Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 14
Văn bản gốc(Tây Tạng)
Trang 22 / 23 (50.000 ký tự/trang)
ིད་རྟོག་པ་པོ་མིན་པ་དེའི་ཕྱིར་གཞན་ཅིག་ཤོས་གཡོན་ཅན་ཁྲམ་པ་ཆེན་པོ་ལ་སྟོན་ཏེ། འདི་རིན་པོ་ཆེ་རིན་ཐང་ཆེན་པོ་ཡིན་ནམ་ཞེས་ཤེས་པའི་ཆེད་དུའོ། །དེས་སྨྲས་ པ་མ་ཡིན་ནོ། །དེ་ནས་དེའི་ངག་ལས་ཏེ། གཡོན་ཅན་གྱི་ཚིག་ལས་འདོར་བར་བྱེད་པ་ཁོ་ནའོ་ཞེས་པའོ། །དེ་བཞིན་ཁོ་ནར་ཤེས་རབ་འཆལ་བའི་རིགས་ཅན་ནི་སྡིག་པའི་དྲེགས་པའི་ཚིག་ལས་ལམ་བཟང་རིན་ཐང་མེད་པར་རིན་པོ་ཆེ་ཐོབ་ན་ཡང་གཏོང་བར་བྱེད་དོ། །དེ་ལྟར་ལམ་རིན་པོ་ ཆེ་ཡོངས་སུ་རྟོག་པ་དོན་དུ་གཉེར་བ་རྣམས་ཀྱིས་ཡང་སྡིག་པའི་གྲོགས་པོ་དང་ཉེ་བར་འགྲོགས་པའི་སྐྱོན་གསུངས་སོ་ཞེས་པའོ། །འོ་ན་དེ་ལྟར་ལམ་རིན་པོ་ཆེ་རྣམ་པར་ཤེས་པར་བྱས་ན་རང་ཉིད་ཡོངས་སུ་རྟོག་པ་པོ་མ་ཡིན་པས་ཇི་ལྟར་བྱ་ཞེ་ན། བདེན་མོད། དེ་ནི་གལ་ཏེ་གང་རྣམས་ཀྱི་ སྐབས་ལས་རིན་ཆེན་ཆེན་པོ་ཡོངས་སུ་རྟོག་པར་བྱེད་དུ་གཞུག་པ་དེ་རྣམས་ཀྱི་རྣམ་དག་ངག་གིས་ཏེ། མི་སླུ་བའི་ཚིག་རྣམས་ཀྱིས་ནི་གསལ་བར་རྣམ་པར་ཤེས་པར་བྱ་སྟེ། རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེ་འདིའོ་ངེས་པར་བྱའོ། །དེ་ལྟར་ཁོ་ན་རིགས་ཀྱི་བུས་ལམ་ རིན་པོ་ཆེ་ཐོབ་པ་དགེ་བའི་བཤེས་གཉེན་གྱི་ཚིག་ལས་འདི་ནི་རིན་ཐང་མེད་པའོ་ཞེས་ལེགས་པར་ཡོངས་སུ་བརྟགས་ཏེ་ཤིན་ཏུ་བརྟན་པར་བྱས་ནས་ལྷག་པར་རྗེས་སུ་འབྲེལ་པར་བྱ་ཞིང་དོར་བར་མི་བྱའོ་ཞེས་པས་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྟག་ཏུ་དགེ་ལེགས་ཀྱི་ཆེད་དུ་ལམ་རིན་པོ་ ཆེ་བསྒོམ་པ་ལ་བརྩོན་པ་རྣམས་ཀྱི་ཡང་ཤིན་ཏུ་ལེགས་པ་ཡིན་ནོ་ཞེས་བཤད་དོ་ཞེས་པའོ། །དེ་ལྟར་ལམ་བསྒོམ་པ་ལ་རབ་ཏུ་ཞུགས་པའི་ཡང་བདུད་ཀྱི་ལས་རྣམ་པར་སྤངས་པ་མེད་པར་སེམས་བརྟན་པར་གྱུར་པ་མ་ཡིན་ནོ་ཞེས་པ་དེའི་ཕྱིར་དེ་ཁོ་ན་སྟོན་པ་གསུངས་པ། བདུད་རྩི་འཁྱིལ་པ་ ལ་སོགས་པའོ། །བདུད་སྡིག་ཅན་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པ་རྣམས་ཀྱི་གཟུགས་རྣམས་སུ་སྤྲུལ་ནས་ལམ་བསྒོམ་པ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའི་བགེགས་ཏེ་བར་དུ་གཅོད་པར་བྱེད་དོ། །ཇི་སྐད་དུ། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཀྱི་ཆེད་དུ་བའི་ལམ་མ་ཡིན་ལ། གང་གིས་ཁྱོད་གནས་པའི་ལམ་འདིས་འགའ་ཞིག་ཀྱང་ངེས་པར་བྱུང་བ་དང་། ངེས་པར་འབྱུང་བར་འགྱུར་བ་དང་། །ངེས་པར་འབྱུང་བའང་མ་ཡིན་ནོ་ཞེས་པ་ལ་སོགས་པ་རིག་པར་བྱ་སྟེ་ཞེས་རྒྱས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པར་བདུད་ཀྱི་ལས་ཀྱི་ལེའུར་གསུངས་པ་ཤེས་པར་བྱའོ། །དེ་ལྟར་བདུད་ཀྱི་ལས་ཀྱི་སྐྱོན་ཉེ་བར་སྤངས་ནས་ཐམས་ཅད་ཉེ་བར་བསྡུ་བ་གསུངས་པ། དེ་ཕྱིར་ཞེས་པ་ལ་སོགས་པའོ། །ནི་སྟེ་གང་གི་ཕྱིར་ལམ་འཕྲོག་པར་བྱེད་པ་འདི་ཡོད་པའི་རྒྱུ་དེའི་ཕྱིར་རོ། །ཆོམ་རྐུན་རྩ་ལག་ཅེས་པ་ ཉེ་བར་མཚོན་པ་སྟེ། ཐེ་ཚོམ་ལ་སོགས་པ་ཡང་ཡོངས་སུ་བཏང་སྟེ་འབད་པས་ཏེ་གུས་པ་ཆེན་པོས་བླ་མ་དམ་པས་བྱིན་པའི་ལམ་རིན་ཆེན་ཁྱད་པར་དུ་འཕགས་པས་ལེགས་པར་སྦ་བ་རབ་ཏུ་གསལ་བ་མ་ཡིན་པར་སློབ་མ་རྣམས་ཀྱིས་བྱའོ་ཞེས་པ་ཐར་པ་འདོད་པ་རྣམས་ཀྱི་ལམ་ཡོངས་ སུ་སྲུང་བ་གསུངས་སོ་ཞེས་པའོ། །འོ་ན་ཐར་པའི་ཆེད་དུ་ལམ་གཞན་ཡང་ཡོད་པ་མ་ཡིན་ནམ་དེས་ན་འདི་ལ་གུས་པས་ཅི་ཞེ་ན་གསུངས་པ། དཔའ་བོ་ཞེས་པ་ལ་སོགས་པའོ། །དཔའ་བོའི་རིམ་པ་ནི་ཕྱི་རོལ་གྱི་དྲག་པོའི་ལྷ་མཆོད་པ་དང་དམིགས་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །རང་བྱིན་ གྱིས་བརླབ་པའི་རིམ་པ་ནི་སེམས་ཀྱིས་ལྷ་ཞི་བའི་རྣལ་འབྱོར་གྱི་སྒོ་ལ་དམིགས་པའི་མཚན་ཉིད་ཅན་ནོ། །ཐར་པའི་ཆེད་དུ་སངས་རྒྱས་རྣམས་ཀྱིས་ཡང་དག་པར་བསྟན་པ་མིན་ཞེས་པའོ། །བསྟན་པ་འདི་ཅི་ཞིག་ཡིན་ཞེ་ན་གསུངས་པ། ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ཞེས་པ་སྟེ། རྫོགས་པའི་རིམ་པའི་རྣལ་འབྱོར་གཉིས་མེད་པའོ། །གལ་ཏེ་འདི་ལྟ་བུ་ཇི་ལྟར་ཤེས་པར་བྱ་ཞེ་ན། གསུངས་པ། གང་གིས་ཞེས་པའོ། །རྒྱུ་གང་ཞིག་རྒྱལ་བའི་དབང་པོ་རྣམས་ཀྱིས་མཚམས་མེད་པ་ལྔ་པོ་བྱེད་པ་རྣམས་ཡང་དག་པར་གཟུང་བ་སྟེ་དབུགས་ཕྱུང་བར་གྱུར་པའོ། ། མཚམས་མེད་པ་ལྔ་པོ་རྣམས་ནི། མ་གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ཞེས་པ་སྟེ། ལྔ་པོ་རྣམས་ལས་གང་ཡང་རུང་བའི་སྐྱོན་གྱིས་བར་མཚམས་མེད་པ་ཁོ་ ནར་མནར་མེད་པར་བསྐལ་བར་གནས་པར་འགྱུར་ཏེ། དེས་ན་མཚམས་མེད་པར་བརྗོད་པར་བྱའོ། །བདེ་བ་ཉིད་ཀྱིས་ཏེ་ཐབས་བདེ་བས་སོ། །དབང་བསྐུར་དོན་གྱི་ནི་བཞི་པའི་དོན་གྱིས་སོ། །གཞན་དུ་ན་མཚམས་མེད་པ་ལྔ་པོ་བྱེད་པ་རྣམས་དཔའ་བོའི་རིམ་པ་དྲག་པོའི་ལས་ ལ་ཆགས་པ་དང་བྲལ་བ་དང་། རང་བྱིན་གྱིས་བརླབ་པའི་རིམ་པ་འཁོར་བའི་བདེ་བ་ཤིན་ཏུ་འཕེལ་བའི་བག་ཆགས་ཀྱི་རྒྱུན་ཅན་རྣམས་ཀྱིས་ཐར་པ་ཐོབ་པ་མ་ཡིན་ཏེ། རྒྱུ་དེས་ཞེས་པའོ། །འོ་ན་གལ་ཏེ་རིམ་པ་གཉིས་པོ་འདི་ཁྱོད་རིམ་པ་མ་ཡིན་པར་སེམས་ན་དེའི་ཚེ་བཅོམ་ལྡན་ འདས་ཀྱིས་ཅིའི་དོན་དུ་གསུངས་ཤེ་ན། གསུངས་པ། དཔའ་བོའི་ཞེས་པ་ལ་སོགས་པའོ། །ནི་སྟེ་གང་གི་ཕྱིར་ལུས་ལ་སྲོག་ཟད་པ་ལ་འདི་གསུངས་པ་དེའི་ཕྱིར་དཔའ་བོའི་རིམ་པ་ཕྱི་རོལ་ལ་ནི་མིན་ནོ། །འོ་ན་དེ་ལྟར་ལུས་ལ་རང་བྱིན་གྱིས་བརླབ་པ་གསལ་ལམ་ཞེ་ན་མ་ ཡིན་ཏེ། གང་གི་ཕྱིར་རང་གི་སེམས་བྱིན་གྱིས་བརླབ་པ་སོ་སོར་སྣང་བ་སྟེ། དེ་ཡང་སྟོང་པ་ལ་ཁམས་གསུམ་པ་ཉིད་མཐོང་བའོ། །མིང་ཞེས་པ་རབ་ཏུ་གྲགས་པའོ་ཞེས་པའོ། །འགྲོ་བའི་དོན་བྱེད་པ་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་རིམ་པ་རྣམ་པར་གཞག་ པ་ཡང་གསུངས་པའོ་ཞེས་པའོ། །འོ་ན་རང་བྱིན་གྱིས་བརླབ་པ་ནི་ཁམས་གསུམ་པ་མཐོང་བ་ཉིད་དུ་གསུངས་ལ། དེ་མཐོང་བ་ལས་དེ་མི་ལྡོག་པའི་ཕྱིར་དེས་ན་འཁོར་བ་གནས་པར་གྱུར་པའི་མཚན་ཉིད་ཅན་སངས་རྒྱས་ཉིད་ཇི་སྲིད་ཅེ་ན། གསུངས་པ། འཁོར་བ་ཞེས་པ་ལ་སོགས་ པའོ། །འཁོར་བར་ཏེ་ཁམས་གསུམ་པ་སྙིང་པོ་མེད་པ་བརྫུན་པ་བསླུ་བའི་ཆོས་ཅན་ལ་སངས་རྒྱས་ཉིད་དེ་ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་མཁྱེན་པ་ཉིད་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམ་པར་འབྱོར་ པའི་མཚན་ཉིད་ཅན་ནི་འབྲས་བུ་སྟེ་སྙིང་པོར་འགྱུར་རོ། །དེ་ཟད་ལས་ཏེ་འཁོར་བ་ཟད་པ་དེ་མ་ཐག་ཏུའོ། །ཅི་དང་འདྲ་བར་འབྱུང་ཞེ་ན་གསུངས་པ། ཆུ་ཤིང་གི་འབྲས་བུ་བཞིན་ཞེས་པ་སྟེ། ཇི་ལྟར་སྙིང་པོ་མེད་པའི་ཆུ་ཤིང་ལས་སྙིང་པོ་འབྲས་བུ་སྨིན་པ་ཆུ་ཤིང་ཉམས་པས་ཡང་དག་ པར་འབྱུང་བ་དེ་བཞིན་དུ་སངས་རྒྱས་ཉིད་ཀྱང་ངོ་ཞེས་པའོ། །འོ་ན་སངས་རྒྱས་ཉིད་ནི་སྒྲུབ་པར་བྱེད་པ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་སུ་འདོད་ན་དེ་ཁོ་ན་ཉིད་ཀྱི་སྒྲུབ་པར་བྱེད་པ་ནི་དེ་ཁོ་ན་ཉིད་དོ་ཞེས་པའི་གསུང་གི་ཕྱིར་དེ་ཡང་སྒྱུ་མ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་སྒྱུ་མ་ནི་རང་རིག་པ་ ཡིན་ལ། དེ་འཇུག་བཞིན་པའི་དེ་ཁོ་ན་མ་ཡིན་པ་ཇི་ལྟར་སངས་རྒྱས་ཉིད་ཀྱི་སྒྲུབ་པར་བྱེད་པར་འགྱུར་བར་འོས་ཤེ་ན། གསུངས་པ། སྡིག་པ་ཞེས་པ་ལ་སོགས་པའོ། །སྡིག་པ་ནི་ཤུ་ཀའི་སྲིན་བུའོ། །ཀུ་ལཱི་ར་ནི་ཀརྐ་ཊའོ། །གང་གི་སྐབས་ལས་བྱུང་ཞིང་འབྱུང་བ་རང་གི་མ་དེ་ དེ་རྣམས་ཀྱིས་ཉམས་པར་བྱེད་པ་ཇི་ལྟ་བ་བཞིན་ཞེས་པ་དེ་ལྟར་རྣལ་འབྱོར་གྱི་སེམས་ཏེ། རྣལ་འབྱོར་ནི་ཤེས་རབ་དང་ཐབས་སྙོམས་པར་འཇུག་པའོ། །དེ་ལ་ཡོད་པའི་སེམས་གང་ཡིན་པ་དབང་བསྐུར་བཞི་པ་སྒྱུ་མ་གང་རིག་པ་འཕོ་བའི་ཆོས་ཅན་གྱི་སྐབས་ལས་ཀུན་རྫོབ་ཏུ་ སྐྱེས་པ་ཡིན་ཞིང་། དེ་རྣམ་པར་ཉམས་པར་བྱེད་པར་འགྱུར་རོ་ཞེས་པའོ། །སྒྱུ་མ་དང་བྲལ་བས་ན་འཁོར་བ་སླར་ལྡོག་པ་མེད་པར་བརྗོད་དེ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དབུགས་འབྱུང་བའི་དོན་དུའོ། །འོ་ན་བྱང་ཆུབ་ཀྱི་སེམས་ནི་བེམས་པོའི་ཁམས་སུ་འདིར་བརྗོད་ལ། དེ་ ཡང་བེ་མས་པོ་མ་ཡིན་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སངས་རྒྱས་ཉིད་ཀྱིས་སྒྲུབ་པར་བྱེད་པར་ཅི་ལྟར་བརྗོད་ཅེ་ན། བརྗོད་པ་བདེན་ཏེ། ཁུ་བ་མི་འགྱུར་བའི་རང་བཞིན་གྱིས་མཆོག་ཏུ་མི་འགྱུར་བ་བསྒོམ་པར་བྱའོ་ཞེས་པའི་གསུང་ལས་སོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་གྱི་སེམས་ འདིའི་མཆོག་ཏུ་མི་འགྱུར་བའི་ངོ་བོ་བཞིའི་རབ་ཏུ་དབྱེ་བ་བཅུ་དྲུག་གསུངས་པ། གཉིས་མེད་ཅེས་པ་ལ་སོགས་པའོ། །གཉིས་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་སེམས་ཏེ། གང་ལ་ཡོད་པ་མ་ཡིན་པ་དེ་གཉིས་མེད་དོ། །ནོར་བུ་དང་པདྨ་ལས་གཡོ་བ་མེད་དོ་ ཞེས་པ་གཡོ་བ་མེད་དོ། །གཉིས་རྟོག་སྟེ་ཤེས་རབ་དང་ཐབས་ཀྱི་ཆ་འདི་ལ་ཡོད་པ་མ་ཡིན་ནོ་ཞེས་པ་གཉིས་རྟོག་མེད་དོ། །བླ་ན་མེད་པའི་བདེ་བ་སྟེར་བ་ཉིད་ཀྱི་ཕྱིར་འདོད་པའོ་ཞེས་པ་རྣལ་འབྱོར་བཞི་པའོ། །དབུགས་བརྒྱ་ཕྲག་དྲུག་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་འགོག་པའི་ཕྱིར་ མཆོག་ཏུ་མི་འགྱུར་ཕའོ་། །ཆགས་པ་དང་བྲལ་བའི་ཕྱོགས་དཀར་པོ་དང་ནག་པོ་ཞེས་བྱ་བ་བདག་གི་གནས་པ་དང་འགྲོ་བ་མེད་པའི་ཕྱིར་འདོད་ཆགས་ཆེན་པོའོ། །རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་ལས་ངེས་པར་གྲོལ་བ་ཉིད་ཀྱི་ཕྱིར་དངོས་དང་དངོས་པོ་མེད་པའོ། །ཤེས་བྱ་མ་ ལུས་པ་མཐོང་བའི་ཕྱིར་ཡེ་ཤེས་སོ་ཞེས་རྣལ་འབྱོར་གསུམ་པའོ། །འགྲོ་བ་དགའ་བར་བྱེད་པ་སྔོན་མ་ཅན་སེམས་ཅན་གྱི་དོན་ལ་ཀུན་ནས་ཆགས་པ་ཉིད་ཀྱི་ཕྱིར་སེམས་དཔའོ། །དང་པོ་དང་། དབུས་དང་། ཐ་མར་དགེ་བ་བྱེད་པ་ཉིད་ཀྱི་ཕྱིར་ཀུན་དུ་བཟང་པོ་ཞེས་པའོ། །བདུད་ དང་། ཉོན་མོངས་པ་དང་། རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་སྒྲ་སྟེ། གྲག་པ་ཕྱི་དང་ནང་གི་བརྗོད་པ་འམ། ཡང་ན་རབ་ཏུ་སྒྲོགས་ཤིང་རྣམ་པར་ལྷོད་པའི་སེང་གེའི་སྒྲ་ཅན་གྱི་གཡུལ་འདི་ཡོད་པ་མ་ཡིན་པས་སྒྲ་འཐབ་མེད་པའོ། །གཞོམ་དུ་མེད་པའི་སྒྲའི་ངོ་བོ་ཉིད་ཀྱི་ཕྱིར་འདིའི་ སྒྲ་སྟེ་གྲགས་པ་ཆེན་པོའོ་ཞེས་པ་རྣལ་འབྱོར་གཉིས་པའོ། །འཇིག་རྟེན་གྱི་སྤྱོད་པ་རྣམ་པར་སྤོངས་པ་ཉིད་ཀྱི་ཕྱིར་ལྷན་སྐྱེས་སོ། །སྐུ་བཞིའི་སྒྲིབ་པ་ཟད་པའི་ཕྱིར་དཔལ་ལྡན་བྱང་ཆུབ་སེམས་ཀྱི་ཐིག་ལེ་འཛིན་པའོ། །སྟོང་པ་ཉིད་དང་སྙིང་རྗེ་དག་དབྱེར་མེད་པ་ཉིད་ ཀྱི་ཕྱིར་དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེའོ། །ཚུལ་ཁྲིམས་ཀྱི་ཚོགས་ཡང་དག་པར་རྫོགས་པ་ཉིད་ཀྱི་ཕྱིར་ཤེས་རབ་ཐབས་ཀྱི་བདག་ཉིད་རྣལ་འབྱོར་རོ་ཞེས་པ་རྣལ་འབྱོར་དང་པོའོ། །ད་ནི་བླ་མ་བསྟེན་པའི་ཆེད་དུ་རྡོ་རྗེ་སློབ་དཔོན་ཡོངས་སུ་བརྟག་པ་གསུངས་པ། དང་པོར་ཞེས་པ་ལ་ སོགས་པའོ། །འདིར་སྔགས་ཀྱི་ཚུལ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འདོད་པའི་སློབ་མ་རྣམས་ཀྱིས་བླ་མ་ལ་བསྟེན་པར་བྱ་སྟེ། དེ་ཡང་ཡང་དག་པར་ཡོངས་སུ་བརྟག་པར་བྱའོ་ཞེས་གསུངས་པ། བྱང་ཆུབ་ཀྱི་སེམས་བསྲུང་པའི་ཕྱིར་དམ་ཚིག་ཅན་ནོ། ། བསྟེན་པར་བྱ་སྟེ་བུ་དང་ཆུང་མ་ལ་སོགས་པ་རྣམས་ཀྱིས་མཉེས་པར་བྱའོ། །རྡོ་རྗེ་ཐེག་པར་ལྷག་པར་གནས་པ་ནི་སྔགས་ཀྱི་ཐེག་པ་ཆེན་པོ་ལྷག་པར་གནས་པའོ། །མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སྒོམ་པ་པོ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་བསྒོམ་པའོ། །བུ་དང་ཆུང་མ་ལ་སོགས་པ་ཐམས་ ཅད་དང་། རང་གི་ལུས་ལ་ཡང་ལྟོས་པ་མེད་པའི་ཕྱིར་མ་ཆགས་པའོ། །འདོད་ཆགས་ལ་སོགས་པའི་སྐྱོན་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ། །བཟོད་པ་ལ་དང་ཚུལ་ཏེ་འབྲས་བུ་ལ་ལྟོས་པ་མེད་པར་འཇུག་པ་གང་གི་རང་བཞིན་ཡིན་པ་དེ་ནི་བཟོད་པའི་ངང་ཚུལ་ཅན་ནོ། །ལམ་ནི་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་སྟེ། དེ་ལ་འཇུག་པའི་ངང་ཚུལ་ཅན་ནི་ལམ་ལ་འཇུག་པའོ། །བླ་མ་འདི་མཉེས་པར་བྱས་པར་གྱུར་ན་སློབ་མ་རྣམས་ལ་ལམ་གྱི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་པར་འགྱུར། དེ་ཡང་དེ་ཁོ་ན་ཉིད་ལས་ཚངས་སྤྱོད་ལྡན་ཏེ་ མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པའོ། །བདུད་རྣམས་ཀྱི་ནི་སྟེ་བདུད་བཞི་པོ་རྣམས་ཀྱི་རྡོ་རྗེ་དབྱུག་པ་དང་འདྲ་བས་རྡོ་རྗེ་དབྱུག་པ་སྟེ། འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །བརྗོད་པའི་མཚན་ཉིད་ཅན་མཚན་ཉིད་ཅན་གྱི་དཔལ་ལྡན་བླ་མ་སྟེ། ཡང་རྡོ་རྗེ་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔས་ བྱིན་གྱིས་བརླབས་པའི་སྐུ་ཅན་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔར་རབ་ཏུ་གྲགས་ཏེ་སྤྲུལ་པའི་སྐུ་ཡིས་སོ། །ད་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཆེད་དུ་ལྷའི་དམིགས་པ་གསུངས་པ། མངོན་སུམ་ཞེས་པའོ། །དེ་ཁོ་ན་ཉིད་སྦྱོར་ལས་ཏེ། སྣ་ཚོགས་གཟུགས་བརྙན་བསྒོམ་པའི་རྣལ་ འབྱོར་ལས་སོ། །སྐར་མའི་ཚོགས་བཞིན་ཞེས་པ་ནོར་བུ་སྔོན་པོ་དང་། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཅན་གྱི་ཐིག་ལེའི་དབུས་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་མཐའ་ཡས་པ་མཐོང་བ་སྔོན་མ་ཅན་ཁམས་གསུམ་པ་བུམ་པ་དང་སྣམ་བུ་ལ་སོགས་པ་མཐོང་བའོ། །ཤའི་མིག་ གིས་ནི་དཔག་ཚད་བརྒྱའི་བར་དུ་ཆོད་པའི་དངོས་པོ་མཐོང་བས་ཏེ། མངོན་པར་ཤེས་པ་རྫུ་འཕྲུལ་ལ་སོགས་པ་རྣམས་ཀྱིས་སོ། །ལྷ་མིག་སྟེ་འཇིག་རྟེན་གྱི་ཁམས་མཐའ་ཡས་པས་བར་དུ་ཆོད་པའི་ཕྲ་མོ་དང་ཅིག་ཤོས་ཀྱི་གཟུགས་མཐོང་བས་སོ། །སངས་རྒྱས་ཀྱི་སྤྱན་གྱིས་ཏེ་གཞན་ གྱི་སེམས་རིག་ལས་སོ། །ཤེས་རབ་ཀྱི་སྤྱན་གྱིས་ཏེ་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་མཚན་ཉིད་ཅན་གྱིས་སོ། །ཡེ་ཤེས་སྤྱན་གྱིས་ཏེ་དངོས་པོ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཐོང་བས་སོ། །སེམས་ཅན་གཞན་རྣམས་ནི་ཚུ་རོལ་མཐོང་བ་རྣམས་སོ། །ཤི་བའི་ལུས་བཞིན་ ཞེས་པ་ནི་གཡོ་བ་དང་འགུལ་བ་མེད་པའི་ཕྱིར་རོ། །བྱས་པ་ནི་ས་ལ་སོགས་པས་སོ། །བླུགས་པ་ནི་ར་གན་ལ་སོགས་པས་སོ། །བཤང་བ་ལ་སོགས་པ་ནི་བི་ར་ཤུམ་མུ་སྟེ་ལྔའོ། །གོ་ཀུ་ལ་སོགས་པ་ནི་གོ་ཀུ་ད་ཧན་སྟེ་ལྔའོ། །ནང་དུ་བདུད་རྩི་ལྔ་ནི་ཕུང་པོ་ལྔ་རྣམས་སོ། །དབང་པོ་ལྔ་ རྣམས་ནི་སྒྲོན་མ་ལྔའོ་ཞེས་པའོ། །གསུངས་པའང་ཉིན་དང་མཚན་མོར་ཐིག་ལེ་ལས་ནི་དཀར་པོའི་རྒྱུན་འབབ་གང་སྟེ་མཱ་མ་ཀཱི་སྟེ་ཆང་མ་ཡིན། །གོ་ཀུ་སོགས་ནི་ཉིན་ཞག་སོ་སོར་མིག་ལ་སོགས་པ་སྤྲོ་བའོ་ཤ་གཞན་རེས་འགའ་ཡང་ནི་མིན། །རང་རིག་ས་ལ་གནས་པའི་ལྷ་རྣམས་ ཀྱིས་ནི་དག་པའི་ལུས་ལ་བདུད་རྩི་ལྔ་རྣམས་བསྙེན་པ་སྟེ། །སྟོང་པར་སེམས་རབ་འཇུག་ལས་ལྷན་སྐྱེས་སེམས་ཀྱི་བདེ་བ་འཁྲིག་པའོ་དེ་ནི་སྐྱེ་གནས་པ་མ་ཡིན། །ཞེས་སོ། །དབྱུང་བ་དང་དགང་བ་དང་བུམ་པ་ཅན་གྱི་རྣལ་འབྱོར་ཏེ་ཨོཾ་ཡིག་ཕྱིར་འགྲོ་བ་དང་། ཨཱཿཡིག་འཇུག་པ་དང་ ཧཱུཾ་ཡིག་གནས་པར་སོ་སོར་རྟོག་པའི་མཚན་ཉིད་ཅན་ནོ། །མ་བསྡམས་པ་ནི་བརྟན་པར་མ་བྱས་པས་སོ། །ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་ནི་འཇིག་རྟེན་པའི་ཞི་བ་ལ་སོགས་པའི་དངོས་གྲུབ་ཀྱི་དོན་དུའོ། །སྡུད་པ་ནི་མངོན་དུ་ཕྱོགས་པར་བྱེད་པ་སྟེ། འཇིག་རྟེན་པའི་ གཟུགས་ལ་སོགས་པ་ལ་མངོན་དུ་ཕྱོགས་པར་བྱེད་པ་སོ་སོར་སྤངས་པ་ཉིད་ཀྱི་ཕྱིར། སོ་སོར་སྡུད་པའོ་ཞེས་པའི་དོན་ཏོ། །གཞན་རྣམས་ཀྱི་གཟུགས་ལ་སོགས་པ་ནི་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་འཇིག་རྟེན་ལས་འདས་པའི་གཟུགས་ལ་སོགས་པ་རྣམས་ཀྱིས་སོ། །བསམ་གཏན་ ནི་ཤེས་རབ་དང་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་གཡོ་མེད་བདེ་བའི་མཚན་ཉིད་ཅན་ནོ། །སྲོག་རྩོལ་ནི་ཟླ་བ་དང་ཉི་མའི་བགྲོད་པ་འཇིག་པའི་མཚན་ཉིད་ཅན་ནོ། །འཛིན་པ་ནི་གསང་བ་དང་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་འགྲོ་བ་དང་འོང་བའི་སྒོ་ཡིས་ཐིག་ལེ་ལ་འགོག་ པའི་མཚན་ཉིད་ཅན་ནོ། །རྡོ་རྗེ་པདྨ་ནི་གཙུག་ཏོར་གྱི་པདྨ་སྟེ། དེར་བྱུང་བ་ཉིད་ལས་རྡོ་རྗེ་པདྨར་སྐྱེས་པའི་བདུད་རྩི་དེས་དེ་བྱང་ཆུབ་ཀྱི་སེམས་མི་འཕོ་བས་ཞེས་པའི་དོན་ཏོ། །ཆུ་སྐྱེས་རོ་མཉམ་གྱུར་པ་ནི་སྙིང་ག་དང་། ལྟེ་བ་དང་གསང་བའི་པདྨའི་ཟེ་འབྲུར་རོ་མཉམ་པར་གྱུར་པའོ། །སུ་ཤུ་ མ་ནཱའི་རྩ་ནི་དུང་ཅན་མ་སྟེ། དེའི་སྟེང་དུ་ཁུ་བ་ཡང་དག་པར་སྦྱོར་བ་ལས་ཏེ། བྱང་ཆུབ་ཀྱི་སེམས་འགྲོ་བ་ལས་སོ། །འདིས་ནི་ཕྲ་མོའི་རྣལ་འབྱོར་གསུངས་སོ། །ད་ནི་དམན་པ་དང་མཆོག་གི་དབྱེ་བས་བསྙེན་པ་ལ་སོགས་པ་བརྗོད་པར་བྱ་སྟེ། དང་པོར་ཞེས་པ་ལ་སོགས་པའོ། །ཕུང་པོ་ ཡོངས་སུ་དོར་བ་ལས་ཞེས་པ་ད་ལྟར་བའི་ལུས་ཡོངས་སུ་བཏང་བ་ལས་སོ། །སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་འཛིན་པ་ལས་ཞེས་པ་འབྱུང་བའི་སྲིད་པ་ཀུན་འཛིན་པ་ལས་སོ། །འདིའི་དབུས་ཏེ་གང་བར་དུ་སྲིད་པ་བར་མའི་མཚན་ཉིད་ཅན་ནོ། །སྲིད་པ་གསུམ་མཐོང་བ་ནི་སྲིད་པ་ གསུམ་དངོས་སུ་མཐོང་བའོ། །ཀུན་གཞི་རྣམ་པར་ཤེས་པ་བག་ཆགས་མ་ལུས་པའི་རྟེན་གྱི་རྡུལ་དང་ཁུ་བའི་ཐིག་ལེའི་དབུས་སུ་སེམས་འཇུག་པ་སྟེ། མའི་མངལ་དུ་ཁུ་བའི་ཐིག་ལེ་རྣམས་འཛིན་པ་ཞེས་བྱ་བ་ནི་ཡང་དག་པར་འཛིན་ནོ། །ཟླ་བ་བདུན་རྣམས་ཀྱིས་ཞེས་པ་སྤྱིའི་ངོ་བོ་ ལས་ཟླ་བ་དགུ་རྣམས་ཀྱིས་ཞེས་བརྗོད་དོ། །ལྷའི་སྒྲུབ་པ་ལ་མངལ་གྱི་དཔེ་ཡིས་ཏེ། དེས་ན་དེ་ནས་ཞེས་པ་ལ་སོགས་པས་ཉེ་བའི་སྒྲུབ་པ་ལ་སོགས་པའི་ཡན་ལག་གསུམ་གསལ་བར་མཛད་དོ། །ཕུང་པོ་དྲུག་པོ་རྣམས་ཀྱིས་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ དང་། རྣམ་པར་ཤེས་པ་དང་། ཡེ་ཤེས་ཀྱི་མཚན་ཉིད་ཅན་རྣམས་སོ། །འདི་ནི་སྤྱིའི་བསྙེན་པ་སྟེ་འཇིག་རྟེན་པའི་དངོས་གྲུབ་ཀྱི་བསྙེན་པའོ། །དེ་བཞིན་དུ་ཉེ་བའི་སྒྲུབ་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའོ་ཞེས་པ་སྟེ་དེ་ཉིད་ཀྱི་ཕྱིར་ཆུ་གཏེར་ལ་སོགས་པའོ། །འདིས་ནི་སྐུ་དང་གསུང་ དང་ཐུགས་དང་ཡེ་ཤེས་རྫོགས་པའོ་ཞེས་བཤད་པར་འགྱུར་རོ། །སྒྲུབ་པ་འབྲིང་པོ་ཞེས་པ་ནི་ཉེ་བའི་སྒྲུབ་པ་སྟེ། འབྲིང་པོ་ཞེས་པ་འདིས་སྒྲུབ་པར་ཁྱད་པར་དུ་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྲོག་རྫོགས་པའོ་ཞེས་བཤད་པའོ། །འདི་ལ་ཞེས་པ་དེ་མ་ཐག་ཏུ་བརྗོད་པའི་བསྙེན་ པ་དང་། ཉེ་བའི་སྒྲུབ་པ་དག་ལའོ། །ཐབས་ནི་རྣམ་པ་བཞི་ཞེས་པ་ཆུང་ངུ་ལ་སོགས་པ་རྣམ་པ་བཞིའོ་ཞེས་པའི་དོན་ཏོ། །དེ་བཞིན་རྣམས་ལ་དབུས་སུ་རྣམ་པ་གཉིས་ཏེ། དེའི་ཕྱིར་བསྙེན་པ་དང་ཉེ་བའི་བསྙེན་པ་དག་ལའོ། །རྣམ་པ་བཞི་ཞེས་པ་ཆུང་ངུ་ལ་སོགས་པ་རྣམ་པ་གཉིས་ནི་ཕྱི་ནས་སྦྱར་བར་བྱ་སྟེ། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་དག་ལའོ། །དེའི་ཕྱིར་གསུངས་པ། བསྙེན་པའི་ཡན་ལག་ལ་དང་ཉེ་བའི་སྒྲུབ་པའི་ཡན་ལག་ལ་ཞེས་སོ། །དམན་པ་དང་བརྟན་པ་ཞེས་པ་ཡང་བརྗོད་མ་ཐག་པའི་བསྙེན་པ་དང་། ཉེ་བའི་སྒྲུབ་པ་དང་འཆད་པར་འགྱུར་བའི་སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་ འབྲེལ་ལོ། །དེ་ཡང་སྡེབ་སྦྱོར་གྱི་ངོར་དང་པོ་དང་མཐའ་སྨོས་པའི་སོ་སོར་བསྡུ་བས་ཏེ། དེའི་ཕྱིར་འདིར་འབྲིང་པོའི་བྱིས་པ་དང་། གཞོན་ནུ་དག་ཀྱང་འཛིན་པར་རིག་པར་བྱའོ། །བརྟན་པ་ནི་དར་མའོ། །རྩ་བར་དེ་བཞིན་ཉིད་ཅེས་པ་སྒྲུབ་པ་ཆེན་པོའི་ཡན་ལག་ལའོ་ཞེས་པའི་དོན་ ཏོ། །གཞོན་ནུ་ནི་དམན་པ་མ་ཡིན་པ་ཡན་ལག་གསུམ་པའི་ངོ་བོའོ། །འདིས་ནི་བསྙེན་པ་ལ་སོགས་པ་བཞི་དང་སྦྱར་བར་འགྱུར་རོ། །སྐྱེས་པ་ཁོ་ན་དང་བཅུ་དྲུག་ཅེས་པ་ལ་སོགས་པའི་ལུས་ངེས་པར་བརྟན་པས་བཙས་པ་ནི་དོན་དཔེར་བརྗོད་ནས་སྟོན་པར་བྱེད་དེ་འདིར་ཞེས་པ་ལ་ སོགས་པའོ། །དམན་པ་ནི་སྐྱེས་པའི་བྱིས་པའོ་ཞེས་ཟླ་བ་ཐིག་ལེ་སྡུད་པས་བཙས་པའི་མཚམས་ནི་དམན་པ་ཞེས་བྱའོ། །དམན་པ་ལ་སོགས་པའི་དབྱེ་བས་ཐོབ་པ་ཞེས་པ་དམན་པ་ལ་སོགས་པ་བཞི་སོ་སོར་ས་གསུམ་ལ་སྦྱར་བའོ་ཞེས་པའི་དོན་ཏེ། རབ་ཏུ་དགའ་ བ་ལ་སོགས་པ་ཡེ་ཤེས་དང་ལྡན་པའི་མཐར་ཐུག་པའི་ས་བཅུ་གཉིས་ཀྱི་ཐོབ་པ་ལས་བཅུ་གཉིས་ཀྱི་དབང་ཕྱུག་གོ། །དེའི་ཕྱིར་བདེན་དོན་རྣམ་པ་བཅུ་གཉིས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ནི་ཁོ་བོས་མཚན་ཡང་དག་པར་བརྗོད་པའི་བརྗེད་བྱང་བདུད་རྩིའི་ཐིགས་པར་ བཀྲལ་ཟིན་ཏོ་ཞེས་པས་འདིར་རྒྱས་པར་མི་བྱའོ། །ད་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པར་བྱེད་པའི་ལམ་བརྗོད་པར་བྱ་སྟེ་སྟོང་པ་ཞེས་སོ། །སྟོང་པར་དུ་བ་ལ་སོགས་ལམ་ནི་བླ་མའི་ངེས་པའི་དབང་ལས་ཏེ་འཆད་པར་འགྱུར་བའི་རིམ་པ་ལས་བསྒོམ་པར་བྱའོ། །གཟུགས་ བརྙན་མཚམས་སུ་སྟེ་གཟུགས་བརྙན་ནི་རྣམ་པ་ཐམས་ཅད་པ་སྣ་ཚོགས་པ་སྟེ་དེའི་མཐར་ཐུག་པར་སེམས་ཀྱིས་སོ་ཞེས་པའོ། །མཚམས་དེ་ནས་རྩའི་འཁོར་ལོ་རྣམས་སུ་སྲོག་གི་རླུང་ནི་རྟེན་པའང་བྱེད་དེ་ཐུར་སེལ་གྱི་རླུང་ཡང་རྣལ་འབྱོར་པ་ཡིས་སོ། །ཕྱི་ནས་ཟླ་བ་འགོག་པ་ཞེས་ གཟའ་བཞིན་ཏེ་སྒྲ་གཅན་བཞིན་དུའོ། །ཟླ་བ་སྟེ་བྱང་ཆུབ་སེམས་སོ། །རྣལ་འབྱོར་པ་ཞེས་པ་སྲོག་དང་ཐུར་སེལ་དག་ཕན་ཚུན་དུ་ཡང་དག་པར་སྦྱོར་བ་ནི་རྣལ་འབྱོར་ཏེ། དེ་གང་ལ་ཡོད་པ་ཞེས་པ་རྣལ་འབྱོར་པའོ། །བྱང་ཆུབ་ཀྱི་སེམས་འཛག་པའི་སྐད་ཅིག་འགོག་ཅིང་ཉེ་ བར་ཞི་བ་སྟེ། རྒྱུ་མཐུན་ལ་སོགས་པས་འགྱུར་བ་མེད་པར་བྱེད་ཅིང་དེའི་ཕྱིར་རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་དང་སྐྱེས་བུ་བྱེད་པ་དང་དྲི་མ་མེད་པ་ཉིད་དོ། །གང་ཅུང་ཟད་ནི་བརྗོད་པར་བྱ་བ་མ་ཡིན་པ་སྟེ་དེ་བྱེད་དོ། །ཉིན་ཞག་ཉུང་ཟད་ཀྱིས་ནི་ལོ་གསུམ་དང་ཕྱོགས་གསུམ་དུས་ཀྱི་ འཁོར་ལོའི་ཉིན་ཞག་རྣམས་ཀྱིས་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པོ་ཞེས་པའི་དོན་ཏོ། །ད་ནི་ཚིགས་སུ་བཅད་པ་དྲུག་གིས་རྣལ་འབྱོར་ཡན་ལག་དྲུག་གསུངས་པ། སོ་སོར་སྡུད་པ་ཞེས་པ་ལ་སོགས་པའོ། །ལས་དང་པོ་པ་དུ་བ་ལ་སོགས་པའི་མཚན་མ་བསྒོམ་པ་ནི་ རྒྱལ་བའི་དབང་པོ་ཞེས་པ་རྡོ་རྗེ་སེམས་དཔའོ། །རལ་གྲི་ཅན་ནི་དོན་ཡོད་གྲུབ་པའོ། །འདོད་པའི་གནས་སྐབས་བཅུའི་དབྱེ་བ་ལས་ཞེས་པ། བསམ་དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་པདྨ་སྐམ་དང་ཟས་ལ་རབ་ཏུ་མི་འཇུག་དང་། །འདར་དང་སྨྱོ་བ་རབ་ཏུ་རྨོངས་པར་གྱུར་དང་ ཡིད་ཀྱི་རྣམ་པར་འཁྲུལ་དང་དྲག་ཏུ་རྒྱལ་བ་ནི། །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་རྟེན་དུ། །རབ་གསལ་ངེས་པ་དེ་རྣམས་ཡིད་སྒྲུབ་གནས་སྐབས་རྣམས་སུ་ཞིག་རྒྱལ་བའི་འདོད་པ་དེ་ནི་སུ། །ཞེས་པའོ། །རླུང་བཅུ་རྣམས་ཏེ་སྲོག་དང་། ཐུར་སེལ་ དང་། མཉམ་གནས་དང་། གྱེན་རྒྱུ་དང་། ཁྱབ་བྱེད་དང་། ཀླུ་དང་། རུས་སྦལ་དང་། རྩངས་པ་དང་། ལྷས་བྱིན་དང་། ནོར་ལས་རྒྱལ་བ་རྣམས་འགོག་ཅིང་ཉེ་བར་ཞི་བ་མི་འགྱུར་བར་གྱུར་པའོ། །ཆགས་པ་དང་བྲལ་བའི་ཕྱོགས་མེད་པའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་ པའོ། །རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་སླར་ཡང་གང་ལས་ཨ་སོགས་ཀ་སོགས་རྣམས་ཀྱིས་ཕྱེ་བའོ་ཞེས་གསལ་བྱེད་སུམ་ཅུའི་བདག་ཉིད་ཀ་ཙ་ཊ་ཏ་པ་ས་རྣམས་ནམ་མཁའ་དང་། རླུང་དང་། མེ་དང་། ཆུ་དང་། ས་དང་། ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་རྣམས་ཀྱིས་དང་། ཨ་ཨི་རྀ་ཨུ་ལྀ་ ཡིག་དབྱངས་ཐུང་ངུ་ལྔ་ཡིས་ཕྱེ་བ་རྣམས་ཀྱིས་དང་། དེ་བཞིན་དུ་ས་ལ་སོགས་པའི་རང་བཞིན་ལཱྀ་ཡིག་ལ་སོགས་པ་དབྱངས་རིང་པོ་ལྔ་ཡིས་ཕྱེ་བ་རྣམས་ཀྱིས་ཏེ་སྤྲོ་བ་དང་སྡུད་པའི་རིམ་པས་སོ། །ལུག་དང་གླང་ལ་སོགས་པ་འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་ཏེ་དྲུག་ཅུས་ལྷག་པའི་བརྒྱ་ཕྲག་གསུམ་ གྱི་དབུགས་རྣམས་སོ། །ལྷོར་བགྲོད་པ་ལ་གསལ་བྱེད་གཅིག་པ་དང་དབྱངས་ཐུང་ངུའོ། །བྱང་དུ་བགྲོད་པ་ལ་གསལ་བྱེད་བརྩེགས་པ་དང་དབྱངས་རིང་པོ་སྟེ་ཉི་མའོ། །འཕོ་བ་ན་གསལ་བྱེད་གསུམ་བརྩེགས་པ་དང་ཤིན་ཏུ་རིང་པོ་སྟེ་སྒྲ་གཅན་ནོ། །སྙིང་སྟོབས་དང་རྡུལ་དང་མུན་པའི་ཕྱི་ མོའི་དབྱེ་བས་སྤྱོད་ཅིང་དབྱེ་བར་བྱ་བའོ་ཞེས་པའི་དོན་ཏོ། །མིག་ལ་སོགས་པ་གཞན་རྣམས་ཀྱིས་ཞེས་པ་ཤའི་ལ་སོགས་པ་རྣམས་ཀྱིས་སོ། །ལྟ་བ་ནི་སྣ་ཚོགས་གཟུགས་ཅན་ལ་ལྟ་བའོ། །དངོས་པོ་འཛིན་པ་ནི་དངོས་པོ་ལ་ངེས་པར་རྟོགས་པའོ། །དེའི་སྟེ་དངོས་པོའི་དོན་ངེས་ པར་བྱེད་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ངེས་པར་འཛིན་པའོ། །གཟུགས་ལ་ཆགས་པ་ནི་ཡུལ་བཟློག་པས་ཡིད་ཙམ་དུ་ནང་དུ་ཕྱོགས་པས་ལྷའི་བདག་ཉིད་ལ་དམིགས་བཞིན་པས་བླ་ན་མེད་པའི་ཤེས་རབ་དང་ཐབས་རོ་གཅིག་པར་རྣམ་པར་དཔྱོད་པ་ལས་དེ་ཁོ་ན་ཉིད་ལ་ འཇུག་ཅིང་མངོན་དུ་ཕྱོགས་པས་གང་ཡིད་བདེ་བ་ཉིད་དེ་དེ་ནི་དགའ་བ་སྟེ་རངས་པའོ་ཞེས་པའི་དོན་ཏོ། །ལུས་ཤིན་ཏུ་སྦྱངས་པ་ལ་སོགས་པའི་བདེ་བ་ནི་གཡོ་མེད་བདེ་བའོ། །དབུ་མའི་ལམ་དུ་རབ་ཏུ་འཇུག་པ་ཞེས་པ་ནི་ནམ་མཁའ་ལ་སོགས་པ་དང་ས་ལ་སོགས་པ་དཀྱིལ་འཁོར་ བཅུ་འཇིག་པས་བརྐྱང་མ་དང་རོ་མ་དག་འགགས་པའི་དབུ་མའི་ལམ་ཁོ་ནར་རབ་ཏུ་འཇུག་པ་དང་གནས་པ་དང་འབྱུང་བའི་མཚན་ཉིད་ཅན་སྲོག་གི་རླུང་ཕྲ་མོ་འཇུག་པ་ནི་སྲོག་རྩོལ་ལོ་ཞེས་པའི་བར་རོ། །གཉིས་ཀའི་བགྲོད་པ་བཅོམ་པ་ཞེས་པ་ནི་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་ དཔྲལ་བ་དང་། གཙུག་ཏོར་རྣམས་སུ་འགྲོ་བ་དང་འོང་བ་དང་བྲལ་བས་འགྲོ་བར་བྱེད་པ་དང་བྲལ་བའོ་ཞེས་བྱས་ནས། རིམ་པས་རླུང་རྣམས་མེད་པ་ལ་ཐིག་ལེ་རྣམས་ལ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལ་སེམས་ཀྱི་བཞོན་པ་སྲོག་གི་རླུང་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ནི་འཛིན་པའོ་ ཞེས་གསུངས་པར་འགྱུར་རོ། །རྣམ་པ་བཅུ་ནི་སྔར་གསུངས་ཟིན་ཏོ་ཞེས་པ་ནི་འཛིན་པ་ལ་རབ་ཏུ་ཞུགས་པའི་སེམས་ལ་རང་གི་ངང་གིས་དུ་བ་ལ་སོགས་པའི་མཚན་མ་རྣམ་པ་བཅུ་སོ་སོར་སྣང་བ་སྔོན་མ་ཅན་རྫོགས་པའི་དཀྱིལ་འཁོར་གྱི་ལྷ་མཐོང་བ་གཟུགས་བརྙན་གྱི་རྣམ་པ་ཅན་རྟོག་པ་ མེད་པ་དང་། དེ་ལས་འོད་ཟེར་དུ་མ་སྤྲོ་བ་དང་། དེ་ནས་ཁམས་གསུམ་དུ་ལྷའི་འཁོར་ལོ་སྤྲོ་བ་སྔོན་མ་ཅན་བསམ་པ་ལ་འདོད་པའི་གནས་སྐབས་བཅུ་ནི་རྗེས་སུ་དྲན་པའོ་ཞེས་སྨྲས་པའོ། །སྲོག་ལ་སོགས་པ་རྣམས་མེད་པ་ལས་ཞེས་པ་གཏུམ་མོ་འབར་བས་ཡང་དག་པར་ གསལ་བར་བྱས་པ་ཉིད་ཀྱིས་རྡོ་རྗེ་ནོར་བུའི་མགོ་བོའི་རྩེ་མོར་རབ་ཏུ་གནས་པའི་བྱང་ཆུབ་སེམས་མ་ཉམས་པ་སྟེ། དེ་ནས་རིམ་གྱི་འཁོར་ལོ་དྲུག་རྣམས་སུ་དབུགས་བརྒྱ་ཕྲག་དྲུག་གིས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་འགགས་པ་ཉིད་ཀྱིས་རྣམ་པར་རྟོག་པ་མེད་པའི་རྣལ་འབྱོར་མི་ འགྱུར་བའི་བདེ་བ་ཆེན་པོའི་རང་བཞིན་ཟུང་འཇུག་གི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ནི་ཏིང་ངེ་འཛིན་ཞེས་པའོ། །སོ་སོར་སྡུད་པ་ལ་སོགས་པའི་འབྲས་བུ་ནི་ཡན་ལག་དྲུག་གི་རྗེས་སུ་བསྔགས་པའི་མཚན་ཉིད་དོ། །བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་ པ་ནི་སྐྱེ་བ་དང་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་ལ་སོགས་པ་རབ་ཏུ་མི་འཇུག་པའི་ཕྱིར་ཏེ། དེ་རབ་ཏུ་འཇུག་པས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་རྫོགས་པའི་སངས་རྒྱས་སུ་ཐ་སྙད་བྱ་བ་བསྟེན་པར་འགྱུར་བ་ཁོ་ནའོ་ཞེས་དགོངས་པའོ། །དབང་བཅུ་ལ་སོགས་པ་ཞེས་པ་ཚེ་དང་། ལས་དང་ མོས་པ་དང་། སེམས་དང་། ཡོ་བྱད་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། སྐྱེ་བ་དང་། ཡེ་ཤེས་དང་། ཆོས་ལ་དབང་བ་ལ་སོགས་པའོ། །གཟུང་བ་དང་འཛིན་པའི་སེམས་ནི་བྱེད་པ་པོའོ། །གཞན་དུ་ཡང་རྗེས་སུ་བསྔགས་པ་གསུངས་པ། སོ་སོར་སྡུད་པས་སྙོམས་འཇུག་པ། །སྔགས་ རྣམས་ཀུན་གྱིས་བྱིན་གྱིས་རློབ། །བསམ་གཏན་ཡེ་ཤེས་སྙོམས་འཇུག་པས། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །སྲོག་གི་རྩོལ་བས་ངེས་པར་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་མཉམ་པར་འཇུག །རྗེས་ དྲན་མཉམ་པར་སྦྱོར་བ་ལས། །འོད་ཀྱི་དཀྱིལ་འཁོར་སྐྱེ་བར་འགྱུར། །ཏིང་འཛིན་དབང་གྱུར་ཙམ་གྱིས་ནི། །སྒྲིབ་པ་མེད་པ་ལྡན་པར་འགྱུར། །ཞེས་པའོ། །དམན་པ་ཉིད་ཀྱིས་གཡོན་པ་དང་གཡས་པར་འབབ་པ་བར་མ་ཆད་པའི་ཕྱིར་སྲོག་མ་བསྡམས་པ་ཉིད་ཀྱིས་སོ། །ནཱ་ད་གོམས་ པ་ལས་ཡེ་ཤེས་ལྷན་ཅིག་སྐྱེས་པའི་དགའ་བ་གོམས་པ་ལས་སོ། །སྟོབས་ཀྱིས་ཏེ་ཧཱུཾ་ཡིག་གི་ནཱ་དས་ཤེས་རབ་ཀྱི་ཆུ་སྐྱེས་དང་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འགོག་པ་ལས་ཏེ། ཇི་སྐད་བཤད་པའི་འདོད་མ་མཆོག་རྗེས་སུ་ཆགས་པ་ཅན་གྱི་ཀཀྐོ་ལ་རུ་ཆོ་ག་བཞིན་དུ་བོ་ ལ་བཅུག་ནས་གཡོ་བ་མེད་པ་ཉིད་ཀྱིས་དལ་བསོ་སྟེ། དེའི་ཟེ་འབྲུའི་སྒོ་རུ་རྡོ་རྗེ་ནོར་བུ་བཙིར་ནས་ཤིན་ཏུ་དགའ་བའི་རོ་ཡིས་སྐད་ཅིག་གཡོ་བ་མེད་པར་བྱའོ། །དེ་ནས་དེ་དག་གིས་འགྱུར་བའི་སྐབས་བྱུང་ན་ཧཱུཾ་ཡིག་བརྗོད་པ་སྔོན་དུ་འགྲོ་བར་བླ་མའི་ཞབས་ཀྱི་བཀའ་དྲིན་ གྱིས་བྱས་པ་ལ་མངོན་དུ་ཕྱོགས་ཤིང་ཞི་བ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འགོག་པ་སྟེ། དེ་ནས་འགྱུར་བ་མེད་པའི་སྐད་ཅིག་འཐོབ་པའོ་ཞེས་པའི་དོན་ཏོ། །དཔལ་དུས་ཀྱི་འཁོར་ལོ་འདི་ཉིད་དུ་འབྲེལ་པ་ ཅན་དུ་གང་ཞེས་པ་ལ་སོགས་པ་སྟེ། ནུས་མ་ནི་སྲོག་གི་ནུས་པའོ། །གཞན་གྱི་གནས་སུ་འགྲོ་སྟེ། དམིགས་པ་མེད་པའི་གནས་སུའོ། །བཅུ་གཉིས་མཐའ་ཞེས་པ་སྣ་བུག་གཡོན་པ་ནམ་མཁའ་ལ་སོགས་པ་སའི་དཀྱིལ་འཁོར་གྱི་མཐར་ཐུག་པར་སོར་བཅུ་དྲུག་ལ་ སོགས་པར་སོར་བཅུ་གཉིས་ཀྱི་མཐར་ཐུག་པར་རོ། །ཆའི་མཐའ་ཞེས་པ་སྣ་བུག་གཡས་པར་སའི་དཀྱིལ་འཁོར་ལ་སོགས་པ་ནམ་མཁའི་དཀྱིལ་འཁོར་གྱི་མཐར་ཐུག་པ་སོར་བཅུ་གཉིས་ལ་སོགས་པ་སོར་བཅུ་དྲུག་གི་བར་དུའོ། །ཧཱུཾ་ཡིག་གི་བརྗོད་པས་སྲོག་དང་ཐུར་ སེལ་གྱི་རླུང་དག་སྦྱོར་བ་ལས་དེ་ལྟེ་བར་བཀག་ནས་སྲོག་གི་ནུས་པ་དེ་ཉིད་ནི་གློག་གི་མེ་དང་མཚུངས་ཤིང་གློག་གི་མེ་དང་འདྲ་བའོ། །བསྐྱོད་པ་ནི་བསྒུལ་བའོ། །ཁབ་བཞིན་ནི་ཁབ་དང་འདྲ་བའོ། །ཐུར་དུ་སེལ་བ་ཞེས་པ་འགྲོ་སྟེ་རབ་ཏུ་འཇུག་གོ། །ཕ་རོལ་གྱི་གྲོང་དུ་སྟེ་ལུས་ གཞན་དུའོ། །ཅི་སྟེ་འདི་ཙམ་གྱིས་ཀྱང་གཞན་གྱི་གྲོང་དུ་འཇུག་པ་མ་ཡིན་ན་ཅིར་འགྱུར་ཞེ་ན། དེའི་ཚེ་འདི་ལྟར་བྱའོ་ཞེས་གསུངས་པ། འདི་ལྟར་ཏེ་རིམ་པ་འདི་ཡིས་རྡོ་རྗེ་རབ་ཏུ་སད་པ་ལས་ཏེ་མཆོག་ཏུ་བདེ་བའི་ཡེ་ཤེས་རབ་ཏུ་སད་པ་ལས་སོ། །ཡིད་ལ་ཞེས་པ་གཟུང་བ་དང་ འཛིན་པའི་སེམས་གཅིག་ཏུ་འདྲེས་པར་གྱུར་པའི་སེམས་ལའོ། །ཡུལ་དང་བཅས་པ་ནི་དབང་པོ་དང་ཡུལ་གཅིག་ཏུ་འདྲེས་པར་གྱུར་པ་ནུས་པ་དེའོ། །མཁའ་ལ་སྤྱོད་པ་ཉིད་ནི་འོག་མིན་གྱི་སའི་མཐར་ཐུག་པ་ལ་དབང་བྱེད་པའི་བདག་པོ་ཉིད་དུ་འགྲོའོ། །འབའ་ཞིག་ཏུ་མ་ ཟད་དེ་ཞེས་གསུངས་པ། མངོན་ཤེས་ཞེས་པ་ལ་སོགས་པ་སྟེ། རྫུ་འཕྲུལ་དང་ལྷའི་མིག་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པའི་རང་བཞིན་ནི་མངོན་ཤེས་ལྔའི་རང་བཞིན་ནོ། །སྣ་ཚོགས་ཡུལ་དུ་ཡང་འགྱུར་ཏེ་ཕྱག་ རྒྱ་ཆེན་མོར་ཤེས་རབ་གྱི་ཆགས་པས་རྣམ་པར་རྟོག་པ་མེད་པའི་གཏུམ་མོ་འབར་བས་འགྱུར་མེད་གསུམ་གྱི་རྣལ་འབྱོར་ཞེས་པ་གསང་བར་སོན་པ་སེམས་ཀྱི་ཐིག་ལེ་འགགས་པ་དང་། ལྟེ་བར་སོན་པ་ངག་གི་ཐིག་ལེ་འགགས་པ་དང་། །སྙིང་གར་སོན་པ་ལུས་ཀྱི་ཐིག་ལེ་འགགས་པ་ཞེས་ པའོ། །བདེ་བ་མ་ཉམས་པས་རྡོ་རྗེའི་སྒོར་ཐིག་ལེའི་ཚོགས་མ་འཕོས་པས་ཡེ་ཤེས་ཀྱི་ཐིག་ལེ་འགགས་པས་ཡེ་ཤེས་ཀྱི་རྣལ་འབྱོར་རོ། །ཟུང་གི་རླུང་གིས་ངག་འགགས་པ་འདི་ནི་ཞེས་པའི་མཐར་ཐུག་པས་ས་ལ་སྤྱོད་པའི་དངོས་གྲུབ་གསལ་བར་མཛད་ཅིང་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར་ ཞེས་པའི་མཐར་ཐུག་པས་མཁའ་ལ་སྤྱོད་པའི་དངོས་གྲུབ་རྟོགས་པར་མཛད་ལ། སྣ་ཚོགས་ཡུམ་ཞེས་པའི་བར་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གསལ་བར་མཛད་དོ་ཞེས་པའོ། །ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱ་ཆེན་མོའོ། །སྒྱུ་མའི་རྗེས་སུ་མཐུན་པ་ནི་ཤིན་ཏུ་དང་བའི་མེ་ལོང་གི་གཟུགས་ བརྙན་ལྟ་བུའོ། །ཡིད་དང་ནམ་མཁའ་ལ་ཡང་ནི་སེམས་མེད་པའི་སེམས་ལའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། མེ་ལོང་ལ་ནི་གཟུགས་བཞིན་ཞེས་པ་སྟེ། གཟུགས་བཞིན་ནི་གཟུགས་དང་འདྲ་བར་འཕྲོ་བའོ། །ཕྱི་དང་ལུས་ལ་དབྱེར་མེད་པ་ཡུལ་དང་དབང་པོ་དག་གཅིག་ཏུ་ འདྲེས་པར་གྱུར་པའོ། །ཆོས་ཅན་དང་ཐ་དད་པར་ཆོས་སྣང་བའི་ངོ་བོ་ཉིད་ཀྱི་ཕྱིར་ཡུལ་དང་རྣམ་པར་བྲལ་བའོ། །དུ་མའི་ངོ་བོ་འགྲོ་བའི་སེམས་ལ་འཁྱུད་བར་བྱེད་དེ་དེ་གཅིག་པུ་སྤང་ངོ་། །དེ་ཉིད་ཀྱི་ཕྱིར་སེམས་ཀྱི་རང་བཞིན་ཏེ་སེམས་མེད་པའི་སེམས་ཀྱི་རང་བཞིན་ནོ། །སེམས་ཀྱི་སྟེ་ གཟུང་བ་དང་འཛིན་པ་དག་གཅིག་ཏུ་འདྲེས་པར་གྱུར་པའི་སྣང་བ་ཙམ་རང་གི་ལུས་ལ་སྣང་བརྙན་གྱི་ངོ་བོ་མཆོག་གི་ཕྱག་རྒྱའོ། །རང་གི་ཡིད་ལ་སྟེ་རྣམ་པ་ཐམས་ཅད་པ་རྣམ་པ་མེད་པའི་ངོ་བོ་ལས་སྐྱེས་པ་སྟེ་བྱུང་བའོ། །དེ་ནི་ཡེ་ཤེས་མེ་ལྕེ་འབར་བ་སྟེ་ཡེ་ཤེས་ཀྱི་གཏུམ་མོ་འབར་བ་འཕེལ་ བའོ། །ཡུལ་དང་བཅས་པ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་འཁོར་ལོ་དང་བཅས་པའི་བདུད་ཚོགས་ཏེ་རྣམ་པར་རྟོག་པའི་སེམས་ཀྱི་དྲ་བའོ། །གསུངས་པ་ཡང་བདུད་ནི་རང་གི་སེམས་ཏེ་བདུད་གཞན་ཡོད་པ་མ་ཡིན་ཞེས་སོ། །སྟེར་ཞིང་སྩོལ་ཏེ་ཞི་བའི་བདེ་བ་ནི་ལྷན་ཅིག་སྐྱེས་པའི་ དགའ་བའི་བདེ་བའོ། །ལོའི་སྦྱོར་བ་ལས་ཏེ་ལོ་གསུམ་དང་ཕྱོགས་གསུམ་གྱི་དུས་ཀྱི་འཁོར་ལོ་ཡིས་སོ་ཞེས་པའི་དོན་ཏོ། །ཤེས་རབ་དང་ནི་ཡེ་ཤེས་ཞེས་པ་གྲངས་ཇི་ལྟ་བ་བཞིན་ཏེ། ཤེས་རབ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་སྟེ་དེ་ནི་སེམས་སོ། །དེའི་དུ་བ་ལ་ སོགས་པའི་ཀུན་ནས་མཐོང་བའི་སྣང་བ་ནི་གཟུང་བྱའི་སེམས་ཏེ་དེ་ཁོ་ནའི་ཡེ་ཤེས་སོ། །འདིས་ནི་ཇི་ལྟར་མེ་ལོང་ལ་གཟུགས་བརྙན་རང་གི་མིག་གིས་ཏེ་བདག་ཉིད་ཀྱི་མིག་གིས་གཟུང་བར་བྱ་བ་དེ་ལྟར་སྟོང་པ་ཉིད་ཀྱི་རང་བཞིན་གྱི་སེམས་ཀྱིས་སྟོང་པ་ཉིད་ཀྱི་རང་བཞིན་རྣམ་པ་ཐམས་ཅད་ པའི་སེམས་རྟག་ཏུ་མཐོང་བའོ་ཞེས་པའི་དོན་ཏོ། །གཟུང་བའི་སེམས་དུ་བ་ལ་སོགས་པའི་མཚན་ཉིད་ཅན་འདི་ལ་འཛིན་པའི་སེམས་སྟོང་པ་ཉིད་ཞུགས་ཤིང་གཅིག་ཏུ་འདྲེས་པར་གྱུར་པའོ། །རྗེས་སུ་དྲན་པ་གསུངས་པ། དྲི་མེད་ཅེས་པའོ། །བྱིས་པ་དང་དར་ལ་བབ་པ་དང་གཡོ་བ་རྣམས་ ཀྱི་ཞེས་པ་ཐབས་ཀྱི་གྱུར་པའི་བདེ་བ་རྣམ་པ་གཉིས་ཏེ་བྱིས་པ་དར་ལ་བབ་པའོ། །ཤེས་རབ་ཀྱི་གཡོ་བ་ནི་བདེ་བ་རྒན་པོའོ། །དེ་རྣམས་ཀྱི་མཆོག་ནི་འཇིག་རྟེན་ལས་འདས་པའོ། །ཤེས་རབ་དང་ཐབས་དེ་དག་གང་གི་ཚེ་གཡོ་བ་མེད་པར་འགྱུར་བ་དེ་ཞི་བ་སྟེ་མཆོག་གི་ཕྱག་རྒྱ་ལས་བྱུང་བ་ ཞེས་པའོ། །རྡོ་རྗེ་འཛིན་པ་ནི་རྡོ་རྗེ་འཛིན་པའི་སྤྲུལ་པའི་སྐུའོ་ཞེས་པའི་དོན་ཏོ། །དེ་ནི་རང་གི་སེམས་འདིའི་སྣང་བ་ལ་སྟེ། མེ་ལོང་གི་གཟུགས་བརྙན་དང་མཚུངས་པའི་སེམས་གྱི་སྣང་བ་ལ་གཞུག་པ་བརྗོད་པར་བྱ་སྟེ། ནམ་མཁར་ཞེས་པ་ལ་སོགས་པའོ། །མཚན་མོ་ཞེས་པ་མུན་པ་ཉེ་བར་ མཚོན་པའོ། །ནམ་མཁར་ཀུན་ནས་ཞེན་པའི་སེམས་ནི་གང་རྣམས་ཀྱི་སེམས་ནམ་མཁའ་ལ་ཀུན་ནས་ཆགས་པ་སྟེ། དེ་དང་རོ་མཉམ་པར་གྱུར་པ་ཡིན་པ་དེ་རྣམས་ཀྱིས་སོ། །རྡོ་རྗེའི་ལམ་དུ་ཞུགས་པས་ནི་སྲོག་ཨ་ཝ་དྷཱུ་ཏཱིར་སོན་པ་ཉིད་ཀྱི་ཕྱིར་རོ། །ནམ་མཁའ་སྤྲིན་མེད་པའི་མཚན་མ་ནི་ གཞི་ཅན་གྱི་ངོ་བོའི་ཕྱིར་རོ། །དེ་ལྟར་གཟུགས་སྣང་བ་ལས་ཞེས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་རྙོག་པ་མེད་ཅིང་ཐོགས་པ་མེད་པའི་གཟུགས་སོ་སོར་སྣང་བ་ལས་སོ། །སྒྲ་སྣང་བ་ལས་ཞེས་པས་མགྲིན་པ་དང་རྐན་ལ་སོགས་པའི་རྩོལ་བ་ལས་མ་སྐྱེས་པའི་བདེ་བ་ཆེན་པོ་རོལ་པ་གཞོམ་ དུ་མེད་པའི་སྐྲ་ཙམ་ཉམས་སུ་མྱོང་བ་ལས་སོ། །འདི་ཙམ་གྱིས་ནི་ཚིགས་སུ་བཅད་པ་འདིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པའི་སྐུ་གཉིས་གསལ་བར་བྱས་པར་འགྱུར་རོ། །ནམ་མཁའ་ཞེས་པ་ལ་རེངས་པའི་མིག་གིས་མིག་གཡོ་བ་མེད་པས་སོ། །གཞན་གྱི་སེམས་ཤེས་པ་མེད་པའི་ ཕྱིར་ཏེ་རང་གི་སེམས་ལས་ཐ་དད་པའི་གཞན་གྱི་སེམས་ཤེས་པར་བྱ་བ་མེད་པའི་ཕྱིར་རོ། །གསུངས་པ་ཡང་། མ་སྐྱེས་པ་དང་མ་འགགས་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །དེ་ནི་རང་སེམས་གཞན་གྱི་མིན། །ཕྱི་ཡི་ཤེས་བྱ་རྣམ་འབྱེད་ཕྱིར། །དེ་ཕྱིར་བདག་གིས་བདག་ ཉིད་ལ། །འགར་ཡང་རྒྱས་གདབ་ནུས་མ་ཡིན། །རལ་གྲི་ཆེན་པོས་བདག་ཉིད་ལ། །བདག་ཉིད་སོ་ཡིས་གཅོད་དམ་ཅི། །མོ་གཤམ་བུ་མོ་དང་འགྲོགས་པས། །རྨི་ལམ་དུ་ནི་བདེ་འགྱུར་ལྟར། །ནམ་མཁའ་ལས་བྱུང་གཟུགས་བརྙན་ནི། །བསྟེན་པས་བདག་ལ་དེ་བཞིན་ནོ། ། ཞེས་སོ། །ཚིགས་སུ་བཅད་པ་འདིས་ཆོས་ཀྱི་སྐུའི་སྒྲུབ་པར་བྱེད་པ་གསུངས་པར་འགྱུར་རོ། །སའི་རྣམ་པ་ཞེས་པ་ལ་སོགས་པ་གཟུགས་ཀྱི་མཚན་ཉིད་དེ། འདིར་སྟོང་པ་ཉིད་ཀྱི་སོ་སོར་སྣང་བ་རྫས་མ་ཡིན་པ་ས་ལ་སོགས་པ་ལ་མཐོང་སྟེ་སྲ་བ་མེ་ཡིན་ནོ། །ཞུ་བའི་རྣམ་པ་ཅན་སྨིག་ རྒྱུའི་ཆུ་ལྟ་བུ་ནི་ཆུ་མ་ཡིན་ཏེ་གཤེར་བ་མེད་པའི་ཕྱིར་རོ། །མེའི་རྣམ་པ་ནི་དེ་བཞིན་དུ་མེ་མིན་ཏེ་གང་གི་ཕྱིར་སྲེག་པར་བྱེད་པ་མེད་པས་སོ། །གཡོ་བ་རླུང་གི་ལུས་ནི་རྫས་མེད་པ་ཉིད་ཀྱི་ཕྱིར་གང་གཡོ་བ་མེད་པ་དེ་ནི་རླུང་མ་ཡིན་ནོ། །རྫས་མེད་པ་ཉིད་ཀྱི་ཕྱིར་སྟོང་པའི་རྣམ་པ་སྟེ། དེ་ཡིན་ ཡང་བལྟ་བར་བྱའོ། །སྒྱུ་མའི་གྲོང་ཁྱེར་བཞིན་དུ་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་ཡང་རྫས་མེད་པའི་ཕྱིར་ཁ་དོག་མ་ཡིན་ནོ། །རྣམ་པ་ཐམས་ཅད་པ་ཡིན་ཡང་དུས་ཐམས་ཅད་དུ་བྱིས་པ་རྣམས་ཀྱིས་བལྟ་བྱ་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་བདུད་ཀྱི་མཐུ་ལས་ཏེ་གཡོན་ པ་དང་གཡས་པའི་རྩ་ལ་སྲོག་རབ་ཏུ་རྒྱུ་བ་ལས་སོ་ཞེས་པ་ངེས་པའོ། །ད་ནི་དཀྱིལ་འཁོར་ལྔ་ཟད་པ་གསུངས་པ། ས་ཞེས་པ་ལ་སོགས་པས་སོ། །འདིར་གང་གི་ཚེ་རྣལ་འབྱོར་པ་མིག་མི་འཛུམས་པར་གྱུར་ཅིང་། ཁྲོ་བོའི་ལྟ་བས་སྟོང་པ་ལ་སེམས་བཀོད་པ་དེའི་ཚེ་གཡོན་ནམ་ གཡས་སུ་ས་ཞེས་པ་ཉེ་བར་མཚོན་པ་སྟེ་གང་ཚེ་གཡས་སུ་རབ་ཏུ་འབབ་པའི་དུས་སུ་རྣལ་འབྱོར་པ་སྒོམ་པར་བྱེད་ན་དེའི་ཚེ་རྣམ་པ་འདི་ལྟ་སྟེ། གཡོན་པའི་རྩ་ལ་རབ་ཏུ་འབབ་པའི་དུས་སུ་ནི་མ་ཡིན་ཏེ། འོན་ཀྱང་ནམ་མཁའི་དཀྱིལ་འཁོར་ལ་སོགས་པའི་རིམ་པ་ལས་སོ། ། དེས་ན་གཡོན་ནམ་གཡས་སུ་སྲོག་གི་དཀྱིལ་འཁོར་གང་འབབ་པ་དེའི་ཆོས་ཅན་ཉིད་ཀྱི་ཕྱིར་དཀྱིལ་འཁོར་དེ་ཉིད་གསུངས་སོ། །དེས་ན་གཡས་པའི་རྩ་ལ་སའི་དཀྱིལ་འཁོར་ལས་སྲོག་ཆུའི་དཀྱིལ་འཁོར་ལ་འགྲོ་སྟེ། དེ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བར་དུའོ། །རྩ་གཡོན་པ་ལ་ནམ་ མཁའ་ལ་སོགས་པས་འགྲོའོ། །དེ་བཞིན་དུ་སྟོང་པ་ངེས་པར་དུ་བ་ལ་སོགས་པའི་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི་རྣམ་པ་ཐམས་ཅད་པའི་གཟུགས་སུ་འགྱུར་རོ། །གཟུགས་ལས་མི་འགྱུར་བདེ་བར་འགྱུར་ཞིང་དེ་ཉིད་ཡེ་ཤེས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །ཡེ་ ཤེས་ལས་རྫུ་འཕྲུལ་ཏེ་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་དང་དངོས་གྲུབ་ཁམས་གསུམ་པའི་དབང་ཕྱུག་ཉིད་དུ་འགྱུར་རོ། །མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ་ཞེས་པ་ལམ་ལ་རབ་ཏུ་འཇུག་པའི་ངེས་པའོ། །ད་ནི་རྣལ་འབྱོར་ཉེ་བར་བསྡུ་བ་བརྗོད་པར་བྱ་སྟེ། དབུ་མར་སྲོག་ནི་ཞེས་ པ་ལ་སོགས་པས་སོ། །འདིར་དང་པོའི་རྣལ་འབྱོར་པས་དབུ་མར་སྲོག་རབ་ཏུ་འཇུག་པར་བྱ་སྟེ་གང་གིས་མཚན་མ་མཐོང་བར་བྱེད་པ་ཨ་ཝ་དྷཱུ་ཏཱིར་རོ། །དེ་ལྟར་དཔལ་ལྡན་བླ་མའི་སྟེ་སངས་རྒྱས་ཀྱི་སྐུ་རྡོ་རྗེ་སྟེ་ཞལ་གཅིག་ཏུ་བརྗོད་པར་བྱའོ། །དེ་ནས་ཉི་མ་དང་བཅས་ཏེ་གཡས་པའི་བགྲོད་ པ་དང་ལྷན་ཅིག་ཏུ་རི་བོང་ཅན་གྱི་བགྲོད་པ་གཡོན་པའི་རྩའི་སྲོག་བཅིང་བའོ་ཞེས་པ་ངེས་པ་སྟེ། སྲོག་རྩོལ་གཉིས་ནི་གསུང་རྡོ་རྗེའོ། །ཕྱག་རྒྱ་རབ་ཏུ་འགྲོགས་ལ་སེམས་ཏེ་གཟུགས་ལ་རྗེས་སུ་ཆགས་པའི་བྱང་ཆུབ་ཀྱི་སེམས་དང་མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ཡང་དག་ བསླང་བ་ཡང་གསུམ་པ་ཐུགས་ཀྱི་རྡོ་རྗེའོ། །ཅི་སྟ་གཟུགས་ཀྱི་སྒོ་ནས་ཀུན་དགའི་བདེ་བར་མ་གྱུར་ན་དེའི་ཚེ་པདྨར་རྡོ་རྗེའི་སྒྲའམ་ཞེས་པ་དལ་བུ་རྣམས་ཀྱིས་བྱའོ། །ཅི་སྟེ་བུད་མེད་མ་རྙེད་ན་དེའི་ཚེ་རང་གི་ལག་པའི་པདྨས་གསོར་བར་བྱ་སྟེ། བདེ་བ་འཕེལ་བའི་རྒྱུ་རུ་ཡིན་གྱི་ལྟུང་བའི་ རྒྱུར་ནི་མ་ཡིན་ནོ། །དེ་ལྟར་ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་འཇིགས་འཕྲོག་ཏུ་འགྱུར་ཏེ། དཔལ་ལྡན་བླ་མའི་ཞལ་བཞི་པ་ཡེ་ཤེས་རྡོ་རྗེ་འདིའོ་ཞེས་པ་རྣལ་འབྱོར་གོམས་པར་བྱེད་པའི་ངེས་པའོ། །མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་ཏེ་གང་ལས་ དབང་མདོར་བསྟན་པ་ཕྱུང་བའོ། །འདི་ཉིད་ཀྱི་ནི་ཞེས་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བུད་ཤིང་མ་ལུས་པའི་མེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སྒྲུབ་བྱེད་དེ་གསལ་བར་འགྱུར་བ་དུ་བ་ལ་སོགས་པ་རྣམས་ཀྱིས་རྣལ་འབྱོར་པས་བྱའོ། །ཅིར་གྱུར་པ་རྣམས་ཀྱིས་ཤེ་ན། དེ་ རྣམས་ཀྱི་སྟེ་རྩ་བའི་རྒྱུད་དང་ཉུང་ངུའི་རྒྱུད་དང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ངེས་པའི་དོན་གྱི་མདོ་རུ་རབ་ཏུ་གྲགས་པ་རྣམས་ཀྱིས་སོ། །གློ་བུར་དུ་སྟོང་པ་ལ་སོ་སོར་སྣང་བའི་ཕྱིར་གཟུགས་བརྙན་རྣམས་ཀྱིས་སོ། །རྣམ་པར་རྟོག་པ་ཐམས་ཅད་ཞི་བའི་ཕྱིར་བསམ་ པ་མ་ཡིན་པ་རྣམས་ཀྱིས་སོ། །དེ་ཁོ་ན་ཉིད་ཀྱི་འབྲས་བུའི་སྔ་ལྟས་ཉིད་ཀྱི་ཕྱིར་མཚན་མ་རྣམས་ཀྱིས་སོ། །གཟུང་བ་དང་འཛིན་པ་དང་བྲལ་བ་རང་བཞིན་སྟོང་པ་ཉིད་ཀྱི་བློ་ནི་ཤེས་རབ་སྟེ་དེའི་གཟུགས་བརྙན་རྣལ་འབྱོར་པ་ལ་མངོན་སུམ་དུ་སྣང་བ་རྣམས་ཀྱིས་སོ། །ཕྱི་དང་ནང་གི་དྲི་མས་ མ་གོས་པ་ཉིད་ཀྱི་ཕྱིར་མཁའ་མཉམ་རྣམས་ཀྱིས་སོ། །ཡོད་ཅེས་པ་ལ་སོགས་པ་རྣམས་ཡོད་པ་དང་མེད་པ་ལ་སོགས་པའི་སྐྱོན་གྱི་རྣམ་པར་རྟོག་པའི་རྙོག་པས་མཚན་མ་མེད་པ་ཉིད་ཀྱི་ཕྱིར་རྣམ་པར་འདས་པའོ། །རྣམ་པར་རྣལ་འབྱོར་པས་རང་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རང་གི་སེམས་ཀྱི་ ཡིད་ཆེས་པར་བྱེད་པའི་དོན་རྣམས་ཀྱིས་སོ། །རྣམ་པ་ཐམས་ཅད་དུ་མ་བྱས་པ། རྨད་དུ་བྱུང་བ་རང་བཞིན་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས་ཀུན་ནས་ཡོངས་སུ་དོར་བས་སོ། །དུ་བ་ཞེས་པ་ལ་སོགས་པ་ལ་ཕྱི་དང་ནང་ཐམས་ཅད་དུ་ཁྱབ་པ་དུ་བའི་རྣམ་པ་ཅན་ སྟོང་པའི་རྣམ་པ་སྟེ། འདི་ཡང་སྤྲིན་ལྟ་བུར་སྣང་བའི་བར་མ་ཆོད་དུ་འབྱུང་ངོ་། །ཇི་སྐད་དུ་གསུངས་པ། དང་པོ་སྤྲིན་དང་འདྲ་བར་སྣང་། །གཉིས་པ་དུ་བ་ལྟ་བུའོ། །ཞེས་སོ། །ཆུ་གཡོ་བའི་རྣམ་པ་ནི་སྨིག་རྒྱུའོ། །མཁའ་སྣང་དང་སྒྲོན་མའི་རྣམ་པ་དག་ནི་རབ་ཏུ་གྲགས་སོ། ། མཚན་མ་བཞི་པོ་འདི་དག་ནི་བུག་པ་མེད་པའི་ཁང་པར་མུན་པ་ལས་འབྱུང་བ་ཉིད་ཀྱི་ཕྱིར་མཚན་མོའི་རྣལ་འབྱོར་དང་ནམ་མཁའི་རྣལ་འབྱོར་རོ། །ཇི་སྐད་དུ་དཔལ་གསང་བ་འདུས་པ་ལ་སོགས་པར་དང་པོ་དང་གཉིས་པ་བཟློག་ནས་གསུངས་པ། འགོག་ པ་རྡོ་རྗེ་བགྲོད་སེམས་ལས། །མཚན་མ་རབ་འཛིན་སྐྱེ་འགྱུར་ཏེ། །མཚན་མ་དེ་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །དང་པོ་སྨིག་རྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་མཁའ་སྣང་རྣམ་པ་སྟེ། །བཞི་པ་སྒྲོན་མ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་སོ། །དེ་ནས་སྤྲིན་མེད་པའི་ནམ་མཁའ་སྣང་བ་སྔོན་མ་ཅན་མེའི་རྣམ་པ་སྟོངས་པའི་སྣང་བ་ནི་འབར་བའོ། །ཟླ་བ་དང་ཉི་མའི་སྣང་བ་དག་ནི་རབ་ཏུ་གྲགས་སོ། །མུན་ཅན་ནི་སྒྲ་གཅན་གྱི་སྣང་བ་སྟེ་རི་མོ་དག་པ་ལྟར་སྣང་བའོ། །ཐིག་ལེ་ཆེ་ ཞེས་པ་རྒྱུ་བ་དང་བཅས་པའི་མི་རྒྱུ་བ་གསལ་བར་བྱེད་པ་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་དབྱིབས་སུ་སྣང་བའོ། །མཚན་མ་དྲུག་པོ་འདི་རྣམས་ནི་སྤྲིན་མེད་པའི་ནམ་མཁའ་ལ་ལྟ་བ་ལ་འབྱུང་བའི་ཕྱིར་ཉིན་མོའི་རྣལ་འབྱོར་དང་། བླ་གབ་མེད་པའི་རྣལ་འབྱོར་རོ། །དེ་ནས་དེའི་དབུས་ སུ་སོན་པ་མཚན་མ་མེད་པའི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་སངས་རྒྱས་ཀྱི་གཟུགས་མཐོང་བ། །སྔོན་མ་ཅན་སྐད་ཅིག་གཅིག་ལ་ལག་མཐིལ་དུ་གནས་པའི་ཆུ་ལྟར་ཤིན་ཏུ་དང་བ། རྣམ་པ་ཐམས་ཅད་པ་བུམ་པ་དང་སྣམ་བུ་ལ་སོགས་པ་མཐོང་བ་ནི་སྣ་ཚོགས་གཟུགས་ བརྙན་འོད་གསལ་བའོ། །བཙུམས་པ་ཞེས་པ་ལ་སོགས་པ་སྟེ། བཙུམས་ཤིང་མ་བཙུམས་མིག་གིས་ནི་བར་སྣང་ལ་དམིགས་པ་ཉིད་ཀྱིས་མིག་ཕྱེད་བཙུམས་པ་དག་གིས་སྟོང་པ་ལ་གཟུང་འཛིན་དང་བྲལ་བ་འདི་ནི་རྗེས་བརྟགས་མིན་པར་རྣལ་འབྱོར་པའི་མངོན་སུམ་དུའོ། ། གཟུགས་དེ་དུ་བ་ལ་སོགས་བསྒོམ་པར་བྱ་སྟེ་རང་གིས་ཉམས་སུ་མྱོང་བར་བྱའོ། །རྣལ་འབྱོར་གཉིས་ཀ་དག་ཀྱང་དཔལ་དང་པོའི་སངས་རྒྱས་ཀྱི་རྒྱུད་དུ་གསུངས་ཏེ། ནམ་མཁའ་ཀུན་ནས་ཞེན་པའི་ཞེས་པ་ལ་སོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་ པ། རིན་ཆེན་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མ་སྒྲོན་མ་ཞེས་བྱ་བ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ་ཞེས་པ་ལ་སོགས་པའོ། དེའི་ཕྱིར་ ཐེ་ཚོམ་མེད་པས་སངས་རྒྱས་ཉིད་དོན་དུ་གཉེར་བས་དུ་བ་ལ་སོགས་པའི་ལམ་བསྒོམ་པར་བྱའོ། །འོ་ན་ཕྱག་རྒྱ་ཆེན་པོའི་རྣམ་པར་རྟོག་པའི་རྙོག་པ་མཐའ་དག་གིས་མཚོན་པ་མེད་པ་ཡིན་ཞིང་། སྒོམ་པ་ཡང་སྒྲོ་བཏགས་པ་ཡིན་ན་བསྒོམ་པར་བྱ་བ་ཞེས་བརྗོད་པ་ཇི་ལྟར་ཡིན་ ཞེ་ན། གསུངས་པ། དངོས་མེད་ཅེས་པ་ལ་སོགས་པའོ། །མན་ངག་ཇི་ལྟ་བ་བཞིན་དུ་ཕྱི་དང་ནང་གི་དངོས་མེད་ཁོ་ན་སྒོམ་པ། གང་གཟུགས་བརྙན་ལ་རྣལ་འབྱོར་པ་རྣམས་ཀྱི་སྒོམ་པ་དེ་ནི་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་སྒོམ་པ་མ་ཡིན་ནོ། །འོ་ན་དངོས་པོ་དང་དངོས་པོ་མེད་པར་ སྒོམ་པ་དག་རྣམ་པར་རྟོག་པར་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་ཅི་ལྟར་དངོས་པོ་མེད་པ་སྒོམ་པ་ཡིན་ཞེ་ན། གསུངས་པ། དངོས་པོ་ཞེས་པའོ། །གང་གི་ཕྱིར་རྣལ་འབྱོར་པའི་སྟོང་པ་ཉིད་ཀྱི་གཟུགས་ལ་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དག་མེད་དེ། ཅིའི་ཕྱིར་ ཞེ་ན། སྟོང་པ་ཉིད་ཀྱི་གཟུགས་ལ་མ་བརྟགས་པའི་དུ་བ་ལ་སོགས་པ་མངོན་སུམ་མཐོང་བའི་ཕྱིར་རོ། །དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་བརྟགས་པར་གྱུར་ན་དེའི་ཚེ་དངོས་པོར་འགྱུར་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་ནོ། །གལ་ཏེ་མཐོང་བ་མ་ཡིན་ པར་གྱུར་ན་དེའི་ཚེ་དངོས་པོ་མེད་པར་འགྱུར་ཏེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །འདིར་ནི་རྣམ་པར་མ་བརྟགས་པར་མངོན་སུམ་དུ་མཐོང་བའི་ཕྱིར་ཐམས་ཅད་ལེགས་པར་གནས་སོ། །རྣམ་པར་མ་བརྟགས་པ་མཐོང་བ་གྲུབ་པའི་དོན་དུ་རྗེས་སུ་མཐུན་པའི་དཔེ་ གསུངས་ཏེ། པྲ་ཕ་བ་ཅེས་པ་ལ་སོགས་པའོ། །པྲ་ཕབ་པ་ནི་སྒྲུབ་པ་པོས་བསམ་པ་མེ་ལོང་དང་རལ་གྲི་དང་མཐེ་བོ་དང་། མར་མེ་དང་། ཟླ་བ་དང་། ཉི་མ་དང་། ཆུ་དང་། ཐབ་དང་། མིག་གི་ཡུལ་ཅན་དངོས་པོར་སྐྱེས་པ་མིན་པ་ཆོམ་རྐུན་ལ་སོགས་པ་བེམས་པོའི་ཆོས་ སུ་སྐྱེས་པ་མ་ཡིན་པའོ། །རྣམ་པར་མ་བརྟགས་པ་མཐོང་བ་འདི་ལ་དངོས་པོ་དང་དངོས་པོ་མེད་པ་དག་མེད་དེ། དངོས་པོ་མེད་པའི་དོན་བྱ་བ་དང་འབྲས་བུ་ཉིད་ཙམ་ཉེ་བར་དམིགས་པའི་ཕྱིར་རོ། །འཇིག་རྟེན་པ་ཁོ་ན་ལ་ཡང་དངོས་པོ་མེད་པའི་དོན་ཡང་སྒྱུ་ མ་དང་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་ལ་མཐོང་ངོ་། །དེ་ཉིད་ཀྱི་ཕྱིར་གསུངས་པ། མེད་པའི་ཞེས་པ་ལ་སོགས་པའོ། །རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་སྐྱེ་བ་དེ་ཡང་རྣམ་པ་ཐམས་ཅད་པའི་འགྲོ་བའི་དོན་ཕུན་སུམ་ཚོགས་པར་བྱེད་པ་ཉིད་ཀྱི་ཕྱིར་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །དཔེ་ འགྲུབ་པ་གསུངས་པ། མ་མཐོང་བའི་ཞེས་སོ། །སྔོན་མ་མཐོང་བ་ཁོ་ནའི་ཆོམ་རྐུན་ལ་སོགས་པ་གནས་འདིར་སྔགས་ཀྱི་བྱིན་གྱིས་བརླབས་པའི་མིག་གིས་གཞོན་ནུ་མས་མཐོང་སྟེ་པྲ་ཕབ་པར་གྱུར་པ་ནའོ། །སྒྲུབ་པ་པོ་པྲ་དབབ་པ་ལ་འཇུག་པ་པོ་རྣམས་ཀྱིས་ནི་དེ་དང་དེར་གནས་ གཞོན་ནུ་མས་སྨྲས་པ་ཉི་ཚེ་བའི་མིག་གིས་ཏེ་སྒྲིབ་པ་དང་བཅས་པའི་མིག་དག་གིས་མཐོང་ངོ་། །བསམ་པ་ནི་འདི་ཡིན་ཏེ་རྣལ་འབྱོར་པ་གྲུབ་པའི་མན་ངག་གི་སྔགས་ཀྱི་བྱིན་གྱིས་བརླབས་པའི་བློ་མིག་ཅན་བྱང་ཆུབ་ཀྱི་སེམས་ཟླ་བ་མ་ཉམས་པས་གཞོན་ནུ་མ་བཞིན་དུ་ཉེ་བར་མ་བསྟན་ པ་སོ་སོ་སྐྱེ་བོའི་རྟོགས་བྱ་མ་ཡིན་པ། འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་ཀྱི་ནམ་མཁའ་ལ་མཐོང་ངོ་། །དེ་ཡང་སྤྲོས་པ་ཐམས་ཅད་སྤངས་པའོ་ཞེས་གསུངས་པ། གཞན་གྱི་མིག་གིས་གཞན་གྱི་དུས་སུ་མ་མཐོང་ཕྱིར་དང་། རང་གི་མིག་དག་གིས་མུན་པ་དང་རས་ཀྱིས་ བཀག་པ་ཉིད་ཀྱི་ཕྱིར་རོ། །པྲ་ཕབ་པའི་དཔེ་འདིས་རྣལ་འབྱོར་པའི་མངོན་སུམ་རྣམ་པ་ཐམས་ཅད་དུ་རང་བཞིན་མེད་པའི་ཕྱིར་སྐྱེས་པ་མེད་པའི་རྨི་ལམ་དུ་གཞོན་ནུ་མའི་བུ་དམིགས་པ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲུབ་བོ། །གསུངས་པ་ཡང་། ཇི་ལྟར་རྨི་ལམ་ན་འདིར་ གཞོན་ནུ་མ། །དེ་ཡིས་བུ་དང་སྐྱེ་དང་འཆི་བ་མཐོང་། །སྐྱེ་ཞེས་རྒ་དང་ཤི་ན་ཡིད་མི་བདེ། །དེ་བཞིན་ཆོས་རྣམས་ཐམས་ཅད་དཔེས་ཤེས་བྱ། །ཞེས་སོ། །ད་ནི་བདེ་མཆོག་གི་རྒྱུད་ལ་སོགས་པའི་རིམ་པས་ཡན་ལག་དྲུག་གི་རྣལ་འབྱོར་གྱི་རིམ་པ་གསུངས་པ། རྣལ་འབྱོར་པ་ཉིད་ ཅེས་པ་ལ་སོགས་པའོ། །ཉུང་ངུའི་རྒྱུད་དུ་གསུངས་པ་ཡང་། །རྣལ་འབྱོར་པ་ཉིད་བསོད་ནམས་མཆོག །དག་བྱེད་སྡིག་པ་འཇིག་བྱེད་པ། །སྔགས་བཟླས་པ་དང་བསམ་གཏན་དང་། །བདེ་བ་ཡིས་ཀྱང་འགྲུབ་པར་འགྱུར། །ཞེས་སོ། །སྔགས་བཟླས་པ་ལ་སོགས་པ་འདིས་ དབུས་མ་རིམ་པ་མ་ཡིན་པ་ཞེས་པས་སྔགས་བཟླས་པ་ལས་སྔོན་དུ་བསམ་གཏན་གྱི་ཚིག་བཀླག་པར་བྱའོ་ཞེས་པའི་དོན་ཏོ། །མ་བརྗོད་པའི་ཡན་ལག་སོ་སོར་སྡུད་པ་དང་། སྲོག་རྩོལ་དང་། རྗེས་སུ་དྲན་པ་གསུམ་མོ། །འདི་ཞེས་པ་ཉི་མའོ། །གཞན་ཞེས་པ་ཟླ་བའོ། །འདིར་ ཞེས་པ་ཉུང་ངུའི་རྒྱུད་དུའོ། །རྒྱུད་གཞན་དུ་གསུངས་པས་ཏེ་དཔལ་འདུས་པའི་རྒྱུད་དུ་གསུངས་པ་རྣམས་ཀྱིས་རྟོགས་པར་བྱའོ་ཞེས་པ་འཕགས་པ་ཕྱག་ན་རྡོ་རྗེའི་ཞབས་ཀྱིས་གསུངས་སོ། །དཔལ་འདུས་པ་ཕྱི་མར་ནི་ལེའུ་བཅོ་བརྒྱད་པར་རོ། །མ་ནིང་གི་བཟླས་པ་ནི་ཨ་ཝ་དྷཱུ་ཏཱིའི་དེ་ ཁོ་ན་ཉིད་དུ་སྲོག་སོ་སོར་རྟོག་པའོ། །རྡོ་རྗེའི་བཟླས་པ་ནི་དོན་དམ་པའི་བཟླས་པའོ། །གྱེན་དུ་སྣའི་རྩེ་མོར་སྲོག་གི་རྩོལ་པའི་བརྟག་པ་སྟེ་སྒོམ་པ་རབ་ཀྱི་མཐར་ཕྱིན་པ་ནི་སྲོག་གི་རྩོལ་བ་འགོག་པའོ། །ལྟེ་བ་ལས་གྱེན་དུ་འགྲོ་ཞེས་ཇི་ལྟར་འདོད་པར་གསལ་བར་བྱ་སྟེ། ཕྱིར་འབྱུང་བ་ མི་དམིགས་པའི་མཐར་ཐུག་པར་རོ། །སྣ་ལས་ཕྱིར་འབྱུང་བའི་དབུགས་མེད་པར་བསམ་པར་བྱའོ། །དེ་བཞིན་ཁོ་ནར་གཞན་ལ་མི་དམིགས་པ་སྲིད་པ་སྟེ་ཇི་ལྟར་འདོད་པར་སྒྲ་ཡིས་རྟོགས་པའོ། །གཞན་ནི་སྦས་པའི་མན་ངག་གོ། །དེ་བཞིན་ཞེས་པའོ། །སྔགས་བཟླས་ པས་ཞེས་པ་ལ་སོ་སོར་སྡུད་པ་ནི། ཨོཾ་ཡིག་ལ་སོགས་པ་བརྗོད་པ་དེའི་མིང་ཅན་གྱིས་སོ། །ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་སོགས་པའི་སྒྲས་ལྷའི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་བསྡུའོ། །དབུགས་འཇུག་པ་ནི་རབ་ཏུ་འཇུག་པའི་མཚན་ཉིད་ཅན་ ནོ། །འགོག་པ་ནི་བརྟན་པར་གྱུར་པའོ། །དབུགས་འབྱུང་བ་ན་ཕྱིར་འབྱུང་བའི་ངོ་བོ་སྟེ་དོན་འདི་ནི་རང་གི་ཉམས་སུ་མྱོང་བས་གྲུབ་པའོ། །ངེས་པའི་དོན་ནི་ཕྱག་ན་རྡོ་རྗེའི་ཞབས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོས་ཡང་དག་པར་བཞེད་པ་སྟེ་ལོག་པར་རྟོགས་པའི་ཡུལ་ མ་ཡིན་ནོ། །གཞན་དུ་རྣམ་པ་གཞན་པ་ནི་དགོས་པ་གཞན་གྱི་དབང་གིས་སོ། །རང་གི་འདོད་པའི་ལྷ་མཐོང་བ་ནི་རྣམ་པར་རྟོག་པ་མེད་པའི་གཏུམ་མོ་མངོན་སུམ་དུ་བྱེད་པའོ། །དགོངས་པའི་སྐད་གཞན་གྱི་ཞེས་པ། །ཁྱད་འཕགས་འདོད་པའི་སེམས་ཅན་ལ། །འགལ་བ་བརྗོད་པའི་ ཚུལ་གྱིས་ནི། །ཆོས་ཀྱི་དེ་ཉིད་རབ་གསལ་བྱེད། །གང་དེ་དགོངས་པའི་ཆེད་དུ་གསུངས་པའོ། །ཞེས་བཤད་པའི་མཚན་ཉིད་ཅན་གྱིས་སོ། །གང་གི་ཕྱིར་རྒྱུད་ནི་མཐའ་དྲུག་པའི་མཚན་ཉིད་ཅན་དུ་གསུངས་ཏེ། དེ་སྐད་དུ་ཡང་དཔལ་འདུས་པར། །དགོངས་པའི་སྐད་དང་སྐད་མིན་དང་། །དྲང་བའི་དོན་དང་ངེས་ དོན་དང་། །ཇི་བཞིན་སྒྲ་དང་སྒྲ་བཞིན་མིན། །མཐའ་དྲུག་ཅེས་པར་བསྒྲགས་པ་ཡིན། །ཁྱད་འཕགས་འདོད་པའི་སེམས་ཅན་ལ། །འགལ་བ་བརྗོད་པའི་སྦྱོར་བ་ཡིས། །ཆོས་ཀྱི་དེ་ཉིད་གསལ་བྱེད་པ། །གང་དེ་དགོངས་པས་གསུངས་པའོ། །དབང་པོ་རྟུལ་པོའི་སེམས་ཅན་རྣམས། །རྟོགས་པའི་དོན་དུ་ ཆེར་གསལ་པ། །དགོངས་པ་མིན་པར་ཡང་དག་བཤད། །དཀྱིལ་འཁོར་ལ་སོགས་རྟོགས་པ་དང་། །སྤྱོད་པ་ཇི་ལྟ་ཇི་ལྟ་བར། །རྒྱས་པའི་དོན་ནི་རྗོད་བྱེད་པ། །དེ་ནི་ཇི་བཞིན་སྒྲ་རུ་བཤད། །ཀོ་ཊཱ་ཀྵ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ཕྱི་རོལ་བྱས། །དེ་བཞིན་གཤེགས་པས་བརྡར་བྱས་པ། །དེ་ ནི་ཇི་བཞིན་སྒྲ་མིན་བསྒྲགས། །སྦས་ཏེ་དེ་ཉིད་གསུངས་པ་ནི། །རྒྱལ་བས་དྲང་བའི་དོན་དུ་གསུངས། །ཡང་དག་དོན་ནི་གསལ་ཆེད་དུ། །ངེས་པའི་དོན་ཡང་བཤད་པ་ཡིན། །ཞེས་སོ། །གཙུག་ཏོར་གྱི་གཟུགས་ནི་སངས་རྒྱས་གྱི་གཟུགས་སོ། །ཁམས་གསུམ་པ་ཞེས་པ་ནི་ཐིག་ལེ་ཆེན་པོའི་དབུས་སུ་རི་ མོ་ནག་པོ་ལ་སོ་སོར་སྣང་བ་རྣམ་པ་སྣ་ཚོགས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་འཇིག་རྟེན་གསུམ་མཐོང་བའོ། །བསམ་པ་ཐམས་ཅད་ཅེས་པ་གང་ཅུང་ཟད་རྟོག་པས་སེམས་པར་བྱེད་པའོ། །རྟེན་མེད་པ་ནི་དམིགས་པ་མེད་པའོ། །སྨིག་རྒྱུ་ནི་མཚན་མ་གཉིས་པའོ་ཞེས་པ་རྒྱུད་གཞན་ དུ། དང་པོར་སྨིག་རྒྱུ་ལྟ་བུ་སྟེ། །ཞེས་པ་ལུགས་ལས་བཟློག་པ་རྟོགས་པར་བྱའོ་ཞེས་པའི་བར་རོ། །འདི་ཡང་བླ་མ་དམ་པས་ཉེ་བར་བསྟན་པ་ལས་དང་། བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཆེར་འགྲེལ་ལས་དང་། རང་གི་ཉམས་སུ་མྱོང་བ་ལས་ཀྱང་རྣམ་པར་ཤེས་པར་བྱ་སྟེ། ཤེས་རབ་ དང་ཐབས་ཀྱི་དབྱེ་བས་སོ། །གཙོ་བོར་ཁམས་ལྔ་རྣམ་པར་དག་པའི་ངོ་བོ་མཚན་མ་ལྔ་རྣམས་དཔལ་གསང་བ་འདུས་པ་ལ་སོགས་པར་རབ་ཏུ་རྟོགས་པར་མཛད་དེ། ནམ་མཁའི་ཁམས་ཀྱང་དེར་གསུངས་པ་ཉིད་ཀྱི་ཕྱིར་རོ། །ལེའུ་བཅོ་བརྒྱད་པར་གསུངས་པ་ཡང་། ཆུ་དང་མེ་དང་རླུང་དང་ས། །ནམ་མཁའ་དེ་ རྣམས་ཐམས་ཅད་ནི། །བྱང་ཆུབ་སེམས་དཔའ་དང་འདྲ་བར། །རྣམ་པར་དམིགས་བཞིན་པ་ཡིན་ནོ། །ཞེས་སོ། །ས་ཆུ་ལ་ཐིམ་པ་ལས་སྨིག་རྒྱུའི་རྣམ་པའོ། །ཆུ་མེ་ལ་ཐིམ་པ་ལས་དུ་བའི་རྣམ་པའོ། །མེ་རླུང་ལ་ཐིམ་པ་ལས་མཁའ་སྣང་གི་རྣམ་པའོ། །ཕྲ་མོའི་ཁམས་ཀྱི་སྣང་བ་གསུམ་ནམ་མཁའ་ལ་སྒྲོན་ མ་དང་འདྲ་པར་སྣང་བའི་ཕུང་པོའི་ཆོས་ཉིད་ཀྱི་ཕྱིར་སྒྲོན་མའི་རྣམ་པའོ། །རང་བཞིན་གྱི་སྣང་བ་ནུབ་པ་ལས་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བ་རྟག་ཏུ་སྣང་བའི་ངོ་བོ་ཉིད་ནི་སྤྲིན་མེད་པའི་ནམ་མཁའ་དང་མཚུངས་པའོ་ཞེས་པའི་མཚན་མ་ལྔ་རྣམས་སོ། །གསུངས་པ་ཡང་། དང་པོ་ས་ནི་ཆུ་ལ་འགྲོ། །ཆུ་ནི་ གཙང་བྱེད་རླུང་ལ་རྗེས་སུ་འགྲོ། །རྣམ་པར་ཤེས་ལ་རླུང་འཇུག་བྱེད། །རྣམ་ཤེས་འཛིན་པའི་ཡན་ལག་ཉིད། །དེ་ནས་འོད་གསལ་བ་ལ་འཇུག །ཅེས་སོ། །སྒྱུ་འཕྲུལ་དྲ་བར་ཉིན་མོའི་རྣལ་འབྱོར་གྱིས་ཕུང་པོ་དྲུག་རྣམ་པར་དག་པའི་ངོ་བོའི་མཚན་མ་དྲུག་རྣམས་ནམ་མཁའ་ལས་བྱུང་ཞེས་པ་ལ་ སོགས་པས་གསུངས་སོ། །དཔལ་ལྡན་དང་པོའི་སངས་རྒྱས་རྒྱུད་ཀྱི་ལྷག་པའི་རྒྱལ་པོ་རུ་ནི་ཡུལ་དང་དབང་པོ་ཤེས་རབ་དང་ཐབས་རྣམ་པར་དག་པའི་ངོ་བོའི་མཚན་མ་བཅུ་རྣམས་གཙོ་བོར་རྟོགས་པར་མཛད་དོ། །བྱེད་པ་འདི་རྣམས་ཀྱིས་ཞེས་པ་ལྷའི་མིག་ལ་སོགས་པ་རྣམས་ཀྱིས་སོ་སོར་སྡུད་པའི་ ཡན་ལག་ཐོབ་པ་རྣམས་ཀྱིས་སོ། །བཅིང་པའི་སྦྱོར་བས་ནི་སྲོག་འཆིང་བའི་རྒྱུད་ཉིད་ཀྱི་ཕྱིར་སྲོག་རྩོལ་གྱི་ངོ་བོ་རྣམས་ཀྱིས་སོ། །དེ་ཉིད་ནི་སོ་སོར་སྡུད་པའོ་ཞེས་དགོངས་པ་སྟེ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་མངོན་སུམ་ཉིད་ཀྱི་ཕྱིར་རོ། །གསུངས་པ་ཡང་། དབང་པོ་བཅུ་པོ་རྣམས་ཀྱི་ནི། །རང་གི་ འཇུག་གནས་ཐམས་ཅད་ནས། །འདོད་པ་ཕྱི་ཕྱིར་སྡུད་པ་ནི། །སོ་སོར་སྡུད་པ་ཞེས་བརྗོད་དོ། །ཞེས་སོ། །འདིའི་སོ་སོར་རྒྱས་པར་བཤད་པ་ནི་དབང་པོ་རྣམས་དང་དབང་པོའི་དོན་རྣམས་ཀྱང་སྟེ། དེ་རྣམས་ཀྱི་རང་གི་འཇུག་པ་ནི་རང་ཉིད་ཇི་ལྟ་བར་གཟུང་བ་དང་འཛིན་པའི་ངོ་བོས་འཇུག་པ་སྟེ། དེར་གནས་ པ་ནི་རང་འཇུག་གནས་སོ། །ཐམས་ཅད་ནས་ནི་དམན་པ་དང་བར་མ་དང་མཆོག་གི་དབྱེ་བས་སོ། །འདོད་པ་ཕྱི་ཕྱིར་སྡུད་པ་ནི་འདོད་པར་བྱ་ཞིང་མངོན་པར་འདོད་པར་བྱའོ་ཞེས་པ་འདོད་པ་རྣམས་ཏེ་གཟུགས་ལ་སོགས་པ་རྣམས་སོ། །དེ་རྣམས་དབང་པོ་རྣམས་ཀྱིས་གང་དུ་སྡུད་པ་ནི་འཛིན་པའོ། །ཕྱི་ ཕྱིར་ནི་ཡང་དང་ཡང་དུའོ། །དེ་སོ་སོར་སྡུད་པའོ་ཞེས་པ་ཡན་ལག་དང་པོའི་སོ་སོར་རྒྱས་པར་བཤད་པའོ། །སོ་སོར་སྡུད་པ་བརྗོད་པའི་མཚན་ཉིད་ཅན་གྱི་གང་མཐོང་བ་གསལ་བར་བྱས་པ་དེ་ནི་དངོས་པོ་མ་ཡིན་ཞིང་དངོས་པོ་མེད་པ་མ་ཡིན་ལ། བརྟགས་པའི་ངོ་བོ་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པ་མེད་པའི་ སེམས་རྩེ་གཅིག་པ་ཉིད་ལ་མ་བརྟགས་པར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་མཐོང་བའི་ཕྱིར་རོ་ཞེས་པ་བསམ་གཏན་གྱི་ཡན་ལག་གོ། །གསུངས་པ་ཡང་། །འདོད་པ་ལྔ་རྣམས་བསྡུས་པ་ཡིས། །སངས་རྒྱས་ལྔ་དང་རབ་སྦྱོར་ལས། །རྟོག་བྱེད་བསམ་གཏན་ཞེས་བརྗོད་དེ། །བསམ་ གཏན་དེ་ནི་རྣམ་ལྔར་འགྱུར། །རྟོག་པ་དང་ནི་དཔྱོད་པ་དང་། །དགའ་བ་ཉིད་དང་དེ་བཞིན་བདེ། །སེམས་རྩེ་གཅིག་པ་ཉིད་དང་ལྔ། །དེ་རྣམས་བསམ་གཏན་བསྡུས་པའོ། །གསང་བ་གསུམ་ནི་རྟོག་པ་སྟེ། །དེ་ལ་ལོངས་སྤྱོད་དཔྱོད་པའོ། །དགའ་བ་འདྲ་བ་གསུམ་པ་སྟེ། །བདེ་བ་བསྡུས་པ་བཞི་པའོ། །ཤེས་པ་ ཤེས་བྱ་ལ་འབྱུང་ཟད། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་གྱི་རང་བཞིན་ནོ། །རྣམ་པ་ཐམས་ཅད་སོ་སོར་གནས། །ཞེས་སོ། །སོ་སོར་སྡུད་པ་རྣམ་པར་སྦྱང་བའི་ཆེད་དུ་ཡན་ལག་གཉིས་པ་སོ་སོར་རྒྱས་པར་བཤད་དེ། །འདོད་པ་ལྔ་ནི་གཟུགས་ལ་སོགས་པ་དབང་པོ་རྣམས་ཀྱི་ཡུལ་དུ་གྱུར་པ་རྣམས་སོ། ། བསྡུས་པ་ཡིས་ནི་དབང་པོ་རྣམས་དང་གཅིག་ཏུ་གྱུར་པས་སོ། །བསམ་གཏན་ལྔ་ནི་མིག་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་སྦྱོར་བ་ནི་བསྐུལ་བ་སྟེ་སངས་རྒྱས་ལྔའི་རབ་སྦྱོར་ལས་སོ། །དེའི་ཕྱིར་གཟུགས་ལ་སོགས་པ་རྣམས་ཀྱང་སངས་རྒྱས་ལྔ་རྣམས་སོ་ཞེས་པའི་རྣམ་པ་འདི་ལྟར་གང་ཡོངས་སུ་རྟོག་པ་དེས་ བསམ་གཏན་ནོ། །དེ་ཡང་རྟོག་པ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔར་འགྱུར་ཏེ། རྟོག་པ་ལ་སོགས་པས་རབ་ཏུ་དབྱེ་བ་བཤད་དེ། །གསང་བ་གསུམ་ཞེས་པ་ལ་སོགས་པ་ལ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ནི་གསང་བ་གསུམ་མོ། །དབང་པོ་ལྔ་རྣམས་དང་དབང་པོ་རྣམ་པར་ཤེས་པ་རྣམས་དང་ དེའི་ཡུལ་རྣམས་ཀྱང་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་རྣམས་སོ་ཞེས་གང་ཡོངས་སུ་ཤེས་པ་དེ་ནི་རྟོག་པའོ། །དེ་ཉིད་ལ་གང་རྣམ་པར་དཔྱོད་པར་བྱེད་ཅིང་དེ་ཁོ་ན་ཉིད་ལ་འཇུག་པ་ལ་མངོན་དུ་ཕྱོགས་པས་གང་ཡིད་བདེ་བ་ཉིད་ཀྱི་མཚན་ཉིད་ཅན་དེའི་དགའ་བ་དང་འདྲ་བའོ། །དེ་ཁོ་ན་ཉིད་ལ་མངོན་པར་ ཞུགས་པས་ལུས་ཤིན་ཏུ་སྦྱངས་པ་ལ་སོགས་པའི་མཚན་ཉིད་ཐོབ་པའི་བདེ་བ་གང་ཡིན་པ་དེ་ནི་བདེ་བ་སྡུད་པའོ། །དེ་ལྟར་གོམས་པ་ལས་རབ་ཀྱི་མཐར་ཐུག་པར་འགྲོ་བའི་ཕྱིར་ཤེས་པ་ཡི་སྟེ་མིག་ལ་སོགས་པའི་འཇུག་པའི་རྣམ་པར་ཤེས་པ་དྲུག་གི་ཤེས་བྱ་ལ་སྟེ། གཟུགས་ལ་སོགས་པ་ཆོས་ཀྱི་ ཁམས་ཀྱི་མཐར་ཐུག་པ་ལ་འབྱུང་བ་ནི་ཤེས་པ་ཤེས་བྱ་ལས་འབྱུང་སྟེ། དེ་ཟད་པ་ནི་སེམས་ཀྱི་གཟུང་བ་དང་འཛིན་པ་སྟེ་སྟོང་པ་ཉིད་ཡོངས་སུ་ཤེས་པའི་མཚན་ཉིད་ཅན་སེམས་རྩེ་གཅིག་པ་ཉིད་ནི་རང་གི་སེམས་ཞེས་བརྗོད་དོ། །རྣམ་པ་དེ་ལྟ་བུའི་སེམས་དེ་ནི་སངས་རྒྱས་ཀུན་གྱི་རང་བཞིན་ཞི་བ་སྟེ། སྣང་བ་ ཙམ་ཐམས་ཅད་སྟོང་པ་ཉིད་དུ་གཅིག་པའི་མཐར་ཐུག་པ་སྐྱེའོ་ཞེས་པ་ཡན་ལག་གཉིས་པའི་རབ་ཏུ་དབྱེ་བ་རྣམ་པ་ལྔའོ། །ནམ་མཁའ་ལ་མཚན་མོའི་རྣལ་འབྱོར་གྱིས་ཏེ་བླ་གབ་མེད་པ་ལ་ཞེས་པ་ཉིན་མོའི་རྣལ་འབྱོར་གྱིས་སོ། །བདུད་རྩི་འཁྱིལ་པའི་གཟུགས་བརྙན་གྱི་མིང་ཅན་ཞེས་པ་ལ་ སོགས་པས་ཡན་ལག་གསུམ་པ་སྲོག་རྩོལ་བརྗོད་པར་བྱའོ། །གསུངས་པ་ཡང་། རིན་ཆེན་ཆེན་པོ་ཁ་དོག་ལྔ། །སྲོག་གི་རྩ་བ་ཞེས་པར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་སོན་པར་དགོད། །ཅེས་སོ། །འདིའི་རྒྱས་པར་བསྟན་པ་བརྗོད་པར་བྱ་སྟེ། ཁ་དོག་ལྔ་ནི་དེ་ བཞིན་གཤེགས་པ་ལྔའི་བདག་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རིན་ཆེན་ཆེན་པོའོ། །སྲོག་ནི་འཚོ་བ་སྟེ། རྩོལ་བར་བྱེད་ཅིང་གང་གིས་རིང་པོར་རྒྱས་པར་བྱེད་པ་དེ་ནི་སྲོག་རྩོལ་ལོ་ཞེས་པར་བཤད་དེ་འདོད་དོ། །དེ་ཁོ་ན་འཇུག་པ་ལ་སོགས་པའི་རང་བཞིན་གྱིས་ཉིན་མཚན་དུ་གོམས་པར་བྱ་བ་ཉིད་ཀྱི་ཕྱིར་ རང་སྔགས་སྙིང་གར་ཏེ། རང་གི་སྙིང་གའི་པདྨ་དཀར་པོ་ལ་བསྒོམས་ནས་སྲོག་གི་ཐིག་ལེར་སོན་པར་དགོད་ཅེས་པ་ཡན་ལག་གསུམ་པའོ། །དེ་ལྟར་ཐིག་ལེའི་གནས་སུ་གོང་བུའི་གཟུགས་ཀྱིས་སྲོག་འགག་པ་སྟེ། དེས་ན་དེ་ནི་འཛིན་པར་བརྗོད་པར་བྱའོ་ཞེས་པ་འཛིན་པའི་ཡན་ལག་གོ། །གསུངས་ པ་ཡང་། རང་དབང་རིན་ཆེན་འགགས་པ་ལ། །གཟུང་བར་བྱའོ་འཛིན་པར་བརྗོད། །ཅེས་སོ། །འདིའི་སོ་སོར་རྒྱས་པར་བཤད་པ་ནི་རང་གི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །དབང་པོ་ནི་མིག་ལ་སོགས་པ་རྣམས་ཏེ་རང་དང་དབང་པོ་འགགས་ཤིང་ཐིམ་པ་དེ་ལ་དེ་གནས་ ཡུལ་དང་དབང་པོའི་རྟེན་དུ་གྱུར་པའི་རིན་ཆེན་ཏེ་སེམས་ཀྱི་རིན་ཆེན་ལ་སྲོག་རྩོལ་དང་ལྷན་ཅིག་འགགས་ཤིང་ནུབ་པར་གྱུར་པ་ལ་གང་གཟུང་བར་བྱ་བ་དེ་འཛིན་པའོ། །ད་ཅི་ཞེ་ན། ཡང་དག་པའི་མཐའ་ཁོ་ན་འཛིན་པ་ཞེས་བྱའོ་ཞེས་པ་ཡན་ལག་བཞི་པའོ། །དབུ་མ་དབྱེར་མེད་པའི་ཡན་ལག་ གིས་བཟླས་པར་བྱའོ་ཞེས་པ་འདིའི་བཤད་པ་ནི་སྲོག་གཡོན་དང་གཡས་ཀྱི་རྩ་ལ་མི་རྒྱུ་བས་ཞེས་པའོ། །གསུངས་པ་ཡང་། སློང་མོ་ཟ་ཞིང་བཟླས་བྱ་མིན། །སློང་འབྱུང་དགའ་བར་འགྱུར་བའང་ཡིན། །སྔགས་ཀྱི་ཡན་ལག་དབྱེར་མེད་བཟླས། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །ཞེས་སོ། །ཐ་དད་པའི་ རྣམ་པ་ཅན་གྱི་ཡི་གེ་ནི་སློང་མོ་ཟ་བ་བརྗོད་པ་སྟེ། སོ་སོར་སྡུད་པ་ལ་ཉེ་བར་དམིགས་པ་ཞེས་བྱའོ། །སློང་བྱུང་ནི་བརྡ་ལས་གྱུར་པ་སྟེ་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བའོ། །སྔགས་འཇུག་པ་དང་གནས་པ་དང་ལྡན་པ་ལ་སོ་སོར་རྟོག་པའི་བདག་ཉིད་ཅན་ཏེ་ཡན་ལག་དབྱེར་མེད་ནི་དེ་བཞིན་ཉིད་དོན་དམ་པ་དབུ་མ་ དབྱེར་མེད་པའི་ཡན་ལག་ཉིད་དོ། །རྗེས་སུ་དྲན་པ་བསྒྲུབ་པར་བརྗོད་པར་བྱའོ་ཞེས་པའོ། །གསུངས་པ་ཡང་། བརྟན་པ་རྡོ་རྗེའི་ལམ་གྱིས་ནི། །ནམ་མཁའི་ཁམས་སུ་སྤྲོ་བྱེད་པ། །རྗེས་སུ་དྲན་པས་བསྒོམས་ནས་གང་། །དེ་ཡི་རྣམ་པར་སྤྲོ་བར་བྱ། །ཞེས་སོ། །རྡོ་རྗེའི་ལམ་གྱིས་ཏེ་འགོམ་པར་བྱ་བ་ མིན་པ་མཚན་མ་ལྔའི་རིམ་པས་འོད་གསལ་བ་ལ་རབ་ཏུ་ཞུགས་པས་བརྟན་པ་རྣམ་པར་དག་པའི་སེམས་ནི་ནམ་མཁའི་ཁམས་སུ་སྟེ་འཇིག་རྟེན་གྱི་ཁམས་རྣམས་སུ་སྤྲོ་བར་བྱ་སྟེ་ཆོས་ཀྱི་སྐུའི་ངོ་བོས་སོ། །དེ་ལྟར་བདག་ཉིད་འོད་གསལ་བར་གྱུར་པ་བསྒོམས་ཤིང་མངོན་དུ་བྱས་ནས་གང་སྔར་རྗེས་ སུ་དྲན་པས་སྨིག་རྒྱུ་ལ་སོགས་པའི་རྣམ་པས་ཡང་དག་པའི་མཐའ་ཐོབ་པར་གྱུར་པ་དེའི་རྣམ་པ་སྟེ་རིམ་པ་དེ་ཁོ་ནས་ཡང་དག་པར་སྤྲོ་བར་བྱའོ། །དེ་མ་ཐག་ཏུ་བརྗོད་པ་འདི་ནི་ཡན་ལག་ལྔ་པ་རྗེས་སུ་དྲན་པའོ་ཞེས་པའོ། །ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཅན་གྱི་གནས་སྐབས་དེའི་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སྟོང་ཉིད་བྱང་ཆུབ་ཏུ་བརྗོད་པར་བྱའོ་ཞེས་པའི་མཐར་ཐུག་པས་ཏིང་ངེ་འཛིན་གསུངས་སོ། །གསུངས་པ་ཡང་། ཤེས་རབ་ཐབས་ནི་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་བསྡུས་པ་ལས། །བསྡུས་ཏེ་གོང་བུའི་སྦྱོར་བ་ཡིས། །གཟུགས་བརྙན་དབུས་སུ་བསྒོམ་ པར་བྱ། །ཡུད་ཀྱིས་ཡེ་ཤེས་རྫོགས་པ་ནི། །ཏིང་འཛིན་ཞེས་པའི་མིང་ཅན་ནོ། །ཞེས་སོ། །དངོས་པོ་ཐམས་ཅད་ནི་བརྟན་པ་དང་གཡོ་བའོ། །ཤེས་རབ་དང་ཐབས་སྙོམས་པར་འཇུག་པས་ནི་ཀུན་རྫོབ་དང་དོན་དམ་པའི་སྦྱོར་བས་གནས་པའོ། །གོང་བུའི་གཟུགས་ཀྱིས་ནི་ཕྱག་ རྒྱ་ཆེན་པོའི་གཟུགས་ཀྱིས་གཅིག་ཏུ་བྱས་ནས་སོ། །བརྟན་པ་དང་གཡོ་བ་དེའི་དབུས་སུ་ཟུང་འཇུག་གི་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ཉིད་བསྒོམ་པར་བྱ་ཞིང་ཤེས་པར་བྱ་སྟེ་རིམ་པ་འདིས་ཡུད་ཀྱིས་ཏེ་དེའི་སྐད་ཅིག་གི་ཡེ་ཤེས་རྫོགས་པ་ནི་ཏིང་ངེ་འཛིན་ཏེ་ཡན་ལག་དྲུག་པོའི་ཞེས་པ་ འདུས་པའི་རིམ་པས་ཡན་ལག་དྲུག་གི་རྣལ་འབྱོར་གྱི་རིམ་པའོ། །དངོས་པོ་བསྒོམ་བྱ་ཞེས་པ་ལ་སོགས་པས་ཞེས་པ་ནི། དངོས་པོ་སྒོམ་འགྱུར་ཤེས་རབ་ཅན། །དངོས་པོ་མེད་པའང་ཡོངས་ཤེས་པས། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །དངོས་པོ་ཡོངས་སུ་ཤེས་པས་མིན། །ཞེས་ དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་གསུངས་སོ། །སྟོབས་བཅུའི་སྟོབས་དང་ལྡན་པས་ནི་རྡོ་རྗེ་འཛིན་པ་ཆེན་པོས་སོ། །སྟོང་ཉིད་སྒོམ་པ་ནི་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་རྟོགས་པའོ། །མཚན་མོ་ནི་མུན་པ་ལ་སྟེ་ཉིན་པར་ནི་སྣང་བ་ལའོ། །དུས་གསུམ་གཟུགས་ནི་འདོད་པ་དང་གཟུགས་ དང་གཟུགས་མེད་པའི་ངོ་བོའོ། །མུན་པ་ཅན་དུ་ནི་ཨ་ཝ་དྷཱུ་ཏཱིར་རོ། །ཕྱི་རོལ་དུ་འབྱུང་བ་མེད་པའི་ཕྱིར་དབུགས་འབྱུང་དབུགས་རྔུབ་དམན་པའོ། །གང་གི་གཟུགས་ལས་ནི་སྣ་ཚོགས་པའི་གཟུགས་བརྙན་པས་སོ། །ནམ་མཁར་ལྟ་བས་ནི་བར་སྣང་ལ་གཏང་བའི་མིག་ གིས་སོ། །གཏི་མུག་མཐར་བྱེད་པ་ནི་རང་བཞིན་མེད་པ་ཉིད་དོ། །དེ་ཡང་སྤྱན་མའོ། །ནང་གི་ལྟ་བས་ཏེ་ཕུང་པོ་དང་། སྐྱེ་མཆེད་ལ་སོགས་པ་ཉིད་དུ་ལྟ་བས་འདོད་ཆགས་མཐར་བྱེད་པ་ཉིད་དོ། །དེ་ཡང་གོས་དཀར་མོའོ། །ལུས་མེད་ལྟ་བས་ནི་རྣམ་པ་ཐམས་ཅད་མཆོག་དང་ ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་ཀྱིས་ལྷན་ཅིག་སྐྱེས་པ་ལ་རྗེས་སུ་ཆགས་པའི་ལྟ་བས་སོ། །ཞེ་སྡང་སྟེ་འཇིག་རྟེན་པའི་ཞེ་སྡང་མཐར་བྱེད་ཉིད་དེ་རང་བཞིན་མེད་པ་ཉིད་དང་སྒྲིབ་པ་མེད་པ་ཉིད་དེ་ཞེ་སྡང་ཆེན་པོ་ཉིད་དོ། །དེ་ཡང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །ཁུ་བ་གང་ དྲི་མ་མེད་པ་ཉིད་ཀྱི་གང་བདེ་བ་སྟེ་དེ་ལས་སོ། །སྲོག་གི་ལྟ་བས་ཏེ་སྣའི་ས་ཉེ་བར་མཚོན་པའི་བར་སྣང་གི་ཕྱོགས་སུ་ལྟ་བས་ང་རྒྱལ་ཏེ་ཐ་མལ་པའི་ང་རྒྱལ་མཐར་བྱེད་ཉིད་དེ་སྒྲིབ་པ་མེད་པ་ཉིད་དོ། །དེ་ཡང་མཱ་མ་ཀཱིའོ། །གཞོམ་དུ་མེད་པའི་ཚངས་པའི་དབྱངས་ལས་ཏེ་གཞོམ་དུ་མེད་པའི་བདེ་བ་ཆེན་ པོའི་སྒྲའི་ཡང་དག་པར་རོལ་པ་ལས་སོ། །སྲོག་དང་རྩོལ་བ་འགགས་པར་གྱུར་ན་སྟེ་ཕྱི་རོལ་དུ་འགྲོ་བ་མེད་པས་འཛིན་པའི་ཡན་ལག་གསལ་བར་གྱུར་པས་ན་རྣམ་པར་རྟོག་པ་མེད་པ་ལྷན་ཅིག་སྐྱེས་པའི་གཏུམ་མོ་གསལ་བར་གྱུར་པའི་ཕྱིར་ན་སངས་རྒྱས་གཟུགས་ལས་ཏེ་སྣ་ཚོགས་པའི་ གཟུགས་ལས་དྲི་མ་དང་བྲལ་དཀྱིལ་འཁོར་ཏེ་དྲི་མ་མེད་པའི་འོད་ཀྱི་དཀྱིལ་འཁོར་དུ་འགྱུར་ཏེ་སྐྱེའོ། །འཇིག་རྟེན་གསུམ་གྱི་ཕྲག་དོག་ཟད་པའི་ཕྱིར་དེ་ནི་སྒྲོལ་མའོ། །འཁོར་ལོ་དྲུག་རྣམས་སུ་ཁུ་བ་སོན་པས་རྡུལ་འོག་ཏུ་འགྲོ་བས་སོ། །གཞོམ་དུ་མེད་པའི་ཚངས་པའི་དབྱངས་ལས་ཏེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཆེར་རོལ་པའི་ཕྱིར་སེར་སྣ་མཐར་བྱེད་ཉིད་དོ། །དེ་ཡང་སྣ་ཚོགས་ཡུམ་མོ། །དེ་ལྟར་འཁོར་ལོ་སོ་སོར་ས་གཉིས་ཐོབ་པའི་རིམ་པས་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་འགྱུར་རོ། །དེ་ལྟར་ནི་གསང་བའི་འཁོར་ལོར་དབུགས་དབྱུང་བ་དང་འཇུག་པ་བརྒྱ་ ཕྲག་དྲུག་གིས་ལྷག་པའི་སྟོང་ཕྲག་གསུམ་འགོགས་པས་རབ་ཏུ་དགའ་བ་དང་དྲི་མ་མེད་པའི་ས་གཉིས་སོ། །ལྟེ་བའི་འཁོར་ལོར་དེ་བཞིན་ཁོ་ནར་འགགས་པས་འོད་བྱེད་པ་དང་འོད་འཕྲོ་བའི་ས་གཉིས་སོ། །དེ་བཞིན་ཁོ་ནར་སྙིང་གའི་ཆུ་སྐྱེས་སུ་ཤིན་ཏུ་ཐུབ་པར་དཀའ་བ་དང་། མངོན་དུ་ གྱུར་པའི་ས་གཉིས་སོ། །མགྲིན་པའི་པདྨར་ཡང་རིང་དུ་སོང་པ་དང་། མི་གཡོ་བའི་ས་གཉིས་སོ། །སྨིན་མཚམས་ཀྱི་ཆུ་སྐྱེས་སུ་ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་གྱི་ས་གཉིས་སོ། །འདི་རྣམས་བྱང་ཆུབ་སེམས་དཔའི་ས་རྣམས་ཏེ་ལྔ་ཁོ་ནའོ། །དེ་བཞིན་དུ་གཙུག་ཏོར་གྱི་ འཁོར་ལོར་སངས་རྒྱས་ཀྱི་ས་ཀུན་དུ་འོད་དང་། རྡོ་རྗེ་འཛིན་པའི་ས་ཡེ་ཤེས་དང་ལྡན་པ་སྟེ་གཉིས་སོ། །དེ་ལྟར་དབུགས་བརྒྱ་ཕྲག་དྲུག་གིས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་འགོག་པས་དྲི་མ་གསུམ་དང་རྣམ་པར་བྲལ་བའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེས་བཅུ་གཉིས་ཀྱི་དབང་ཕྱུག་རྣམ་པར་རྟོག་པ་མེད་པར་ཆོས་སྟོན་ པ་པོ་སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་པའོ། །རིམ་པ་འདིས་རྣལ་འབྱོར་ཡན་ལག་དྲུག་མངོན་དུ་བྱེད་པས་ས་ལ་སོགས་པ་དྲུག་དག་པ་བསྟན་ཏོ། །མིག་ལྔ་རྣམས་སོ་སོར་སྲིད་པ་བརྗོད་པར་བྱ་སྟེ། །ཁྱི་ལ་སོགས་པ་རྣམས་ཀྱི་ཞེས་པ་ལ་སོགས་པས་སོ། །རང་བཞིན་ཡོན་ཏན་དབང་ལས་ཏེ་རིགས་ཀྱི་ཡོན་ཏན་ གྱི་དབང་ལས་སོ། །ད་ནི་རྣལ་འབྱོར་ཡན་ལག་དྲུག་སྒྲིབ་པ་མེད་པར་བྱས་པའི་འཁོར་ལོ་དྲུག་གི་པདྨའི་ཟེ་འབྲུར་གནས་པ་ནི་དེ་བཞིན་གཤེགས་པ་དྲུག་གི་བདག་ཉིད་དུ་གསུངས་པ་འཛག་མེད་ཅེས་པ་ལ་སོགས་པའོ། །བཛྲ་དྷྲིཀ་ནི་མི་བསྐྱོད་པའོ། །ཛི་ན་ཛིཀ་ནི་རྣམ་པར་སྣང་མཛད་ད་། །ཨཱ་རོ་ལྀཀ་ནི་འོད་དཔག་ མེད་དོ། །རཏྣ་དྷྲྀཀ་ནི་རིན་ཆེན་འབྱུང་ལྡན་ནོ། །པྲཛྙཱ་དྷྲྀཀ་ནི་དོན་ཡོད་གྲུབ་པའོ། །འདིས་ནི་ཕུང་པོ་དྲུག་རྣམ་པར་དག་པ་གསུངས་སོ། །ཟླ་བ་དང་ཉི་མའི་གཟུགས་ཏེ་བརྐྱང་མ་དང་རོ་མའི་རང་གི་ངོ་བོ་ཉམས་ཏེ་ཞིག་ཅིང་ལམ་གཉིས་ཀ་སྟེ་སྣ་བུག་གཉིས་པོར་སྲོག་གི་རླུང་འགགས་ཏེ་སྲོག་དང་ཐུར་སེལ་གྱི་རླུང་ཕྱི་ རོལ་དུ་འགྲོ་བ་མེད་པའི་ཕྱིར་འཁོར་ལོ་ལྔའི་རྣམ་པར་གནས་པ་ནའོ། །ཆུ་སྐྱེས་སུ་སྟེ་སྟོང་པ་ཉིད་ཀྱི་གཟུགས་གསལ་བར་གྱུར་པ་ལའམ་ཕྱི་རོལ་གྱི་བུད་མེད་ཀྱི་པདྨར་རོ། །རྡོ་རྗེ་སྟེ་སེམས་ཀྱི་རྡོ་རྗེའམ་བོ་ལ་རུའོ། །རབ་ཏུ་སད་པ་ན་སྟེ་སྔར་བཤད་པའི་རིམ་པས་བསླང་བ་ན་སྟེ་རྡོ་རྗེ་ལངས་པ་ན་ཞེས་པའི་དོན་ ཏོ། །དེའི་ཚེ་རི་བོང་ཅན་ཞུ་བ་གང་ཡིན་པ་ནི་ཁུ་བའོ། །དེར་ཉི་མའི་གཟུགས་ཆེན་ནི་ལྷན་ཅིག་སྐྱེས་པའི་གཏུམ་མོའི་གཟུགས་ཀྱི་རྟེན་ལ་རབ་ཏུ་ཞུགས་པར་གྱུར་ཅིང་ཟླ་བ་ཞུ་བར་གྱུར་པ་ནའོ། །དངོས་པོ་དངོས་མེད་གཅིག་གྱུར་ན་སྟེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ནའོ། །སྲིད་པ་གསུམ་གྱི་འཇིགས་ པ་སོང་བ་ན་སྟེ་ལུས་དང་ངག་དང་སེམས་ཀྱི་དྲི་མ་བྲལ་ནའོ། །གཞོམ་དུ་མེད་པ་ན་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོས་ཆེར་རོལ་ཅིང་ཡང་དག་རབ་ཏུ་རྟོགས་པར་གྱུར་པ་ནའོ། །དེའི་དུས་སུ་སྟེ་བདེ་བ་ཆེན་པོ་འཆར་བའི་སྐད་ཅིག་ལའོ། །རྣལ་འབྱོར་པ་དེ་ནི་རྣལ་འབྱོར་ཡན་ལག་དྲུག་མངོན་དུ་ བྱེད་པ་པོ་མཆོག་གི་གོ་འཕང་སྟེ་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བ་ལ་རབ་ཏུ་གནས་པར་འགྲོའོ། །གང་ལ་སྟེ་རྣལ་འབྱོར་པ་ལ་གཉིས་ཏེ་རང་དང་གཞན་དུ་ཞེན་པའི་མཚན་ཉིད་ཅན་ཅུང་ཡོད་མིན་པའོ། །སྲོག་དང་ཐུར་སེལ་གྱི་རླུང་འགགས་པར་གྱུར་པ་ན། གཏུམ་མོ་འབར་ བས་བསྐྱོད་ཅིང་ཞུ་བའི་རི་བོང་འཛིན་པ་གང་ཡིན་པ་ཉི་མའི་གཟུགས་ལ་རབ་ཏུ་འགྲོ་སྟེ་འཁྱུད་པར་བྱེད་དོ། །རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཏེ། པདྨ་རྣམས་ནི་འཁོར་ལོ་རྣམས་སོ། །དེ་རྣམས་སུ་རབ་ཏུ་སད་པ་ན་སྟེ་སྔར་བརྗོད་པའི་རིམ་པས་ལངས་པ་ན་སྟེ། དེ་ལྟར་གྱུར་པ་ནའོ་ཞེས་པའི་དོན་ཏོ། །ཞུ་ བ་ན་སྟེ་ཞུ་བར་གྱུར་པས་ཡོད་པ་ན་སྟེ་འདི་སྟེ་རི་བོང་འཛིན་པ་ཉི་མའི་གཟུགས་ཀྱི་མེ་ལྕེ་དང་ལྷན་ཅིག་ཏུའོ། །རྣམ་པར་ཤེས་པ་དང་ཡེ་ཤེ