Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 17
Văn bản gốc(Tây Tạng)
Trang 19 / 29 (50.000 ký tự/trang)
ནི་ཇི་བཞིན་མཆོག །ཅེས་སོ། །ཕག་མོའི་ཕྲེང་བའི་སྔགས་ཀྱང་ཧེ་རུ་ཀ་མངོན་བྱུང་དུ་གསུངས་པ། འདི་ལྟ་སྟེ། ཨོཾ་ན་མོ་བྷ་ག་བ་ཏི་བཛྲ་བཱ་རཱ་ཧཱི། ཞེས་ པ་ལ་སོགས་པ་ནས། པྲོ་ཏཾ་གེ་ཧ་ན་པྲཱ་ནཱཾ་ཀིངྐི་ནི་ཞེས་པ་ལ་སོགས་པ་ནས་ཕཊ་སྭཱ་ཧཱའི་མཐར་ཐུག་པའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། རིག་པའི་རྒྱལ་པོ་ཞེས་པ་ཞལ་བཞི་པའི་སྔགས་སོ། །ཉི་ཤུ་བཞི་ཡི་སྔགས་ཀྱིས་སྦྱོར། །ཕྲེང་བའི་སྔགས་སུ་ཡོངས་སུ་བསྒྲགས། །ཞེས་པ་ནི། རྐང་པ་ཉི་ ཤུ་རྩ་བཞི་པ་གསུངས་ཏེ། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པར་ཡང་། ཨོཾ་ཀ་ར་ཀ་ར་ཞེས་པ་ལ་སོགས་པ་ནས། ཧུཾ་ཧཱུཾ་ཕཊ་ཞེས་པའི་མཐར་ཐུག་པར་རོ། །མཁའ་འགྲོ་མ་རྣམས་རིག་པ་ཆེ། །ཕོ་ཉ་མོ་ཀུན་རང་བཞིན་གཉིས། །ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོ་གསུངས་ཏེ། ཨོཾ་བཛྲ་བརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། སྙིང་པོ་གཞན་ནོ། །དེ་བཞིན་དུ་ཉེ་བའི་སྙིང་པོ་ནི། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་བརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཕོ་ཉ་མོ་བཞི་ཡང་དག་ལྡན། །རིག་པའི་རྒྱལ་པོ་རབ་ཏུ་བསྒྲགས། །ཞེས་བཟླས་པ་གསུངས་པ། རྡོ་རྗེ་ཞབས་ཀྱི་རྒྱ་ཆེར་བཤད་པར་གསུངས་པ། ཨོཾ་སུམྦྷ་ནི་སུམྦྷ་བཛྲ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་ པ་དེ་བཞིན་དུ་གཞན་དུའང་རྟོགས་པར་བྱའོ། །མ་མོ་བརྒྱད་དང་ཡང་དག་ལྡན། །དཔའ་དབང་ཧེ་རུ་ཀ་རུ་འང་བཤད། །ཅེས་པ་རྐང་པ་གསུངས་སོ། །མི་ཡིས་ཆོ་གས་བསྒྲུབས་གྱུར་ན། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །སྙིང་པོ་ཉེ་བའི་སྙིང་པོ་དང་། གོ་ཆ་བཤད་པ་ལྔ་པ་འདི། །རབ་ ཏུ་འབད་པས་བསྒྲུབ་པར་བྱ། །དངོས་གྲུབ་ཐམས་ཅད་རབ་སྦྱིན་བྱེད། །ཅེས་པ་ངེས་པར་འཛིན་པར་བྱེད་པའི་སྔགས་སོ། །རྒྱ་ཆེར་འགྲེལ་པ་དྲི་མ་མེད་པའི་འོད་དུ་ཡང་གསུངས་པ། མིང་གི་སྔགས་ནི་ཐམས་ཅད་དུ་སྙིང་པོའོ་ཞེས་སོ། །ཧྲཱིཿཡིག་ལ་སོགས་པ་ཡན་ལག་དྲུག་ནི་ཉེ་བའི་སྙིང་པོའོ། ། གོ་ཆའི་སྔགས་ནི་ཤེས་རབ་དང་ཐབས་ཏེ། ཨོཾ་བཾ་ཡོཾ་མོཾ་ཧྲིཾ་ཧཱུཾ་ཕཊ། བཞད་པ་ལྔ་པ་ཞེས་པ་ནི། ཧཾ་ཧིཾ་ཧུཾ་ཧེཾ་ཧོཾ་སྭཱ་ཧཱ་ཡང་ནའོ། །དེ་བཞིན་དུ་རིགས་གསུམ་གྱི་སྔགས་ནི། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། དེ་བཞིན་དུ་རིགས་དྲུག་ཀྱང་ཨོཾ་ཨཱཿཧཱུཾ་ཧོ་ཧཾ་ཀྵཿསྭཱ་ཧཱ། དེ་བཞིན་དུ་དགུག་པ་ལ་སོགས་པ་ཅན་ཡང་། ཛཿཧཱུཾ་བཾ་ ཧེཿཞེས་སོ། །མངོན་པར་བརྗོད་པ་བླ་མར་ཡང་། །ཧེ་ཡིག་རྣམ་པ་ཡང་དག་བྱུང་། །ཧེ་རུ་ཀ་ནི་རྣམ་བསྒོམ་བྱ། །ཧཱི་ཡིག་རྣམ་པ་ཡང་དག་བྱུང་། །རྡོ་རྗེ་མཁའ་འགྲོ་རྣམ་བསྒོམ་བྱ། །ཧཱུཾ་ཡིག་ཡེ་ཤེས་ཀྱིས་རྫོགས་པ། །རྡོ་རྗེ་ཧཱུཾ་མཛད་བསྒོམ་པ་ལས། །ཧཱུཾ་ཡིག་རྣམ་པ་ཡང་དག་བྱུང་། །མི་བསྐྱོད་ རྣམ་པ་སྒོམ་པར་བྱེད། །བཾ་ཡིག་ཡེ་ཤེས་ཀྱིས་རྫོགས་པ། །རྡོ་རྗེ་སེམས་དཔའ་རྣམ་སྒོམ་བྱེད། །ཨོཾ་བྷྲུཾ་ཨཱཾ་བུཾ་རྣམ་པ་རྫོགས། །སངས་རྒྱས་མཁའ་འགྲོ་རྣམ་སྒོམ་བྱེད། །ཨཾ་ཏྲཱཾ་རཾ་སྭཱ་རྣམ་པས་རྫོགས། །རིན་ཆེན་མཁའ་འགྲོ་རྣམ་སྒོམ་བྱེད། །ཧྲཱིཾ་ཧྲཱིཿཨཱ་ཡིག་གིས་རྫོགས་པ། །པདྨ་ མཁའ་འགྲོ་རྣམ་སྒོམ་བྱེད། །ཁཾ་ཧོཿཧ་ཡིག་གིས་རྫོགས་པ། སྣ་ཚོགས་མཁའ་འགྲོ་རྣམ་སྒོམ་བྱེད། །ཌཱཾ་ཡིག་མཁའ་འགྲོ་མ་ཉིད་ཀྱང་། །ཡཾ་ཡིག་རྣལ་འབྱོར་མ་དེ་བཞིན། །བྷཱུཾ་ཡིག་ས་སྤྱོད་ལྷ་མོའོ། །ཁཾ་ནི་མཁའ་འགྲོ་དེ་བཞིན་ནོ། །ཞེས་སོ། །དེ་བཞིན་དུ། ཨོཾ་བཛྲ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཕཊ། དེ་ བཞིན་དུ་གཞན་ནོ། །ཨོཾ་ཀཱ་ཀཱ་སྱེ་ཧཱུཾ་ཕཊ། དེ་བཞིན་དུ་གཞན་ནོ། །ཨོཾ་ཀ་ར་ཀ་ར་བཛྲ་པྲ་ཙཎྜེ་བཛྲ་ཁཎྜ་ཀ་པཱ་ལི་ནི་ཧུཾ་ཧཱུཾ་ཕཊ། ཅེས་རྒྱ་ཆེར་འགྲེལ་པར་རོ། །འབུམ་ཕྲག་ལྔ་པར་ཡང་གསུངས་པ། སྐུ་ནི་རྩ་བའི་སྔགས་སུ་འགྱུར། །གསུང་གི་རང་བཞིན་སྙིང་པོར་བརྗོད། །ཐུགས་ཀྱི་གསང་ སྔགས་དཔེར་བརྗོད་པ། །ཉེ་བའི་སྙིང་པོ་ཁོ་ནར་འགྱུར། །ཡེ་ཤེས་ས་བོན་ཞེས་བཤད་པ། །ཡེ་ཤེས་སྔགས་དང་ལྷན་ཅིག་བརྗོད། །ས་བོན་ཉེ་བའི་སྙིང་པོ་ཉིད། །སྙིང་པོ་རྩ་བའི་གསང་སྔགས་ལས། །ཇི་སྲིད་དེ་གྲུབ་སྦྱིན་འགྱུར་བ། །སྐལ་ལྡན་རབ་ཏུ་འབད་པས་བཟླས། །ཞེས་ སོ། །གསུངས་པ་ཡང་རྩ་བའི་སྔགས་ལ་སོགས་པ་སྔགས་སོ་སོ་རེ་རེ་ལ་ལས་ཀྱི་རྗེས་སུ་མཐུན་པས་མཐར་ཧཱུཾ་ཕཊ་ཀྱི་རྣམ་པའི་ཡི་གེའི་གནས་སུ་ལྷ་བོད་པ་ལ་སྭཱ་ཧཱ་མཐར་བྱའོ། །དེ་བཞིན་དུ་ཞི་བ་ཅན་ལ་སོགས་པའི་སྦྱིན་སྲེག་དང་རྒྱས་པ་ལ་ཡང་ངོ་། །མཆོད་པ་ལ་ཡང་ཞི་བ་ལ་ འང་ན་མཿའི་མཐའོ། །དགུག་པ་ལ་བཽ་ཥཊ་མ་ཐའོ། །དབང་ལ་བ་ཥཊ་མཐའོ། །རྣམ་པར་སྡང་བ་ལ་སོགས་པ་དང་། རེངས་པ་ལ་སོགས་པ་འང་ཧཱུཾ་ཕཊ་ཡི་གེ་མཐའོ། །སྦྱིན་སྲེག་ལ་འང་། བཟློག་པས་ཐམས་ཅད་རྫོགས་པའོ། །དེ་བཞིན་དུ་ཡང་། འབུམ་ ཕྲག་ལྔ་པའི་ཀྱེའི་རྡོ་རྗེར་གསུངས་པ། རིགས་གཞན་དང་ནི་བྱ་བ་གཞན། །དུས་དང་དེ་བཞིན་སྔགས་ཀྱི་རིགས། །གནས་དང་ཕྱོགས་དང་རྟེན་གཞན་གྱི། །ལས་རྣམས་ཀུན་ལ་འབྲས་བུ་མེད། །གལ་ཏེ་གླེགས་བམ་ལས་རྙེད་ན། །མན་ངག་ཅེས་བྱ་དེ་ནི་ཅི། །ཇི་ལྟར་བྲིས་པ་གླེགས་ བམ་ནི། །དྲང་བའི་དོན་གྱིས་རབ་བསྟན་ཏོ། །གླེགས་བམ་དག་ལ་བཀླགས་པའི་སྔགས། །མན་ངག་རྣམ་པར་སྤངས་རྣམས་ཀྱིས། །སྒྲུབ་པ་རབ་ཏུ་བྱེད་པའི་མི། །གང་དེ་ས་ལ་ཉོན་མོངས་འགྱུར། །ཞེས་པ་སྒྲ་ཇི་བཞིན་པའོ། །དེ་ནས་སྐུ་གསུམ་བཤད་པར་བྱ། །ཧེ་རུ་ཀ་དཔལ་ གཉིས་མེད་སྦྱོར། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་ས་ལ་བསྒྲུབ་པར་བྱ། །ཞེས་པས་སེམས་རྣམ་པར་དབེན་པ་གསུངས་ཏེ། རྣལ་འབྱོར་མའི་རྒྱུད་དུ་ཡང་། །བསམ་གཏན་རྡོ་རྗེ་ཏིང་འཛིན་ནི། །སེམས་ཀྱི་རིན་ཆེན་རབ་བསྒྲུབ་པ། །ཧེ་རུ་ཀ་དང་གཉིས་མེད་སྦྱར། ། རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང་། །སྐུ་གསུམ་དག་ནི་ཐ་དད་པ། །སྐྱེ་བ་ཡིས་ནི་ཡང་དག་ལྡན། །རྫོགས་པའི་རིམ་པའི་ཕྱོགས་ལས་ནི། །རྣམ་གཅིག་ཏུ་ཡང་འགྱུར་བ་ཡིན། །སྒྲ་ཇི་བཞིན་པའོ། །ཆོས་ཀྱི་སྐུ་ཡི་ལས་ཅན་དུ། །གང་ཚེ་སྒྲུབ་པ་པོ་འགྱུར་བ། །དེ་ཚེ་དེ་ཡི་སྣོད་ཤེས་ ནས། །དེ་ནི་ཡེ་ཤེས་ང་རབ་སྨྲ། །ཞེས་པ་སེམས་ལ་རག་ལས་པ་ཉིད་དུ་གསུངས་སོ། །ཆོས་ཀྱི་སྐུ་ནི་ཐུགས་རྡོ་རྗེ་མི་བསྐྱོད་པ་སྟེ་དྲང་བའི་དོན་ཏོ། །ཆོས་ཀྱི་སྐུ་ནི་དོན་དམ་པའི་བདེན་པ་དང་ཟུང་འཇུག་གོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་ཡང་། ཆོས་སྐུ་རྣམ་གཉིས་ཞེས་བྱ་སྟེ། །ཆོས་ དབྱིངས་ཤིན་ཏུ་དྲི་མེད་དང་། །ཞེས་པ་ངེས་པའི་དོན་ཏོ། །སྣོད་ནི་སློབ་མ་རིན་པོ་ཆེའི་གང་ཟག་གི་སྣོད་དེ། རྒྱུད་གཞན་དུ་ཡང་། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་གཏོང་བའི་ངང་ཚུལ་དང་ལྡན་ཡོན་ཏན་ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་སེམས་ལྡན་དེ་ ཉིད་ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱིས་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ཤིན་ཏུ་མཁས་པ་རྣམས་ཀྱིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་གཞན་ཞེས་བྱ་བ་སླར་ཡང་འབྲིང་པོ་བསོད་ནམས་དག་གི་རྒྱུར། །ཞེས་སོ། །ཡེ་ཤེས་ནི་ཤེས་པ་ཁོང་དུ་ཆུད་པས་བརྟག་པ་སྟེ། ལེགས་པར་ རྟོགས་པས་བེམས་པོ་མ་ཡིན་པའི་བདེ་བའོ་ཞེས་ཏེ་ངེས་པའི་དོན་ཏོ། །རབ་ཏུ་སྨྲ་བ་ནི། དབང་བསྐུར་ནས་དེ་ཉིད་རབ་ཏུ་གསལ་བར་བྱེད་པའོ། །དེ་བཞིན་དུ་ཡང་། ཇི་སྐད་གསུངས་པའི་ཆོ་གས་དབང་བསྐུར་བྱིན་ནས་ནི། །སློབ་མའི་ལྷག་པར་མོས་པ་ཡིད་ཀྱིས་ཀུན་བལྟས་ཏེ། །ཟབ་ཅིང་རྒྱ་ཆེའི་ཚུལ་ལས་ ལྷག་པར་མོས་པ་ལ། །མངོན་པར་དབང་བསྐུར་རིན་ཆེན་ཚིག་ཁོ་ནས་བྱིན་ཅིག །ཅེས་སོ། །ལོངས་སྤྱོད་རྫོགས་སྐུའི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་འགྱུར་བ། །དེ་ཚེ་དེ་ཡི་སྣོད་ཤེས་ནས། །དེ་ནས་ཡེ་ཤེས་ང་རབ་སྨྲ། །ལོངས་སྤྱོད་རྫོགས་སྐུ་ནི་འོད་དཔག་མེད་དེའི་སྣོད་དུ་ནི་དེའི་རིགས་ཅན་ནོ། ། དེ་ལ་གུས་པ་ཡང་ངོ་། །ང་ནི་དཔལ་ཧེ་རུ་ཀའོ། །དྲང་བའི་དོན་ཏོ། །ལོངས་སྤྱོད་རྫོགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྒྲུབ་པ་པོའི་དོན་དུ་གཉེར་བའོ། །རྡོ་རྗེ་ཨ་རལླི་རུ་ཡང་། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །བླ་མ་ལ་གུས་སྙིང་རྗེར་ལྡན། །དེ་ལ་རྒྱུད་ནི་རབ་བསྟན་བྱ། །ཞེས་ སོ། །ཡེ་ཤེས་ནི་འདོད་པ་བདག་བྱིན་གྱིས་བརླབ་པའོ། །ངེས་པའི་དོན་ཏོ། །སྤྲུལ་པ་སྐུ་ཡི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་འགྱུར་བ། །དེ་ཚེ་དེ་ཡི་སྣོད་ཤེས་ནས། །དེ་ནི་ཡེ་ཤེས་ང་རབ་སྨྲ། །སྤྲུལ་པ་ནི་འདིར་རྣམ་པར་སྣང་མཛད་དེ། མངོན་པར་དབང་བསྐུར་བ་བདུན་གྱིས་དབང་བསྐུར་བའི་ སྒྲུབ་པ་པོའོ། །བླ་མར་ཡང་། དུས་དང་ཚོད་ནི་རྣམ་པར་གྲོལ། །གཙང་སྦྲའི་ཀུན་དུ་སྤྱོད་པ་སྤངས། །རང་གི་སྒྱུ་དང་སྔགས་སྦྱོར་བ། །སེམས་ཅན་ཀུན་གྱི་དོན་ལ་བརྩོན། །ཡེ་ཤེས་ནི་དེའི་སྒྲུབ་ཐབས་སོ། །དྲང་བའི་དོན་ཏོ། །སྤྲུལ་པ་ནི་ཕྲ་མོའི་རྣལ་འབྱོར་སྒྲུབ་པོས་བདུན་གྱི་དབང་ཕྱུག་གོ། །ཡེ་ ཤེས་ནི་རྡོ་རྗེ་བཟླས་པའི་མཚན་ཉིད་དོ། །ང་ནི་དཔལ་བླ་མའོ། །གྲུབ་པ་པདྨ་བཛྲ་པའི་ཞབས་ཀྱིས་ཀྱང་གསུངས་པ། ཀུན་ནས་དྲི་མེད་རང་བཞིན་རང་བཞིན་མེད་པ་ཡི། །ཡིད་བཞིན་ནོར་བུ་རྡོ་རྗེ་བུམ་པ་ལྟར་བཤད་པ། །སོ་སོའི་བདག་ཉིད་རིག་བློ་ཆོ་ག་བཞིན་རིག་ནས། །རྒྱལ་བ་རྣམས་ཀྱི་སྐུ་ ནི་དོན་དམ་དག་པའོ། །དེ་ལ་སེམས་ནི་རྣམ་པར་རྟོག་བཅས་དོགས་ཤིང་སེམས་པར་འགྱུར། །ཟླ་བའི་རྣམ་པ་སངས་རྒྱས་ཀྱི་སྣ་ཚོགས་ལོངས་སྤྱོད་པ་ཅན་གྱི་སྐུ། བདེ་བའི་རང་བཞིན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་བརྗོད་པར་བྱའོ། །གང་ཡང་གནས་སྐབས་དེར་ཁྱད་ པར་དགའ་བའི་མིང་སྐད་ཅིག་འཆར་བ་བྷ་གའི་དབུས་སུ་སོན་པ་དེ། ཡུངས་ཀར་མིང་དུ་རྣམ་པར་གཞག་པ། བརྟེན་པ་སྤྲུལ་པའི་སྐུ་ཞེས་དེ་ལས་སངས་རྒྱས་རྣམས་ཀྱིས་གསུངས་སོ། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །ཐོབ་པར་འགྱུར་བར་ཐེ་ཚོམ་མེད། །དཔལ་ཧེ་རུ་ཀར་སྤྱོད་ལས་ བདག །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་རྫོགས་པའི་འབྲས་བུར་གསུངས་སོ། །ཆོས་ནི་ཆོས་ཀྱི་སྐུའོ། །དེ་བཞིན་དུ་ཡང་བཅོམ་ལྡན་འདས་ཀྱིས་མངོན་པར་རྟོགས་པའི་རྒྱན་དུ་གསུངས་པ། ཐུབ་པ་ཁོ་ནའི་བཅོ་བརྒྱད་པའོ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཐེག་ཆེན་ཉེ་བར་ ལོངས་སྤྱོད་ཕྱིར། །ལོངས་སྤྱོད་རྫོགས་པའི་སྐུ་རུ་འདོད། །གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་རེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །བླ་མར་ཡང་། གཉིས་ནི་གཟུགས་མེད་པ་སྟེ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ནི་རྣམ་པར་ཤེས་ པའོ། །ཕག་མོ་ནི་ནམ་མཁའོ། །དཔེ་བྱད་བརྒྱད་ཅུ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྡོ་རྗེའོ། །མཚན་སུམ་ཅུ་རྩ་གཉིས་གང་ཡིན་པ་དེ། ཤེས་རབ་མ་བཅོམ་ལྡན་འདས་མ། འཕགས་མ་རྡོ་རྗེ་ཕག་མོའོ། །བཅོམ་ལྡན་འདས་སྔོན་པོ་དང་། དམར་པོ་དང་། ཕག་མོ་དམར་མོ་དང་སྔོན་ མོ་ཅན་ནོ་ཞེས་པ་སྐུ་གསུམ་མདོར་བསྟན་པ་སྟེ་སྒྲ་ཇི་བཞིན་པའོ། །དཔལ་ཧེ་རུ་ཀ་སྦྱོར་ལས་བདག །བདག་ནི་ཟུང་འཇུག་ཅེས་པ་སྟེ། །སྟོང་པ་ལྷན་ཅིག་སྐྱེས་པ་སྒོམ་པ་པོའོ། །དགོངས་པ་མ་ཡིན་པའོ། །ད་ནི་བཤད་པའི་རྒྱུད་དུ་གསུངས་པའི་མདོ་བརྗོད་པར་བྱའོ། །དང་པོར་ཕུང་པོ་ལ་སོགས་ པ་ཡོངས་སུ་དག་པའོ། །དེ་ནས་ཐུགས་ཀའི་ལྷའི་ས་བོན་ནོ། །དེ་ནས་མཆོད་པ་དང་། སྨོན་ལམ་གདབ་པ་དང་ཚངས་པའི་གནས་བཞིའོ། །དེ་ནས་རང་བཞིན་དག་པ་ལ་སོགས་པ་ནས་ཇི་སྲིད་པའི་དཀྱིལ་འཁོར་རོ། །དེ་ནས་གུར་བཅིང་བ་ལ་སོགས་པ་དང་། ཕུར་བུས་གདབ་པ་དང་བརྡུང་ བ་ལ་སོགས་པའོ། །དེའི་སྟེང་དུ་ལྷུན་པོ་ལ་སོགས་པ་ལྷའི་འཁོར་ལོ་བསྒོམ་པའོ། །ཕྱི་ནས་གོ་ཆས་ཀུན་དུ་བསྲུང་བ་དང་ཕྱག་རྒྱ་དང་སྔགས་ཀྱིས་དགུག་པ་དང་། དཔའ་བོ་དང་དཔའ་མོ་རྣམས་ཀུན་དུ་ཚིམ་ནས། ཡེ་ཤེས་ཀྱི་འཁོར་ལོ་རབ་ཏུ་གཞུག་པ་དང་། མངོན་པར་དབང་བསྐུར་བ་དང་། དེ་ བཞིན་དུ་མཆོད་པ་དང་། བསྟོད་པ་དང་། ཐམས་ཅད་རྣམ་པར་དག་པ་ཡང་ངོ་ཞེས་པའོ། །ད་ནི་མངལ་སྐྱེས་ཀྱི་རིམ་པས་རབ་ཏུ་འཇུག་པའི་སྒྲུབ་ཐབས་མདོར་བསྟན་པར་བྱ་སྟེ། ཐོག་མར་རེ་ཞིག་སྲུང་བའི་འཁོར་ལོ་དང་། མཆོད་པ་དང་། རྣམ་པར་ཐར་པ་དག་པར་བྱས་ནས་སྟོང་པ་ཉིད་ བསྒོམས་ཏེ། ཧ་ཡ་ར་ཝ་ལ་ལས་སྐྱེས་པའི་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་སུཾ་ལས་སྐྱེས་པའི་ལྷུན་པོ་ལ་རྟག་པ་ཁང་པ་བརྩེགས་པ་དུར་ཁྲོད་དང་ལྡན་པ་ལ་སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་གདན་བལྟ་བར་བྱའོ། །དེར་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ ཆུབ་པའི་བཅོམ་ལྡན་འདས་དང་པོའི་མགོན་པོ། ཇི་སྐད་གསུངས་པའི་མཚན་ཉིད་ཅན་ཤེས་རབ་དང་ལྷན་ཅིག་ཞུ་བར་གྱུར་པར་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱི་ལྷ་མོའི་གླུས་དཔའ་བོ་རབ་ཏུ་སད་ཅིང་བསླང་སྟེ། དཀྱིལ་འཁོར་པ་དང་བཅས་པ་བསྒོམས་ནས། ཡེ་ཤེས་ཀྱི་འཁོར་ལོ་ གཞུག་ཅིང་། མངོན་པར་དབང་བསྐུར་ཏེ། མི་བསྐྱོད་པ་ཅོད་པན་དུ་བསྒོམ་པར་བྱ་ཞིང་། རྣམ་པར་དག་པའི་མཐར་ཐུག་པའོ། །ཡང་ན་སྒོང་སྐྱེས་ཀྱི་རིམ་པས་རྣམ་པ་ལྔ་ལས་སྐྱེས་པའི་དཔའ་བོ། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པ། འཁོར་ལོ་དང་བཅས་པ་བསྒོམས་ནས་ཡེ་ཤེས་ ཀྱི་འཁོར་ལོ་དང་མངོན་པར་དབང་བསྐུར་བ་གཟུང་ཞིང་བསྒོམ་པར་བྱའོ། །དེ་ནས་ཐིག་ལེའི་རྣལ་འབྱོར་དང་། མཆོད་པ་དང་བསྟོད་པ་དང་། སྐུའི་དཀྱིལ་འཁོར་པ་རྣམ་པར་ཕྱུང་ནས། གཏོར་མ་བྱིན་ཏེ་བདག་ཉིད་ཚིམ་པར་བྱའོ་ཞེས་སོ། །དེ་ནས་རིན་ཆེན་དབང་པོའི་སྦྱོར་བས་བྱ་བ་དང་། རྟོགས་ པར་བྱ་བ་དང་། རབ་ཏུ་འབར་བ་དང་། བདུད་རྩིར་བྱས་ནས་བཟའ་བ་ལྟོ་བའི་མེ་ལ་སྦྱིན་སྲེག་བྱའོ། །དེ་ནས་ཉི་མ་གུང་ལ་ཡང་། ཇི་སྐད་གསུངས་པས་བསྒོམས་ནས། ལག་པ་གཡོན་པས་མྱུར་བ་དང་བུལ་བ་མ་ཡིན་པ་དང་ཕྱི་མོ་དམན་པ་མ་ཡིན་པ་ཀུན་དུ་རྟོག་པ་སྤངས་པས་སྔགས་བརྗོད་ ཅིང་བཟླས་པར་བྱའོ། །ཡང་ན་ཉེ་བར་དམིགས་པའི་བཟླས་པ་བྱའོ། །དེ་ནས་ཇི་ལྟར་བདེ་བས་གནས་ནས་ཕྱི་མ་རེད་ཡང་དག་པར་བླངས་པ་བྱས་ནས། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་ཡན་ལག་དྲུག་དགོད་པ་བྱས་ཏེ་གཉིད་ལོག་པར་བྱའོ། །དེ་ནས་མཚན་མོ་ཕྱེད་ལ་ཡང་ དེ་བཞིན་དུ་བསྒོམས་ནས་རྨི་ལམ་དགེ་བ་བལྟ་བར་བྱའོ། །ཆུ་ཚོད་ལྔ་པའི་ཐུན་མཚམས་ཀྱི་བདག་ཉིད་ལ་ཡང་ངོ་། །དེ་ནས་སྔ་དྲོའི་ཐུན་མཚམས་ལ་རྡོ་རྗེ་ཕག་མོ་བསྒོམས་ནས་མངོན་པར་བརྗོད་པ་གསུངས་པ་སྔར་བཞིན་དུ་ཐམས་ཅད་བྱའོ། །ཤིན་ཏུ་དགའ་བ་ལའང་འོད་དཔག་མེད་བསྒོམས་ ནས་ཡན་ལག་དགོད་པ་བྱས་ཏེ། ཤིན་ཏུ་དགའ་བའི་མཐར་དོན་ཡོད་པའི་བདག་ཉིད་མྱང་བར་བྱའོ། །ལྷག་མ་ལས་ཐམས་ཅད་ནི་མི་བསྐྱོད་པའི་སྦྱོར་བས་བྱའོ། །དེ་ལྟར་སྡོམ་པ་ལྔ་པ་སྦོམ་པོའི་ལྟུང་བ་དང་། ཕས་ཕམ་པ་སྤངས་ཏེ་བཟུང་ནས་བསྒོམ་པར་བྱའོ། །དེ་ལས་ནམ་མཁའ་ལ་འགྲོ་བའི་ དངོས་གྲུབ་ཏུ་འགྱུར་རོ། །དེ་ནི་རྫོགས་པའི་རིམ་པས་སངས་རྒྱས་ཉིད་ཆེད་དུ་ངེས་པར་འཇུག་པའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། བཤད་པའི་རྒྱུད་དུ་ཡང་གསུངས་པ། འདི་རྟག་ངེས་པར་འཛིན་བྱེད་པ། །ཆོས་ཀུན་རྟོགས་པར་བྱེད་པ་ཡིན། །ཨཱ་ལི་ཀཱ་ལི་བདུན་བསམས་ནས། །རྣལ་འབྱོར་ཆེན་ པོས་ངལ་བསོ་བྱ། །ཞེས་པ་འདི་མདོར་བསྟན་པ་དང་རྒྱས་པར་བཤད་པ་གསུངས་པ་དེ་ཉིད་དུ་རྣལ་འབྱོར་པ་དང་པོར་བརྗོད། །དེ་ཉིད་ཧེ་རུ་ཀ་གཉིས་མེད། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ ཥ་ས་ཧ་ཀྵཿཞེས་ས་སོ། །སོ་སོར་རྒྱས་པར་བཤད་པ་ཡང་ཀུན་སྤྱོད་དུ། ཟླ་བའི་དཀྱིལ་འཁོར་ལེགས་རྫོགས་པ། །ལྟེ་བའི་རྩ་བར་གནས་པ་བསྒོམ། །དེ་ཡི་དབུས་སོན་བསམ་པ་ནི། །ཡི་གེ་དམ་པའི་གོ་འཕང་སྟེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་གཟུགས་སུ་བསྒོམ་པར་བྱ། །གོང་བུ་ལས་ འདས་བསྒོམ་པ་དེ། །སེམས་ཉིད་དུ་ནི་མི་བསྒོམ་མོ། །བདག་གི་རྣལ་འབྱོར་པ་ཡི་སྦྱོར། །རྗེས་སུ་ཆགས་པའི་སྦྱོར་བ་ཡིས། །རབ་ཞུགས་རོ་ནི་མཉམ་པར་འགྱུར། །ཀུན་དགའ་ལྡན་པ་གཉིས་ཉིད་ནི། །ཤིན་ཏུ་དགའ་བའི་གནས་སུ་འགྱུར། །ཆོས་དབྱིངས་དག་པའི་གྲོང་ཁྱེར་དུ། །སེམས་ ཅན་ཁམས་ནི་རབ་འཇུག་བྱེད། །འདི་ནི་ཆེས་གསང་ཤེས་པར་བྱ། །གང་དུ་ཡང་ནི་མ་བསྟན་ཏེ། །རྣལ་འབྱོར་ཀུན་ལ་མཆོག་གྱུར་པ། །ཕྱག་རྒྱ་ཆེ་ལས་གཞན་མེད་དོ། །རྒྱུད་རྣམས་ཀུན་དུ་གང་གསང་བ། །མྱ་ངན་འདས་པའི་དེ་ཉིད་བསྟན། །རྒྱུ་འདི་ཡིས་ནི་རྣལ་འབྱོར་པ། །བདེན་པ་གཉིས་ལ་ ཡང་དག་བརྟེན། །བསམ་པ་ཐམས་ཅད་བསལ་ནས་ནི། །ལོངས་སྤྱོད་ཀུན་ལ་ལོངས་སྤྱོད་བྱེད། །གཉིས་མེད་ཡེ་ཤེས་སེམས་ལྡན་པས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །རྣམ་པར་མི་རྟོག་སེམས་གཅིག་བདག །འདོད་པའི་ཡོན་ཏན་ལྔ་རྣམས་སྤྱད། །གང་ཞིག་རྟག་ཏུ་འདི་བསྒོམ་ པ། །ས་ལ་འདོད་པ་ཀུན་དབང་ཕྱུག །མཐོ་རིས་ལོངས་སྤྱོད་ཐོབ་པར་འགྱུར། །ཡང་ན་འཁོར་ལོས་སྒྱུར་བ་ཉིད། །ཅེས་སོ། །འདི་ཡི་དོན་ཀུན་སྤྱོད་དུ་ཡང་། །དེ་ཉིད་ཆོས་ཀྱི་རང་བཞིན་ནི། །མྱ་ངན་འདས་པ་འབའ་ཞིག་འདོད། །ཅེས་སོ། །ཐོག་མ་མེད་པ་ནས་གནས་པའི་ཧཾ་ཡིག་གི་ འོད་ཟེར་གྱིས་འཇིག་རྟེན་གསུམ་གྱི་གཟུགས་དང་ལྡན་པར་བསྒོམ་པར་བྱའོ། །འདི་ལྟར་ངག་རྣམ་པར་དག་པའི་སྔགས་པའི་ལྟེ་བ་སྟོང་པར་དཀར་ཞིང་དམར་བར་གསལ་བའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཕྱག་གཉིས་ཕན་ཚུན་འཁྱུད་པ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་གནས་ པ། འོད་ཟེར་ལྔའི་རང་བཞིན་བདེ་བ་ཆེན་པོའི་སྐུར་བསྒོམ་པར་བྱའོ། །འདི་ལྟར་སྐུ་རྣམ་པར་དག་པའི་རྣལ་འབྱོར་པ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལས། སྐུ་གཉིས་བདེ་བ་ཆེན་པོར་བསྒོམས་ནས་བརྟན་པ་དང་གཡོ་བ་ཐམས་ཅད་དེ་བཞིན་ཉིད་ཀྱི་གནས་སུ་རབ་ཏུ་བཅུ་ག་སྟེ། ཇི་ལྟར་ཉེ་ བར་བསྟན་པའི་བདེ་བས་ཟུང་འཇུག་ཉིད་བསྒོམ་པར་བྱའོ། །རྫོགས་པའི་རྣལ་འབྱོར་རོ། །སྐུ་གསུམ་གྱི་ཆོ་གའོ། །དེ་ནས་སྙིང་པོའི་གསང་སྔགས་ཀྱི། །ལས་རྣམས་བཤད་བྱ་དེ་ཉོན་ཅིག །གསང་སྔགས་འབུམ་དུ་བཟླས་པ་ཡིས། །དཔག་ཚད་བྱེ་བར་དེ་ལྡིང་འགྱུར། །ཞེས་ པ་ནི། སྔོན་དུ་བྱེ་བསྒྲུབ་པར་བྱེད་པས། སྔགས་གྲུབ་པའི་སྔོན་དུ་བསྙེན་པ་འབུམ་བཟླས་པར་བྱ་བ་འམ། རབ་ཏུ་སྦྱོར་བའི་དུས་སུ་འབུམ་བཟླས་པས་སམ། ཡང་ན་བཀླགས་པས་གྲུབ་པའི་འབུམ་བཟླས་པའམ་ཡང་ན་སྐྱེ་བ་སྔ་མ་ལས་བསྒྲུབས་པས་སོ་ཞེས་པ་སྒྲ་ཇི་བཞིན་ པའོ། །འགྲོ་ཞིང་འོང་བར་འགྱུར་བ་མྱུར་དུའོ། །གཟུགས་རྣམ་པ་དུ་མར་བྱེད་དོ། །འདི་ཁང་བཟངས་དང་ཤིང་ལ་འཛེགས་ཏེ། དཔག་ཚད་བྱེ་བར་འགྲོ་བའོ། །རྣལ་འབྱོར་བ་རྣམས་དང་ཡང་དག་པར་ལྡན་པས་ནམ་མཁའ་ལ་འགྲོ་བ་དང་འོང་བར་བྱེད་དོ། །འདོད་ན་སྣང་བར་ བྱེད་དེ། མ་ཡིན་པ་ཁོ་ནར་ཞེས་ཏེ་རྣལ་འབྱོར་དང་ལྡན་པ་སྐབས་གསུམ་པར་ཡང་ངོ་། །འདོད་ན་སྒྲུབ་པ་པོ་བྱིས་པ་དང་རྒན་པོ་དང་དར་ལ་བབ་པའི་མི་མོར་འགྱུར་རོ། །སྒྲུབ་པ་པོ་མཁའ་ལ་སྤྱོད་པ་དང་ས་ལ་སྤྱོད་པའམ། བྱོལ་སོང་དུ་ཡང་འགྱུར་རོ། །དབང་པོ་རྣམས་འཕྲོག་པར་བྱེད་དོ། །འདི་ རྣམས་སྐྱེ་བོ་རྣམས་ཀྱི་ལག་པ་གཡས་པས་སོ། །གཡོན་པས་མྱུར་དུ་སླར་གསོ་བའི་མཆོག་ཏུ་བྱེད་དོ། །ཉི་མ་དམར་པོ་དང་ཁུ་བ་གཉིས་ལ་གལ་ཏེ་ལན་ཅིག་བཟླས་ན་སྐྱེ་བོ་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་དང་དབང་པོ་རྣམས་རེངས་པར་བྱེད་དོ། །སྒྲ་ཇི་བཞིན་པའོ། །དེ་ནས་གཞན་ ཡང་འདིར་བཤད་བྱ། །དམ་ཚིག་ཆེན་པོའི་མཆོག་གྱུར་པ། །གང་གིས་ཐོས་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་རབ་འཇུག་པའོ། །གང་གིས་ལུས་སམ། ཁ་ལ་ཡང་པདྨ་དང་གླ་རྩི་དང་། ག་པུར་དང་མ་ལི་ཀ་ལ་སོགས་པའི་དྲི་བྲོ་བ། རྟག་ཏུ་མིག་མི་འཛུམས་པ་གྲིབ་མ་དམན་པ། ཁྲོ་བ་མེད་པ་མིར་སྐྱེ་བ་ལན་བདུན་པའོ། །དེ་ཟོས་པ་ཙམ་གྱིས་རྣལ་འབྱོར་པ་མཁའ་ལ་སྤྱོད་པར་འགྲོའོ། །དེའི་སྙིང་ག་ན་རོ་ཙ་ན་ཡོད་དེ། སྙིང་པོ་བརྒྱ་བཟླས་པས་ཐིག་ལེ་བྱས་ན། དཔག་ཚད་བྱེ་བ་བརྒྱར་འགྲོ་བར་འགྱུར་རོ། །དཔལ་ཧེ་རུ་ཀའི་སྙིང་པོ་གང་ཞིག་ཤེས་པ་ཡང་ཤིན་ཏུ་གདོན་མི་ ཟ་བར་བཟང་པོའི་ལུས་དང་། འདོད་པ་ཡང་ཇི་ལྟར་འདོད་པ་བཞིན་ཐོབ་པར་འགྱུར་རོ། །སྒྲ་ཇི་བཞིན་པའོ། །སྙིང་པོའི་ལས་སོ། །དེ་ནས་ཉེ་བའི་སྙིང་པོ་ནི། དངོས་གྲུབ་ཐམས་ཅད་རབ་གྲུབ་བྱེད། །འཇིག་རྟེན་གསུམ་གྱུར་གང་ཅུང་ཟད། །དེ་ཀུན་སྐད་ཅིག་གིས་འགྲུབ་ བཤད། །གསང་སྔགས་འབུམ་བཟླས་པས་འཇིག་རྟེན་གསུམ་ཡང་གཡོ་བར་བྱེད་དོ། །མཁའ་འགྲོ་མ་ཐམས་ཅད་སྒྲུབ་པ་པོའི་མངག་གཞུག་བྱེད་པར་ཐེ་ཚོམ་མེད་དོ། །འདི་ཁོ་ནས་ཆུ་ལ་བཟླས་ཏེ། དེས་མིག་བཀྲུས་ནས་སྐྱེ་བ་བདུན་པ་ལ་སོགས་པ་འམ་འཚོ་བ་དང་ འཆི་བ་ཡང་མཐོང་བར་འགྱུར་རོ། །མིག་དག་ལ་བཟླས་ནས་བལྟས་པ་གང་ཡིན་པ་དེ་སྐད་ཅིག་གིས་གནོན་པར་བྱེད་དོ། །དཔའ་བོ་ཤི་བའི་རྐང་མཐིལ་གྱི་པགས་པ་བླངས་ནས་འབད་པས་གདགས་པར་བྱའོ། །མིའི་ཁྲག་གིས་རྣ་བའི་མིག་སྨན་གྱི་དབུས་སུ་བཅུག་ལ་ཟླུམ་ སྐོར་གྱི་རྣམ་པར་བྱའོ། །དེའི་ཕྱི་རོལ་དུ་ལྡོང་རོས་དང་གིའུ་ཝང་དང་། བུད་མེད་ཀྱི་མེ་ཏོག་དང་། གུར་གུམ་གྱིས་དེ་བསྒོ་བར་བྱ་ཞིང་། སླར་ཡང་གྲིབ་སྐམ་བྱས་ནས་ལྕགས་གསུམ་གྱིས་དཀྲིས་ཏེ། དེ་ནས་ལྷག་པར་གནས་པ་བྱས་ཏེ། སྐར་མ་རྒྱལ་ལ་རྣལ་འབྱོར་ པས་ཧེ་རུ་ཀའི་ཁར་བཅུག་ལ། ལག་པ་གཡོན་པས་བཀབ་ནས་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ཇི་སྲིད་དུ་རིལ་བུ་གཟུགས་བརྙན་གྱིས་ནས་འཛག་པ་སྦྱིན་པར་བྱེད་དེ། སྒྲུབ་པ་པོ་དེ་ཡིས་དེ་གྲུབ་པར་འགྱུར་བར་ཐེ་ཚོམ་མེད་དོ། །དེ་ཁར་བཅུག་པས་རྣལ་འབྱོར་པ་ལྷ་རྣམས་ ཀྱིས་ཀྱང་མི་མཐོང་ངོ་། །ཁ་ནས་བཏོན་ན་ནི་མཐོང་བར་འགྱུར་རོ། །རིལ་བུའི་རིག་པ་འཛིན་པར་འགྱུར་རོ། །རིལ་བུ་འདི་ནི་མཁའ་སྤྱོད་གྲུབ་པར་དཔའ་བོ་རང་ཉིད་ཀྱིས་གསུངས་སོ། །ཐོད་པ་བླངས་ནས། སྒྲུབ་པ་པོའི་སྡིགས་མཛུབ་ཀྱི་རྩེ་མོས་གང་གི་མིང་ནས་སྨོས་ཏེ་མཉེས་ན་དེའི་ཁྲག་ སྐེམས་པར་བྱེད་དོ། །གཡོན་པའི་མིང་མེད་ཀྱིས་མཉེས་ན་སླར་ཡང་དེ་ཉིད་དུ་འདྲེན་ནོ། །མངོན་པར་བསྔགས་པ་བརྗོད་དེ། གང་གི་མིང་ནས་སྨོས་ཏེ་ཐོད་པ་ལ་བསྣུན་པ་བྱིན་ན། དེའི་ཀླད་པ་འགས་པར་འགྱུར་རོ། །ཐོད་པ་དེ་བའི་འོ་མས་བཀང་ན་ཉེ་བར་འགྱུར་རོ། །རོ་ཙ་ནས་ ཐིག་ལེ་བྱས་ན་གང་ལ་བལྟས་པ་དེ་རྒྱས་བཏབ་པར་འགྱུར་རོ། །སྡིགས་མཛུབ་ཀྱིས་བསྡིགས་པར་བྱས་ན་དེ་སྐད་ཅིག་གིས་ས་ལ་ལྟུང་བར་འགྱུར་རོ། །གང་གིས་མིང་ནས་སྨོས་ཏེ། ས་ལ་རྐང་པས་བསྣུན་ན་དེ་འཆི་བར་འགྱུར་རོ། །སླར་གསོ་བ་ལ་ཆུ་ལ་མངོན་པར་བསྔགས་ནས། ས་ལ་ མངོན་པར་གཏོར་བར་བྱའོ། །མངོན་པར་བསྔགས་པའི་སྡིགས་མཛུབ་ཀྱིས་སྟོང་ལ་ཡང་བསྡིགས་པར་བྱའོ། །ཚིག་གིས་གྲོལ་བ་ནི། དེ་རྣམས་དེ་ལྟར་གནས་པར་ཐེ་ཚོམ་མེད་དོ། །སྒྲུབ་པ་པོས་གཏུམ་པོའི་ཐལ་བ་ལ་ལན་བརྒྱད་བཟླས་ནས་བསྣུན་ན། སེམས་ཅན་གང་དང་གང་རྗེས་སུ་ དྲན་པ་དེ་དང་དེའི་གཟུགས་འཛིན་པར་ཡང་འགྱུར་རོ། །སྦྱིན་སྲེག་གི་ཐལ་བས་བསྣུན་ན། དེ་བཞིན་དུ་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ་། །ཆུ་ལ་ལན་བརྒྱར་བཟླས་ནས་བསྣུན་ན་སླར་ཡང་མཐོང་ངོ་། །ཐོད་པ་ཁ་སྦྱར་གྱི་ཕྱག་རྒྱ་བཅིངས་ནས་ཁྲོས་པར་གྱུར་པས་ གལ་ཏེ། གང་གི་མིང་ནས་སྨོས་ཏེ་དབུགས་མི་འབྱིན་པར་བཟླས་པ་དེ་རྟག་ཏུ་སྨྱོ་བར་འགྱུར་རོ། །ཕྱག་རྒྱ་ཞེས་པ་མཆེ་བའི་ཕྱག་རྒྱའོ། །ཁྲོས་པ་ནི་མཆེ་བ་གཙིགས་པའོ། །ཡིད་ཀྱིས་གྲོལ་བ་ནི། ཕྱག་རྒྱ་བཅིངས་པ་དེ་གཤེགས་པའོ། །སྒྲུབ་པ་པོའི་གཙུག་ཕུད་ལ་མངོན་པར་ བསྔགས་ཏེ། གང་གི་མིང་ནས་སྨོས་ཏེ་བཅིངས་ན། སྒྲུབ་པ་པོ་གང་ན་ཡོད་པ་དེར། མཁའ་འགྲོ་མ་དེ་རྣམས་མྱུར་དུ་འོང་བར་འགྱུར་རོ། །སྒྲུབ་པ་པོའི་གཙུག་ཕུད་ལ་ལན་བརྒྱ་བཟླས་ནས་བཅིངས་ན་མི་སྣང་བར་འགྱུར་རོ། །གསེག་མ་ལ་ལན་བདུན་མངོན་པར་བསྔགས་ཏེ། ཕྱོགས་སུ་ གཏོར་ན་འཆི་བར་བྱེད་དོ། །ལྷ་ལ་སོགས་པ་རྣམས་དང་མ་མོ་རྣམས་ཀྱི་སྦྱོར་བ་འཕྲོག་པར་བྱེད་དོ། །སྐྱེས་པ་དང་བུད་མེད་འཁྲིག་པར་བྱེད་པ་ན་ཁྱི་བཞིན་དུ་མྱུར་དུ་འབྱར་བར་འགྱུར་རོ། །གསེག་མ་ལ་བཟླས་ནས་ཆུ་ཀླུང་ལ་གཏོར་ན་ཆུ་ཀླུང་རྒྱུན་ལས་བཟློག་ཕྱོགས་སུ་འབབ་པར་འགྱུར་རོ། །མཁས་ པས་གསེག་མ་དེ་ཉིད་ཀྱི་དབའ་རླབས་གནོད་པར་བྱེད་དོ། །སྟེང་དུ་བལྟས་བཞིན་དུ་སྟོང་ཕྲག་གཅིག་བཟླས་པ་བྱས་ན་ཆར་ཆེན་པོ་ཟློག་པར་བྱེད་དོ། །ཡིད་ཀྱིས་བཅིངས་པ་གྲོལ་བར་བྱེད་དོ། །གལ་ཏེ་ཕ་རོལ་གྱི་དཔུང་ལ་མངོན་དུ་ཕྱོགས་པར་གྱུར་པས་སྟོང་ཕྲག་གཅིག་བཟླས་པ་བྱས་ ནས། གཡུལ་གྱི་ནང་དུ་རབ་ཏུ་ཞུགས་པའི་ལུས་ལ་མཚོན་གྱིས་ཆོད་པར་མི་འགྱུར་རོ། །ལན་འབུམ་བཟླས་པའི་ཆོ་གས་སོ། །ཉེ་བའི་སྙིང་པོའི་སྒྲུབ་པའོ།། །།དེ་ནས་འདི་ལས་གོ་ཆའི་ལས། །འཇིག་རྟེན་གསུམ་ན་གང་ཡོད་པ། །འབད་པས་འབུམ་ཕྲག་བཟླས་པ་ཡིས། ། བསྒྲུབ་བྱའི་ལས་འདི་བཤད་པར་བྱ། །བཟླས་བཞིན་ལམ་དུ་འགྲོ་བ་ན། །ཆོམ་རྐུན་རྣམས་ཀྱིས་མཐོང་མི་འགྱུར། །ས་བདག་ཁྱིམ་དུ་རབ་ཞུགས་ནས། །གང་འདོད་བླངས་ནས་འགྲོ་བར་འགྱུར། །བཟླས་བཞིན་གང་གང་ལ་རེག་པ། །དེ་དེ་སྐད་ཅིག་ལ་རེངས་བྱེད། །གསང་སྔགས་ བཟླས་པས་རྐང་པ་ཡིས། །བསྣུན་ན་དེ་ཚེ་གྲོལ་བར་འགྱུར། །ལན་གསུམ་བཟླས་པའི་རང་ཁྲག་གིས། །ཐིག་ལེ་བྱས་ནས་གང་དག་གི །ལྷན་ཅིག་མཐོང་བའམ་སྨྲ་བ་དེ། །དེ་ཡི་ཁྲག་ནི་འདྲེན་པར་བྱེད། །ཁྲོས་པས་ཁྱིམ་གང་དུ་ཞུགས་ཏེ། །བཟླས་ན་དེ་ལ་རིམས་ཀྱིས་འདེབས། ། ཆུ་ལ་ལན་བདུན་མངོན་བསྔགས་པས། །གཏོར་ན་སླར་ནི་འཚོ་བར་འགྱུར། །གང་གི་གདོང་ལ་བལྟ་ཞིང་བཟླས། །དེ་ཡི་ངག་ཀྱང་འཕྲོག་པར་བྱེད། །སྟོང་ཕྲག་གཅིག་ནི་བཟླས་བྱས་ན། །ཆུ་ཡི་སྟེང་དུ་འགྲོ་བར་འགྱུར། །ཆུ་ལ་ཇི་བཞིན་ཐང་ལ་ཡང་། །དེ་བཞིན་འདོར་ཞིང་འགྲོ་བཞིན་ གནས། །གང་གི་ལག་པ་དྲིལ་ཕྱིས་བྱས། །རྟག་ཏུ་སྟོང་ཕྲག་བཟླས་བརྗོད་བྱ། །འཇིག་རྟེན་གསུམ་དུ་རྣམ་གནས་པའི། །རྣལ་འབྱོར་མ་རྣམས་དབང་དུ་འགྱུར། །སྐར་མ་རྒྱལ་གྱི་སྦྱོར་བས་རས་བྱས་ནས། དེ་གྱོན་ཏེ་གསང་སྔགས་སྟོང་ཕྲག་བཅུར་བཟླས་པའི་མི་དེ་དེ་ནས་ འདི་འགྲུབ་པར་འགྱུར་ཏེ། དེ་གྱོན་པ་ཙམ་གྱིས་མི་སྣང་བར་འགྱུར་ཞིང་། མཁའ་ལ་སྤྱོད་པར་འགྱུར་རོ། །དབང་པོ་གང་དང་གང་ལམ་ཉིད། །དེ་དང་དེ་ཡི་རང་བཞིན་ལས། །མཆོག་ཏུ་མཉམ་གཞག་སྤྱོད་པ་ཡིས། །སངས་རྒྱས་ཀུན་གྱི་རང་བཞིན་འགྱུར། །ཞེས་སོ། ། དེ་ལྟར་ནན་ཏན་བྱེད་པ་གསུངས་པ། དབང་པོའི་ལམ་ཉིད་ཅེས་པ། མིག་ལ་སོགས་པ་རྣམས་ཀྱི་ཡུལ་ཉིད་དོ། །སངས་རྒྱས་རང་བཞིན་ནི། ཤེས་རབ་གསུངས་སོ། །རྡོ་རྗེ་མཁའ་འགྲོར་ཡང་། ཐམས་ཅད་ཚེ་ན་ལས་རྣམས་ཀུན། །རྣམ་པར་མི་རྟོག་ངོ་བོ་ཡིས། །དོགས་ པ་མེད་པར་ཀུན་དུ་སྤྱད། །དེ་དང་དེ་དག་འདའ་བར་དཀའ། །ཞེས་སོ། །ཤེས་རབ་གསལ་བའི་རང་བཞིན་གྱིས། །རྣམ་པར་མི་རྟོག་སེམས་དཔའ་ཡིས། །དོགས་མེད་སྤྱོད་པ་ཀུན་དུ་སྤྱད། །བརྟུལ་ཞུགས་དེ་རྣམས་བདག་ཉིད་ཆེ། །ཐབས་ཤེས་ཆོ་ག་ལས་གཞན་དུ། ། གལ་ཏེ་སེམས་ནི་འཕོ་མི་བྱ། །ངེས་པར་ཀུན་དུ་བརྟན་པ་དེ། །བྱང་ཆུབ་ཆེན་པོ་རབ་སྦྱིན་བྱེད། །དེས་ན་ལ་ལར་གནས་པ་དང་། །གང་དུ་མངོན་ཞེན་འགྱུར་བ་མེད། །བདེ་བ་ཡོངས་སུ་འགྱུར་བའི་ཚུལ། །འབྲས་བུ་ཅི་ཞིག་ཐོབ་འགྱུར་བར། །དེ་ཡི་ཚེ་ན་ཅིས་མི་འདོད། ། བརྟན་དང་གཡོ་བའི་དངོས་འདི་མེད། །འོན་ཀྱང་སྣང་བ་ཙམ་མཚན་ཉིད། །གལ་ཏེ་ཁྱད་འཕགས་བསྒོམ་པ་འདི། །གོམས་པའི་སྟོབས་ལས་ཁྱད་འཕགས་བདེ། །ཡིད་བདེ་ལ་སོགས་ལས་བསྐྱེད་ནས། །བླ་མེད་འབྲས་བུ་ཐོབ་པ་ལ། །རྒྱུ་ཡི་དངོས་པོ་ སྒྲུབ་པའི་ཚེ། །བཅོམ་ལྡན་ལྷ་མོ་སྐྱོན་ཅི་འང་མེད། །དེ་བས་འབད་པ་ཐམས་ཅད་ཀྱིས། །ཀུན་དུ་འགྲོ་མ་མཆོད་པར་བྱའོ། །བྱ་དཀའི་ལྡོམ་པ་མི་བཟད་པས། །སྡུག་བསྔལ་གྱིས་གདུངས་ལུས་སྐེམས་བྱེད། །སྡུག་བསྔལ་ལས་སེམས་རྣམ་གཡེང་འགྱུར། །གཡེངས་ལས་དངོས་གྲུབ་གཞན་དུའོ། ། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཐམས་ཅད་བདེ་ཉིད་བརྟན་པར་འགྱུར། །སྡུག་བསྔལ་ཉིད་ཀྱིས་གཡོ་བར་འགྱུར། །འགོག་པ་ཡང་ནི་ལྷག་པར་འགྲོ། །ལུས་དང་ངག་སེམས་བདེ་གནས་ཉིད། །ཐོབ་ནས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོ། །དཔལ་འདུས་པ་ཕྱི་མ་རུ། །མཉམ་པར་མ་ གཞག་རྣལ་འབྱོར་གྱིས། །རྟག་པ་ཁོ་ནར་མཉམ་པར་གཞག །ཐམས་ཅད་སེམས་སུ་གང་སྤྱོད་པ། །ཀུན་དུ་སྤྱོད་པར་ཞེས་བསྒྲགས་སོ། །ལྷན་སྐྱེས་སེམས་ལ་སྒྲོ་བཏགས་ནས། །དེ་ནི་བདེ་ལས་གཡེང་མི་བྱ། །འདི་ལ་རྣམ་གཡེང་ཀུན་རྟོག་ནས། །དེ་ནི་བདེ་ལ་སླར་ཡང་བསྡུ། །སྒོམ་པ་ གོང་དུ་ཡང་། སེམས་ནི་སོ་སོ་རང་ལ་བསྡུ། །དེ་ལས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་དགའ་བྱ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ལ་སེམས་ལ་མངོན་ འདུ་བྱེད། །རང་གི་ངག་གིས་འབྱུང་བ་ཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །དེ་ནས་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཕྲ་མོ་ཐོབ། །སླར་ཡང་དེ་ནི་རྣམ་འཕེལ་བས། །དམ་པའི་ཚོགས་སུ་ཤེས་པར་བྱ། །འཕེལ་བ་རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་དེ་ ཐོབ་པོ། །དེ་སྦྱངས་པ་ལས་མངོན་པར་ཤེས། །སེམས་ནི་ལས་རུང་མཆོག་ཏུ་འགྱུར། །ད་ནི་འདིའི་སོ་སོར་སྒྲུབ་པའི་དོན་དུ་ཚངས་པའི་སྐུད་པ་ལ་སོགས་པའི་སྔགས་བརྗོད་པར་བྱ་སྟེ། དཔའ་བོའི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པས་ཚངས་པའི་སྐུད་པ་བྱིན་གྱིས་བརླབ་བོ། ། ཨོཾ་ཧྲཱཾ་ཧྲཱིཾ་ཧྲཻཾ་ཧཱུཾ་ཕཊ། ཅེས་པ་འདིས་བརྒྱ་ཕྱེད་མགོ་བོའི་ཕྲེང་བ་རྣམས་སོ། །ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱཾ་ཧཱུཾ་ཕཊ། ཅེས་པས་མཐེ་བོང་གི་རྡོ་རྗེ་བྱིན་གྱིས་བརླབ་པོ། །ཨོཾ་བཛྲ་བཱ་རཱ་ཧཱི་ཧཱུཾ་ཕཊ་ཅེས་པས་མགུལ་རྒྱན་ནོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཕཊ། ཅེས་པས་པགས་པའི་གོས་སོ། །ཉེ་བའི་སྙིང་པོས་གསལ་ བར་བརྒྱན་ནོ། །ཨོཾ་ཧཱཾ་ཧཱིཾ་ཧཻཾ་ཧཾ་ཕཊ་ཅེས་པས་འོག་པག་གོ། །ཕྲེང་བའི་སྔགས་ཀྱིས་ཐོད་པའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ་ཞེས་པས་མགོ་བོའི་ཕྲེང་བའོ། །ཐོད་པའི་དུམ་བུ་ལ་སོགས་པའི་སྔགས་ཀྱིས་སེན་མོ་དང་སོ་བྱིན་གྱིས་བརླབ་པར་བྱ་སྟེ། གནས་པར་བྱེད་པའི་དུས་ཀྱིས་དང་པོར་རོ། །དེ་བཞིན་ དུ་ཁ་ཊྭཱཾ་ག་ལ་ཨོཾ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཅེས་པས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བཛྲ་བཱ་རཱ་ཧི་ཧུཾ་ཧཱུཾ་ཕཊ་ཅེས་པས་ཅང་ཏེའུའོ། །དེ་ལྟར་གོ་ཆ་གཉིས་དང་ཞལ་བཞི་པས་བདག་ཉིད་གོ་བགོས་ནས་གནས་པར་བྱའོ། །ཡང་ན་ཕྱག་རྒྱ་ལྔ་པོ་སྔགས་དང་བྲལ་བ་ཉིད་ཀྱིས་བྱིན་གྱིས་བརླབ་པར་བྱས་ནས། ། གོ་ཆ་གསུམ་པོ་བགོས་ཏེ། རྐང་པ་བརྒྱད་པའི་སྔགས་ཀྱིས་བརྒྱན་ཏེ། །ངེས་པར་འཇིགས་པ་དང་། གཙེ་བར་བྱེད་པ་དེའི་དོན་དུ་ཀུན་ནས་སྤྱད་པར་བྱའོ། །ཤིང་གི་ཁུ་བ་ལ་མགོན་པོ་རྣམ་པ་སྟོང་དུ་བཟླས་པས། གང་ལ་ཐིག་ལེ་བྱས་པ་དེ་ཤིང་དང་འདྲ་བར་འགྱུར་རོ། །གླང་པོ་ཆེ་ལ་སོགས་པའི་ རྐང་པའི་རྡུལ་གྱིས་བསྣུན་ན་དེའི་གཟུགས་འཛིན་པར་འགྱུར་རོ། །ལན་གསུམ་བཟླས་པའི་ཆུས་གཏོར་ན་སླར་འཚོ་བར་འགྱུར་རོ། །སྒྲ་ཇི་བཞིན་པ་མ་ཡིན་པའོ། །སྐྱེ་བ་བདུན་པའི་ཆོ་གའོ། །དེ་ནས་འདི་ལས་སྒྲུབ་པ་བཤད། །སྒྲུབ་པོ་གང་གིས་འགྲུབ་འགྱུར་བ། །བོང་བུའི་རྣམ་པའི་ རྣལ་འབྱོར་བདག །ཡིད་ཀྱི་ཤུགས་ནི་བཟློག་བྱའི་ཕྱིར། །ཞེས་པ་ཧེ་རུ་ཀར་བྱེད་པ་གསུངས་པ། བོང་བུའི་རྣམ་པ་ནི། བོང་བུའི་སྒྲུབ་པའོ། །སྡོམ་པའི་ཡིད་ཀྱི་ཤུགས་ཤེས་པ། །ཡིད་ཀྱི་ཤུགས་འདོད་པ་ཙམ་ཉིད་ཀྱིས་བྱ་བའི་དངོས་གྲུབ་བོ། །དྲང་བའི་དོན་ཏོ། །བོང་བུའི་རྣམ་པའི་ རྣལ་འབྱོར་བདག་གང་ཡིན་པ་དེ་དེ་བཞིན་ནོ། །དེའི་རང་བཞིན་བརྒྱད་ཅུ་ལྡོག་པའི་ཆེད་དུ་མངོན་པར་རྟོགས་པའོ་ཞེས་པ་ངེས་པའི་དོན་ཏོ། །བོང་བུའི་ནི་མཁའ་འགྲོ་མ་རྣམ་པའི་ཞལ་ནས་ཁྲག་འཛག་པའི་གྲི་གུག་དང་། ཐོ་བ་དང་ཁ་ཊྭཱཾ་ག་དང་། རྩེ་གསུམ་ལག་ན་གནས་པའོ། །དཀྱིལ་ འཁོར་བ་རྣམས་གསུངས་པ། ཇི་སྐད་གསུངས་པ་བཞིན་དུ་ཀུན་དུ་གནས་པའི་དཔའ་བོ་དང་། དཔའ་མོ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང་། ཞལ་ནས་ཁྲག་འཛག་པ། དེ་དག་ཞལ་དམར་པོ་ཕག་མོ་རྡོ་རྗེ་སྡིགས་མཛུབ་དང་། ཀ་པཱ་ལའི་ཕྱག་ཅན་མཁའ་འགྲོ་མ་ ལ་སོགས་པ་རྣམས་ལང་ཚོ་རྒྱས་པ་མངོན་བརྗོད་བླ་མར་གསུངས་པར་རྟོགས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ། །རྟག་ཏུ་བདག་ཉིད་བོང་བུ་ཡིས། །བྱས་ན་རྣལ་འབྱོར་ལྡན་པས་མཐོང་། །ཞེས་པ་ནི་རྟག་པའི་རྣལ་འབྱོར་གསུངས་ཏེ། གསུངས་པ་ཡང་། སངས་རྒྱས་རྣལ་འབྱོར་མ་བྲལ་ བས། །རྣལ་འབྱོར་སངས་རྒྱས་བདག་ཉིད་འགྱུར། །ཞེས་སོ། །ཚེ་ཐུང་བ་དང་། ཚེ་རིང་བ་དང་། སྐྱེ་བ་བདུན་པའི་ཕྱུགས་དང་། མིང་དང་སེམས་ཅན་གང་དང་གང་ཡིན་པའི་གཟུགས། དེའི་གཟུགས་སུ་སྒོམ་པ་པོ་འགྱུར་རོ་ཞེས་ཕན་ཡོན་གསུངས་སོ། །སྐྱེ་བ་བདུན་པའི་སྐྱེས་བུ་གྲིབ་མ་བདུན་པར་ དེ་མཐོང་བར་འགྱུར་ཏེ་བསྒོམས་པའི་སྟོབས་ལས་སོ། །གཞན་རྣམས་ཀྱང་ངོ་། །སྒྲ་ཇི་བཞིན་པའོ། །དེས་ཤས་གཏོར་མ་སྦྱིན་སྲེག་ནི། །ཐུན་མཚམས་གསུམ་དུ་རྟག་ཏུ་བྱ། །བཟའ་བ་ཡར་ངོ་མཚན་ཕྱེད་ལ། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །ཅེས་སོ། །དྲི་བཟང་པོའི་ལུས་དེ་རང་ཉིད་ ཤི་བ་བསྒྲུབ་པར་བྱ་སྟེ། ནམ་མཁའ་ལ་འགྲོ་བར་འགྱུར་རོ། །སྒྲ་ཇི་བཞིན་པའོ། །མཁའ་འགྲོ་རྣམས་ལ་ཙཱ་རུ་སྦྱིན། །བདུན་དུ་འཇུག་པར་ཐེ་ཚོམ་མེད། །ཅེས་པ་དེ་རྣམས་ཀྱི་ཆེད་དུ་ཙཱ་རུ་དབུལ་བར་བྱ་སྟེ། བདུན་དུ་འཇུག་པ་ནི་བར་མ་ཆད་པས་སྐྱེ་བ་བདུན་དུ་མིར་སྐྱེས་པའོ། །དྲང་བའི་དོན་ཏོ། ། འབུམ་ཕྲག་ལྔ་བཟླས་པར་ཡང་གསུངས་སོ། །སྐྱེ་བ་བདུན་པའི་ཕྱུགས་ཉིད་ཀྱང་། །མཁའ་སྤྱོད་དངོས་གྲུབ་སྦྱིན་པར་བྱེད། །ཕུང་པོ་ཁམས་ནི་འཁོགས་པ་དང་། །ནད་དང་བརྒྱལ་བ་སེལ་བར་བྱེད། །འཆི་མེད་ཉིད་ཀྱི་རྗེས་འབྲངས་པ། །འཆི་མེད་གྲུབ་པ་སྟེར་བར་བྱེད། །བསང་བསྲེག་པ་ ཡི་རྗེས་འབྲང་བ། །སངས་རྒྱས་ཉིད་ཀྱང་མྱུར་དུ་སྦྱིན། །ཕྱི་རུ་སྐྱེས་པ་ཇི་ལྟར་བཅིངས། །དེ་བཞིན་ཡེ་ཤེས་རོ་ཉིད་ཀྱང་། །ཇི་སྲིད་རྣམ་པ་ཡོངས་རྫོགས་པའི། །ཚེ་ནི་རྒྱ་ཆེན་སྟེར་བར་བྱེད། །ཅེས་པ་ངེས་པའི་དོན་ཏོ། །གསང་བའི་རྒྱུད་ནི་ཐམས་ཅད་དུ། །སྔགས་ཀྱི་སྙིང་པོ་དམ་པ་ནི། །དེ་ ཉིད་གང་གིས་ཤེས་པ་དེ། །འདིར་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །ཅེས་པ་ནི་གསང་བ་ནི་བྱིས་པའི་སྐྱེ་བོ་ལ་སྦ་བར་བྱའོ། །རྒྱུད་རྣམས་དྲུག་པོ་རྣམས་སོ། །སྔགས་ནི་ཡི་གེ་བདུན་པའི་གསང་སྔགས་སོ། །སྙིང་པོ་ནི་བོང་བུའི་སྒོམ་པའོ། །དེ་ཉིད་ཀྱིས་ནི་ཟུང་འཇུག་གི་མཚན་ཉིད་ཀྱིས་སོ། །ཤེས་ པར་བྱེད་པ་ནི། དཔལ་བླ་མའི་ཞལ་ལས་སོ། །དེ་འགྲུབ་པར་འགྱུར་ནི་སྒྲ་ཇི་བཞིན་པའོ། །བརྟགས་པའི་རྣལ་འབྱོར་རོ། །དེ་ནས་འདི་ལས་རབ་འཆད་བྱེད། །ཡི་གེ་རེ་རེའི་བརྡར་འགྱུར་བ། །གང་གིས་སྨྲས་པ་ཙམ་གྱིས་ནི། །ཕོ་ཉ་མོ་རྣམས་དབུགས་དབྱུང་བྱེད། །ཅེས་བྱ་བ་ལ་ སོགས་པས་བརྡའི་སྐད་གསུངས་པ། བརྡ་ནི་ལུས་དང་ངག་གི་བརྡའོ། །སྐལ་ངན་གྱིས་ཡོངས་སུ་མི་ཤེས་པའི་ཆེད་དུ། དམ་ཚིག་ལ་སོགས་པར་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱིའོ། །ཌཱ་སྐྱེས་བུར་བཤད། ཌཱི་བུད་མེད། པཱུ་མནོམ་པ། སུ་ཟ་བ། མཱ་མོའི། ཞེས་པ་ཡང་ངོ་། །ཡོ་ ཆུང་མ། བྷཱི་སྲིང་མོ། བཱི་གྲོགས་མོ། །དེ་བཞིན་དུ་ཤྲཱི་ཁྲག ལུ་བུ་མོ། སི་ཞི་བའི་བཏུང་བ། སེ་བཏུང་བ། ཧཱི་ཤ། བྷ་བཟའ་བ་ཡང་ངོ་། བྷུ་འདུས་པ་ཅན་ཉིད་ཀྱང་ངོ་། །གཱ་འགྲོ་བའོ་ཞེས་བཤད་དོ། །སི་དུར་ཁྲོད་ཀྱང་ངོ་། །བྷུ་ཤི་བའོ། །ཌཱི་རྣལ་འབྱོར་མའོ། །གཱ་ལཱ་མའོ། །སྟྲི་གཟུགས་ཅན་ མ་ཀུན་མཁའ་འགྲོ་མ། ཧཱ་དེ་བཞིན་དུ་དུམ་སྐྱེས་མའོ། །ཛ་བྱིན་པ་གཉིས་སུ་འགྱུར་རོ། །བྷ་གསོང་པོར་སྨྲ་བ། ཀ་ལག་པ་དག་གོ། །སུའི་སྒྲ་ནི་ལེགས་པར་འོང་བའི་བྱ་བའོ། །གཞན་མང་པོ་རྣམས་ཀྱང་མིང་ཡིག་དང་པོ་ལས་ཤེས་པར་བྱ་སྟེ། འཇིག་རྟེན་གསུམ་ན་བརྟན་པ་དང་། གཡོ་བའི་ཆོས་གང་དག་བཤད་པ་དེ་རྣམས་སོ། །ཡང་ཞེས་པ་ནི། དེ་བཞིན་དུ་བླ་མར་ཡང་མའི་ཞེས་པ་འདུས་པའོ། །བྷ་ཞེས་པ་ཟ་བའོ། །བྷྱོ་ཞེས་པ་མི་ཟ་བའོ། །སྱ་ཞེས་པ་བཏུང་བྱ་དང་བཏུང་བྱ་མ་ཡིན་པའོ། །ག་ཞེས་པ་བགྲོད་བྱ་དང་བགྲོད་བྱ་མ་ཡིན་པའོ། །ཀླུ་ཞེས་པ་འདོད་བྱའོ། ། མིང་གི་དང་པོ་ཞེས་པ་མངོན་བརྗོད་དུ་ཡང་ས་ཞེས་པ་དམ་མའོ། །ར་ཞེས་པ་ཁྱོ་མེད་མའོ། །དུ་ཞེས་པ་སྤྱོད་ངན་མའོ། །སུ་ཞེས་པ་སྐལ་བཟངས་མའོ། །ས་ཞེས་པ་དམ་ཚིག་ཅན་མའོ། །ཨ་ཞེས་པ་འོངས་པའོ། །ན་ཞེས་པ་མ་འོངས་པའོ། །ས་ཞེས་པ་སྐྱེས་བུ་དམ་པའོ། ། དབང་བསྐུར་བའི་དུས་སུ་དམ་ཚིག་གི་དོན་ལ་ལྷག་པར་མོས་པ་རྣམས་ལ་སློབ་དཔོན་གྱིས་འདི་དག་སྦྱིན་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ།། །།དེ་ནས་སྐད་གཞན་རབ་བརྗོད་པའི། །བརྡ་ནི་ང་ཡིས་རབ་འཆད་བྱེད། །གང་གི་སྤུན་དང་སྲིང་མོས་ཀྱང་། །ཐེ་ཚོམ་མེད་པར་ ཤེས་པར་འགྱུར། །ཞེས་པས་བརྡ་གཞན་གསུངས་ཏེ། སྐད་གཞན་ནི་རི་ཁྲོད་པ་དང་། ཀླ་ཀློ་ལ་སོགས་པའི་སྐད་མཐའ་ཡས་པའི་སྒྲའོ། །ཤེས་ནས་ང་ཡིས་རབ་ཏུ་འཆད་པར་བྱེད་ནི་བདེན་པའི་ངག་གོ། །པོ་ཏཾ་གཱི་ནི་གསོང་པོར་སྨྲ་བའོ། །པྲ་ཏི་པོ་ཏཾ་གཱི་ནི་གསོང་པོར་སྨྲ་བའི་ལན་ནོ། །ག་མུ་ འགྲོ་བར་ངེས་པར་སྟོན་པ་ཉིད་དོ། །ལུམ་པ་རྣལ་འབྱོར་པ་འོང་ངོ་ཞེས་པའོ། །གསོང་པོར་སྨྲ་བ་ནི་ཕྱག་འཚལ་བའོ། །ཏཾ་གཱི་སྔོན་མའོ། །པྲ་ཏི་རྟོག་པས་བརྟགས་ནས་སོ། །ག་མུ་ཞེས་བརྗོད་པ་ལ་འགྲོའོ་ཞེས་བརྗོད་པར་འགྱུར་རོ། །རྣལ་འབྱོར་མ་རྣམས་ཀྱི་ཡང་ངོ་། །དམ་ཚིག་ལ་སོགས་ པར་ངག་གིས་ཀླ་ཀློའི་སྐད་དོ། །ཀ་ཊུ་ཀཾ་ནི་ཟུར་ཅིག་ཅེས་བརྗོད་པའོ། །མ་ར་ཎཾ་ནི་སྒྲ་ངན་དུ་བཤད་དོ། །ཤི་ར་ནི་བརྫུན་ནོ། །ཀ་རྣི་ཀ་ནི་དྲིལ་བུའོ། །བཱི་ར་ཎ་སྙིང་ངོ་། །ཀ་ར་ཎ་ནི་ཕག་པའི་ཟེ་བར་འགྱུར་རོ། །ཤྲ་བ་ཎ་ནི་རྣ་བར་རབ་ཏུ་བསྒྲགས་སོ། །མནྠ་ནཾ་ནི་བདུད་རྩིའི་གནས་སོ། །ཨཱ་ལི་ཀཱ་ ལི་མཁའ་འགྲོར་བཤད། །ན་ར་ཀཾ་ནི་དཀྱིལ་འཁོར་བརྗོད། །ཨ་མུ་ཀཾ་ནི་དུར་ཁྲོད་བཤད། །ཀ་ཁི་ལ་ནི་སྒོ་ཞེས་བརྗོད། །ཤྭ་ས་ནཾ་ནི་བྲམ་ཟེར་བཤད། །པ་རི་ཌྷི་ནི་རྒྱལ་རིགས་སོ། །བར་ཏི་ནི་རྗེ་རིགས་སོ། །ཀུར་ནི་དམངས་རིགས་སོ། །ཨན་ཏསྠ་ཉིད་གཏུམ་པོའོ། །པཱུ་ཤུ་ལི་ཀ་ཁྱིམ་དུ་བཤད། ། བྷ་གི་ནཱི་མཁའ་འགྲོ་མ་རབ་བརྗོད། །དེ་བཞིན་མེད་ཀ་ནི་ཆུ། །གྲི་ཧི་ཎཱི་ཕྱག་རྒྱས་འདེབས་པའི། །ལྕེས་སོ་ལ་རེག་པ་ནི་ལྟོགས་པའོ། །རེག་པ་ནི་ཟོས་སོ་ཞེས་པའོ། །ཏྲི་ཥྞི་དྲི་ཡིས་བསྒོས་པའོ། །ཀར་ཎ་ནི་མེ་ཏོག་གོ། །ཧཱ་སྱཾ་ནི་ལྟོ་བ་འཕྱང་བར་བཤད་དོ། །དནྟ་ནི་ཆར་འགོག་པ་ཞེས་བཤད་ དོ། །ཏྲིཔྟི་ཞུ་བ་ཞེས་བརྗོད་པར་བྱའོ། །དེ་ཧཾ་གྲོང་ཁྱེར་ཞེས་བརྗོད། །དྷུ་རྨུ་ཕྱི་རོལ་ཞེས་བཤད་དོ། །དྷུ་མ་པྲི་ཡཱ་ནི་སྤྲིན་ནོ། །སཱ་ནུ་ནི་རའོ། །ས་རི་ཏ་ནི་འབབ་ཆུ། ཨ་ད་ནི་ནི་སོའོ། །པཾ་ཀཱཾ་རྒྱལ་མཚན་ནོ། །ཚནྡོ་ནི་ཕྲེང་བའོ། །ཎཎྚཾ་ནི་ཕྱུགས་སོ། །ས་སཾ་ནི་བཞི་མདོར་རབ་ཏུ་བརྗོད། ཕ་ལྒུ་ ཥཾ་ནི་སྐྱེ་བོར་བརྗོད། ས་མ་ཡཾ་ནི་རོ་ཆེན་ཤེས་པར་བྱ། །མ་ཧཱཀྵ་རཾ་བདུན་དུ་འཇུག་པ་ཕྱུགས་ཆེན་པོའོ། །གང་ལ་སོགས་པ་ཡི་གེ་རེ་རེའི་མིང་གིས་སོ། །ཧྲཱི་ནི་ངོ་ཚ་བྱེད་པ་རྣམས། །ཞེས་པ་འཁྲིག་པ་སྨྲས་པར་འགྱུར་རོ། །ཧཱ་རྣམ་གྲངས་སོ་ཞེས་པ་ཡུལ་ཁ་ཅིག་ཏུའོ། །ཧོ་རྣམ་གྲངས་ཤེས་པར་ བཤད་ཅེས་པ་ཡུལ་ཁ་ཅིག་ཏུའོ། །བོད་དང་ཏི་ནུ་དང་། ཀརྞཱ་ཊ་ལ་སོགས་པར་རོ། །དེ་བཞིན་དུ་ཡང་གསུངས་པ། ཀརྞཱི་ཊ་རུ་ཀརྞའི་སྒྲས། །རྡོ་དང་རྐང་པ་བརྗོད་པ་ཡིན། །ལ་ལར་འོན་པ་རབ་ཏུ་བརྗོད། །དེ་བཞིན་རྒྱུད་དུ་བསྟན་པ་རྣམས། །ཞེས་པ་སྒྲ་ཇི་བཞིན་པའོ། །འཇིག་རྟེན་དང་འཇིག་ རྟེན་ལས་འདས་པའི་བསྟན་བཅོས་སུ་རབ་ཏུ་གྲགས་པའི་རང་གི་བརྡ་དང་ཀླ་ཀློའི་སྐད་དོ། །དེ་ནས་གཞན་ཡང་རབ་ཏུ་བཤད། །ཇི་ལྟར་མཁའ་འགྲོ་མ་མཚན་ཉིད། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་ཐོབ་འགྱུར་རོ། །ཞེས་པ་ནི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཆེན་ པོ་ནི། ལས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་པའི་དངོས་གྲུབ་ཆེན་པོ་སྟེ། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་། རང་རིག་མཱ་མ་ཀཱི་ཕྱུང་སྟེ། །པདྨར་རྡོ་རྗེ་ཅན་བཅུག་ནས། །དེས་ནི་དངོས་གྲུབ་ཐབས་ཅིག་འགྱུར། །ཕྱག་རྒྱ་ཆེན་པོ་ཞེས་བསྒྲགས་སོ། །ཕྱག་རྒྱ་ཆེ་བ་རྣམ་རོལ་དེ། །དགོངས་པ་ མངོན་སུམ་ཉིད་དུ་འགྱུར། །ཐམས་ཅད་རིག་ཅིང་ངེས་རྣམས་གྲོལ། །སྐྱེ་བ་འདི་ཉིད་ལ་འགྲུབ་འགྱུར། །ཞེས་སོ། །པདྨའི་འདབ་ལྟར་དཀྱུས་རིང་མིག །དཀར་མོ་གོས་དཀར་ལ་དགའ་བ། །ཙནྡན་སར་པའི་དྲི་དང་ལྡན། །རྟག་ཏུ་བདེ་གཤེགས་འདུས་ལ་དགའ། །རྣམ་པར་སྣང་མཛད་རིགས་ ལས་སྐྱེས། །དེ་རིགས་རུས་སྐྱེས་ཤེས་པར་བྱ། །བུད་མེད་བཙོ་མའི་གསེར་དང་འདྲ། །རྟག་ཏུ་དམར་སེར་གོས་ལ་དགའ། །ཛཱ་ཏི་ཙམ་པ་ཀ་དྲི་ལྡན། །དེ་ཡང་རིན་ཆེན་རིགས་ལས་བྱུང་། །བུད་མེད་གང་ཞིག་ཁ་དོག་དམར། །དམར་པོའི་གོས་ནི་རྗེས་སུ་འཆང་། །མ་ལི་ཀ་དང་ཆུ་སྐྱེས་དྲི། ། དེ་འོད་དཔག་མེད་རིགས་ཅན་བཤད། །གང་ཞིག་ཨུཏྤལ་ལྟར་སྔོ་བསངས། །རྟག་ཏུ་སྔོན་པོའི་གོས་ལ་དགའ། །བུད་མེད་ཨུཏྤལ་སྔོན་པོའི་དྲི། །དེ་ཡང་དོན་ཡོད་རིགས་ལས་བྱུང་། །བུད་མེད་གང་ཞིག་ཁ་དོག་ནག །ནག་དང་སྔོན་པོའི་གོས་ལ་དགའ། །ལྟེ་བ་ཀེ་ཏ་ཀ་ཡི་དྲི། །དེ་ནི་མི་བསྐྱོད་ རིགས་ལས་འབྱུང་། །ལྟེ་བ་ཞེས་པ་གླ་རྩིའོ། །དཔལ་བཟང་པོ་ཡི་རིགས་སུ་གསལ། །ཞེས་སོ། །དམར་ཞིང་དཀར་བའི་བུད་མེད་གང་། །དམར་ཞིང་དཀར་བའི་གོས་ལ་དགའ། །རྟག་ཏུ་ག་པུར་དྲི་དང་ལྡན། །དེ་ཡང་རྡོར་སེམས་རིགས་ལས་བྱུང་། །རྣལ་འབྱོར་མ་ཡི་རིགས་དག་ནི། །དྲུག་ པོ་འདི་དག་ངས་བཤད་དོ། །ཞེས་པ་ནི་བྲམ་ཟེ་མོ་དང་། གར་མཁན་དང་། གཏུམ་མོ་དང་། རྗེ་རིགས་མོ་དང་། དམངས་རིགས་མོ་དང་། གཡུང་མོ་ཞེས་པ་དྲུག་གོ། །སྤྱན་མ་དང་། དཀར་མོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། མཱ་མ་ཀཱི་དང་། སྒྲོལ་མ་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ མའོ། །འདི་རྣམས་ཀྱི་དྲི་ཡང་། ལུས་དང་བྷ་ག་ལ་ཡང་རྟག་ཏུ་འགྱུར་ཏེ་ཞེས་ཇི་སྐད་གསུངས་པའོ། །སྒྲ་ཇི་བཞིན་པའོ། །གཡོན་པའི་ཀུན་སྤྱོད་ལ་རྟག་དགའི། །རིགས་ཀྱི་རིག་པའི་ཡི་གེ་ཟློས། །རང་གི་ཕྱག་རྒྱའི་འཆིང་བ་དང་། །རང་རིགས་ལས་བྱུང་ཚིག་རྣམས་སྨྲ། །ཞེས་པ་ནི་ གཡོན་མ་ནི་བུད་མེད་དོ། །རིགས་ཀྱི་རིག་པའི་ཡི་གེ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་སོ། །རང་གི་ཕྱག་རྒྱ་ནི་རིགས་གང་ཡིན་པ་སོ་སོའི་འཆིང་བ་དེའི་རིགས་ཀྱི་ཕྱག་རྒྱའོ། །ཚིག་རྣམས་ནི་ཚིག་གོ། །གཡོན་པས་འགྲོ་བའི་བུད་མེད་གང་ནི། བུད་མེད་རྣམས་སོ། །རྣལ་འབྱོར་ མ་རྣམས་རྟག་ཏུ་སྐད་ཆེན་པོ་རབ་ཏུ་སྨྲ་བ་དང་། གཡོན་པའི་ལྟ་བས་ཀུན་དུ་བལྟ་བའོ། །བུད་མེད་ནི་མི་མོ་རྣམས་ལ་གསོལ་བ་འདེབས་པར་བྱེད་པ་དང་། རིགས་ཀྱི་ས་བོན་རབ་ཏུ་སྨྲ་བ་རིགས་ཀྱི་བྱ་བ་མི་འདོར་བ་ཉིད་ཀྱིས། རང་གི་བསྟན་བཅོས་སུ་གསུངས་པ་མི་འདོར་ཞིང་རང་གི་རིགས་ཀྱི་ རིག་པ་ཟློས། དེ་ནི་དམ་ཚིག་ལྡན་པར་བརྗོད། །ཕྱག་འཚལ་བ་ནི་གང་འཆིང་བ། །གཡོན་པའི་ཡན་ལག་རྟག་ཏུ་འདུད། །བུད་མེད་རྣམས་དང་ཀུན་སྨྲ་བྱེད། །དེ་ཉིད་དམ་པའི་དངོས་པོར་འགྲོ། །ཞེས་པ་ནི་ལྷན་ཅིག་སྤྱོད་པའི་སྐབས་ཉིད་ལས་ལྷན་ཅིག་སྤྱོད་པ་གསུངས་པ། དམ་པའི་དངོས་པོ་ ནི་རང་གི་ངོ་བོའོ། །འགྲོ་བ་ནི་སྟོན་པར་བྱེད་པའོ། །དམ་ཚིག་ཅན་དེའི་མཐེ་བོས་ས་ལ་རི་མོ་འདྲི་བ་ནི། རྐང་པ་དང་ལག་པ་གཡོན་པས་སོ། །མགོ་བོ་འཕྲུག་པར་བྱེད་པ་དང་། །དེ་བཞིན་རང་རིག་དྲན་པའོ། །མཁུར་བ་འམ་ཀོ་སྐོ་དག་དང་ནི། །སྣོད་དག་ཏུ་ནི་སོར་མོ་སྟོན། །ཟུར་གྱིས་བལྟ་ཞིང་ ལན་ཅིག་སྔགས། །ཟློས་ཤིང་རིག་པ་ངེས་པར་བལྟ། །དམ་པའི་དངོས་འགྲོ་རྣལ་འབྱོར་མ། །གང་ཡང་དམ་ཚིག་ཅན་རྣལ་འབྱོར། །ཞེས་སོ། །ས་ལ་རི་མོ་འདྲི་བ་ཉིད་ནི་བླ་མ་དང་སྐྱེ་བོ་བདག་གི་རང་གི་རྗེས་སུ་ཆགས་པ་གསལ་བར་བྱེད་པའོ། །མགོ་བོ་འཕྲུག་པར་བྱེད་པས་རང་ཉིད་གཞན་ དབང་དུ་གྱུར་པར་སྨྲ་བར་བྱེད་དོ། །སྣ་དག་ལ་སོར་མོ་སྟོན་ཞེས་པ་འདིས་བདག་བསྲུངས་པས་ཁྱོད་ཀྱི་མ་ལྟ་བུར་རྗེས་སུ་ཆགས་པས་འཇིགས་པར་བྱེད་དོ། །ཟུར་གྱིས་བལྟ་བས་ནི། འོང་བའི་ཡན་ལག་བལྟ་བར་བྱེད་དོ། །སྒྲ་ཇི་བཞིན་པའོ། །ཆགས་པའི་སེམས་སོ། །རྙེད་དཀའ་མཁའ་ འགྲོ་མ་རྣམས་དང་། །དེ་བཞིན་ཁོ་ན་མ་རྣམས་ཀྱང་། །བདུད་རྩི་ལྔ་རྣམས་དམ་པའི་དངོས། །རང་གི་མཚན་ཉིད་འདིར་བརྗོད་བྱ། །ཞེས་པ་ནི། གཟུགས་ཡོངས་སུ་བསྒྱུར་བའི་མཚན་མ་དང་ཕྱག་རྒྱ་གསུངས་ཏེ། བདུད་རྩི་ལྔ་ནི་རིགས་ལྔ་སྟེ་དགོངས་པའོ། །གཟུགས་ཅན་མ་དང་འོ་བྱེད་ མ། །ལཱ་མ་ཡོངས་གྱུར་བྱིས་བཅས་མ། མི་ལྡོག་འདི་པ་མེ་ལྷ་མོ། །མཁའ་འགྲོ་མ་ནི་རྣམ་བདུན་བཤད། །ཅེས་པ་མདོར་བསྟན་པའོ། །བྲམ་ཟེ་དང་། གཏུམ་པོ་དང་། གར་མཁན་དང་། ཚོས་མཁན་དང་། གཡུང་པོ་དང་། རྒྱལ་རིགས་དང་། དམངས་རིགས་ཏེ། དེ་དག་གི་རིགས་ལས་ཡང་ དག་པར་བྱུང་བ་འདི་དག་ཀྱང་བདུན་ནོ། །གང་ཞིག་སྨིན་མ་འདེགས་བྱེད་ཅིང་། །མངོན་པར་ཞེན་པས་བལྟ་བ་དང་། །སྔོན་གྱི་གཟུགས་ནི་སྡུད་བྱེད་ཅིང་། །ཕྱི་ནས་འཇིགས་པར་བྱེད་པ་ཉིད། །དེ་ནི་གཟུགས་ཅན་མར་ཤེས་བྱ། །དཔའ་བོ་གཉིས་མེད་བསྟེན་པའོ། །ཞེས་པ་རྒྱས་པར་བཤད་ པའོ། །གསུངས་པ་ཡང་། །དེ་ཡིས་གང་བྱིན་པའི་དམ་ཚིག་རྫས་དེ་བཟའ་བར་བྱའོ། །ཇི་སྲིད་དུ་ལན་བདུན་བཟླས་ལ་དབང་དུ་བྱས་ཏེ། དེ་ནས་མཁའ་ལ་སྤྱོད་པ་ཉིད་དོ་ཞེས་སོ། །སྔོན་ནི་དང་པོ་པའི་གཟུགས་སོ། །འཇིགས་པ་ནི་ཡོངས་སུ་བསྒྱུར་བའི་གཟུགས་རང་གི་གཟུགས་ཀྱིས་གནས་པར་ བྱེད་དོ་ཞེས་པའི་དོན་ཏོ། །འདོད་པའམ་གལ་ཏེ་མི་འདོད་རུང་། །བྱིས་པ་འཁྱུད་ཅིང་འོ་བྱེད་པ། །དེ་ནི་འོ་བྱེད་མར་ཤེས་བྱ། །མཁའ་འགྲོ་སྡིག་པ་འཇོམས་བྱེད་མའོ། །ཟུར་བལྟ་གདོང་ལ་ཁྲོ་གཉེར་ཅན། །རྡོ་རྗེ་སྨིན་བསྒྱུར་སྡིགས་མཛུབ་དང་། །དབུགས་འབྱིན་འཇིགས་པར་བྱེད་གང་ ཡིན། །དེ་ནི་ལཱ་མར་རྣམ་ངེས་བསྟན། །འཇིགས་པར་བྱེད་པ་ནི། ཧཱུཾ་ཡིག་ལ་སོགས་པའི་བདག་ཉིད་དང་ཆགས་པའི་བདག་ཉིད་དོ། །ཕག་དང་རི་བོང་ཅན་བྱི་ལ། །ཅེ་སྤྱང་ར་དང་རྟ་སོགས་ཀྱི། །གཟུགས་ཀྱིས་ཀུན་དུ་སྐྲག་ཅིང་འཇིགས། །དེ་ནི་ཡོངས་འགྱུར་མ་ཞེས་བཤད། ། ཅེས་སོ། །ཕག་ནི་ཕག་གོ། །བྱི་ལ་ནི་བྱི་དགྲའོ། །ར་ནི་རའོ། །སྒྲ་ཇི་བཞིན་པའོ། །གང་ཞིག་ཀུན་དུ་དགའ་བས་དགོད། །སོང་ནས་སླར་ཡང་མི་བཟློག་པ། །རྗེས་སུ་ཆགས་པས་གསལ་བར་དགོད། །དེས་ནི་བྱིས་བཅས་མར་ཤེས་བྱ། །རྗེས་སུ་ཆགས་པ་ནི་རབ་ཏུ་དང་བའི་བཞིན་ནོ། །སྒྲ་ཇི་བཞིན་ པའོ། །ཡིད་ནི་སྐྱོ་བས་ལག་པས་སམ། །བོང་བས་སཾ་ནི་རྐང་པ་ཡིས། །གོས་སམ་ཤིང་གིས་རེག་པ་དང་། །དེ་ཡིས་རེག་པས་འཚོ་མི་འགྱུར། །དེ་ནི་མི་ལྡོག་མར་ཤེས་བྱ། །བསྒྲུབ་བྱ་མིན་པར་ཡོངས་སུ་བསྒྲགས། །ཞེས་སོ། །མཚོན་ཆ་ལ་སོགས་པས་རིག་པ་དང་། ལག་པ་ལ་སོགས་ པས་རྨས་པ་ནི་མི་འཚོ་བར་ཐེ་ཚོམ་མེད་པའོ། །དེའི་ཕྱིར་རང་བཞིན་རྗེས་སུ་ཆགས་པར་བྱའོ་ཞེས་རྟོགས་པར་བྱའོ། །ཁྲུས་སམ། ཟ་བ་དང་བཏུང་འགྲོ་བ་དང་། ཁྲོས་པའི་ལྟ་བས་ཀུན་དུ་ལྟ་བར་བྱེད་པ་ནི། རྣམ་པར་འགྱུར་བ་སྟོན་པར་བྱེད་པའོ། །ཕྱི་ནས་མཁའ་འགྲོ་མ་སྟེ་འདི་དཔའ་མོར་ བཤད་ཅེས་པའོ། །ཕྱིན་ནི། དེས་མཐོང་བ་དང་། བཟའ་བ་ལ་སོགས་པ་ཟོས་པར་གྱུར་པ་ལའོ། །སྒྲ་ཇི་བཞིན་པའོ། །མཁའ་འགྲོ་རྣམས་ཀྱི་ལག་པར་ཕྱག་རྒྱ་འམ། ཁྱིམ་དུ་གནས་པས་མཚོན་པར་བྱེད་པ་ནི། ཐོད་པ་དགྲ་སྟ་མཆེ་བ་དང་། །འཁོར་ལོ་ཉིད་དང་རྒྱལ་མཚན་མཉམ། ། རྡོ་རྗེ་དང་ནི་རལ་གྲི་གྲགས། །བདུན་པོ་རིགས་ཀྱི་ཕྱག་རྒྱར་གྲགས། །ཁྱིམ་དུ་བྲི་རྣམས་མཆོད་པར་བྱེད། །རིགས་ཀྱི་རིག་པ་ཟློས་པར་བྱེད། །ཅེས་པ་ལ་ཁྱིམ་དུ་ནི་ཆོས་འབྱུང་དུའོ། །རིགས་ཀྱི་རིགས་ནི་རིགས་སོ་སོར་བཅིངས་པ་གང་ཡིན་པ་དེའི་རིགས་ཀྱི་ལྷ་ཉིད་སྒོམ་པར་བྱེད་པ་ཡང་ངོ་། ། དགོངས་པའོ། །མཁའ་འགྲོ་མའི་མཚན་ཉིད་དོ།། །།དེ་ནས་གཞན་ཡང་མཁའ་འགྲོ་མའི། །མཚན་ཉིད་ཇི་བཞིན་རབ་འཆད་བྱེད། །མཁའ་འགྲོའི་དམ་ཚིག་ལ་གནས་པ། །སྒྲུབ་པོ་གང་གིས་ཤེས་པར་བྱ། །ཅེས་པ་ནི་དཔལ་ཧེ་རུ་ཀའི་རིགས་ཀྱི་མཁའ་འགྲོ་མའི་ཁ་དོག་ གི་མཚན་ཉིད་དང་མཚན་མ་གསུངས་པ། སྒྲུབ་པ་པོ་ནི། ཧེ་རུ་ཀའི་དམ་ཚིག་ལ་གནས་པའི་དམ་ཚིག་ཅན་རྣམས་སོ། །སྒྲ་ཇི་བཞིན་པའོ། །བུད་མེད་གང་ཡང་ཁ་དོག་དམར། །པདྨའི་དྲི་ནི་རྣམ་པར་གཏོང་། །ཁྱིམ་དུ་པདྨ་བྲི་བ་ཡང་། །པདྨ་གར་དབང་རིགས་བྱུང་ཡིན། །ཞེས་ཏེ། པདྨ་གར་ དབང་ནི་འོད་དཔག་མེད་དོ། །དགོངས་པའོ། །རང་གི་ཁྱིམ་དུ་དཔལ་རྡོ་རྗེ། །བྲིས་པ་རྟག་ཏུ་མཆོད་བྱེད་གང་། །ལུས་ནི་གནག་དང་སྔོ་བསངས་མ། །དེ་ནི་རྡོ་རྗེའི་རིགས་བྱུང་ཡིན། །གང་གི་དཔྲལ་བ་འམ་ལག་པར་ནི། །འཁོར་ལོ་ཡང་ནི་རབ་སྣང་བ། །སེར་ཞིང་སྐལ་བཟངས་ཕུན་སུམ་ཚོགས། ། རྟག་ཏུ་མཆོག་ཏུ་ཆེས་ལེགས་པ། །རང་ཁྱིམ་འཁོར་ལོ་བྲིས་པ་ནི། །ཐུན་མཚམས་བཞི་རུ་མཆོད་པར་བྱེད། །རྣམ་པར་སྣང་མཛད་རིགས་ལས་སྐྱེས། །མཁའ་འགྲོ་མ་ཡི་སྟོབས་ཀྱིས་དྲེགས། །ཞེས་པ་ནི། འཁོར་ལོ་ནི་གསེར་ལས་གཞན་གྱིས་གནས་པའོ། །ལེགས་པ་ཅན་ནི་བག་ མར་བཏང་བ་གཡོ་བ་གསལ་བའོ། །སྔོ་བསངས་སོ་མཐོ་མ་རུངས་པ། །གཡོ་ཞིང་མང་དུ་མི་སྨྲ་མོ། །རང་ཁྱིམ་རལ་གྲི་མཆོད་བྱེད་པ། །དོན་ཡོད་གྲུབ་པའི་རིགས་བྱུང་བའོ། །སེར་ཞིང་གསེར་དུ་སྣང་བ་དང་། །མིག་གི་གཡོ་ཞིང་ཁ་སྤུ་སེར། །རིན་ཆེན་དཔྲལ་བར་སྣང་བའམ། །ལག་པར་ ཡང་རུང་ཁྱིམ་དུ་འང་རུང་། །རྟག་ཏུ་རྒྱལ་སྲིད་གནས་པ་གང་། །བསྙེམས་ཤིང་བདེན་པར་སྨྲ་བ་དང་། །མ་ལི་ཙམ་པ་ཀ་དྲི་ཡང་། །དེ་ནི་རིན་ཆེན་རིགས་ལས་བྱུང་། །ཞེས་སོ། །འམ་གྱི་སྒྲ་ནི་དཀར་པོ་དང་བ་ལང་ཚོ་དང་ལྡན་པ་དང་། རྒྱལ་བ་དང་། མ་རྒྱལ་བ་དང་ལྡན་པ་ནི་གོ་སླའོ། ། མདོག་ནག་མ་རུངས་ཤ་ལ་དགའ། །རྟག་ཏུ་མ་རུངས་ལས་ལ་དགའ། །རྩེ་གསུམ་འམ་ནི་ཐོད་པ་འང་རུང་། །དཔྲལ་བ་འམ་ལག་པ་ཁྱིམ་དུའང་རུང་། །བྲིས་པ་རྟག་ཏུ་མཆོད་བྱེད་པ། །དེ་ནི་འཇིགས་བྱེད་རིགས་ལས་བྱུང་། །ཞེས་ཏེ། འཇིགས་བྱེད་ནི་རྒྱལ་རིགས་སོ་ཞེས་གྲུབ་ཐོབ་ ལ་བའི་ན་བཟའ་ཅན་གྱི་ཞབས་སོ། །སྤྲིན་གྱི་ཁ་དོག་དང་འདྲ་ཞིང་། །སོ་ནི་མི་མཉམ་པར་གནས་པ། །རྟག་ཏུ་མ་རུངས་ལས་ལ་དགའ། །གཡོན་གྱི་མཆེ་བ་གཙིགས་པ་གང་། །རྟག་ཏུ་དགྲ་སྟ་མཆོད་བྱེད་པ། །རྣམ་པར་འདྲེན་པའི་རིགས་ལས་བྱུང་། །ཞེས་པ། རྣམ་པར་འདྲེན་པ་ནི་སྒྲུབ་ ཐབས་ཀྱི་ཆོ་ག་ལ་ཡང་དམངས་རིགས་སོ་ཞེས་སོ། །སྒྲ་ཇི་བཞིན་པའོ། །གཟུགས་ཡོངས་སུ་བསྒྱུར་བའི་མཚན་མའོ།། །།དེ་ནས་འདི་ལས་ལཱ་མ་ཡི། མཚན་ཉིད་ཇི་བཞིན་རབ་འཆད་བྱེད། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་ཐོབ་འགྱུར་བའོ། །ཞེས་ བྱ་བ་ལ་སོགས་པས་ཕྱག་རྒྱ་རྒྱས་པར་བཤད་པ་གསུངས་ཏེ། ལཱ་མ་རྣམས་ནི་ཡིད་འཕྲོག་མ་རྣམས་སོ། །དངོས་གྲུབ་རྣམས་ནི་རྣམ་པ་ཐམས་ཅད་ཤེས་པ་ཉིད་དང་། ལམ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཕྱག་རྒྱ་ཆེན་པོ་མཆོག་གི་ དོན་རབ་ཏུ་སྒྲུབ་པ་པོ་ལ་གསལ་ལོ། །གང་གི་ན་ཆུང་ཀུན་མཐོང་བ། །གདོང་པ་ཡོངས་སུ་ཟླུམ་པ་དང་། །ཁ་ལ་སྨ་ར་ཅན་ཉིད་དང་། །སྤུ་དང་སྨིན་མ་རིང་བ་དང་། །གོས་བཟང་གཙང་ལ་ཞི་བ་དང་། །མི་གཡོ་བདེན་པར་སྨྲ་བ་དང་། །རྟག་ཏུ་དམ་པའི་ཆོས་ལ་དགའ། །པདྨའི་དྲི་ནི་རྣམ་པར་གཏོང་། །དེ་ ནི་བཅུ་པའི་ཚིགས་མཚམས་ལ། །ཁྱིམ་དུ་པདྨ་བྲིས་པ་ཡང་། །པདྨ་ལས་བྱུང་ལཱ་མ་ཡི། །མཚན་ཉིད་གྱུར་པ་འདི་དག་ཡིན། །པདྨའི་ཕྱག་རྒྱ་སྦྱིན་པར་བྱ། །ཡང་ན་རུས་སྦལ་ཕྱག་རྒྱ་ཡང་། །པགས་དང་རིལ་བ་སྤྱི་ལུགས་ཉིད། །ཕྱག་རྒྱའི་ལན་དུ་བརྗོད་པར་བྱ། །པདྨའི་ཕྱག་རྒྱ་ནི་ལག་པ་ གཉིས་ཀ་དག་གི་སོར་མོ་ཐམས་ཅད་བསྐུམ་སྟེ་པདྨ་ཁ་འབུས་པའི་རྣམ་པར་འགྱུར་རོ། །རུས་སྦལ་གྱི་ཕྱག་རྒྱ་ནི་གཡོན་པའི་སྟེང་དུ་ལག་པ་གཡས་པས་པགས་པའི་ཕྱག་རྒྱ་ནི་གླང་པོ་ཆེའི་པགས་པ་འཛིན་པ་ཉིད་དོ། །རིལ་བ་སྤྱི་ལུགས་ཀྱི་ཕྱག་རྒྱ་ནི་དེ་བཞིན་དུ་གསལ་ལོ། །མཆུ་ནི་གློ་ཞིང་མིག་ དཀྱུས་རིང་། །མིག་ནི་དམར་ཞིང་སེར་སྐྱ་སྟེ། །ཕྱུགས་ཤིང་སྐལ་བཟངས་དཔལ་ཡོན་ཅན། །དཀར་ཞིང་ཙམ་པ་ཀ་ཡི་དྲི། །རིང་དང་རིང་མིན་ལག་ཉིད་དང་། །རྣམ་པ་སྣ་ཚོགས་གོས་ལ་དགའ། །དཔྲལ་བར་རི་མོ་གསུམ་པ་ཉིད། །མཚམས་ནི་གྱེན་དུ་བསྟན་པ་ཉིད། །དགོད་ཅིང་དགའ་བ་ཉིད་དག་དང་། ལམ་ནི་རྣམ་པར་གནོན་ཅིང་གནས། །གཡུལ་དུ་ཤི་བ་རྣམས་ཀྱི་ནི། །གཏམ་ལ་རྟག་ཏུ་ཤིན་ཏུ་དགའ། །དེ་ཡི་བཅུ་བཞི་དང་བརྒྱད་པ། །དེ་ཡི་དུས་ཚིགས་ཡིན་པར་བཤད། །ཁྱིམ་དུ་རྩེ་གསུམ་བྲིས་པ་ལ། །རྟག་ཏུ་དེ་ནི་མཆོད་པར་བྱེད། །འཇིག་རྟེན་དབང་ཕྱུག་ལཱ་མ་ཡི། །མཚན་ཉིད་ གྱུར་པ་འདི་དག་གོ། །འདི་འདྲའི་རབ་མྱོས་མ་མཐོང་ནས། །མདུང་གི་ཕྱག་རྒྱ་རབ་བསྟན་བྱ། །རྐང་པ་གཡོན་པ་བསྐུམ་བྱས་ནས། །གར་ནི་དེ་ལ་རབ་བསྟན་བྱ། །གཡོན་པས་ཡོངས་སུ་བསྐོར་བ་ཡང་། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །མཐེ་ཆུང་མཐེ་བོས་མནན་ནས་སོར་མོ་གསུམ་པ་ རྣམས་བརྐྱང་པ་ལས་རྩེ་གསུམ་གྱི་ཕྱག་རྒྱའོ། །གར་ནི་གཡས་བརྐྱང་དུ་གསལ་ལོ། །གང་གི་མཁུར་བ་མཁུར་ཚོས་ལ། །ཁུང་བུར་སྣང་བ་གནས་པ་དང་། །རྟག་ཏུ་མངར་ཞིང་སེར་ལ་གཙང་། །མིག་ནི་ལྗང་དང་སེར་སྐྱ་དང་། །གང་གི་དཔྲལ་བ་འམ་ལག་པ་ལ། །རི་མོ་གཅིག་པ་སྣང་བ་དང་། ། མགྲིན་རིང་སྐྲ་ནི་འཁྱིལ་པ་དང་། །རྟག་ཏུ་གོས་དམར་ལ་དགའ་བ། །དགོད་ཅིང་གླུ་ནི་ལེན་པ་ཡང་། །གློ་བུར་ཉིད་དུ་རབ་ཁྲོ་བྱེད། །སེམས་ནི་གཡོ་ཞིང་ཁྱད་པར་དུ། །འཐབ་མོ་ལ་ཡང་ཞེན་པ་སྟེ། །དེ་ནི་ཉ་ཡི་དུས་ཚིགས་སུ། །ཁྱིམ་དུ་དྲིལ་བུ་བྲིས་པ་ཡང་། །ཤེས་རབ་ཕ་རོལ་ཕྱིན་བྱུང་ བའི། །ལཱ་མའི་མཚན་ཉིད་ཡིན་པར་བཤད། །འདི་འདྲའི་རབ་མྱོས་མཐོང་ནས་ནི། །དྲིལ་བུའི་ཕྱག་རྒྱ་རབ་བསྟན་བྱ། །གཉིས་པ་མདུང་ཐུང་ཕྱག་རྒྱ་ཡང་། །སྒྲུབ་པོ་ཤིན་ཏུ་མཉམ་གཞག་པས། །གཡོན་ནས་ཡོངས་སུ་བསྐོར་བ་ཡིན། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །དྲིལ་བུ་དཀྲོལ་ བའི་སྦྱོར་བ་ཡང་། །ལག་པ་གཡོན་པས་རབ་བསྟན་བྱ། །ཞེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་གཏུམ་པོའི་རིགས་སོ། །མདུང་ཐུང་གི་ཕྱག་རྒྱ་ནི་ལག་པ་གཉིས་ཁ་སྦྱར་ལ། སྡིགས་མཛུབ་གཉིས་བསྐུམ་སྟེ། གུང་མོའི་ཚིགས་གསུམ་པའི་གློར་བཞག་ནས། དེ་བཞིན་དུ་མཐེ་བོ་གཉིས་ཚིགས་བར་མར་གཞག་པ་ལས་སོ། །སྒྲ་ཇི་བཞིན་པས་སོ། །གང་ཞིག་ཐུང་ཞིང་བྱིན་པ་སྦོམ། །རྟག་ཏུ་སེར་པོའི་གོས་ལ་དགའ། །དེ་ནི་བཅུ་བཞིའི་དུས་ཚིགས་ལ། །ཁྱིམ་དུ་རིན་ཆེན་བྲིས་པ་ཡང་། །འདི་འདྲའི་རབ་མྱོས་མཐོང་ནས་ནི། །རིན་ཆེན་ཕྱག་ རྒྱ་རབ་བསྟན་བྱ། །གཉིས་པ་དུང་གི་ཕྱག་རྒྱ་ཡང་། །རབ་ཏུ་འབད་པས་སྦྱིན་པར་བྱ། །གཡོན་ནས་ཡོངས་སུ་བསྐོར་བ་ཡི། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །རིན་དབང་ལས་བྱུང་ལཱ་མ་ཡི། །མཚན་ཉིད་གྱུར་པ་འདི་དག་ཡིན། །དུང་གི་ཕྱག་རྒྱ་ནི་ལག་པ་གཡས་པ་བཀན་ལ་མཐེ་ བོང་ནང་དུ་བཅུག་པའི་ཁུ་ཚུར་ལ་སྡིགས་མཛུབ་རབ་ཏུ་བརྐྱང་བར་བྱ་བ་ལས་སོ། །ལུས་ཀུན་ལ་ནི་བ་སྤུ་ཡོད། །མིག་ནི་ནག་ཅིང་སེར་སྐྱ་དང་། །སྦོམ་ཞིང་རྣམ་འགྱུར་མི་བཟད་པ། །གསུས་པ་གློ་ཞིང་སྣ་ནི་ཉམས། །གང་ཞིག་གནག་ཅིང་མིག་ཟླུམ་པ། །རྟག་ཏུ་གླུ་དང་གར་ལ་ དགའ། །འདི་ཡི་བཅུ་གཅིག་ཚིགས་མཚམས་ལ། །ཁྱིམ་དུ་མཆེ་བ་བྲིས་པ་ཡང་། །འདི་འདྲའི་རབ་མྱོས་མཐོང་ནས་ནི། །ཀླུ་ཡི་ཕྱག་རྒྱ་རབ་བསྟན་བྱ། །སྒྲུབ་པོ་དངོས་གྲུབ་བརྩོན་པ་ཡིས། །གཉིས་པ་མདུང་ཐུང་ཕྱག་རྒྱ་ཉིད། །གཡོན་ནས་ཡོངས་སུ་བསྐོར་བ་ཡིས། །ཕྱག་རྒྱའི་ལན་ ནི་ཡིན་པར་བཤད། །ཀླུ་དབང་རིགས་ཀྱི་ལཱ་མ་ཡི། །མཚན་ཉིད་འདི་འདྲར་འགྱུར་བ་ཡིན། །ཞེས་སོ། །ཀླུའི་དབང་པོ་ནི་ནམ་མཁའ་ལྡིང་གིའོ། །དེའི་བདག་པོ་ནི་དོན་ཡོད་དེ་དགོངས་པའོ། །ལག་པ་གཡོན་པའི་སྟེང་དུ་གཡས་པའི་ཁུ་ཚུར་བཞག་ལ། ལག་པའི་མཐེ་བོ་དང་མཐེ་ཆུང་ བརྐྱང་ནས་སོར་མོ་གསུམ་གདེངས་ཀའི་རྣམ་པ་ནི། །མིག་སྨན་གྱི་ཕྱག་རྒྱའོ་ཞེས་པ་སྒྲ་ཇི་བཞིན་པའོ། །དེ་ནས་འདི་ལས་ལག་གཡོན་གྱི། །བརྡ་གཞན་རབ་ཏུ་འཆད་པར་བྱེད། །གང་གི་སྤུན་ནམ་སྲིན་མོར་ཡང་། །ཡང་དག་པར་ནི་རྣམ་ཤེས་བྱེད། །ཅེས་བྱ་བ་ལ་སོགས་པས་བརྡ་ གསུངས་སོ། །གསོང་པོར་སྨྲ་ཞེས་བརྗོད་པ་ཡིན་ནི། ལག་པ་གཡོན་པས་གསོང་པོར་སྨྲ་བ་ལས་སོ། །མིང་མེད་སྟོན་པ་ཉིད་ལས་ནི། །གསོང་པོར་སྨྲ་བའི་ལན་དུ་བརྗོད། །གང་ཞིག་ལྟོ་བ་རྡེབས་པ་ནི། །བཀྲེས་པ་རབ་ཏུ་གསལ་བར་བྱེད། །གང་ཞིག་དཔྲལ་བ་སྟོན་པ་ནི། །དེ་ཉིད་གང་ འོངས་ཞེས་པ་འདྲི། །ཁར་ནི་སོར་མོ་རབ་འཇུག་པ། །ཁྱོད་ཀྱིས་ཟོས་པ་རབ་གསལ་བྱེད། །གང་ཞིག་ལྕེ་ནི་སྐྱོད་པར་བྱེད། །བཟའ་བར་བྱ་ཞེས་རབ་གསལ་བྱེད། །གང་ཞིག་པུས་མོ་ལ་རེག་པ། །ངལ་སོ་ཞེས་ནི་བརྗོད་པ་ཡིན། །གང་ཞིག་སོར་མོའི་རྩེ་རེག་པ། །ངལ་ནི་སོས་ པར་རབ་གསལ་བྱེད། །གང་ཞིག་སོ་ནི་འཆའ་བྱེད་པ། །ཁྱོད་ཀྱི་ཤ་ནི་བཟའ་བྱའོ། །གང་ཞིག་ཁྲོ་གཉེར་སྟོན་བྱེད་པ། །བཅིངས་སོ་ཞེས་ནི་བརྗོད་པ་ཡིན། །གང་ཞིག་མཁའ་ལྡིང་སྟོན་བྱེད་པ། །སྒྲུབ་པོ་བདག་གིས་གྲོལ་བའོ། །ལག་པར་ལག་པས་བརྡེབས་པ་ནི། །གཏོར་ མ་བཟའ་ཞེས་བརྗོད་པ་ཡིན། །ལག་པ་གཡས་པ་སྟོན་བྱེད་པ། །དེ་ལྟར་གྱིས་ཞེས་རབ་ཏུ་བརྗོད། །གང་ཞིག་རྣ་བ་ལ་རེག་པ། །བདག་ནི་ངལ་བསོ་གནས་པར་བྱ། །གང་ཞིག་སེན་མོས་སེན་མོ་རེག །ཤི་བ་དུར་ཁྲོད་དུ་ཁྱེར་ཞིག །གང་ཞིག་ས་ལ་རྣམ་པར་འདྲི། །དཀྱིལ་འཁོར་དུ་ནི་རབ་འཇུག་ བྱེད། །གང་ཞིག་ཀོ་སྐོ་ལ་རེག་པ། །བདེ་བས་ཉལ་བར་བྱེད་དོ་ཞེས། །ཞེས་པས་འཕོངས་ནི་བཤང་ལམ་སྟེ་གསལ་ལོ། །དེ་ནས་གཞན་པ་ཕྱག་རྒྱ་ལ། །ཕྱག་རྒྱའི་ལན་ནི་རབ་འཆད་བྱེད། །གང་གིས་རྣམ་པར་ཤེས་ཙམ་གྱིས། །ཕོ་ཉ་མོ་རྣམས་དབུགས་དབྱུང་འགྱུར། །གང་ཞིག་ཁུ་ཚུར་སྟོན་བྱེད་ པ། །དེ་ལ་ལག་པ་རབ་བསྟན་བྱ། །གང་ཞིག་སྐྲ་ཡང་སྟོན་བྱེད་པ། །རྟག་ཏུ་ཁ་ཊྭཱཾ་ག་བསྟན་བྱ། །གང་ཞིག་ཡན་ལག་རྣམ་པར་བསྐྱོད། །དེ་ལ་མཆེ་བ་རབ་བསྟན་བྱ། །ཞེས་སོ། །བུད་མེད་གང་ཞིག་སྤྱི་གཙུག་སྟོན་བྱེད་པ། །དེ་ལ་མགོ་བོ་རབ་བསྟན་བྱ། །གང་ཞིག་དཔྲལ་བ་སྟོན་བྱེད་པ། །དེ་ལ་མཁུར་ ཚོས་རབ་བསྟན་བྱ། །གང་ཞིག་སོ་རྣམས་སྟོན་བྱེད་པ། །དེ་ལ་ལྕེ་ནི་རབ་བསྟན་བྱ། །གང་ཞིག་མཆུ་ནི་སྟོན་བྱེད་པ། །དེ་ལ་ཀོ་སྐོ་རབ་བསྟན་བྱ། །གང་ཞིག་མགྲིན་པར་ཀུན་ནས་རེག །དེ་ལ་ལྟོ་བ་རབ་བསྟན་བྱ། །གང་ཞིག་ལག་པ་སྟོན་བྱེད་པ། །དེ་ལ་དཔུང་པ་རབ་བསྟན་བྱ། །གང་ཞིག་ལྟག་ པ་སྟོན་བྱེད་པ། །དེ་ལ་རྒྱབ་ནི་རབ་བསྟན་བྱ། །གང་ཞིག་ནུ་མ་སྟོན་བྱེད་པ། །དེ་ལ་འོ་ནི་རབ་བསྟན་བྱ། །གང་ཞིག་ལྟོ་བ་སྟོན་བྱེད་པ། །དེ་ལ་ལྟེ་བ་རབ་བསྟན་བྱ། །གང་ཞིག་གསང་བ་སྟོན་བྱེད་པ། །དེ་ལ་རྟགས་ནི་རབ་བསྟན་བྱ། །གང་ཞིག་བརླ་ནི་སྟོན་བྱེད་པ། །དེ་ལ་འཕོངས་ནི་བསྟན་པར་ བྱ། །གང་ཞིག་པུས་མོ་སྟོན་བྱེད་པ། །དེ་ལ་བྱིན་པ་རབ་བསྟན་བྱ། །གང་ཞིག་རྐང་པ་སྟོན་བྱེད་པ། །དེ་ལ་རང་གི་རྐང་མཐིལ་ལོ། །གང་ཞིག་སོར་མོ་སྟོན་བྱེད་པ། །དེ་ལ་སེན་མོ་རབ་བསྟན་བྱ། །གང་ཞིག་ས་ནི་སྟོན་བྱེད་པ། །དེ་ལ་ནམ་མཁའ་རབ་བསྟན་བྱ། །གང་ཞིག་ནམ་མཁའ་སྟོན་བྱེད་པ། །དེ་ ལ་ཉི་མ་རབ་བསྟན་བྱ། །གང་ཞིག་ཆུ་ཀླུང་སྟོན་བྱེད་པ། །དེ་ལ་རྒྱ་མཚོ་བསྟན་པར་བྱ། །གང་ཞིག་གུང་མོ་སྟོན་བྱེད་པ། །དེ་ལ་སྡིགས་མཛུབ་རབ་བསྟན་བྱ། །གང་ཞིག་མིང་མེད་སྟོན་བྱེད་པ། །དེ་ལ་ལྕེ་ནི་རབ་བསྟན་བྱ། །གང་ཞིག་པཊྚི་ས་སྟོན་པ། །དེ་ལ་མདུང་ནི་རབ་བསྟན་བྱ། །གང་ཞིག་ མགོ་བོ་རབ་སྟོན་བྱེད། །དེ་ལ་མཚམས་ནི་རབ་བསྟན་བྱ། །གང་ཞིག་ངོས་ནི་སྟོན་བྱེད་པ། །དེ་ལ་ཁ་ནི་རབ་བསྟན་བྱ། །གང་ཞིག་ཁྲོ་གཉེར་སྟོན་མཛད་པ། །དེ་ལ་གཙུག་ཕུད་རབ་བསྟན་བྱ། །གང་ཞིག་སོ་ནི་སྟོན་བྱེད་པ། །དེ་ལ་མཆུ་ནི་རབ་བསྟན་བྱ། །གང་ཞིག་མགྲིན་པ་སྟོན་བྱེད་པ། །དེ་ལ་ཁ་ ནི་རབ་བསྟན་བྱ། །གང་ཞིག་དཔྲལ་བ་སྟོན་བྱེད་པ། །དེ་ལ་མིག་ནི་རབ་བསྟན་བྱ། །སོར་མོ་གཅིག་ནི་རབ་སྟོན་བྱེད། །སྔགས་པས་ལེགས་པར་འོངས་སམ་བརྗོད། །གཉིས་ཀྱིས་ལེགས་པར་འོངས་བརྗོད་འགྱུར། །མཐེ་བོང་བཙིར་ལས་དགེ་བའོ། །སྡིགས་མཛུབ་མཐེ་བོང་སྦྱོར་བ་ཡིས། །མིག་ གི་ཕྱག་རྒྱར་རབ་ཏུ་གྲགས། །དེ་ལྟར་ཕྱག་རྒྱ་སོ་སོ་ནི། །རབ་ཏུ་འབད་པས་བསྟན་པར་བྱ། །ཇི་སྲིད་འཚོ་བར་རྣལ་འབྱོར་མ། །དབང་དུ་འགྱུར་བར་ཐེ་ཚོམ་མེད། །ཅེས་པ་ནི་ལག་པ་གཡས་པའོ། །འོ་ནི་ཀོ་སྐོའོ། །ཆུ་ཀླུང་ནི་སོར་མོ་ཀྱོག་པོའི་རྣམ་པས་ནམ་མཁའ་ལ་རི་མོ་བྲིས་པ་ལས་སོ། ། རྒྱ་མཚོ་ནི་དུག་ཅན་པས་སོ། །དེ་བཞིན་དུ་ལག་པ་གཉིས་ཀྱི་རི་མོ་ལས་སོ། །ལྕེ་ནི་མཐེ་ཆུང་ངོ་། །མཚམས་བསྟན་པར་བྱ་ཞེས་པ་ནི་སྡིགས་མཛུབ་དང་མཐེ་བོའི་སྦྱོར་བས་སོ། །གསུངས་པ་ཡང་། །སྡིགས་མཛུབ་དང་མཐེ་བོའི་སེ་གོལ་སྒྲོགས་པར་བྱེད་པ་ནི། འདིར་སྔགས་པ་གཙོ་ཉིད་ དུ་ངེས་པའི་ཞེས་སོ། །ཕྱག་རྒྱ་གང་ཡིན་པ་དེ་ལ་ཀུན་དུ་སྨྲ་བ་བཞི་པོ་འདི་དག་གོ་ཞེས་སོ། །རང་གི་སྐལ་བ་ཉིད་ཡོངས་སུ་ཤེས་པའི་དོན་དུ་ཕྱག་རྒྱའི་ལན་བསྟན་པར་བྱའོ། །འགའ་ཞིག་དང་རྩོད་པ་མངོན་པར་འདོད་པས་ནི་མ་ཡིན་ཏེ། གང་ནུས་པ་མེད་པས་རྣལ་འབྱོར་མ་ཞིང་སྐྱེས་གྲུབ་པ་ རྣམས་ཁྲོས་པ་དེ་ལས་རྩོད་པའི་དུས་སུ་ལག་པ་གཡོན་པ་སྙིང་གར་བཞག་སྟེ་ཕྱག་བྱའོ། །རྒྱུད་གཞན་དུ་ཡང་། རྣལ་འབྱོར་པ་རྣམས་ཇི་སྲིད་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་མ་སྐྱེས་པ་དེ་སྲིད་དུ། འཇིག་རྟེན་པ་དང་རྩོད་པའི་དོན་དུ་ཕྱག་རྒྱའི་ལན་བསྟན་པར་མི་བྱའོ་ཞེས་སོ། །ཀཱམྦོ་ ཛཱི་ཀའི་ཆེད་དུ་བརྡའོ།། །།དེ་ནས་གཞན་ཡང་མཁའ་འགྲོ་མའི། །མཚན་ཉིད་ཇི་བཞིན་རབ་འཆད་དེ། །སྒྲུབ་པོ་གང་གིས་མཁའ་འགྲོ་མ། །འདི་ནི་རིང་ཡང་ཤེས་པར་བྱ། །རྗེས་སུ་ཆགས་པའི་མཚན་ཉིད་གསལ་བར་གསུངས་པ། །དམ་ཚིག་ཅན་གང་རྗེས་ཆགས་པ། ། དཔའ་བོའི་ལོངས་སྤྱོད་ས་གཞི་ཡིན། །གཞི་ནི་ས་གཞིར་བྱས་ནས་སོ། །རྣལ་འབྱོར་པ་ཡི་སྡོམ་པ་མཆོད། །ཅེས་པ་ནི་རྗེས་སུ་ཆགས་པ་ནི་ཁོལ་མོ་བཞིན་དུ་དབང་གྱུར་ཅིང་། །མ་བཞིན་དུ་ཕན་པར་འདོད་པ། སྲིང་མོ་བཞིན་དུ་མཉེས་གཤིན་པ་ཞེས་བརྗོད་པ་ནི་དམ་ཚིག་ཅན་དུ་ལུང་ཉིད་ལས་སོ། ། བུད་མེད་ཀྱི་རྟགས་ལ་སླར་ཡང་རྟགས་ཉིད་དོ། །གང་གི་རྣལ་འབྱོར་པའིའོ། །དཔའ་བོ་ཞེས་པ་ནི་ལུང་ལས་གང་གི་ཚེ་ངེས་པར་རྣམ་པར་ཟབ་པོ་ནི་དཔའ་བོ་དེའི་ལོངས་སྤྱོད་བྱ་ནི་དབྱིག་འཛིན་ཏེ། དབྱིག་ནི་རིན་པོ་ཆེ། འཛིན་པར་བྱེད་དོ་སྟེ་བྱས་ནས་སོ། །གཞི་ནི་གནས་ཏེ་ས་ གཞིའོ། །དེ་ལས་གནས་སུ་བྱས་ནས། ཡང་དག་པ་ཡང་དག་པའི་རྣམ་པས་བསྒོམ་པར་བྱའོ། །རང་གི་སེམས་ལ་གནས་པའི་རྣལ་འབྱོར་དང་ལྡན་པ་ནི་རྣལ་འབྱོར་རོ། །སྡོམ་པ་ནི་དྲི་མ་མེད་པའི་དོན་དུ་ཡང་། ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང་། ཞེས་སོ། །སྤྲོས་པ་མེད་པའི་དབྱིག་གཉེན་ཞབས་ཀྱིས་ཀྱང་གསུངས་པ། དེ་ཉིད་ཟག་པ་མེད་པའི་དབྱིངས། །བསམ་གྱིས་མི་ཁྱབ་དགེ་དང་བརྟན། །བདེ་བ་རྣམ་གྲོལ་སྐུ་འདི་ནི། །ཐུབ་པ་ཆེན་པོའི་ཆོས་ཞེས་བཤད། །ཅེས་སོ། །རྡོ་རྗེ་གུར་དུ་ཡང་། འགྲོ་གཉིས་དངོས་པོ་མཐོང་ནས་ང་། ། ཤེས་རབ་ཐབས་ཀྱི་བདག་ཉིད་ད་དོ། །ཤིན་ཏུ་ཁ་སྦྱོར་རྣལ་འབྱོར་གྱིས། །མཱ་མ་ཀཱི་མེད་མི་བསྐྱོད་མེད། །དགོངས་པའོ། །ལུགས་བཟློག་པ་ཡི་བལྟ་བ་དང་། །བཞིན་ནི་རྣམ་པར་འགྱུར་བ་ཉིད། །གདོང་ནི་རྟག་པར་སྨིན་མ་གཡོ། །མཁའ་འགྲོ་རྣམས་སུ་ཐེ་ཚོམ་མེད། །ཅེས་པ་མཁའ་ འགྲོ་མ་ཐམས་ཅད་རྗེས་སུ་ཆགས་པ་གསུངས་ཏེ། ལུགས་བཟློག་པས་ནི། གཡོན་པའི་ཡན་ལག་གིས་བལྟ་བ་དང་རྣམ་པར་འགྱུར་བའོ། །བདུད་རྩི་དང་བཅས་པ་ཞུ་བར་ལྡན་པ་ཞེས་པ་དཔའ་མོའི་ལྷའོ། །རྟག་པ་ནི་རབ་ཏུ་དང་པོའོ། །འདོད་པའི་བསྟན་བཅོས་སུ་ཡང་། བཞིན་ནི་ རབ་དང་མིག་ཀྱང་དྲི་མ་མེད། །གཏམ་ནི་རྒྱུན་ཆགས་སྙན་པར་ཡང་སྨྲ་ཞིང་། །ཡང་དང་ཡང་དུ་ངེས་པར་བལྟ་བ་ཡང་། །སྐྱེ་བོ་དངོས་ལ་རྗེས་ཆགས་མཚན་མའོ། །ཞེས་སོ། །སྒྲ་ཇི་བཞིན་པའོ། །རྣམ་འགྱུར་བསྐོར་བ་ཤེས་བྱས་ཏེ། །རི་མོ་གསུམ་པ་ཡོངས་སུ་ཟླུམ། །གློ་བུར་དུ་ནི་ ཟློག་པར་བྱེད། །འགྲོ་ཞིང་གདོང་ནི་འཇིགས་པ་ཉིད། །ཅེས་པ་ནི། རི་མོ་གསུམ་ནི་དབུས་མའོ། །རྣམ་འགྱུར་བསྐོར་བ་མཛེས་པ་སྟེ། །ཡོངས་སུ་ཟླུམ་པའི་རྣམ་པས་སོ། །ཡང་ན་ཡོངས་སུ་ཟླུམ་པ་ཉིད་ནི་འབྲུའི་རྣམ་པ་སྟེ། ནུ་མ་གཉིས་པོ་སྟོན་པར་བྱེད་དོ། །གློ་བུར་དུ་ཟློག་པར་ བྱེད་པ་ནི། བྱ་བ་བྲལ་བས་སོ། །གདོང་འཇིགས་པ་ཉིད་ཀྱང་བརྗོད་པའི་ཚིག་རྣམ་པར་བཏང་ནས་གཞན་ཉིད་སྨྲ་བར་བྱེད་དོ། །སྒྲ་ཇི་བཞིན་པའོ། །དེ་རྣམས་ཀྱི་ཁྱིམ་དུ་རང་རང་གི་མཚན་མ་རྡོ་རྗེའི་རྣམ་པ་མེ་ལོང་དང་བཅས་པ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། ཆུ་སྐྱེས་དང་། རལ་གྲི་དང་། བདེ་བར་ གཤེགས་པ་རྣམས་ཀྱི་མེ་ལོང་དང་བཅས་པ་ཞེས་པའོ། །རང་གི་མཚན་མ་རིགས་ཀྱི་མཚན་མའོ། །དེ་བྲིས་པ་ནི་མེ་ལོང་གནས་པ་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིའོ། །སྒྲ་ཇི་བཞིན་པའོ། །ནམ་མཁའ་ལ་སྐྱེས་པ་གང་ཡིན་པ་རྣམས་ཀྱི་རྒྱལ་མཚན་དང་། མདུང་ཐུང་ཁ་སྦྱོར་རོ། །དགྲ་སྟ་དང་། མདུང་ རྩེ་གསུམ་ཡང་དག་པར་ལྡན་པ་དེ་མ་མོའི་རིགས་ལས་སྐྱེས་པ་རྣམས་ཀྱིར་ཤེས་པར་བྱའོ། །འདིར་སྔ་མ་ཕྱེད་ཀྱིས་རྣལ་འབྱོར་མ་རྣམས་རྟོགས་ལ། ཕྱི་མ་ཕྱེད་ཀྱིས་མ་མོ་བདུན་པོའི་གཟུགས་སོ། །རྒྱལ་མཚན་དང་མདུང་ཐུང་ཁ་སྦྱོར་ནི་རྡོ་རྗེ་པདྨ་སྦྱོར་བའོ། །མཁའ་ལ་འགྲོ་བ་ནི། མེ་ལོང་རྣམས་ ལས་ཏེ། དེ་བཞིན་དུ་དགྲ་སྟ་དང་ཡང་དག་པར་ལྡན་པའི་མེ་ལོང་ངོ་། །སྒྲ་ཇི་བཞིན་པའོ། །དེ་ནས་འདི་ལས་གསང་མཆོད་ཀྱི། །གོ་ཆའི་རིམ་པ་རབ་འཆད་བྱེད། །གང་གི་རྣམ་པར་ཤེས་ཙམ་གྱིས། །རྣལ་འབྱོར་པ་རྣམས་དངོས་གྲུབ་འགྱུར། །ཞེས་རང་བྱིན་གྱིས་བརླབ་པ་གསུངས་ཏེ། རང་ བྱིན་བརླབ་པའི་གོ་འཕང་དགའ། །སངས་རྒྱས་མུ་སྟེགས་ཅན་ལ་གསང་། །འདི་ནི་གསལ་བར་བྱ་མིན་གསང་། །ཞེས་བླ་མར་རོ། །ལུགས་འབྱུང་ལུགས་ལས་བཟློག་པ་ཡི། །ཕོ་ཉ་རྣམས་ནི་ཡང་དག་གནས། །རྟག་ཏུ་འོག་སྟེང་དངོས་གྲུབ་སྟེར། །བདག་དང་ཕོ་ཉ་མོ་ཀུན་ནས། །ལྷ་མོ་མཐོང་ དང་རེག་པས་ཀྱང་། །ཕོ་ཉ་མོ་དེ་དངོས་གྲུབ་སྟེར། །གང་ཞིག་ཉིན་མཚན་དུ་བསྟེན་པ། །དེ་ནི་གྲུབ་འགྱུར་ཐེ་ཚོམ་མེད། །ཅེས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་ཐབས་གསུངས་སོ། །ཕོ་ཉ་མོ་རྣམས་ནི་ནུ་མ་དང་སྐྲར་ལྡན་པ། ཞི་བ་ལ་སོགས་པའི་མངོན་པར་དབང་བསྐུར་བ། ། དངོས་གྲུབ་སྦྱིན་པ་ནི་འཇིག་རྟེན་པའི་གཟུགས་ཡོངས་སུ་བསྒྱུར་བ་གསུམ་སྦྱིན་པའོ། །བདག་དང་ཕོ་ཉ་མོ་ནི་མངོན་པར་དབང་བསྐུར་བ། །དེ་ཁོ་ན་ཉིད་ཤེས་པ་ཉིད་ཀྱིས་ལས་ཀྱི་ཕྱག་རྒྱ་ཕོ་ཉ་མོ་ངེས་པར་འཇོམས་པའོ། །ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོའི་རྒྱུར་གྱུར་པའི་ཡེ་ཤེས་ཞེས་བཤད་པའི་དངོས་ གྲུབ་སྟེར་བའོ། །ཕྱག་རྒྱ་ཆེན་མོ་དང་དམ་ཚིག་གི་ཕྱག་རྒྱའི་རྒྱུར་གྱུར་པ་སྟོན་ཀའི་ནམ་མཁའ་དང་མཚུངས་པའི་ལྷ་མོ་གསུམ་པོ་རྣམས་ཀྱི་སྐུ་རྣམས་ཀྱིས་རྩེ་བར་བྱེད་པ་དམ་ཚིག་གི་ཕྱག་རྒྱ་བསྒོམ་པར་བྱ་ཞིང་ཤེས་པར་བྱའོ། །ཉིན་དང་མཚན་མོར་ནི་ཤེས་རབ་དང་། ཐབས་དཔལ་བླ་མའི་ཞལ་ལས་ སོ། །འགྲུབ་འགྱུར་ནི་སངས་རྒྱས་ཉིད་དུ་ཉེ་བར་འགྲོ་བའོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་ཡང་། །དངོས་མེད་དངོས་མེད་ཀྱང་མེད་པའང་། །དེས་ཀྱང་སངས་རྒྱས་ཉིད་དུ་བརྗོད། །ཅེས་སོ། །སྒྲ་ཇི་བཞིན་པའོ། །རིགས་སུམ་ཅུ་རྩ་དྲུག་གི་ཕོ་ཉ་མོ་གང་ཡིན་པ་དེ་རྣམས་འོ་བྱེད་པ་དང་ འཁྱུད་པས་རབ་ཏུ་འབད་པས་བསྒྲུབ་པར་བྱའོ། །རྣལ་འབྱོར་གནས་ཀྱི་ཁྱད་པར་ལས། །ཞེས་པ་ནི་རིགས་སུམ་ཅུ་རྩ་དྲུག་པོ་རྣམས་ཀྱི་རིགས་ལྡན་མ་ནི་སུམ་ཅུ་རྩ་བདུན་པའོ། །དེ་བཞིན་དུ་རྩ་བའི་རྒྱུད་དུ་ཡང་། འདིར་རྡོ་རྗེ་ཕག་མོ་ནི་རིགས་ལྡན་མའོ། །རིགས་མེད་མ་ནི་གཡུང་མོའོ། ། མཁའ་འགྲོ་མ་ནི། དམངས་རིགས་མའོ། །ལཱ་མ་ནི་རྒྱལ་རིགས་མའོ། །དུམ་སྐྱེས་མ་ནི་རྗེ་རིགས་མའོ། །གཟུགས་ཅན་མ་ནི་བྲམ་ཟེའོ། །བྱ་རོག་གདོང་མ་ནི་ཀླ་ཀློ་མའོ། །འུག་གདོང་མ་ནི་ཕྱག་བདར་མཁན་མའོ། །ཁྱི་གདོང་མ་ནི་གདོལ་པ་མོའོ། །ཕག་གདོང་མ་ནི་སྟག་གཟིག་མའོ། །གཤིན་རྗེ་བརྟན་ མ་ནི་རི་ཁྲོད་མའོ། །གཤིན་རྗེ་ཕོ་ཉ་མོ་ནི་བྷིལླིའོ། །གཤིན་རྗེ་མཆེ་བ་མོ་ནི་སྦོས་མའོ། །གཤིན་རྗེ་འཇོམས་མ་ནི་སྨྱོན་ཐབ་མའོ། །རབ་ཏུ་གཏུམ་མོ་ནི་མདའ་མཁན་མའོ། །གཏུམ་མིག་མ་ནི་ཆང་འཚོང་མའོ། །འོད་ལྡན་མ་ནི་ཕྲེང་མཁན་མའོ། །སྣ་ཆེན་མ་ནི་གསེར་མགར་མཁན་མའོ། ། དཔའ་བོའི་བློ་གོས་མ་ནི་ཁྲོན་པ་མཁན་མའོ། །མིའུ་ཐུང་མ་ནི་འོད་མའི་གར་མཁན་མའོ། །ལང་ཀའི་དབང་ཕྱུག་མ་ནི་འཁར་བ་མཁན་མའོ། །ཤིང་གྲིབ་མ་ནི་ནོར་བུ་མཁན་མའོ། །ས་སྲུང་མ་ནི་ལྕགས་མཁན་མའོ། །འཇིགས་བྱེད་མ་ནི་རྒྱ་སྐྱེགས་མཁན་མའོ། །རླུང་ཤུགས་མ་ནི་ སྲིན་བལ་མཁན་མའོ། །ཆང་འཐུང་མ་ནི་ཏིལ་མར་མཁན་མའོ། །སྔོ་བསངས་ལྷ་མོ་ནི་འདྲེག་མཁན་མའོ། །ཤིན་ཏུ་བཟང་མོ་ནི་ཀོ་པགས་མཁན་མའོ། །རྟ་རྣ་མ་ནི་ཤིང་མཁན་མའོ། །བྱ་གདོང་མ་ནི་གླིང་བུ་མཁན་མའོ། །འཁོར་ལོའི་ཤུགས་མ་ནི་ཤན་པ་མའོ། །དུམ་སྐྱེས་མ་ནི་མཁུར་ མཁན་མའོ། །ཆང་འཚོང་མ་ནི་ཚེམ་བུ་མའོ། །འཁོར་ལོའི་གོ་ཆ་མ་ནི་གར་མཁན་མའོ། །ཤིན་ཏུ་དཔའ་མོ་ནི་བཙོ་བླག་མཁན་མའོ། །སྟོབས་ཆེན་མ་ནི་ཉ་པ་མའོ། །འཁོར་ལོས་སྒྱུར་མ་ནི་རྫ་མཁན་མའོ། །བརྩོན་འགྲུས་ཆེན་མོ་ནི་སྨད་འཚོང་མའོ་ཞེས་སོ། །འདི་རྣམས་ཀྱི་ཁྱིམ་ ཡང་གནས་ལ་སོགས་པའི་མིང་དུ་རིག་པར་བྱའོ། །དེའི་ཕྱིར་གྲོང་ཁྱེར་ཆེན་པོ་གཅིག་ཉིད་ནའང་གནས་ཏེ་དེ་རྣམས་མཆོད་པར་བྱའོ། །དེའི་ཕྱིར་ཡང་དེ་དོན་དུ་གཉེར་བ་པོས་ཡུལ་བསྐོར་བར་མི་བྱའོ། །མངོན་བརྗོད་དུ་ཡང་། ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས། །གནས་གང་འདི་ན་ཁོ་ནར་ གནས། །དེ་ཕྱིར་བསྐོར་བ་དེ་ཉིད་ཀྱིས། །སྐྱོ་བའི་བྱ་བ་དོན་མི་གཉེར། །གལ་ཏེ་དེ་ཉིད་དམན་གྱུར་ན། །དེ་རྣམས་བསྐོར་བས་ཅི་ཞིག་བྱ། །ཅི་སྟེ་དེ་ཉིད་ལྡན་གྱུར་ན། །དེ་རྣམས་བསྐོར་བས་ཅི་ཞིག་བྱ། །ཞེས་སོ། །འོ་དང་འཁྱུད་པས་ཞེས་པ་ནི། །བླ་མར་ཡང་། དེ་བཞིན་འོ་དང་འཁྱུད་ པ་ཡིས། །རྣམ་པ་སྣ་ཚོགས་དགའ་བ་རྣམས། །བྷ་གར་ལིངྐ་རབ་སྦྱོར་བས། །རྣམ་པར་སྨིན་པའི་ཡེ་ཤེས་མཆོག །རྣམ་ཉེད་ཕྱག་རྒྱ་ཉད་པར་བྱེད། །མཚན་བྲལ་ངེས་པར་མཚོན་པར་བྱ། །དང་པོ་དགའ་བའི་ཡེ་ཤེས་ཏེ། མཆོག་ཏུ་དགའ་བ་ཡང་དག་ལྡན། །རབ་དགའི་དགའ་བ་ དངོས་གྲུབ་ཆེ། །ལྷན་ཅིག་སྐྱེས་པའི་དགའ་བ་མཆོག །ཅེས་དགོངས་པའོ། །རབ་ཏུ་འབད་པས་ནི་འདོད་པའི་བསྟན་བཅོས་སུ་གསུངས་པས་སོ། །རྒྱུད་གཞན་དུ