར་བྱེད་པ་ལས་སོ། །གཉིས་མེད་ནི་གཉིས་མ་ཡིན་པ་ལ་དེར་བརྗོད་དོ། །དེ་བཞིན་དུ་ཡང་གསུངས་པ། དམ་ཚིག་ཟླ་བ་བདུད་རྩི་དེ་ཟ་བ་ནི་འཕོ་མེད་ཡིན། དགོངས་པ་མ་ཡིན་པའོ། ། བྱང་ཆུབ་སེམས་ནི་གང་སྲུང་བ། །དག་བྱེད་སྡིག་པ་འཇིག་བྱེད་པའོ། །སྡིག་པ་ཐམས་ཅད་རྣམ་ངེས་གྲོལ། །དག་པའི་ལུས་ནི་ནད་མེད་པས་ཟུང་འཇུག་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནི་ལྷའི་རྣལ་འབྱོར་རོ། །ཕྱི་རོལ་དུ་འགྱུར་བ་མེད་པའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ནི་རླུང་གི་ ཡན་ལག་བསྡུས་པའོ། །བྱང་ཆུབ་ཀྱི་སེམས་ནི་ཟླ་བར་འགྱུར་རོ། །སྦས་པའོ། །བྱང་ཆུབ་ཀྱི་སེམས་ནི་མཆོག་གི་དེ་ཁོ་ན་ཉིད་སྟོང་པ་ཉིད་དོ་ཞེས་པ་ཡང་མཐར་ཐུག་པའོ། །བསྲུང་བར་བྱ་བ་ནི་བསྐྱེད་པར་བྱ་བ་སྟེ་སློབ་དཔོན་གྱི་ཞབས་ཀྱིས་ཀྱང་གསུངས་པ། ཤིན་ཏུ་མཉམ་གཞག་བྱང་ ཆུབ་སེམས། །འབད་པས་བསྐྱེད་པར་བྱ་བ་ཡིན། །འཁོར་བར་བྱ་བ་རབ་སྒྲུབ་ཕྱིར། །ཐབས་གཞན་ཡོད་པ་མ་ཡིན་ནོ། །སྐྱེས་གང་སྐད་ཅིག་གཅིག་ཉིད་ལ། །བྱང་ཆུབ་སེམས་ནི་རབ་བསྒོམ་པ། །དེ་ཡང་བསོད་ནམས་ཕུང་པོ་ནི། །བགྲང་བར་ནུས་པ་མ་ཡིན་ནོ། །དག་པའི་ ལུས་ནི་རྣམ་པར་དག་པའི་ལུས་དང་། ངག་དང་། ཡིད་དང་ཡེ་ཤེས་དང་ལྡན་པའོ། །གསུངས་པ་ཡང་། རྒྱུ་དང་འབྲས་བུ་འགོག་པ་ལས། རྒྱལ་བའི་ལུས་དང་དབང་པོ་གཞན། །གསུང་དང་ཐུགས་དང་བདེ་བའང་གཞན། །ཕུང་པོའི་ཚོགས་པ་གཞན་པའོ། །དགོངས་པ་ མ་ཡིན་པའོ། །དེ་ནས་ཕོ་ཉ་མོ་རྣམས་གང་། །རེག་དང་སྨྲ་བས་ཀུན་དུ་སྤྱད། །ཉོན་མོངས་ཐམས་ཅད་རྣམ་དག་བདག །བདེ་བར་གཤེགས་པའི་ས་ཐོབ་བྱེད། །རྒྱལ་བའི་དབང་པོ་སྐྱེ་འགྱུར་ཞིང་། །ཆོས་ལྡན་རྒྱལ་པོའི་རིགས་སུ་འགྱུར། །རྡོ་རྗེ་རྟག་ཏུ་མཆོད་བྱས་ནས། །རང་ ཉིད་གུས་པར་གཏོར་མ་སྦྱིན། །ཞེས་པ་ནི། རེག་པ་ངེས་པར་རྟོག་པ་དང་། །ཀུན་དུ་སྨྲ་བ་ཐོབ་པ་ཉིད་ནི་ཕོ་ཉ་མོ་ནི་རིགས་ལྡན་མོའོ། །རྩ་བའི་རྒྱུད་དུ་ཡང་། ཁྲག་ནི་ཤེས་རབ་ཟླ་རྟག་ཏུ། །ཐབས་དེ་ཉི་མ་ཉིན་མོའོ། །གཉིས་ཀ་ལ་གཞན་མ་ཞེས་ངེས་པར་བརྗོད། །རྟག་ཏུ་འཇིག་རྟེན་ བདེ་བ་ཆེ། །དགོངས་པའོ། །ཀུན་དུ་སྤྱད་པར་བྱ་བ་ནི་དམིགས་པ་མེད་པས་བསྒོམ་པར་བྱ་བའོ། །འཕགས་པའི་ཞབས་ཀྱིས་ཀྱང་གསུངས་པ། སྐྱེ་བ་མེད་ཅིང་དམིགས་མེད་དང་། །སྟོང་ཉིད་གང་ཞིག་སྒོམ་པར་བྱེད། །ཞན་པའི་བདག་ཉིད་དེ་བསྒོམ་པ། །འདི་ནི་དམིགས་ པ་མེད་པའི་སེམས། །གནས་པ་ནམ་མཁའི་མཚན་ཉིད་དོ། །ཞེས་སོ། །ཉོན་མོངས་ཐམས་ཅད་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་སོ། །བདེ་བར་གཤེགས་པ་ནི་བཅུ་གསུམ་པ་སངས་རྒྱས་ཀྱི་ཀུན་དུ་བཟང་པོ་ལ་སོགས་པའོ། །གསུངས་པ་ཡང་། རྡོ་རྗེ་ འཛིན་པ་དགེ་བའི་ས། །བཅུ་གསུམ་པར་ཡང་རྣམ་པར་བཤད། །གྲུ་གསུམ་རྣམ་པའི་ཆོས་འབྱུང་བ། །དེ་ནི་བྷ་གར་བརྗོད་པར་བྱ། །སྐྱེ་བ་ནི་དེ་ནས་ཐོབ་པའོ། །རྒྱལ་བའི་དབང་པོ་རྣམས་སོ། །རྒྱལ་པོ་ནི་འཁོར་ལོས་སྒྱུར་བའོ། །རྒྱུད་གཞན་དུ་ཡང་གསུངས་པ། རྣལ་འབྱོར་དབང་ པོ་རབ་ཏུ་གཡོ་བའི་ཡིད་ཀྱིས་རྣལ་འབྱོར་མ་ཐོབ་ནམ་ཞིག་འཆི་བར་གྱུར་པ་ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་གྲུབ་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ་བར་འགྱུར། །ཞེས་སོ། །ཆོས་དང་ལྡན་པ་ནི་མི་དགེ་བ་བཅུ་དང་བྲལ་བའོ། །རྡོ་རྗེ་མཆོད་པ་ནི་མྱོས་བྱེད་དང་བསམ་ གཏན་ནོ། །དཔལ་འདུས་པ་ཕྱི་མར་ཡང་། མྱོས་བྱེད་རིགས་ནི་དབྱེར་མེད་པ། །རིག་མའམ་པདྨའི་ཕྱག་རྒྱའོ། །ཞེས་སོ། །དཔལ་རྡོ་རྗེ་མཁའ་འགྲོར་ངེས་པར་བསྟན་པ། ཆང་ནི་ཟླ་བ་ཞེས་སུ་གྲགས། །རྡུལ་ནི་ཉི་མ་ཞེས་བཤད་དོ། །རབ་འཇུག་རོ་མཉམ་དངོས་པོར་རོ། །བྱིན་གྱིས་ བརླབ་པ་གོ་འཕང་སྤྱོད། །ཅེས་ཕྱི་མར་རོ། །གཏོར་མ་ནི། བགེགས་ཀུན་རྣམ་པར་འཇོམས་བྱེད་པ། །ཞེས་སོ། །བླ་མར་ཡང་། རྐང་པ་གཡས་བརྐྱང་སྦྱར་བ་ཡིས། །འབར་བའི་ཕྱག་རྒྱ་བཅིང་བར་བྱ། །ཁ་ནི་དམ་ཚིག་གིས་བཀང་ནས། །འདི་ལྟའི་གསང་སྔགས་རྗེས་དྲན་བྱ། ། ཨོཾ་ཨ་རལླི་ཧོཿཛཿཧཱུཾ་བོ་ཧོཿབཛྲ་ཌཱ་ཀི་ནྱཿས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། དེ་ལྟར་ལན་གསུམ་བཞི་འམ་ལྔར། །ཡང་ནས་ཡང་དུ་བརྗོད་པར་བྱ། །ལུགས་མཐུན་ལུགས་དང་མི་མཐུན་པས། །ཐོད་པར་སྦྱིན་པར་བྱ་བའོ། །གཙང་སྦྲའོ། །རྡོ་རྗེ་ཐལ་མོ་གྱེན་ཕྱེ་ལ། །སྔགས་འདི་བཟླས་པར་ བྱའོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨཱ་ད། ཨ་པསྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྣནྟུ་ས་མ་ཡཾ་རཀྵནྟུ་མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ་ཡ་ཐཻ་ཝཾ། ཡ་ཐེཥྚཾ། བྷུ་ཉྫ་ཐ། ཛིགྷྲ་ཐ། པི་བ་ཐ། མཱ་ཏི་ཀྲ་མ་ཐཱ། མ་མ་སརྦ་ཀཱརྟ་ཡཱ་སཏྶུ་ཁ་བི་བྲྀདྡྷ་ཡེ་ས་ཧ་ཡཱི་ཀ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ལྟར་ཆོ་ག་འདི་ཡིས་ནི། ཐུན་མཚམས་བཞི་རུ་སྦྱིན་པར་བྱ། །ཞེས་པ་དྲང་བའི་དོན་ཏོ། །གཏོར་མ་སྦྱིན་པར་བྱའོ། །བཟའ་བར་བྱའོ། །དེ་ཉིད་དུ་ཤ་བཟའ་བར་བྱ་བའི་དོན་དུ་མཐའ་གཅིག་ཏུ་བདེ་བར་ཀུན་དུ་གནས་ཏེ་མཉམ་པར་གཞག་པའི་སྦྱོར་བ་ནི་ཐམས་ཅད་ཁོ་ནས་བཟའ་བར་བྱའོ་ཞེས་པ་ངེས་ པའི་དོན་ཏོ། །རང་རང་ལས་ལ་གང་གསུངས་བཞིན། །ཆོ་ག་སྦྱར་ལ་སྦྱིན་པར་བྱ། །ནག་པོའི་ཕྱོགས་ཀྱི་བཅུ་བཞི་པའམ། །དཀར་པོ་འམ་དེ་ནས་ཕོ་ཉ་མོ། །མྱུར་དུ་དངོས་གྲུབ་བྱེད་པ་ནི། །རབ་ཏུ་འབད་པས་མཆོད་པར་བྱ། །རྡོ་རྗེ་མཆོད་པའི་ཆོ་ག་ཡིས། །དེ་བཞིན་མྱོས་བྱེད་ཤ་སོགས་ཀྱིས། ། ཞེས་པས་རྣལ་འབྱོར་མའི་མཆོད་པ་གསུངས་ཏེ། རང་རང་ལས་ཞེས་པ་སོ་སོའི་ལས་ཀྱི་རྗེས་སུ་འབྲངས་ནས་གཏོར་མ་སྦྱིན་པར་བྱའོ། །བཅུ་པ་ལ་སོགས་པ་རྫོགས་པ་དྲུག་གཟུང་བར་བྱའོ། །ཀུན་སྤྱོད་དུ་ཡང་། ནག་པོའི་ཕྱོགས་ཀྱི་བཅུ་པ་དང་། །དེ་བཞིན་དཀར་པོའི་ཕྱོགས་ལའང་འགྱུར། ། དེ་ནས་ཀྱི་སྒྲ་ལས་རྒྱལ་ཅན་གྱི་བཅུ་པ་གཟུང་བར་བྱ་སྟེ། ཀུན་སྤྱོད་དུ་ཡང་། རྒྱལ་གྱི་ཟླ་བ་སོགས་བརྩམས་ནས། །བཅུ་པ་ལ་ནི་གུས་པས་མཆོད། །དམ་པའི་སྐྱེ་བོ་ཀུན་འདུས་ལ། །དངོས་པོ་དམ་པ་ཐམས་ཅད་དབུལ། །དེར་ནི་ཙཱ་རུའང་བཟའ་བྱ་ཞིང་། །སྣོད་གཉིས་མ་ལུས་ཀུན་ ཏུ་གནས། །དེ་ཡི་ལག་ཏུ་འོངས་པའི་དཔལ། །སུ་ཡིས་ཀྱང་ནི་གཞོམ་མི་ནུས། །ཞེས་ཏེ་སྒྲ་ཇི་བཞིན་པའོ། །པུརྞ་ལ་སོགས་གནས་ལ་སོགས་པར་གཙོ་བོ་བཟང་། མཁའ་འགྲོ་མ་བརྒྱད་ཁོ་ན་དེ་ལྟར་གནས་པ་ཡང་། རྡོ་རྗེ་ལྷ་མོ་མྱོས་བྱེད་རྣམས་དང་ཤ་ཡིས་ཀྱང་། །དཔལ་ གསང་མཆོད་པ་ལ་སོགས་རྣམས་ཀྱིས་ཕྱོགས་གཅིག་ཏུ། །སྐྱེ་བོ་གུས་པར་ལྡན་པས་དེ་རྣམས་མཆོད་བྱས་པ། །ཧེ་རུ་ཀ་དཔལ་མངོན་པར་མཉེས་གྱུར་པ། །རང་གི་ཕོ་ཉ་མཆོག་དང་རྣལ་འབྱོར་པ་རྣམས་ལ། །མགུ་བའི་སེམས་ཀྱིས་མཆོག་ནི་སྩོལ་བར་འགྱུར། །ཞེས་སོ། །དེ་ རྣམས་དུ་ཞིག་ན་སུམ་ཅུ་རྩ་བདུན་ནོ། །ཕོ་ཉ་མཆོག་འབའ་ཞིག་ཏུ་མ་ཟད་ཀྱིས་རྣལ་འབྱོར་པ་ལ་མཆོག་སྩོལ་བར་འགྱུར་རོ་ཞེས་སོ། །མཚན་མོ་སྐྲ་གྲོལ་གཅེར་བུར་གྱུར། །བརྟུལ་ཞུགས་ཅན་གྱིས་གཏོར་མ་སྦྱིན། །ཕྱག་རྒྱ་ཧེ་རུ་ཀར་སྦྱོར་བས། །དེ་ནི་མ་མོ་རྣམ་གཉིས་འགྱུར། ། ཞེས་སོ། །བརྟུལ་ཞུགས་ནི་རིག་མའི་བརྟུལ་ཞུགས་གཟུང་བའོ། །ཕྱག་རྒྱ་ནི་འབར་བའི་ཕྱག་རྒྱའོ། །སྦྱོར་བས་ནི་ལས་ཀྱི་རྗེས་སུ་འབྲང་ངོ་། །སླར་ཡང་། གནས་ནི་མཚན་མོར་རྣལ་འབྱོར་པས། །གཅེར་བུ་སྐྲ་གྲོལ་གྱུར་ནས་ནི། །ལྷོ་ཕྱོགས་ཁ་བལྟས་འདུག་པ་ཡིས། །ཇི་ལྟའི་ ལས་ཀྱི་རྗེས་འབྲང་བས། །དེ་ཉིད་གསུམ་གྱི་མངོན་བསྔགས་ཏེ། །མཚན་ཕྱེད་དུས་སུ་གཏོར་མ་སྦྱིན། །ཞེས་སོ། །ད་ནི་རྡོ་རྗེའི་སྡོམ་པ་བརྗོད་པར་བྱ་སྟེ། དེ་བཞིན་དུ་ཡང་རྡོ་རྗེ་མཁའ་འགྲོར་གསུངས་པ། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་ མཆི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་ཆེ་གེ་ཞེས་བགྱི་བས། །དུས་འདི་ནས་གཟུང་ཇི་སྲིད་དུ། །བྱང་ཆུབ་སྙིང་པོར་གནས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །རྫོགས་བྱང་ཆུབ་ཏུ་ངེས་ མཛད་པ། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །རྣམ་གསུམ་ཚུལ་ཁྲིམས་བསླབ་པ་ཡང་། །དགེ་དང་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱའི་ཚུལ་ཁྲིམས་རྣམས། །བདག་གིས་བརྟན་པོར་སོ་སོར་གཟུང་། །སངས་རྒྱས་ཆོས་དང་ དགེ་འདུན་ཏེ། །དཀོན་མཆོག་མཆོག་གསུམ་བླ་ན་མེད། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་སྡོམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་ཆེན་པོའི་རིགས་བསྡུས་ལ། །རྡོ་རྗེ་དྲིལ་བུ་དང་ཕྱག་རྒྱ། །དེ་ཉིད་ལས་ནི་སོ་སོར་གཟུང་། །སློབ་དཔོན་ཡང་ནི་གཟུང་བར་བགྱི། །རིན་ ཆེན་ཆེན་པོའི་རིགས་རུང་བ། །དམ་ཚིག་ཡིད་དུ་འོང་བ་ལ། །ཉི་མ་ཉི་མར་དྲུག་བྱས་ནས། །སྦྱིན་པ་བཞི་ནི་རབ་སྦྱིན་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཆེན་ པོ་ཡི་རིགས་བསྡུས་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །དེ་ཉིད་ལས་ནི་སོ་སོར་གཟུང་། །མཆོད་པའི་ལས་ནི་ཅི་ནུས་བཞིན། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མཐའ་དག་གཟུང་བ་དང་། །མ་བརྒལ་ བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ལ་དང་པོར་བདེ་བས་ཉེ་བར་ཞུགས་ཏེ། །ལྕེ་ལ་མ་ལས་སྐྱེས་པའི་ཟླ་བ་ལ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་རྣམ་པར་བསམས་ ནས། །རྡོ་རྗེ་ཐལ་མོ་སྤྱི་བོར་བཅིངས་ཏེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་ནས་སྡོམ་པ་གཟུང་བར་བྱའོ། །དེ་ནས་རས་རིས་ལ་སོགས་པ་ལ་གནས་པའམ། མངའ་བདག་ཡང་དག་པར་མཆོད་ནས། །ཐོག་མ་བར་དང་ཐ་མར་ནི། །གསང་སྔགས་ ཡི་གེ་བརྒྱ་པ་བཟླས། །དེ་བཞིན་དུ་ཡང་བླ་མར་གསུངས་པ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་བཛྲ་ཧེ་ རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། དེ་ལྟར་ཀུན་ལ་ཁྱབ་པ་ཡི། །བཅོམ་ལྡན་ཡི་གེ་བརྒྱ་པའོ། །ཞེས་སོ། །དེ་ནས་ཏིང་ངེ་འཛིན་གསུམ་གྱིས་བརྟགས་པའི་རྣལ་འབྱོར་བསྒོམ་པར་བྱའོ། །རྡོ་རྗེ་ཕག་མོའི་རང་བཞིན་ཉིད་ཀྱིས་སིནྡྷུ་ར་བསྒྲུབ་པར་བྱའོ། །གྲུབ་ པ་ཤཱ་བ་ར་ལ་སོགས་པས་སྦྱར་བའི་ཆོ་གས་འཛིན་པའི་དུས་སུ་ཤིན་ཏུ་ཕྱིས་པའི་མེ་ལོང་གི་མཐིལ་དུ་སིནྡྷུ་ར་བཏབ་ནས་གསེར་གྱི་ཐུར་མས་ཟུར་དྲུག་པ་བྲིས་པའི་དབུས་སུ་གསང་སྔགས་བྲིས་ནས་ཕྱི་རོལ་གྱི་ཟུར་དུ་དགའ་བ་འཁྱིལ་བའི་ཕྱག་རྒྱ་བྲི་བར་བྱའོ། །ཉེ་བར་སྤྱོད་པ་ལྔ་ ལ་སོགས་པས་མཆོད་ནས་བཟླས་ཏེ་གཤེགས་སུ་གསོལ་བར་བྱའོ། །སིནྡྷུ་ར་དེ་ཟངས་ཀྱི་སྣོད་དུ་གཞག་པར་བྱའོ། །དེ་ནས་ལཱརྒ་ལིའི་སྦུབས་ཀྱི་དབུས་སུ་བཅུག་ན་ཇི་སྐད་གསུངས་པའི་དམ་ཚིག་གིས་ཡང་དག་པར་མཆོད་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བདག་ལ་བྱིན་ཅིག་ཅེས་ཕྱག་འཚལ་ བར་བྱའོ། །དེ་ལྟར་ཟླ་བ་དྲུག་ཏུ་ཉི་མ་སོ་སོར་བྱས་ནས་མཐར་རྣལ་འབྱོར་མ་རྣམས་བཟའ་བ་དང་བཏུང་བས་ཀུན་དུ་ཚིམ་པར་བྱའོ། །སྤྱོད་པ་ལ་འཇུག་པའི་གནང་བ་དང་དངོས་གྲུབ་ཀྱང་གསོལ་བར་བྱའོ། །དེ་སྨྱོན་པའི་སྤྱོད་པ་སྤྱད་པར་བྱ་སྟེ། ཐོད་པ་བཟུང་ནས་དེ་སིནྡྷུ་རས་དགའ་བ་འཁྱིལ་པའི་ ཐིག་ལེ་བྱས་ཏེ་སྲད་བུ་ཐོགས་ལ་ཚོང་དུས་དང་། ཁྲོན་པ་དང་ཉེ་བར་བུད་མེད་རྣམས་རྣམ་པ་མང་པོས་གཡོན་ནས་བསྐོར་བས་བསྐོར་བར་བྱའོ། །སྔགས་ཀྱང་བཟླས་པར་བྱའོ། །གང་ལ་ཐིག་ལེའི་མནན་པ་མཐོང་བ་དེ་མཉེས་པར་བྱེད་དོ། །ཟླ་བ་དྲུག་གིས་མཚམས་མེད་པ་ལྔ་བྱས་པས་ཀྱང་ འགྲུབ་པར་འགྱུར་རོ། །མཉམ་པར་མ་བཞག་པའི་སྦྱོར་བས་བསྒོམ་པར་བྱའོ་ཞེས་པ་ནི་སྒོམ་པར་བྱེད་པ་ན་གཅེར་བུའམ་གལ་ཏེ་གཅེར་བུ་མ་ཡིན་པ་རུང་སྟེ། གང་དུ་ཇི་ལྟར་གསུངས་པ་དེ་ལྟར་དེར་རོ། །གཏོར་མའི་ཆོ་གའོ།། །།ནང་གི་གཏོར་མ་གསུངས་པ། །རྡོ་རྗེ་མཆོད་པ་རྣམ་དག་བདག ། རི་བོང་ཅན་ཞུ་ཐིག་ལེ་འཆང་། །མྱ་ངན་འདས་བྱུང་དཔའ་བ་ནི། །དེ་ནས་བདག་ཉིད་མཆོད་པར་བྱ། །ཞེས་པ་དག་པ་ནི་ཆགས་པ་མ་ཡིན་པ་ལས་དག་པ་དག་ཡོད་པ་མ་ཡིན་ནོ་ཞེས་བརྗོད་དོ། །ཆགས་ལ་ཞེན་པ་ཞེས་སོ། །མྱ་ངན་འདས་བྱུང་ནི་གསལ་བར་ཧེ་རུ་ཀར་ཡང་དག་པར་བྱུང་བའོ། །ཀུན་ སྤྱོད་དུ་ཡང་། ཧེ་རུ་ཀ་དཔལ་མྱང་འདས་བྱུང་། །དྲུག་པ་སེམས་ཀྱི་སྤྲུལ་པ་ཡིན། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཞེས་སོ། །དཔའ་བོ་སྔོན་པོ་འམ་དགོངས་པའོ། །སངས་རྒྱས་སོགས་རྣམས་དཔའ་ཀུན་རྣམས། །རྣལ་འབྱོར་མ་རིགས་འདྲེན་པ་མོ། ། ཟླ་བ་འདུས་པ་ལེགས་གནས་པའི། །སྤྱོད་པའི་སྤུན་ནི་མཆོད་པར་བྱ། །སྤྱོད་པའི་སྤུན་ནི་རྡོ་རྗེ་སྤུན་རྣམས་སོ། །ཟླ་བ་འདུས་པ་ལེགས་གནས་པ་ནི་དམ་ཚིག་ཅན་དུ་གསལ་ལོ། །སྤུན་རྣམས་ཀྱིས་དང་རང་གི་བུ་རྣམས་ཀྱིས་ལྷན་ཅིག་ཏུ་བདེ་བ་དང་སྡུག་བསྔལ་རྗོད་པར་བྱེད་ཀྱིས་དེ་རྣམས་ལ་སྔགས་ དང་ཕྱག་རྒྱ་ལ་སོགས་པ་དང་སངས་རྒྱས་ཀྱི་ཡེ་ཤེས་རབ་ཏུ་གསལ་བར་བྱ་བ་ནི་མ་ཡིན་ནོ་ཞེས་སོ། །དེ་རྣམས་ཀྱིས་ཕ་མ་དང་འབྲེལ་པ་དེ་རྣམས་ལ་གསང་སྔགས་སྦྱིན་པར་མི་བྱའོ། །རྣལ་འབྱོར་གྱི་རྒྱུད་དུ་ཡང་། ལྷ་མོ་སྦས་པ་དེ་གཟུང་བྱ། །ཕ་དང་བུ་ཡིས་ཡིད་བརྟན་མིན། ། སྒྲ་ཇི་བཞིན་པའོ། །དེ་རྣམས་ཀྱི་ལྷན་ཅིག་ཏུ་ཙཱ་རུ་བཟའ་བར་མི་བྱའོ། །དམ་ཚིག་སྤྱོད་པ་སུན་འབྱིན་པ་འདི་རྣམས་ལ་སྔགས་ལ་སོགས་པ་སྦྱིན་པར་མི་བྱའོ། །ཉེ་བར་བསྟན་པ་ཉམས་མི་བྱ། །ཞེས་ཏེ་འབྲེལ་བར་གྱུར་པ་དེ་རྣམས་ཀྱིས་དང་སློབ་དཔོན་གྱི་བུ་དད་པ་མེད་པ་རྣམས་དམ་ ཚིག་གི་སྤྱོད་པ་སུན་ཞེས་ལ་བའི་ན་བཟའ་ཅན་གྱི་ཞབས་ཀྱིས་སོ། །དམ་ཚིག་ཅེས་པ་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་མཚན་ཉིད་དོ། །དེ་རྣམས་ཀྱང་སྦྱིན་པར་མི་བྱ་ཞིང་། དེ་རྣམས་ལ་དེ་ཁོ་ན་ཉིད་ཀྱང་ངོ་། །སྒྲ་ཇི་བཞིན་པའོ། །དམ་ཚིག་ལ་གནས་པ་རྣམས་ལ་དོན་ཇི་ལྟ་ བ་བཞིན་དུ་ཉེ་བར་བསྟན་པ་ལ་སོགས་པ་སྦྱིན་པར་བྱའོ། །ཕོ་ཉ་མ་གཏོགས་གཞན་དག་ལ། །འདོད་པས་རྨོངས་པས་འགྲོ་མི་བྱ། །ཞེས་པ་ནི་ཉེ་བར་བསྟན་པ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་ཟུང་འཇུག་གོ། །ལ་སོགས་པའི་སྒྲ་ལས་རྡོ་རྗེ་བཟླས་པ་དང་ ཕྲ་མོའི་རྣལ་འབྱོར་རོ། །དམ་ཚིག་གནས་པ་ནི་དམ་ཚིག་གཅིག་པའི་སློབ་མ་བཟང་པོ་རྣམས་ལའོ། །རྡོ་རྗེ་བདུད་རྩིའི་རྒྱུད་དུ་ཡང་། །གཡོ་ཅན་ལ་མིན་རྒྱན་པོ་རྣམས་ལ་མིན། །དམ་ཚིག་སྡང་ལ་ཡོད་པ་མ་ཡིན་ནོ། །བླ་མ་ལ་གུས་རྣམ་པར་དུལ་བ་དང་། །ཕྲག་དོག་ཆགས་པ་རྣམ་ པར་སྤངས་པ་དང་། །དཀྱིལ་འཁོར་རབ་ཞུགས་སློབ་མ་བཟང་པོ་ལ། །རྡོ་རྗེ་ཐེག་པའི་འདྲེན་པ་པོ་ལ་ནི། །དེ་ལ་རྒྱ་ཆེན་མཆོག་འདི་ནི། །དེ་ཉིད་མཆོག་ནི་བསྟན་པར་བྱ། །རྒྱུད་གཞན་དུ་ཡང་། གང་ཡང་རྒས་པའི་དངོས་པོར་གནས། །གང་ཡང་རྟོག་གེ་དགའ་བའི་མི། །དགེ་ སློང་དངོས་པོར་གནས་པ་གང་། །དེ་ལ་དེ་ཉིད་བསྟན་མི་བྱ། །ཞེས་སོ། །ཕོ་ཉ་མོ་ནི་ཕྱག་རྒྱ་རྣམས་སོ། །དང་བའི་དོན་ཏོ། །ཕོ་ཉ་མོ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །ངེས་པའི་དོན་ཏོ། །གཞན་ནི་དམ་ཚིག་དང་བྲལ་བའོ། །སྒྲ་ཇི་བཞིན་པའོ། །ཕོ་ཉ་མོ་ལ་ཞེན་པ་ནི་གྲུབ་པའོ། ། ཕོ་ཉ་མ་གཏོགས་ནི་ཟད་པར་གྱུར་པའོ། །གང་རིམ་པ་ལས་འདའ་བར་བྱེད་པ་ནི་སྐྱེ་གནས་དམན་ལ་དགའ་བས་གནས་པ་ལ་ལེགས་པའི་རྣམ་པ་ལ་སྦྱིན་པར་མི་བྱའོ། །ཐ་མལ་པའི་རྣལ་འབྱོར་པ་དེ་རྣམས་ཀྱི་མ་འམ་སྲིང་མོ་བུ་མོ་དང་། ཆུང་མ་འམ་ཕོ་ཉ་མོ་ཉིད་གནས། །ཞེས་པ་ལ། ཕོ་ཉ་མོ་ ནི་བུད་མེད་དེ། །རྣལ་འབྱོར་སྡོམ་པའི་རྒྱུད་དུ་ཡང་། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡང་དག་རྫོགས་སངས་རྒྱས་གྲུབ་འགྱུར། །ཟད་པར་གྱུར་པ་ནི་དམན་པའི་ཐེག་པ་ལ་བརྟེན་པའོ། །རྣལ་འབྱོར་གྱི་རྒྱུད་དུ་གསུངས་པ་ཡང་། འདི་དེ་སངས་རྒྱས་ ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་སོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པར་ཡང་། །ཕོ་ཉ་མོ་རྟག་ཞེན་ཐར་ལ། །འདའ་བ་ཡིས་ཀྱང་ལོངས་སྤྱོད་བྱ། །སྐྱེ་གནས་དམན་ལ་དགའ་བར་ གནས། །བསྙེན་བཀུར་ཉིད་ནི་བྱ་བ་མིན། །ཞེས་སོ། །འང་གི་སྒྲ་ལས་མཐར་སྐྱེས་མོ་བསྟེན་དུ་ཡང་ཤིན་ཏུ་བཟོད་ཅིང་ཁྱད་པར་འཕགས་པས་བསྟེན་པར་བྱའོ། །དམ་ཚིག་ལ་སོགས་པ་ཅན་ནོ། །སྒྲ་ཇི་བཞིན་པའོ། །དེ་ཡིས་དཀའ་ཐུབ་ཟད་པར་འགྱུར། །འཁོར་ལོ་འམ་མཆོག་ཏུ་གྲུབ་པ་ རྣམས། །འདི་རྣམས་ཁུ་བ་འགུགས་པར་བྱེད། །ལྷན་ཅིག་རྫས་ཀྱིས་ཐེ་ཚོམ་མེད། །ཅེས་པས་མ་བསྟེན་པའི་ཉེས་དམིགས་གསུངས་ཏེ། འདོད་པ་ཅན་དེ་རྣམས་ཀྱིས་མ་བསྟེན་པ་ལས་ཁྲོས་པ་རྣམས་ཀྱིས་དཀའ་ཐུབ་སྟེ། བརྟུལ་ཞུགས་ལ་སོགས་པ་ཉམས་པར་འགྱུར་ རོ། །སྦྱིན་པའི་བདག་པོའི་འཁོར་ལོ་ལས་སྐྱེས་པའི་བསོད་ནམས་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་རྫས་རྣམས་ཀྱིས་ལྷན་ཅིག་པའི་ཆོས་ལ་སོགས་པ་དེ་ལས་ཀྱང་གདོན་མི་ཟ་བར་རོ། །ཉ་ལ་རྣལ་འབྱོར་མ་བསྟེན་བྱ། །ཚོགས་ཀྱི་འཁོར་ལོ་འམ་བརྒྱད་པ་གཉིས། །བཅུ་ བཞི་པ་དང་ཉ་ལ་ཡང་། །དེ་ཡི་ཚེས་ལ་རྣལ་འབྱོར་མ། །སྔགས་པས་བཏུང་བས་མཆོད་པར་བྱ། །བདེ་བས་ཀྱང་ངོ་། །སྦྱིན་བདག་གི་འཁོར་ལོ་ལ་ཡང་གདོན་མི་ཟ་བར་འདོད་པ་སྦྱིན་པས་ཕྱག་རྒྱ་སྦྱིན་པར་བྱའོ། །གསུངས་པ་ཡང་། ནོར་གྱིས་རྒྱུ་རྙེད་འགག་པ་མེད་ པའི་སྨད་འཚོང་མ། །བསོད་ནམས་མང་པོའི་རྒྱུ་རུ་དེ་རྣམས་རབ་སྦྱིན་བྱ། །རྟག་པའི་དངོས་གྲུབ་རྒྱུ་རུ་གསང་བའི་ཡན་ལག་ནི། །སློབ་དཔོན་ཆེན་པོའི་གོ་འཕང་རྒྱུ་རུ་དབུལ་བར་བྱ། །རྣམ་པ་གཞན་དུ་བསོད་ནམས་ཕྱིན་ཅི་ལོག་ཏུ་འགྱུར། །བཟའ་བ་ཡོན་ཏན་བརྒྱད་འགྱུར་མར་མེའི་འབྲས་བུ་སྟེར། ། མར་མེའི་བརྒྱད་འགྱུར་ཤིན་ཏུ་རྣམ་པར་དག་པའི་ཆང་། །ཆང་གི་བརྒྱད་འགྱུར་ན་ཆུང་མ་ལ་རབ་སྦྱོར་ཏེ། །ཕྱིར་འདོད་པའི་སྦྱིན་པ་ངེས་པར་ཁྱད་པར་འཕགས། །རྒྱུད་གཞན་དུ་ཡང་། འདོད་པའི་སྦྱིན་པ་ཐམས་ཅད་དུ་ནི་བདེ་མཉམ་འབྲས་སྟེར་འཁོར་ལོའི་དུས་སུ་སྨོས་ཅི་དགོས། །ཡིད་འོང་ཆུང་མ་སྲིང་མོ་སྐལ་ བཟངས་བུ་མོ་རྣམས་ཀྱང་གསང་བའི་སྦྱིན་པ་ལ་ནི་རབ་སྦྱིན་བྱ། །བུ་མོ་རྒན་མོ་དར་མ་རྣམས་དང་ལུས་ནི་དྲི་མ་དང་བཅས་བྲམ་ཟེ་མོ་དང་རྒྱལ་རིགས་མོ། །རྗེ་མོ་དམངས་མོ་མཐར་སྐྱེས་རྣམས་སམ་མིག་དང་ལག་པ་དང་བྲལ་རྣ་མཆུ་སྣ་ནི་ཆད་མ་རྣམས། །མཐའ་དག་བྱང་ཆུབ་རྒྱུ་རུ་ཐབས་དང་ཤེས་རབ་ ཐབས་ཀྱིས་མཆོད་པར་བྱ་སྟེ་རྒྱལ་པོ་སློབ་དཔོན་སྙིང་རྗེ་ཆེ་བ་དང་། །བཅས་པའི་ཐུགས་ལྡན་དྲི་མ་དག་དང་རྣམ་པར་བྲལ་ཞིང་བྱང་ཆུབ་སྤྱོད་ལ་རྗེས་སུ་ཞེན་པས་སོ། །རྣལ་འབྱོར་པ་རྟག་གཡོན་ནས་སྤྱོད། །རྐང་པ་གཡོན་པ་སྔོན་དུ་འདོར། །ལག་པ་གཡོན་པ་རབ་ཏུ་བསྒྱུར། །གཡོན་པ་སྟེང་དུ་སོ་སོར་ མཆོད། །ཕོ་ཉ་གཡོན་པ་ཀུན་དུ་སྦེད། །གཡོན་པ་ཚིམ་བྱེད་ཟ་བར་བྱེད། །བརྟུལ་ཞུགས་མེད་འཇོམས་བརྟུལ་ཞུགས་རྫོགས། །སྒྲུབ་པ་པོ་ནི་དེ་ཉིད་བརྩོན། །ཞེས་པས་སོ། །གཡོན་པ་ཚིམ་བྱེད་ཟ་བར་བྱེད། །ཅེས་པ་ནི་གཡོན་པའི་མིང་མེད་ཀྱིས་ཚིམ་པར་བྱེད་པ་ལ་སོགས་པར་བྱའོ། །ཚིམ་པར་ བྱེད་པ་བརྗོད་པར་བྱ་སྟེ་སྔགས་པའི་ལག་པ་ལ་དགོད་པར་བྱས་ལ་མྱོས་བྱེད་ལག་པ་གཡོན་པ་དང་ཨོཾ་ཡིག་གིས་སྦྱང་བར་བྱའོ། །གཡས་པ་དང་ཨཱཿཡིག་གིས་རྟོགས་པར་བྱའོ། །ཐལ་མོ་བཀབ་ནས་ཧཱུཾ་ཡིག་གིས་འབར་བར་བྱའོ། །ནམ་མཁའ་ལྡིང་གི་ཕྱག་རྒྱ་དང་ཧོཿཡིག་གིས་བདུད་རྩིར་བྱས་ནས་ཡེ་ ཤེས་ཀྱི་ཉི་མ་ལྟ་བུ་བལྟས་ཏེ་དེ་ནས་མྱོས་བྱེད་ཀྱི་ཐིག་ལེ་གཡོན་པའི་མིང་མེད་ཀྱི་རྩེ་མོས་ས་ལ་ཆོས་འབྱུང་གྲུ་གསུམ་དུ་བྱས་ནས་དབུས་སུ་ཟླུམ་པོ་དམར་པོ་དེར་ཡེ་ཤེས་ཀྱི་འཁོར་ལོ་གསལ་བར་བལྟས་ལ་དེ་ཚིམ་པར་བྱའོ། །ཧཾ་དང་རྡོ་རྗེའི་ཕྱག་རྒྱས་ཕྱི་རོལ་རྣམས་སྤྱན་དྲང་། འདིར་ཨོཾ་ཨཱཿཧཱུཾ་ཧོ་ཧཾ་ ཀྵ་ཨ་ཨཱ། ཨི་ཨཱི། རྀ་རཱྀ། ཨུ་ཨཱུ། ལྀ་ལཱྀ། ཨ་ཨཱ། ཨེ་ཨཻ། ཨར་ཨཱར། ཨོ་ཨཽ། ཨལ་ཨཱལ། ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཀ་ཀཱ། ཁ་ཁཱ། ག་གཱ། གྷ་གྷཱ། ང་ངཱ་། ཙ་ཙཱ། ཚ་ཚཱ། ཛ་ཛཱ། ཛྷ་ཛྷཱ། ཉ་ཉཱ། ཊ་ཊཱ། ཋ་ཋཱ། ཌ་ཌཱ། ཌྷ་ཌྷཱ། ཎ་ཎཱ། པ་པཱ། ཕ་ཕཱ། བ་བཱ། བྷ་བྷཱ། མ་མཱ། ཏ་ཏཱ། ཐ་ཐཱ། ད་དཱ། དྷ་དྷཱ། ན་ནཱ། ས་སཱ། ྉྤ་ྉྤཱ། ཥ་ཥཱ། ཤ་ཤཱ། ྈྐ་ྈྐཱ། ལ་ལཱ། ཝ་ཝཱ། ར་རཱ། ཡ་ཡཱ། ཧ་ཧཱ། ཀྵ་ཀྵཱ། ཞེས་ཤེས་རབ་དང་ཐབས་སུམ་ཅུ་རྩ་དྲུག་ཚིམ་པར་བྱའོ། །ཀྵ་ཡིག་དང་ལག་པ་གཡོན་པའི་རྒྱབ་ཀྱིས་གཤེགས་སུ་གསོལ་ལོ། །ཡུལ་གྱི་བདག་པོ་གཏོར་མས་ཚིམ་པ་ཡང་གསུངས་པའི་ཆོ་ག་ཉིད་ལས་སོ། །འདིར་རྒྱས་ པར་བྱ་བ་མ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིམ་པར་བྱེད་པའི་ཆོ་གའོ། །བརྟུལ་ཞུགས་མེད་འཇོམས་ནི་བརྟུལ་ཞུགས་ངན་པའམ་བརྟུལ་ཞུགས་མེད་པ་སྟེ། །མུ་སྟེགས་པ་རྣམས་ཀྱི་ཁྱི་ལ་སོགས་པའི་བརྟུལ་ཞུགས་ཏེ་དེ་འཇོམས་པ་ཡང་ངོ་། །རྣལ་འབྱོར་པའི་ བརྟུལ་ཞུགས་ཀྱིས་རྫོགས་པ་ནི་བདེ་བར་གཤེགས་པའི་རིག་མའི་བརྟུལ་ཞུགས་ལྡན་པ་ཉིད་ཀྱི་ཕྱིར་རོ། །སྒྲ་ཇི་བཞིན་པའོ། །རང་གི་དམ་ཚིག་རིགས་ཀུན་སྤྱོད། །གཅིག་ཏུ་ཙཱ་རུ་བཟའ་བར་བྱ། །རིགས་ལྔ་རྣམ་པར་ཀུན་དུ་སྤྱོད། །རིགས་བཞིར་ཡང་ནི་གྲགས་པ་ཡིན། །རང་གི་དམ་ ཚིག་ནི་རྒྱུད་མཚུངས་པ་ཉིད་དོ། །རིགས་ཀྱི་ཀུན་དུ་སྤྱོད་པ་ཞེས་པ་ནི་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་རིགས་དང་ལྡན་པ་རྣམས་ཀྱིས་བྱ་བའོ། །རིགས་ལྔ་མཉམ་པར་ཀུན་དུ་སྤྱོད་ནི་འཇིག་རྟེན་ལས་འདས་པ་ཀུན་སྤངས་རྣམས་ཀྱིས་སོ། །རིགས་བཞི་ཀུན་དུ་སྤྱོད་པ་ནི་སྤྲོས་པ་མེད་པ་བརྟན་ པ་རྣམས་ཀྱིས་སོ་ཞེས་པ་ནི་སྒྲ་ཇི་བཞིན་པའོ། །རིགས་གཅིག་མཉམ་པར་ཀུན་དུ་སྤྱོད། །རྣལ་འབྱོར་དངོས་གྲུབ་རབ་སྟེར་བྱེད། །ཅེས་པ་ནི་གཅིག་ཏུ་སྨྱོན་པའི་བརྟུལ་ཞུགས་འཛིན་པ་རྣམས་ཀྱིས་སོ། །རྣལ་འབྱོར་གྱི་རྒྱུད་དུ་ཡང་གསུངས་པ། །ཇི་ལྟར་འདོད་བཞིན་བསྒྲུབ་བྱ་བསྒྲུབ། །དེ་ཡི་ཕྱི་ ནས་ཇི་འདོད་པས། །འདོད་པའི་བྱ་བ་འམ་ཇི་འདོད་བཞིན། །ཀུན་ཟ་དེ་བཞིན་ཐམས་ཅད་བྱེད། །དབང་པོ་གང་དང་གང་ལམ་ཉིད། །གང་གང་དེ་དེའི་རང་བཞིན་ལས། །མཉམ་པར་མ་བཞག་སྦྱོར་བ་ཡིས། །རང་ལྷག་ལྷ་ཉིད་ཀུན་དུ་སྤྱད། །དེ་ཉིད་སྦྱོར་བ་འདི་ཡིས་ནི། །ཐམས་ཅད་མྱུར་བ་ཁོ་ ནར་འགྲུབ། །ངན་ཟོས་ངན་བྱས་ཐམས་ཅད་ཀྱིས། །ཀུན་མཆོག་ཉིད་ཀྱིས་ཉེས་པ་མེད། །ཅེས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་པའི་སྤྱོད་པའོ། །བ་ལང་ཤ་དང་རྟ་ཤ་དང་། །མི་ཁྱི་གླང་པོ་སྣ་ཚོགས་རྣམས། །སྔགས་དང་ཕྱག་རྒྱར་ཡང་དག་ལྡན། །དཔའ་བོ་རྣམས་ཀྱི་ཟས་སུ་བཤད། ། ཅེས་སོ། །གསུངས་པ་ཡང་བ་ལང་ནི་མིག་གོ། །རྟ་ནི་ལྕེའོ། །མི་ནི་ལུས་སོ། །ཁྱི་ནི་རྣ་བའོ། །གླང་པོ་ཆེ་ནི་སྣའོ། །སྣ་ཚོགས་ནི་སྦྲང་བུ་སྟེ་ཡིད་དོ། །འདི་རྣམས་ཀྱི་ཤ་ནི་གཟུགས་ལ་སོགས་པའི་ཡུལ་ལོ། །ཟ་བ་ནི་སྣང་བ་མེད་པར་བྱེད་དོ། །སྒྲ་ཇི་བཞིན་པ་མ་ཡིན་པའོ། །ཕྱག་རྒྱ་ནི་རྡོ་རྗེ་ལ་སོགས་པའོ། ། སྔགས་ནི་ཡི་གེ་གསུམ་ལ་སོགས་པའོ། །བླ་མར་ཡང་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿཡིག་ལས་སྐྱེས་པའི་ཐོད་པ་ཡེ་ཤེས་ལྔའི་བདུད་རྩིས་ཡོངས་སུ་གང་བ་ཆ་བཅུ་དྲུག་པ་ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པ། ཡི་གེ་གསུམ་ལས་བྱུང་བ་སྤྲོས་པའི་འཁོར་ལོ་གསུམ་བསྒོམ་པར་ བྱའོ། །ས་མ་ཡ་ཤུདྡྷ་དྷརྨཱཿས་མ་ཡ་ཤུདྡྷོ྅ཧཾ་ཞེས་སོ། །དེ་ནས་རྡོ་རྗེའི་ལྕེས་བཟའ་བར་བྱའོ། །རྡོ་རྗེ་བདུད་རྩིའི་ཆུ་བཏུང་བར་བྱའོ། །ཨོཾ་བཛྲ་ཨ་མྲྀ་ཏོངྐ་ཋ་ཋ་ཧཱུཾ་ཋ་ཋ་ཏྲཱཾ་ཨཱཿཁཾ་ཧཱུཾ་ཞེས་པ་དྲང་བའི་དོན་ཏོ། །རང་གི་ལྷག་པའི་ལྷ་ཉིད་ཀྱི་སྦྱོར་བས་བདུད་རྩིར་བྱས་ནས་བཟའ་བར་བྱའོ་ཞེས་པ་ངེས་ པའི་དོན་ཏོ། །ནང་གི་གཏོར་མའོ། །ཧེ་རུ་ཀ་དཔལ་གྱི་སྤྲུལ་པ། །ཉེར་སྤྱོད་བསྟན་བཅོས་མཚན་ཉིད་དོ། །ཞེས་པ་ནི་ཧེ་རུ་ཀའི་རྒྱུད་འདི་ཉིད་ཀྱི་ཆོ་ག་བསྟན་བཅོས་ཏེ། ཉེ་བར་བསྟན་པའི་བསྟན་བཅོས་ཐེག་པ་ཆེན་པོ་ཡང་དག་པར་གཟུང་བ་ཐམས་ཅད་ཀྱི་མཆོག་ཉིད་ཡིན་པའི་ཕྱིར་རྣམ་ པར་མཚོན་པར་བྱེད་པ་སྤྲུལ་པའོ། །གསུངས་པ་ཡང་། དོན་གཅིག་ཉིད་ཕྱིར་མ་རྨོངས་ཕྱིར། །ཐབས་མང་ཕྱིར་དང་དཀའ་མེད་ཕྱིར། །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་ཏེ་སྒྲ་ཇི་བཞིན་པའོ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །རྣལ་ འབྱོར་རྟག་ཏུ་གཟུང་བར་བྱ། །བགེགས་མེད་ཇི་བཞིན་དངོས་གྲུབ་དེའོ། །གཞན་དུ་འགས་ཀྱང་རབ་འགྲུབ་མིན། །ཞེས་པ་ནི་འདི་ཁོ་ན་ཁྱད་པར་དུ་འཕགས་པའི་ཟུང་འཇུག་གསུངས་པའོ། །གཟུང་བར་བྱ་ནི་རྣལ་འབྱོར་བསྒོམ་པར་བྱའོ། །གསུངས་པ་ཡང་། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིས། ། རྒྱས་གདབ་ཡེ་ཤེས་བརྗོད་བྱ་སྟེ། མཆོག་གཞན་ཐེག་པ་ཐུན་མོང་ནི། །སེམས་མེད་སེམས་ནི་བདེ་བ་ཆེ། །ཞེས་སོ། །དགོངས་པ་མ་ཡིན་པའོ། །བགེགས་མེད་ནི་གང་དེ་ལྟ་བུར་བགྲོད་པ་བྱ་བའི་ཕྱིར་དང་། བདུད་རྣམས་ཀྱིས་དབྱེར་མི་ཕྱེད་པའི་ཕྱིར་རོ། །ཇི་བཞིན་དངོས་གྲུབ་ནི་མངོན་པར་འདོད་པའི་ དངོས་གྲུབ་དང་དེའི་བསྲུང་བ་ཡང་ཐམས་ཅད་སྦྱིན་པར་འགྱུར་རོ། །གཞན་དུ་སེམས་ཅན་འགས་ཀྱང་དེའི་དོན་དུ་རབ་ཏུ་སྒྲུབ་པ་སྟེ། རབ་ཏུ་འཇུག་པ་མ་ཡིན་ནོ། །དེ་ཁོ་ནས་དོན་ཐམས་ཅད་སྒྲུབ་པ་ནི་སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ལྡན་པའོ། །དེ་ཡི་ཕོ་ཉ་མོ་མཆོག་བཟང་། །ལྷན་ཅིག་བརྩོན་པར་ ལྡན་པ་ཡིན། །གང་ཆགས་དགའ་བའི་ལེགས་སྦྱོར་ལས། །རྣལ་འབྱོར་རྫས་ཀྱི་རྣམ་དབྱེ་ལས། །སྙོམས་པར་འཇུག་པ་སེམས་འཛིན་པ། །བྱང་ཆུབ་མཆོག་ནི་བསྒྲུབ་པར་བྱ། །བླ་མའི་ཉེ་བསྟན་ལ་ཀུན་ཞེན། །དེ་ཡི་དོན་གྱིས་ནོར་སྦྱིན་མཚུངས། །ཞེས་པས་འབྲས་བུ་གསུངས་ཏེ། གང་ དེ་ལྟ་བུར་གྱུར་པའི་སྒྲུབ་པ་པོ་དེའི་རལ་གྲི་དང་སྣག་ཚ་དང་ཆོ་ང་ལ་སོགས་པ་བརྟེན་པའི་ཆོས་སྤངས་པ་དེའི་བྱ་བ་ཐམས་ཅད་བྱེད་པ་ནི་ཕོ་ཉ་མོ་ཤེས་རབ་མའོ། །གསུངས་པ་ཡང་བྱང་ཆུབ་སེམས་དཔའ་ནི་ཟོལ་པ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་བཅོས་མར་བྱེད་དོ། །མཆོག་ཏུ་ལེགས་པར་ བསླབས་པའི་ལྷ་མོ་གཞན་ལ་ཆགས་པ་མ་ཡིན་པ་ལ་མཆོག་ཏུ་བརྩོན་པ་ནི་དེའི་བྱ་བ་ལ་རང་བདེ་བ་ཆེན་པོ་བསྒྲུབ་པ་ལ་ཡང་ངོ་། །དེའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་བཤེས་གཉེན་ཅན་གང་འདི་ལ་ཆགས་པ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སེམས་ངེས་པར་ཆགས་པའི་རྣལ་འབྱོར་པའོ། ། བླ་མར་ཡང་། འཇིགས་པ་ངེས་བཅོམ་ཡོངས་སུ་དག་པའི་བློ། །སྤྲོས་པའི་རྣམ་རྟོག་མ་ལུས་བཅོམ་བྱས་པ། །བྱམས་དང་སྙིང་རྗེའི་རྒྱན་གྱིས་བརྒྱན་པའི་ལུས། །རྣལ་འབྱོར་པ་བདག་མ་ཆགས་བདེ་བར་གནས། །ཞེས་སོ། །དགའ་བ་ལེགས་སྦྱོར་ལས་ནི་མི་འཕོ་བ་རྫོགས་པར་ལོངས་སྤྱོད་ པ་ལས་སོ། །བྱང་ཆུབ་མཆོག་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདག་ཉིད་གདུལ་བྱ་རྣམས་ལ་རྟོགས་པར་བྱེད་དོ་ཞེས་པས་བྱང་ཆུབ་སྟེ་གཞན་གྱི་དོན་བྱེད་པའོ། །སྙོམས་འཇུག་ལ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དག་གསུངས་པ་ཡང་། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། །ཡེ་ ཤེས་ཕྱག་རྒྱ་རྗེས་ཆགས་ལ། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ། །ཞེས་སོ། །སེམས་ནི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྣམས་ཀྱིས་བསགས་པ་ཉིད་ཀྱི་ཕྱིར་སེམས་སོ། །དག་པ་མཆོག་ཏུ་མི་འགྱུར་བ་དེ་འཛིན་པར་བྱེད་དོ་ཞེས་པས་འཛིན་ པའོ། །དགོངས་པའོ། །བླ་མས་ཉེ་བར་བསྟེན་ཞེས་པ་དགོངས་པའི་སྐད་ལ་སོགས་པ་དང་བཤད་པའི་རྒྱུད་དུ་གསུངས་པའོ། །དེས་ཀུན་ནས་ཞེན་པ་ནི་དེ་མངོན་པར་ཤེས་པའོ། །བཤད་པའི་རྒྱུད་དུ་ཡང་ཉེ་བར་བསྟེན་པ་གསུངས་པ་འདི་ལྟ་སྟེ། ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་དབུས་ སུ་བསྒོམ་པར་བྱ། །མཆོག་ཏུ་མི་འགྱུར་གོ་འཕང་ནི། །དེ་ཡི་དབུས་སོན་བསམ་པར་བྱ། །སྐུ་དང་གསུང་ཐུགས་འདྲེས་པ་ཡིས། །ལྷ་ཡི་གཟུགས་སུ་བསྒོམ་པར་བྱ། །སེམས་ཉིད་དུ་ཡང་བསྒོམ་པ་མིན། །ཆགས་པ་མ་ཡིན་ཆགས་བྲལ་མིན། །འདོད་ཆགས་བྲལ་ཞེས་རིགས་པར་ལྡན། ། བླ་མས་ཉེར་བསྟན་ལམ་གྱིས་ནི། །མཆོག་ཏུ་འབད་པས་བསམས་པ་ལས། །དེ་ལྟར་ངལ་སོས་པ་ལ་གནས། །འཇིག་རྟེན་དུ་མས་མི་ཤེས་སོ། །རྣལ་འབྱོར་རྣལ་འབྱོར་བྲལ་མི་བྱ། །མྱང་འདས་གོ་འཕང་འབའ་ཞིག་པ། །དེ་ལྟའི་བྱང་ཆུབ་འགྱུར་རྙེད་དཀའ། །རྣམ་གཞན་འབྲས་བུ་མེད་ པར་འདོད། །རྣམ་གཞན་མུ་སྟེགས་ངན་པ་ལ། །འོད་གསལ་ལ་སོགས་ཡོད་མ་ཡིན། །ཀུན་སྤྱོད་དུ་ཡང་། །ལྡོག་པ་ཇི་སྐད་མདོར་བསྟན་པ། །བཤད་བྱ་སྒྲུབ་པ་པོ་རྣམས་ཉོན། །ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ཞེས་རྒྱུ་སོགས་སྟོང་པ་ཉིད། །རུ་ཡིག་བཀོད་པ་དང་བྲལ་བ། །ཀ་ཞེས་ གང་དུའང་མི་གནས་པའོ། །འདི་རྣམས་རང་བཞིན་ལས་སྟོང་པ། །ཀུན་འགྲོ་གཞོམ་དུ་མེད་པའོ། །མདོར་བསྡུས་ནས་ནི་བསྒོམ་བྱས་ན། །འདོད་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སོ། །དེའི་དོན་གྱིས་ནི་དེའི་རྣམ་པར་འབྱོར་པས་སོ། །ནོར་སྦྱིན་ཏེ་ལུས་ངན་པོ་དང་མཉམ་པར་ ནམ་ཞིག་འགྱུར་ཏེ་ནམ་མཁའ་མཛོད་ཉིད་ལས་སོ། །ནོར་རྒྱུན་མའི་རྟོག་པར་ཡང་གསུངས་པ། གང་ཤིན་ཏུ་ཡུན་རིང་པོར་ཆེས་ལེགས་པར་ཡང་དག་པར་སྤྲོས་ཤིང་། རབ་ཏུ་རྟོགས་པ་ནི་མི་རྣམས་ཀྱི་དབུལ་བའི་སྡུག་བསྔལ་གྱི་ཉེས་པ་ཞི་སྟེ་གཞན་དུ་དེའི་ལག་ཏུ་དབུལ་སོན་ཏོ་ཞེས་ ཏེ་སྒྲ་ཇི་བཞིན་པའོ། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དེ་བཞིན་ཁོ་ནར་དྲུག་བརྒྱ་ཡིས། །སྲོག་རྣམས་རྣལ་འབྱོར་པས་གསད་བྱ། །ཨ་ཝ་དྷཱུ་ཏཱིའི་ཞབས་ལ་གནས། །ཞེས་པས་འོད་གསལ་གསུངས་སོ། །ཨ་ཝ་དྷཱུ་ཏཱི་ནི་མ་རིག་པའོ། །དེའི་ཞབས་ནི་འོད་གསལ་ཏེ་རྟོག་པ་ལས་རྣམ་པར་གྲོལ་བའོ། ། གསད་པར་བྱ་ནི་བདེ་བ་ཆེན་པོ་ཉིད་ཀྱི་ཚུལ་དུ་བྱའོ། །ངེས་པའི་དོན་ཏོ། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་བརྒྱ་ཕྲག་དྲུག་གིས་ལྷག་པའི་དབུགས་ཉིན་དང་མཚན་མོས་ལ་ལ་ནཱ་དང་། ར་ས་ནཱ་དང་། དབུ་མ་ནས་སོ། །དེ་ལ་དུས་སྦྱོར་བཅུ་གཉིས་འཕོ་བ་རྣམས་སུ་བདུན་ཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱའི་གྲངས་ ཉིན་ཞག་སོ་སོར་དབུ་མ་ནས་སོ། །ལྷག་མ་ལ། ལ་ལ་ནཱ་དང་། ར་ས་ནཱ་ནས་རབ་ཏུ་འབབ་པ་དུས་སྦྱོར་བཅུ་གཉིས་པོ་དེ་རྣམས་སུ་སོ་སོ་རེ་རེར་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་གྱིས་བརྒྱ་ཕྲག་བཅོ་བརྒྱད་ཀྱི་དབུགས་སོ། །དེ་བཞིན་དུ་ར་ས་ནཱ་ནས་རབ་ཏུ་འབབ་པ་སོ་སོ་རེ་རེར་གླང་ ལ་སོགས་པ་མཉམ་པའི་དུས་སྦྱོར་གྱིས་སོ། །སོ་སོ་རེ་རེར་འཕོ་བའི་དུས་སྒྲ་གཅན་ཨ་ཝ་དྷཱུ་ཏཱིར་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་གི་གྲངས་སོ། །དེ་རྣམས་སུ་དཀྱིལ་འཁོར་རེ་རེ་འབབ་པ་ནི་གཡོན་པ་དང་གཡས་པ་དག་ལ་དྲུག་ཅུས་ལྷག་པའི་སུམ་བརྒྱའི་གྲངས་ཏེ་རྐང་པ་དང་བཅས་ པའི་བཅུ་གཅིག་གི་དབུགས་རྣམས་དཀྱིལ་འཁོར་སོ་སོའི་དབུས་ནས་སོ་སོར་བཅིངས་པས་དམན་པའོ། །འདིར་དཀྱིལ་འཁོར་ནམ་མཁའ་ལ་སོགས་པ་ལྔ་ལ་ལ་ནཱ་ནས་སོ། །གཡོན་དང་གཡས་སུ་ཡང་ངོ་། །འདིར་ལྟེ་བའི་པདྨ་ཆུ་སྲིན་ལ་སོགས་པ་འདབ་མ་དྲུག་ཅུའི་རྟེན་ལ་གྲངས་ ཇི་ལྟ་བ་བཞིན་དུ་འདབ་མའི་དབུས་དང་། ཤར་དང་། གཡས་དང་། གཡོན་དང་། ནུབ་ཏུ་སྟོང་པ་དང་། རླུང་དང་། མེ་དང་། ཆུ་དང་། སའི་དཀྱིལ་འཁོར་རྣམས་འདབ་མ་རྣམས་སུ་དང་། སྣའི་བུ་ག་དབུས་ལ་དང་། སྟེང་དང་གཡས་དང་གཡོན་དང་འོག་ཏུ་འབབ་སྟེ་བཅུ་གཉིས་ ཀྱི་མཐར་ནམ་མཁའ་ལ་སོགས་པ་དང་། ས་ལ་སོགས་པའི་དབྱེ་བས་འབྱིན་པ་དང་། སྡུད་པའི་རིམ་པས་འོད་དཔག་མེད་དང་དོན་ཡོད་པའི་རང་བཞིན་གྱིས་སོ། །རྣམ་པར་སྣང་མཛད་ཀྱི་རླུང་ཡང་ལུས་ལ་རྗེས་སུ་འགྲོ་བར་རྟོགས་པར་བྱའོ། །དྲུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་ལྟེ་ བའི་ཟེ་འབྲུ་ལ་སྟེང་གི་བུ་གར་ཅིག་ཅར་ཉིད་ཀྱིས་སོ། །དཀྱིལ་འཁོར་ལྔའི་དབུགས་ཀྱི་བདག་ཉིད། །ཅེས་རླུང་གི་དེ་ཉིད་དོ། །འདི་རྣམས་ཀྱི་གཡས་པ་དང་། གཡས་མིན་གྱི་དབུགས་རྩའི་ཀུན་དུ་སྤྱོད་པའི་སྟོབས་ཀྱིས་སྲོག་དང་ཐུར་སེལ་གྱིས་དབུ་མར་རྒྱུན་དུ་རབ་ཏུ་ཞུགས་པས་ཐུན་མོང་བའི་འཆི་ལྟས་ཀྱིས་འཆི་བ་སླུ་ བར་འགྱུར་རོ། །དབུ་མའི་ཡང་དབུགས་རྣམ་པ་གསུམ་སྟེ་ཐ་མ་དང་འབྲིང་དང་མཆོག་གི་དབྱེ་བས་སོ། །དེ་ལ་ཐ་མ་ནི་འགྱུར་བའི་རང་བཞིན་འཆི་བ་སྟེར་བར་བྱེད་པའོ། །འབྲིང་ནི་འཆི་ལྟས་འཇོམས་པ་སྟེ་ལྷན་ཅིག་སྐྱེས་པའི་དབུགས་ཀྱིས་འཁོར་ལོའི་གྲངས་རེངས་པ་དཀར་པོ་མི་བསྐྱེད་པའོ། །མཆོག་ནི་སངས་རྒྱས་ཉིད་ སྟེར་བ་བྱེད་པ་པོ་སྟེ་རྡོ་རྗེ་བཟླས་པར་ཇི་ལྟར་ཉེ་བར་བསྟན་པ་ལས་རབ་ཏུ་འབྱུང་བ་དང་འཇུག་པ་ཉིད་ཀྱིས་སྲོག་དབུ་མར་རབ་ཏུ་གཞུག་པར་བྱ་སྟེ་ཉི་ཁྲི་བརྒྱད་གཉིས་བརྒྱའི་གྲངས་ཇི་སྲིད་པར་རོ་ཞེས་སོ། །གསུངས་པ་ཡང་། རྣལ་འབྱོར་པ་ཡི་དབུགས་འབྱུང་རྔུབ། །སྦྱོར་གཞི་གཅིག་པ་ལ་བརྩོན་པ། །ཤེས་རབ་ཐབས་ ཀྱི་གཞིར་གནས་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །དེ་ལ་བརྟུལ་ཞུགས་བཤད་པ་མེད། །བགྲང་ཕྲེང་མེད་ཅིང་སྔགས་རྣམས་མེད། །གཟུངས་དང་སྦྱིན་སྲེག་ལས་རྣམས་ཀུན། །གཅིག་ནས་གཅིག་ཏུ་བཟློག་པར་འགྱུར། །འདི་སེམས་ཀྱི་བསམ་པ་ཐོབ་པར་འགྱུར་ཏེ་འདིར་ཡང་རང་བཞིན་བརྒྱད་ཅུ་འཕྲོ་བ་ལས་ སེམས་རྣམ་པར་དབེན་པར་རྟོགས་བྱ་སྟེ་སྣང་བ་གསུམ་གྱིས་རླུང་འབབ་པའི་ཕྱིར་རོ། །འཕགས་པའི་ཞབས་ཀྱིས་གསུངས་པ་ཡང་། རླུང་ནི་གང་དུ་དེར་གནས་པ། །རང་བཞིན་དེ་དང་དེ་འབྱུང་འགྱུར། །ཇི་སྲིད་རླུང་ནི་མི་རྒྱུ་དང་། །སྣང་བ་མི་གཡོ་བར་འགྱུར་རོ། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་ འདྲེས་གྱུར་ཏེ། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །དགོངས་པ་ལུང་སྟོན་དུ་ཡང་། ཇི་སྲིད་འཇིག་རྟེན་བརྡ་དང་ནི། །དེ་བཞིན་རྣམ་པ་སྣ་ཚོགས་བརྟགས། །རྣམ་རྟོག་རླུང་ལས་རྟག་ཏུ་ནི། །བྱང་ཆུབ་སེམས་སུ་འགྱུར་བ་ཡིན། །ཞེས་སོ། །དེ་ལ་སྣང་བའི་སུམ་ཅུ་རྩ་གསུམ་སྣང་བ་ མཆེད་པའི་བཞི་བཅུ་ཐམ་པའོ། །སྣང་བ་ཉེ་བར་ཐོབ་པའི་བདུན་ནོ། །འདི་དག་ཀྱང་སྤྱོད་བསྡུས་ལ་སོགས་པར་རྟོགས་པར་བྱའོ། །བཟླས་པ་འདིའི་ཕན་ཡོན་གསུངས་པ། །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོ་འཕྱེའི་བདག་པོ་ཆོམ་རྐུན་ཞགས་པས་འཆིང་བ་དང་། །ཆུ་གཏེར་འཁྲུགས་པ་དང་ནི་ཤ་ཟ་འཆི་བའི་འཇིགས་ བྱེད་ནད་དང་དབང་པོ་ཉེ་བར་འཚེ་བ་དང་། །དབུལ་དང་བུད་མེད་བྲལ་དང་མི་བདག་འཁྲུགས་པའི་འཇིགས་པ་དང་ནི་རྡོ་རྗེ་ལྟུང་དང་དོན་ཉམས་པ། །གང་ཞིག་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་ཡང་ནི་དྲན་བྱེད་དེ་ལ་རབ་ཏུ་ཉམས་པར་འགྱུར། །བླ་མར་ཡང་། རྟགས་ནི་གཉིས་གཉིས་སྦྱོར་བས་སོ། །དངོས་གྲུབ་ཆེད་དུ་གསང་ སྔགས་བཟླས། །འཁོར་ལོས་སྒྱུར་དྲུག་འགྲུབ་པར་བྱེད། །ངེས་པར་ཟླ་དྲུག་གིས་གཞན་མིན། །ཞེས་སོ། །རྡོ་རྗེ་བཟླས་པ་འདིས་བསྙེན་པ་བྱས་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལས་རྣམས་ཐམས་ཅད་ཆོ་ག་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ། །སྔགས་ཀྱི་དེ་ཉིད་གསལ་བ་འདི། །གསུང་གི་རྡོ་རྗེའི་སྒྲུབ་ཐབས་སོ། །རྣལ་ འབྱོར་བྱིས་པའི་རྟོགས་བྱ་མིན། །རྟོག་གེ་པ་ཡིས་མི་ཤེས་སོ། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །སེམས་ཙམ་ལ་ནི་ངེས་པར་སྦྱར། །སེམས་རྣམས་དབེན་པ་ཞེས་བཤད་པ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་སོ། །དྲང་བའི་དོན་ཏོ། །འོད་གསལ་བའི་རིམ་པའོ། །དེ་ནས་ཕོ་ཉའི་མཚན་ཉིད་མཆོག ། གཞན་པ་ཡང་དག་མདོར་བསྟན་པ། །གང་གིས་ཡང་དག་རྣམ་ཤེས་བྱེད། །མཁའ་འགྲོའི་དམ་ཚིག་ལ་གནས་པའོ། །མིང་པོ་དང་ནི་ཕ་ཉིད་དང་། །རྗེ་བོ་སྐད་ཅིག་ལས་མཐོང་བྱེད། །ལྕེ་སྦོམ་མིག་ནི་དམར་སེར་ལ། །སྐྲ་ནི་དམར་སེར་དེ་ནས་རྩུབ། །ཐུན་མོང་དངོས་གྲུབ་ཐམས་ཅད་དང་། །བཟླས་དང་བརྟུལ་ ཞུགས་ལ་རྟག་དགའ། །ཞེས་པས་ཕོ་ཉ་མོའི་རང་གི་ངོ་བོ་གསུངས་སོ། །རྗེ་བོ་ནི་བདག་པོ་ཉིད་དུ་ཀུན་དུ་སྤྱོད་པར་བྱེད་དེ་འདོད་པའི་བརྒྱད་འགྱུར་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་རྣམས་བསྟེན་པར་བྱ་སྟེ་ཇི་ལྟར་སུས་ཀྱང་མ་ཚོར་བར་བྱའོ། །སྒྲ་ཇི་བཞིན་པའོ། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །སྤྱོད་དང་གྲོལ་བའི་འབྲས་ རབ་སྟེར། །ཞེས་པས་གསལ་ལོ། །དྲན་པས་ཡང་དག་ལྡན་པ་ཡི། །ཕོ་ཉ་ཞེས་བྱའི་གོ་འཕང་ལྡན། །ཕྲེང་བའི་སྔགས་ནི་རྟག་ཏུ་ཟློས། །འདོད་པའི་དོན་ཀུན་གྲུབ་བྱེད་པ། །ཞེས་ཏེ། དྲན་པས་ནི་ལྷའི་བསམ་གཏན་ནོ། །གཞན་དུ་རྟོགས་པར་སླའོ། །དཔའ་བོའི་དབང་པོ་སྒྲུབ་པར་བྱེད་པ་དེ་བཞིན་དུའོ། །རྣལ་ འབྱོར་རོལ་པ་འབྲས་རབ་སྟེར། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །གདོན་མི་ཟ་བར་གློ་བུར་འབྱུང་། །ཞེས་པ་ནི་དཔའ་བོའི་དབང་པོའི་རྐང་པ་བརྒྱད་པ་དང་དེ་བཞིན་དུ་ལྷའི་རྣམ་པའི་རྣལ་འབྱོར་ལས་སོ། །མཁའ་འགྲོ་མ་ལ་སོགས་པ་ནི་བྱ་རོག་གདོང་མ་ལ་སོགས་པ་དང་ལྡན་པའི་འཇིག་རྟེན་གསུམ་ སྒྲུབ་པར་བྱེད་དོ། །སྔགས་དང་ཕྱག་རྒྱར་ཡང་དག་ལྡན། །སྒྲུབ་པ་པོ་ཡིས་ཐེ་ཚོམ་མེད། །ཕྱག་རྒྱ་དམན་པའི་གསང་སྔགས་རྣམས། །ལུས་ཅན་རྣམས་ཀྱིས་འགྲུབ་མི་འགྱུར། །ཞེས་པ་ནི་གསང་སྔགས་ཞལ་བཞི་པའོ། །ཕྱག་རྒྱ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཏེ་དྲང་བའི་དོན་ཏོ། །གསང་སྔགས་ཤེས་པའོ། ། ཕྱག་རྒྱ་ཤེས་བྱ་སྟེ་ཟུང་དུ་འཇུག་པའོ་ཞེས་པ་ངེས་པའི་དོན་ཏོ། །སྔགས་པས་དྲོ་བའི་བྱ་བ་དག །མངོན་པར་བརྩོན་པས་རྟོགས་པར་བྱ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའི། །རྣལ་འབྱོར་ཆེན་པོ་སུན་འབྱིན་གང་། །ཁྱི་ཡི་སྐྱེ་གནས་བརྒྱར་སོང་ནས། །གཏུམ་པོ་རུ་ཡང་སྐྱེ་བར་འགྱུར། །དམ་ཚིག་གི་སྤྱོད་པ་སུན་འབྱིན་པ་དེ་རྣམས་རྨོངས་པ་ དང་ངན་འགྲོར་འགྲོ་བར་འགྱུར། །གཏུམ་མོའི་རྣལ་འབྱོར་ཆེན་པོ་ལ་མངོན་པར་བརྩོན་པས་སོ། །གསུངས་པ་ཡང་། ཇི་ལྟར་གཡོ་བ་དེ་ཡང་སྨན་སོགས་ཀྱི། །སྟོབས་ཀྱི་མེ་དང་ཡང་དག་ཕྲད་པས་འཆིང་། །དེ་བཞིན་ཁུ་བ་ཤིན་ཏུ་རྣལ་འབྱོར་གྱིས། །ཤེས་རབ་མ་དང་ཡང་དག་ཕྲད་པས་ཞེས་སོ། །དྲོ་བའི་བྱ་བ་ནི་གཏུམ་མོའི་མེའི་རི་མོའོ། ། བཤད་པའི་རྒྱུད་དུ་ཡང་། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །རི་མོ་དེ་ལ་ངེས་པར་སྦྱར། །སྟེང་དུ་འཕར་བའི་རི་མོ་ལས། །འོག་ཏུ་འཛག་པར་བྱེད་པའོ། །དྲང་བའི་དོན་ཏོ། །དྲོ་བའི་བྱ་བ་ནི་འདོད་པའི་འདོད་ཆགས་རབ་ཏུ་གསལ་བ་དབང་པོ་གཉིས་ཀྱི་སྦྱོར་བས་ཇི་ལྟར་འགྱུར་བ་དེ་བསྒོམ་པར་བྱའོ། །བླ་མར་ཡང་། བདུད་རྩི་ཐིག་ལེའི་ གཟུགས་ཅན་ནི། །ཁུ་བའི་གཟུགས་ཀྱིས་འཛག་པར་བྱེད། །བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ལས། །ཡེ་ཤེས་མེ་སྟེ་འདི་ཡི་ལས། །ཞེས་སོ། །ངེས་པའི་དོན་ཏོ། །རྣལ་འབྱོར་ཆེན་པོ་ནི་ཀུན་སྤྱོད་དུ། ལོངས་སྤྱོད་རྫོགས་པར་ཤེས་པར་བྱ། །རྣལ་འབྱོར་ཆེན་པོར་རྣམ་པར་གནས། །བླ་མར་ཡང་། སྙིང་ལ་གནས་པར་ ངེས་པར་བསྟན། །ཐིག་ལེ་གཅིག་ནི་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེས་བུ་ལ། །རང་གི་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་ཏེ་དྲང་བའི་དོན་ཏོ། །རྣལ་འབྱོར་ཆེན་པོ་ནི། །རྡོ་རྗེ་རྣལ་འབྱོར་བླ་ན་མེད། །ཅེས་གསུངས་པའོ། །རྒྱས་པར་བསྟན་པ་ཡང་བླ་མར། ཆོས་བདག་མེད་པའི་ལམ་གྱིས་ནི། །དཀྱིལ་འཁོར་མཆོག་ཏུ་ རབ་ཞུགས་ནས། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་ལ། །དེ་བཞིན་རྣལ་འབྱོར་པ་ངལ་སོ། །ཞེས་ཏེ་ངེས་པའི་དོན་ཏོ། །ཁྱིམ་ནི་ཁྱིམ་རྣམས་སོ། །དཔེར་ན་ཁ་ཅིག་མར་འདོད་པས། །འབད་པས་ཆུ་ལ་སྲུབ་པར་བྱེད། །དེ་ལས་མར་སར་མི་འབྱུང་ཡང་། །ལུས་ཉོན་མོངས་པ་ཁོ་ནར་ཟད། །ཅེས་པ་ངེས་པར་བསྟན་པ་གསུངས་ པ་གསལ་ལོ། །བཟང་པོར་འཛིན་དང་མཆོད་དང་བཏུད། །འཚོ་བའི་ཐབས་ཀྱི་རྒྱུད་ཉིད་ཕྱིར། །རྣལ་འབྱོར་གཞན་ལ་བརྟེན་པ་དང་། །བཟླས་པ་གཞན་ནི་དོན་མེད་དོ། །ཞེས་པས་སྔགས་པ་གསུངས་ཏེ། ཤེས་རབ་མ་ནུས་མའི་ཟླ་བའམ་ཟླ་བ་ཅན་དབྱེར་མེད་པའི་ཆོས་ཅན་གྱི་ཕྱག་རྒྱ་ཆེན་པོའི་སྐབས་ལས་གཞན་པའི་ ལྷ་དང་སྔགས་ལ་སོགས་པ་མཆོད་པ་དོན་མེད་དོ། །གསུངས་པ་ཡང་། ཐུབ་པ་འགྲོ་བ་འཇིགས་མེད་ལྡན། །ཕྱག་རྒྱ་དཀྱིལ་འཁོར་སྔགས་ལ་སོགས། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །སྐལ་བ་བྲལ་བའི་བདག་ཉིད་ལའོ། །བཟང་པོ་ནི་དཔལ་བཟང་པོའི་རིགས་ཉིད་ཀྱི་ཕྱིར་ཀུན་རྫ