Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 14
Văn bản gốc(Tây Tạng)
Trang 2 / 23 (50.000 ký tự/trang)
ི་ཤུའི་སྟེང་དུ་ཡང་ལྔ་སྟེ་ཉི་ཤུ་རྩ་ལྔ་ཡིན་ལ། དེ་ནི་ཟླ་བ་གསུམ་ནའོ། །རེ་རེས་ལྷག་ཅེས་པ་ནི་ཡང་འཆི་ལྟས་གཡས་པ་ནས་ཉི་མ་གཅིག་སྟེ་ཉི་ཤུ་རྩ་དྲུག་གིས་ཏེ་ཟླ་བ་གཉིས་ནའོ། །ཡང་འཆི་ལྟས་གཡས་ཉིད་ནས་ཞག་གཅིག་སྟེ་ཉི་ཤུ་རྩ་བདུན་དུ་རྒྱུ་བས་ནི་ཟླ་བ་གཅིག་ནའོ། །དེ་ལྟར་བརྗོད་པའི་ ཚུལ་ནི་འཆི་ལྟས་ཀྱི་ཉི་མ་ཞེས་རྟོགས་པར་བྱའོ། །དེ་ནི་འཕོ་བ་བཅུ་གཉིས་ཀྱི་རྟེན་གྱི་རྩ་དྲུག་སྟོང་པར་བྱས་ནས་འདབ་མ་བདུན་པ་ལས་སྲོག་གི་རླུང་ཞུགས་པ་ཡིན་ཏེ། ལྷ་དང་མི་གང་གིས་ཀྱང་བཟློག་པར་ནུས་པ་མ་ཡིན་ནོ། །ཉི་མ་སུམ་ཅུ་གསུམ་གནས་པས། །གཡས་པའི་ཉི་མའི་འཆི་ལྟས་སོ། །ཞེས་ པ་ལས། ཉི་མ་སུམ་ཅུ་རྩ་གསུམ་ནི་འཆི་ལྟས་ཀྱི་ཉི་མའོ། །གནས་ཞེས་པ་ནི་རླུང་ངོ་། །དེ་ཉིད་ནི་གཡས་པའི་འཆི་ལྟས་སོ། །སྔོན་གྱི་ཚེའི་ལྷག་མ་བརྗོད་པའི་ཕྱིར། གསུམ་པ་གཉིས་གཅིག་མཉམ་ཞེས་བྱ་བ་གསུངས་སོ། །དེ་ལ་གསུམ་ནི་ལོ་སྟེ། ཉི་མ་ལྔ་ཡིས་སོ། །གཉིས་ནི་ཡང་ལོ་ཞེས་སྦྱར་ཏེ་ ཉི་མ་བཅུ་ཡིས་སོ། །གཅིག་ཅེས་པ་ཡང་ལོ་དང་སྦྱར་ཏེ། ཉི་མ་བཅོ་ལྔས་སོ། །དེ་ནི་ལོའི་ཚེའི་ལྷག་མ་ཡིན་ནོ། །དེ་ཡང་མཉམ་ཞེས་བྱ་བ་ནི་འདབ་མ་བཅུ་གཉིས་ལ་གསུམ་སྟོང་བར་མཉམ་པའོ། །ཟླ་བ་ནི་ཞེས་པ་ལ་ཟླ་བའི་ཚེའི་ལྷག་མ་བསྟན་པའོ། །དེ་ཡང་གང་ཡིན་སྙམ་པ་ལ། དྲུག་གསུམ་ ཟུང་ཟླ་ཞེས་བྱ་བ་སྨོས་སོ། །དེ་ཡང་ཟླ་བ་དྲུག་ནི་ཉི་མ་ཉི་ཤུས་སོ། །ཟླ་བ་གསུམ་ནི་ཉི་མ་ཉི་ཤུ་རྩ་ལྔས་སོ། །ཟུང་ནི་ཟླ་བ་གཉིས་ནི་ཉི་མ་ཉི་ཤུ་རྩ་དྲུག་གིས་སོ། །ཟླ་བ་ནི་ཟླ་བ་གཅིག་སྟེ་ཉི་མ་ཉི་ཤུ་རྩ་བདུན་གྱིས་སོ། །དེ་ནི་རྩ་འདབ་མ་བདུན་སྟོང་ངོ་། །ད་ནི་ངེས་པར་འཆི་བ་སྟོན་པ་རྒྱས་པ་ཞེས་བྱ་བའི་དུས་ན་ཟླ་ བ་གཅིག་ནས་འཆི་བའི་འཆི་ལྟས་ཀྱི་ཉི་མ་བསྟན་པའི་ཕྱིར། ཚེས་ཕྱོགས་ལྔ་དང་ཡོན་ཏན་གཉིས། །གཅིག་གི་ལུས་ཅན་ཚེ་འགྲོ་འགྱུར། །ཞེས་གསུངས་པ་ཡིན་ཏེ། དེ་ལྟར་རྒྱས་པའི་དུས་ན་ཚེ་ཟླ་བ་གཅིག་གནས་པ་ལས། ཚེས་ཞེས་བྱ་བ་ལ་ཉིན་ཞག་བཅོ་ལྔ་རྒྱུས་པ་ལ་ནི་བཅོ་ལྔ་ཉིད་ནས་འཆི་ བའོ། །ཕྱོགས་ཞེས་བྱ་བ་བཅོ་ལྔའི་སྟེང་དུ་བཅུ་རྒྱུས་པས་བཅུ་ཉིད་ནའོ། །ལྔ་ཞེས་བྱ་བ་བཅུ་ལས་ལྔ་རྒྱུས་པས་ལྔ་ཉིད་ནའོ། །ཡོན་ཏན་ཞེས་པ་ནི་ལྔ་ལས་གསུམ་རྒྱུས་པས་གསུམ་ཉིད་ནའོ། །འཆི་ལྟས་ཀྱི་ཉི་མ་སུམ་ཅུ་རྩ་གསུམ་ནི་དེས་ཡོངས་སུ་རྫོགས་པར་འགྱུར་རོ། །གཉིས་ཞེས་པ་ནི་ཐ་མ་ གཡོན་གྱི་ལམ་ཟད་པར་བྱ་བའི་ཕྱིར་གཡོན་གྱི་སྣ་བུག་ཏུ་ཞག་གཉིས་རྒྱུ་བ་སྟེ། འདབ་མ་བཅུ་གཉིས་པ་ཟད་པར་བྱ་བའི་དོན་དུའོ། །དེ་ནི་འདབ་མ་བཅུ་གཉིས་པ་མ་ལུས་པ་སྟོང་པར་འགྱུར་རོ། །དེ་ལྟར་བརྗོད་པའི་རིམ་པས་འཆི་ལྟས་ཀྱི་ཉི་མ་སུམ་ཅུ་རྩ་གསུམ་ནི་འདབ་མ་བདུན་ཡན་ཆོད་ལ་འཆི་ལྟས་ཀྱི་ཉི་ ཤུ་བདུན་གནས་པ་སྟེ། དེའི་རྗེས་ལ་འདབ་མ་ལྔས་སུམ་ཅུ་རྩ་གཉིས་དང་དཀྱིལ་འཁོར་གྱི་གེ་སར་གྱིས་སུམ་ཅུ་གསུམ་མོ། །ཡས་ན་འདབ་མ་དྲུག་པ་ཡན་ཆད་ནི་ངེས་པ་མ་ཡིན་ལ། རྒྱས་པའི་དུས་ཞེས་བྱ་བ་ནས་འདབ་མ་བཅུ་གཅིག་པ་སྟེ། འདབ་མ་བཞི་ལ་བརྩི་བར་བྱ་བ་ སྟེ། ཚེས་ཞེས་པ་བཅོ་ལྔ་ལ་ཕྱོགས་ཞེས་པ་བཅུ་བསྣན་པས་ཉི་ཤུ་རྩ་ལྔ་དང་། དེ་ལ་ལྔ་ཞེས་པ་བསྣན་པས་སུམ་ཅུ་དང་། དེ་ལ་ཡོན་ཏན་ཞེས་པ་གསུམ་བསྣན་པས་སུམ་ཅུ་གསུམ་ཞེས་ཀྱང་འདོད་ལ། འདབ་མ་བཅུ་གཉིས་པ་ནི་གཡོན་པའི་ལམ་ཡིན་པས་གཡས་པར་ནི་བགྲང་ཞེས་བརྗོད་དོ། །དེ་ ཡང་ཇི་སྐད་དུ། དང་པོའི་སངས་རྒྱས་ལས། འཆི་ལྟས་མཚན་མ་ཚེ་ཡི་ལྷག །ཤེས་པར་འདོད་པའི་རྣལ་འབྱོར་པས། །རྩིག་པའམ་ས་གཞི་སྙོམས་པ་ལ། །རྡོ་རྒྱུས་དག་གིས་ཐིག་བཞི་བཏབ། །དེ་ནི་ལེ་ཚེ་བརྒྱད་དུ་འགྱུར། །དེ་རྗེས་ཐིག་གཉིས་བཏབ་གྱུར་པས། །དེ་ཚེ་བཅུ་གཉིས་དག་ཏུ་ཤེས། ། དེ་ཉིད་འཕར་མ་གསུམ་དུ་བྱ། །ཞེས་གསུངས་ཏེ། དེ་ལ་འཕར་མ་ནང་མ་ལ་ནི་འཆི་ལྟས་ཀྱི་ཉི་མ་རྣམས་བྲི་བར་བྱའོ། །འཕར་མ་བར་མ་ལ་ནི། ཚེའི་ལྷག་མའི་ལོ་དང་ཟླ་བ་བྲི་བར་བྱའོ། །འཕར་མ་ཕྱི་མ་ལ་ནི་ལོ་དང་ཟླ་བ་དེ་ཉིད་ཀྱི་ཞག་གི་མཚན་མ་བྲི་བར་བྱའོ། །དེ་ཡང་འཆི་ལྟས་ཀྱི་མཚན་མ་ནི་ ནང་གི་འཕར་མའི་འདབ་མ་དང་པོ་ལ་ནི་ལྔའི་མཚན་མ་བྲི་བར་བྱའོ། །དེ་བཞིན་དུ་འདབ་མ་ལྔ་པ་ལ་ཐུག་པ་དེ་སྲིད་དུ། རྟགས་ལྔ་ལྔས་བསྣན་པར་བྱ་སྟེ། འདི་ལྟར་གནས་ལ་བཅུ་དང་། གསུམ་པ་བཅོ་ལྔ་དང་། བཞི་པ་ལ་ནི་ཉི་ཤུ་དང་། ལྔ་པ་ལ་ཉི་ཤུ་ལྔ་རྣམས་བྲི་བར་བྱའོ། །དེ་བཞིན་དུ་འདབ་མ་ དྲུག་པ་དང་། བདུན་པ་ལ་ནི་རིམ་པ་བཞིན་དུ་ཉི་ཤུ་དྲུག་སྟེ། ཉི་ཤུ་བདུན་གྱི་མཚན་མ་བྲི་བར་བྱའོ། །དེ་བཞིན་དུ་གང་བརྒྱད་པ་ནས་བཅུ་གཉིས་ལ་ཐུག་པའི་བར་ནི་བཅོ་ལྔ་དང་། བཅུ་དང་། ལྔ་དང་། གསུམ་དང་། གཉིས་ཀྱི་མཚན་མ་བྲི་བར་བྱའོ། །དེ་བཞིན་དུ་འཕར་མ་བར་མའི་འདབ་མ་དང་པོ་ལ་སོགས་པ་གསུམ་ ལ་ནི་ལོའི་མཚན་མ་སྟེ། གསུམ་དང་། གཉིས་དང་གཅིག་གི་མཚན་མ་བྲི་བར་བྱའོ། །དེ་བཞིན་དུ་འདབ་མ་བཞི་པ་ནས་བདུན་པའི་བར་དུ་ནི་ཟླ་བ་མཚོན་པར་བྱེད་པ་ཡིན། དྲུག་དང་། གསུམ་དང་། གཉིས་དང་། གཅིག་གི་མཚན་མ་བྲི་བར་བྱ་སྟེ། རྒྱས་པའི་དུས་སུ་བརྒྱད་པ་ནས་བཅུ་གཉིས་པ་ལ་ཐུག་པ་ལ་ནི་ རིམ་པ་བཞིན་དུ། བཅོ་ལྔ་དང་། བཅུ་དང་། ལྔ་དང་། གསུམ་དང་། གཉིས་བྲི་བར་བྱའོ། །དེ་བཞིན་དུ་འཕར་མ་གསུམ་པའི་དང་པོ་ལ་སོགས་པ་ལ་ནི་ལོ་ཟླ་ལ་སོགས་པའི་ཞག་གི་མཚན་མ་སྟོང་བརྒྱད་ཅུ་ལ་སོགས་པའི་རིམ་པ་བཞིན་དུ་བྲིས་ལ་ཚེ་དང་སྲོག་གི་རླུང་རྟོགས་པར་བྱའོ། །ད་ནི་གོང་དུ་བརྗོད་པའི་ལྔ་ ནས་ཉི་ཤུ་ལྔའི་བར་གྱི་བཞི་བཞི་བཅུ་དྲུག་དོར་བ་དེ་རྣམས་བཤད་པར་བྱའོ། །དེ་ཡང་ཇི་སྐད་དུ། ཞག་དྲུག་རྒྱུ་ན་ལོ་གསུམ་ནས་ཉི་ཤུ་རྩ་བཞི་དོར་བས་འཆི། ཞག་བདུན་རྒྱུ་བས་ལོ་གསུམ་ལས། །བཞི་བཅུ་རྩ་བརྒྱད་འདོར་བས་སོ། །ཞག་བརྒྱད་རྒྱུ་ན་ལོ་གསུམ་ལས། །ཟླ་གཉིས་ཞག་བཅུ་གཉིས་ཀྱིས་སོ། ། ཞག་དགུ་རྒྱུ་ན་ལོ་གསུམ་མོ། །ཉིན་མཚན་དགུ་བཅུ་རྩ་དྲུག་འདོར། །གལ་ཏེ་ཞག་ནི་བཅུ་གཅིག་རྒྱུ། །ལོ་གཉིས་ཉིན་ཞག་ཉི་ཤུ་བཞིས། །མ་ཚང་བ་ན་འཆི་བར་བཤད། །ཞག་ནི་བཅུ་གཉིས་ལོ་གཉིས་ལས། །བཞི་བཅུ་རྩ་བརྒྱད་ཕྲི་བས་སོ། །ཞག་ནི་བཅུ་གསུམ་ལོ་གཉིས་ལས། །ཟླ་གཉིས་ཞག་ ནི་བཅུ་གཉིས་དབྲི། །ཞག་ནི་བཅུ་བཞི་ལོ་གཉིས་ལས། །ཟླ་གསུམ་ཞག་དྲུག་དབྲི་བར་བྱ། །ཉིན་ཞག་བཅུ་དྲུག་རྒྱུ་བ་ནི། །ལོ་གཅིག་ཞག་བཅུ་གཉིས་ན་འཆི། །ཉིན་ཞག་བཅུ་བདུན་རྒྱུ་བ་ནི། །ལོ་གཅིག་ཞག་ནི་ཉི་ཤུ་བཞིས། །མ་ཚང་བ་ན་འཆི་བར་བཤད། །ཞག་བཅོ་བརྒྱད་ཀྱིས་ལོ་གཅིག་ལས། ། ཟླ་གཅིག་ཞག་དྲུག་འདོར་བས་སོ། །བཅུ་དགུ་རྒྱུ་ན་ལོ་གཅིག་ལས། །བཞི་བཅུ་རྩ་བརྒྱད་དོར་བས་སོ། །ཉི་ཤུ་གཅིག་ནི་ཟླ་དྲུག་ལས། །ཞག་དྲུག་མ་ཚང་བ་ཡིས་སོ། །ཉི་ཤུ་རྩ་གཉིས་ཟླ་གཉིས་ལས། །ཞག་བཅུ་གཉིས་ནི་འདོར་བས་སོ། །ཉིན་ཞག་ཉི་ཤུ་རྩ་གསུམ་རྒྱུ། །བཅོ་བརྒྱད་རྣམ་པར་འདོར་ བས་སོ། །ཞག་ནི་ཉི་ཤུ་རྩ་བཞི་རྒྱུ། །ཉིན་ཞག་ཉི་ཤུ་རྩ་བཞིས་སོ། །ཉིན་ཞག་སུམ་ཅུ་གསུམ་དེ་བཞིན། །འཆི་བའི་མཚན་མ་འབྱུང་བ་ཡིན། །རླུང་འབྱུང་སྟོབས་ལས་ཤེས་བྱ་བ། །དེ་ཡན་ཆད་ལས་ཡོད་མ་ཡིན། །ཞེས་གསུངས་པ་དང་། གཞན་ཡང་རྡོ་རྗེ་མཁའ་འགྲོ་ལས་མདོར་བསྡུས་ཏེ་བཤད་པ་ནི་ འདི་སྐད་དུ། །དང་པོ་ཉི་མ་ཕྱེད་བྱས་ཉི་མ་རངས་པའམ་ཡང་ན་ཉིན་མཚན་དག་གི་བར་དུ་རྒྱུ། །དེ་ལས་ཞག་གཉིས་དང་ནི་ཞག་གསུམ་འོན་ཏེ་ཞག་བཞི་ཁྱབ་པའི་བར་དུ་ནི། །ཉི་མ་ལ་སྟེ་གཡོན་པ་མིན་པའི་རླུང་དག་དབུགས་ལ་བརྟེན་ཏེ་གང་ཞིག་རྒྱུར་གྱུར་པ། །དེ་ལ་གནས་དང་ཉི་མ་ཕྱོགས་དང་བཀྲ་ཤིས་དྲུག་དང་བཞི་ནི་འདིར་ ཤེས་བྱ། །ལྔ་ལས་ཉི་ཤུ་རྩ་ལྔར་འཛེགས་པར་གྱུར་ལས་ཇི་བཞིན་འཕེལ། །དེ་ལས་རེ་རེ་སྐྱེད་པའི་བཅུ་ནི་སུམ་འགྱུར་བྱས་པས་གསུམ་གྱིས་ལྷག་པ་ཁོ་ནའི་བར། །རྒྱས་པའི་དུས་སུ་དེ་ནི་ལོ་གསུམ་མིག་ཟླ་དྲུག་གསུམ་ཟུང་དང་ཟླ་བ་དྲུག །ལྷག་མ་ཚེས་དང་ཕྱོགས་དང་ མདའ་དང་ཡོན་ཏན་ཟུང་དང་ཟླ་བར་འཚོ་བ་ཡིན། །ཞེས་གསུངས་སོ། །དེ་ཡང་འཆི་བ་འབྱུང་བའི་ཟླ་བ་ནི་དཔྱིད་ཟླ་འབྲིང་པོ་འཕོས་པའི་ཟླ་བ་ཡིན་ཏེ། ལོ་གསུམ་གྱིས་འཆི་ལྟས་ལའོ། །གཞན་ཡང་ཟླ་བ་བཅུ་གཅིག་པ་གང་དང་གང་ལ་འཆི་བའི་མཚན་མ་འབྱུང་བ་དེ་དང་དེ་ནི་རྒྱུད་བཞིན་དུ་བླ་མའི་ཞལ་ལས་ རྟོགས་པར་བྱའོ། །གཅིག་གིས་ལུས་ཅན་ཚེ་འགྲོ་འགྱུར། །ཞེས་པ་ནི་དབུས་མའི་དེ་ནི་གཡས་པའི་འཆི་ལྟས་བསྟན་པའོ། །ད་ནི་གཡོན་པ་བསྟན་པའི་ཕྱིར། །རྩ་བ་ནས་ནི་རེ་རེས་ལྷག །ཅེས་བྱ་བ་སྨོས་ཏེ། དེ་ལ་སྔོན་བཞིན་དུ་འཆི་ལྟས་ཀྱི་འཁོར་ལོ་འཕར་མ་གཉིས་པ་བྲི་བར་བྱས་ལ། ཚེ་དང་ སྲོག་གི་རླུང་བྲི་བར་བྱའོ། །ཁྱད་པར་སྲོག་གི་རླུང་གི་རྟེན་གྱི་རྩ་བཅུ་གཉིས་ལས་རྩ་འདབ་མ་དང་པོ་ལ་ནི་འཆི་ལྟས་གསུམ་གྱིས་ཟླ་བ་དྲུག་བསྒྲིབས་སོ། །གཞན་ཡང་འདབ་མ་བཅུ་ལ་རིམ་པ་བཞིན་དུ་འཆི་ལྟས་གསུམ་གསུམ་དང་། ཟླ་བ་གསུམ་གསུམ་དུ་རྟོགས་པར་བྱས་ལ། བཅུ་གཉིས་པ་ནི་གཡས་སུ་ ཞག་གཅིག་རྒྱུ་ཞིང་ཟེ་འབྲུ་དང་ཞག་གཉིས་ཏེ། དེ་ནས་སྲོག་གི་རླུང་འདོར་རོ། །གཡོན་གྱི་ཟླ་བ་འབྱུང་བར་འགྱུར། །ཞེས་པ་ནི་གཡོན་གྱི་འཆི་ལྟས་འབྱུང་བའི་ཚུལ་དེ་ལྟར་འགྱུར་ཞེས་དགོངས་སོ། །ལོ་བརྒྱ་ཡོངས་སུ་རྫོགས་པ་ཡིས། །དབུས་མ་ལས་ནི་འཆི་བར་འགྱུར། །ཞེས་པ་ནི་སྐྱེས་བུ་ལོ་བརྒྱ་ ཡོངས་སུ་རྫོགས་ནས་གལ་ཏེ་ཤི་བར་འགྱུར་བ་དེ་ལྟ་ན་ནི་གཡས་དང་གཡོན་པའི་འཆི་ལྟས་མ་ཡིན་གྱི། ཚེའི་ཚད་དུ་གཏུགས་པ་ཞེས་བྱ་བ་ཡིན་ནོ། །རྒྱུ་བསྟན་པའི་ཕྱིར། མཉམ་དང་མི་མཉམ་པ་ཡིས་ནི། །ཞེས་པ་ནི་སྐྱེ་བའི་དུས་ཀྱི་ཉི་མ་གཡས་གཡོན་ནོ། །དེ་སྐྱེས་ནས་ནི་ཞེས་པ་ནི་གཡས་པ་དང་གཡོན་པ་ ཉིད་ལས་སོ། །དཀྱིལ་འཁོར་འབྱུང་ཞེས་པ་ནི་འཆི་ལྟས་ཀྱིའོ། །དེ་ཡང་ཅིའི་ཕྱིར་སྙམ་པ་ལ། ཕྱོགས་གཉིས་རྣམ་པར་མཉམ་པའི་ཕྱིར། །ཞེས་གསུངས་ཏེ། གཡས་གཡོན་གང་ཡང་རུང་བ་གཅིག་མཉམ་ན་གཅིག་ལས་འབྱུང་བ་ཞེས་དགོངས་སོ། །གཡས་དང་གཡོན་པ་དག་ལས་འབྱུང་། །ཞེས་པ་ནི་ འཆི་ལྟས་ཀྱི་ཉི་མའོ། །ཕྱོགས་གཉིས་ཡང་དག་གནས་པ་དང་། །གཡས་དང་གཡོན་གྱི་ཀུན་སྤྱོད་དང་། །དཀྱིལ་འཁོར་ལྔ་ནི་འབབ་པ་ཡིས། །གཞན་དུ་ན་ནི་འཆི་བ་ཡིན། །ཞེས་པ་ནི་རླུང་འཁྲུག་པ་མེད་པར་རྒྱུ་ན་ཇི་སྲིད་ལོ་བརྒྱའི་བར་དེ་སྲིད་དུ་འཆི་བར་མི་འགྱུར་ཞེས་དགོངས་སོ། །དེ་ནི་དེ་ལྟ་བུའི་དུས་མ་ཡིན་པའི་འཆི་ བ་བསླུ་བའི་ཕྱིར། འཆི་ལྟས་མཚན་ཉིད་ཤེས་བྱས་ལ། །ཞེས་བྱ་བ་སྨོས་ཏེ། འཆི་ལྟས་ཤེས་པའི་རྗེས་ལའོ། །སྲོག་ནི་ཐིག་ལེར་ཞུགས་པར་བྱ། །ཞེས་པ་ལ་སྲོག་ནི་རླུང་ཡིན་ལ། དེ་ཉིད་ཐིག་ལེ་ནས་དབུས་མར་འཇུག་པ་ཉིད་དོ། །ཀུན་སྤངས་གོ་འཕང་ཞེས་པ་ནི་སྒྲ་གཅན་གྱི་མིང་ཅན་ནོ། །གོ་འཕང་ནི་ གནས་སོ། །རྟེན་བྱས་ལ་ཞེས་པ་ནི་རླུང་དེར་བཅུག་པའོ། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །ཞེས་པ་ནི་རླུང་དེར་ཞུགས་པའི་སྟོབས་ཀྱིས་མེ་འབར་བ་སྟེ། དེ་ཉིད་དུས་ཀྱི་མེ་འབར་བ་ཡང་མ་ཡིན་ནོ། །དེས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟག་པའི་ཕྱིར་མ་བཏང་བས་འཆི་བ་བསླུ་བ་ཞེས་པའི་དོན་ ཏོ། །གང་གི་འཆི་བ་བསླུ་ཞེ་ན། ཉི་ཟླར་འགྲོ་བ་གཞོམ་པའི་ཕྱིར། །ཞེས་གསུངས་ཏེ། གཡས་པ་དང་ནི་གཡོན་པ་ཉི་ཟླའི་མིང་ཅན་གང་ཡང་རུང་བར་སོང་བའི་རླུང་གཞོམ་པའི་ཕྱིར་རོ། །དེ་བས་ན་དེའི་ཕྱིར། རྟག་པར་རྡོ་རྗེ་བསླང་བར་བྱ། །ཞེས་གསུངས་སོ། །བསླང་བ་ནི་མི་འཛག་པའི་བདེ་བས་སོ། ། གཞན་དུ་ན་ནི་ཀུན་སྤངས་ཆར། །ཞེས་པ་ནི་དེ་ལྟ་བུའི་ཐབས་མ་གཏོགས་པ་གཞན་གྱི་སྲོག་གི་རླུང་ནི་འཇུག་པ་མེད་ཅེས་པ་སྟེ། སྒྲ་གཅན་གྱི་མིང་ཅན་ནོ། །འོག་ཏུ་དུང་ཅན་ཐུར་སེལ་ནི། །ཞེས་པ་ནི་འོག་གི་རླུང་ངོ་། །དེར་མ་ཞུགས་ན་འཆི་བ་ཡིན། །ཞེས་པ་ནི་དབུས་མ་དེར་ཁམས་དེ་རྣམས་མ་ཞུགས་ ན་འཆི་བའི་ལྟས་མི་བསླུས་ཞེས་བྱའོ། །འོ་ན་ཇི་ལྟར་བསྒྲུབ་པར་བྱ་སྙམ་པ་ལ། འཆི་བ་བསླུ་བ་འདི་ཉིད་ནི་བསླུ་བའི་ཐབས་འདི་ཉིད་ཅེས་པའི་དོན་ཏོ། །རྣལ་འབྱོར་རྣམས་ལ་དགའ་བར་འགྱུར། །ཞེས་པ་ནི་དགའ་བ་རྣམ་པ་བཞིས་བསླུ་བར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱའོ། །གཙུག་ཏོར་སྟེང་གི་ པདྨ་ལ། །ཤུ་ཀྲ་བྱུང་ན་དགའ་བ་ཡིན། །ཞེས་པ་ནི་དགའ་བ་རྣམ་པ་བཞི་པོ་ཡང་འཁོར་ལོ་རྣམ་པ་བཞིའི་རྟེན་ཅན་ཡིན་པས། གཙུག་ཏོར་སྟེང་ཞེས་བྱ་བ་འཁོར་ལོ་གཉིས་ཀྱི་བདག་ཉིད་ལས་ཏེ་དགའ་བའི་བདག་ཉིད་དོ། །ཤུ་ཀྲ་ནི་ཁུ་བའོ། །མགྲིན་པ་སྙིང་ག་མཆོག་དགའོ། །ཞེས་པ་ཡང་འཁོར་ལོ་གཉིས་པོ་ མཆོག་དགའི་རྟེན་ཡིན་ནོ། །དེ་ཡང་དགའ་བྲལ་དགའ་བར་འགྱུར། །སྣ་ཚོགས་དགའ་བ་ལྟེ་བ་ལ། །ཞེས་བྱ་བ་ནི་སྤྲུལ་པ་ནས་གསང་བའི་འཁོར་ལོ་ལ་ཐུག་པ་ནི་བི་རཱ་མ་ཞེས་བྱ་བའི་དགའ་བའོ། །གསང་གནས་རྡོ་རྗེ་ནོར་བུའི་བར། །ལྷན་ཅིག་སྐྱེས་དགའ་མི་འཕོ་བ། །ཞེས་ པ་ནི་གསང་བའི་པདྨ་ནས་ནོར་བུའི་རྩེ་མོར་ནི་ལྷན་ཅིག་སྐྱེས་པའི་རྟེན་ཞེས་བྱ་བའི་དོན་ཏོ། །རབ་ཏུ་མི་གནས་མྱ་ངན་འདས། །ཆགས་ཆེན་མི་འགྱུར་མངའ་བདག་གོ། །ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་ཏེ་ནོར་བུའི་མགྲིན་པ་ལས་སོ། །མི་འཕོ་བ་ཡི་ཆགས་པ་ཆེན། །ཞེས་པའི་དོན་ཏོ། །དགའ་ བྲལ་ལས་ནི་བདེ་འཕོ་གང་། །མྱ་ངན་འདས་ལ་བདེ་བའི་གནས། །ཞེས་པ་ནི་རྡོ་རྗེ་ནོར་བུའི་མགྲིན་པ་ལས་འཕོ་བའི་ཆགས་བྲལ་ཆེན་པོ་ནི་མྱ་ངན་ལས་འདས་པའོ། །ས་བོན་ཟླ་བ་གཙུག་ཏོར་ཤར། །ཞེས་པ་ནི་བྱང་ཆུབ་སེམས་ཀྱི་ཟླ་བ་གཙུག་ཏོར་གྱི་འཁོར་ལོ་ནས་ཚེས་གཅིག་པའི་ཚུལ་དུ་ འབྱུང་བའོ། །གསང་བའི་ཆུ་སྐྱེས་དག་ལ་རྫོགས། །ཞེས་པ་ནི་དེ་ལྟར་ཚེས་གཅིག་ལ་སོགས་པའི་རིམ་པས་གསང་བའི་པདྨ་ནས་ནོར་བུའི་རྩེ་མོར་རྫོགས་པ་ཞེས་པ་ཉ་བ་ཡིན་ནོ། །ཅིའི་ཕྱིར་སྙམ་པ་ལ། ཆ་ནི་བཅུ་དྲུག་མ་གང་སྟེ། །རྡོ་རྗེ་ནོར་བུའི་པད་རྩེར་སོང་། །ཞེས་པ་ཆ་བཅུ་དྲུག་པའི་བདུད་ རྩི་ནོར་བུའི་རྩེ་མོར་འོང་བ་དེའི་ཕྱིར་རོ། །དེ་འོག་འཕོ་བའི་དུས་ཡིན་ནོ། །ནག་པོའི་ཚེས་གཅིག་འབྱུང་བ་ཡིན། །ཞེས་པ་ནི་དེ་ལྟར་ཉའི་རྗེས་ལ་ནག་པོའི་འཕོ་བའི་ཚེས་གཅིག་ལ་འབྱུང་བ་ཡིན་གྱི་གཞན་དུ་མ་ཡིན་ཞེས་པའི་དོན་ཏོ། །སྟོང་ལ་དགའ་བ་བྲལ་བ་ཡིས། །ཉི་མ་མཛོད་སྤུར་འགྲོ་བར་ འགྱུར། །དེ་ཡི་ཆ་ནི་བཅུ་དྲུག་ལ། །གཙུག་ཏོར་པདྨར་སོང་བས་ན། །འདི་ནི་ཟླ་བ་ཟད་པར་བརྗོད། །ཅེས་པ་ནི་བདེ་བའི་རྟེན་ཟླ་བའི་མིང་ཅན་ལུས་པ་མེད་པར་ནམ་མཁའི་ཁམས་སུ་འཛག་པ་དེའི་དུས་ན་ཉི་མའི་མིང་ཅན་དང་། བདུད་རྩི་དག་མཛོད་སྤུའི་གནས་སུ་འགྲོ་སྟེ། གནམ་སྟོང་ཆེན་པོ་ཡིན་གྱི་ ཞིང་དེའི་སྐྱོན་གྱིས་འཇིག་རྟེན་གསུམ་དཀྲུགས་པ་ཡང་ཡིན་ནོ། །འདོད་ཆགས་བདེ་བ་བྲལ་ཕྱིར་རོ། །ཞེས་པ་ནི་བདེ་བའི་རྟེན་བྲལ་བའི་ཕྱིར་རོ་ཞེས་པའོ། །ལུས་ཅན་ཐམས་ཅད་འཆི་བ་ན། །ཟླ་བའི་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་དང་། །རྣམ་ཤེས་སྲིད་པའི་མཚན་ཉིད་དོ། །ཞེས་ པ་ནི་འགྲོ་བ་རྣམས་འཆི་བའི་སྐད་ཅིག་ན་བདེ་བའི་རྟེན་ནོར་བུའི་ལམ་ནས་འབྱུང་ཞིང་ཉི་རྡུལ་སྒྲ་གཅན་གྱི་མིང་ཅན་སྲིད་པ་སྐྱེད་པར་བྱེད་པའི་སྟེང་དུ་ཁ་ལྟ་ཞེས་པའི་དོན་ཏོ། །དེ་ཉིད་དུས་ཀྱི་མེ་འབར་བ་ཡིན་པས་ན་ལུས་ཅན་རྣམས་བསྲེག་ཅིང་གདུང་བ་སྐྱེད་པར་བྱེད་པ་དང་། ཕུང་པོ་དང་ཁམས་མ་རུང་བར་ བྱེད་པ་ཡིན་ནོ། །དེ་བས་ཟླ་བའི་བདུད་རྩི་སྟེ། །འགྲོ་བར་བྱའོ་རྒྱལ་པོ་ཀྱེ། །འོག་ཏུ་ཉི་རྡུལ་སྒྲ་གཅན་དང་། །རྣམ་ཤེས་མི་འགྱུར་བདེ་བའོ། །ཞེས་པ་ནི་ཉེས་དམིགས་དེ་བས་ན། བྱང་ཆུབ་སེམས་ནི་ཁ་ཡར་བལྟས་པ་ལ་བྱ་ལ། ཉི་རྡུལ་སྒྲ་གཅན་གྱི་མིང་ཅན་ནི་ཁ་མར་བལྟས་པ་ལ་བྱའོ། །རྒྱལ་ པོ་ཀྱེ་ཞེས་པའི་དོན་ཏོ། །མཛོད་སྤུར་ཆུ་སྐྱེས་སངས་རྒྱས་ཀུན། །ཟླ་བའི་བདུད་རྩི་ཉ་ཡིན་ཞིང་། །ཉི་རྡུལ་གནམ་སྟོང་གསང་བ་ལ། །གཙུག་ཏོར་ནོར་བུ་དེ་ཉིད་འཆད། །ཅེས་པ་ནི་སངས་རྒྱས་རྣམས་ལ་ནི་ཟླ་བའི་མིང་ཅན་ཞེས་མཛོད་སྤུའི་པདྨར་ཉ་བ་ཡིན་ལ། ཉི་མ་མིང་ཅན་ནི་ནོར་བུ་ཉ་བའོ། །སྟོན་ པ་རྡོ་རྗེའི་ཚིག་འདི་ནི། །ལུས་ཅན་རྣམས་ལ་ཕྱིན་ཅི་ལོག །མི་གནས་མྱ་ངན་འདས་པ་ཡིན། །ཁམས་རྣམས་ཕྱིན་ཅི་ལོག་ཏུ་འགྱུར། །ཞེས་པ་ནི་གོང་དུ་བརྗོད་པའི་རིམ་པས་དེ་བཞིན་གཤེགས་པ་རྣམས་ལས་ལུས་ཅན་རྣམས་ལ་ཟླ་བའི་མིང་ཅན་ནོར་བུ་ལ་ཉ་བ་ཡིན་ལ། ཉི་རྡུལ་གྱི་མིང་ཅན་སྟེང་ གི་པདྨར་ཉ་བ་སྟེ། དེ་བས་ན་ཁམས་རྣམས་གོ་བཟློག་པ་ཡིན་ནོ། །དེ་ཡང་གང་མྱ་ངན་ལས་འདས་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་ཟག་པ་དེའི་སྐྱོན་ལས་གྱུར་པ་ཞེས་དགོངས་སོ། །ནོར་བུ་ཐུགས་དང་གསང་བ་གསུང་། །ལྟེ་བ་སྐུ་ཡི་བདེ་ཆེན་ཕྱིར། །དག་པའི་སྐུ་ལས་སྤྲོས་པ་ནི། །ཆོས་དང་ལོངས་སྤྱོད་ སྤྲུལ་པ་ཡི། །ཞེས་པ་ནི་བྱང་ཆུབ་སེམས་ཀྱི་མྱུ་གུ་ལུས་ལས་འབྱུང་བའི་དུས་ན་ལྟེ་བར་སྐུའི་རྡོ་རྗེ་རྣམ་པར་སྣང་མཛད་ཆོས་དང་། གསང་བར་གསུང་གི་རྡོ་རྗེ་འོད་དཔག་མེད་ལོངས་སྤྱོད་རྫོགས་པ་དང་། ནོར་བུ་ཐུགས་མི་བསྐྱོད་པ་སྤྲུལ་པའི་སྐུ་སྟེ། མགོ་ཐུགས་པ་དང་། ལོངས་སྤྱོད་པ་དང་། ཐིམ་ པའི་ཚུལ་གྱིས་འབྱུང་ཞེས་པའི་དོན་ཏོ། །འོག་ཏུ་ཐབས་འགྱུར་རྒྱལ་པོ་ཀྱེ། །སྟེང་དུ་ཤེས་རབ་དག་ཏུ་འགྱུར། །ཞེས་པ་ནི་གོང་དུ་བསྟན་པའི་ཁམས་ཕྱིན་ཅི་ལོག་གི་དབང་གིས་སོ། །དཔྲལ་བར་སྐུ་ཡི་རྡོ་རྗེ་ཡིན། །མགྲིན་སྙིང་ལྟེ་བར་འདབ་སྐྱེས་ལ། །སྐུ་གསུང་ཡེ་ཤེས་རྡོ་རྗེ་ཐུགས། །སྤྲུལ་སོགས་ འདི་རྣམས་སྤྲུལ་པར་མཛད། །ཅེས་པ་ནི་བདེ་བ་ཆེན་པོ་ལ་སོགས་པའི་འཁོར་ལོ་བཞི་ལས་བྱང་ཆུབ་སེམས་ཀྱི་མྱུ་གུ་རྡོ་རྗེ་བཞིའི་ཚུལ་གྱིས་འབྱུང་ཞེས་པའི་དོན་ཏོ། །ཕུང་པོ་ཁམས་རྣམས་སྤྲོས་པས་ནི། །སྒྲིབ་པ་མེད་པས་བདེ་བ་ཡི། །ཞེས་པ་ནི་ཕྱག་རྒྱ་ཆེན་མོ་སྔོན་སོང་བས་ སྒྲིབ་པ་མེད་པ་ཡིན་ལ། སྒྲིབ་པ་ནི་འཛག་པ། ལས་ཀྱི་ཕྱག་རྒྱ་སྙོམས་འཇུག་དང་། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། །ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །འཕེལ་བར་འགྱུར་དང་མི་འགྱུར་བའོ། །ཞེས་པ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་སམ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་དམིགས་ ཏེ། བྱང་ཆུབ་ཀྱི་སེམས་འཕེལ་བ་སྟེ། །ལུས་རྒྱས་པ་ནི་མི་འགྱུར་བ། །ཞེས་བྱ་བའི་དོན་ཏོ། །འཕེལ་བ་ལས་ནི་ཞེས་པ་ནས་ཚིགས་སུ་བཅད་པ་དང་བཞི། མི་འགྱུར་བ་ལས་མི་འགྱུར་མེད། །ཅེས་པ་ཡན་ཆད་ནི་རྟོགས་པར་སླའོ། །ཆོས་རྣམས་རང་བཞིན་མེད་པ་ནི། །སྒྱུ་མ་ཟད་དང་འབྱུང་ བཞིན་ནོ། །ཞེས་པ་ནི། ཆོས་ཐམས་ཅད་གཟོད་མ་ནས་སྐྱེ་བ་མེད་པ་ལས་ནི་སྨིག་རྒྱུ་བཞིན་ཏེ། དཔེར་ན་སྨིག་རྒྱུ་ནི་གང་ནས་ཀྱང་མ་འོངས་ལ་གང་དུ་ཡང་མ་འགགས་པ་དེ་བཞིན་ནོ། །འབྱུང་བ་ཟད་པར་མི་འགྱུར་ཏེ། །རང་བཞིན་གྱིས་ནི་སྐྱེ་བ་མེད། །དངོས་དང་དངོས་མིན་མཚན་ཉིད་གཅིག །སྣ་ ཚོགས་འདི་ནི་མཚན་ཉིད་བྲལ། །ཞེས་པ་ནི་གཟོད་མ་ནས་སྐྱེ་བ་མེད་པའི་ཆོས་ནི་རྟག་པ་དང་། བསྒོམ་པ་གོམས་པས་སྐྱེ་བར་བྱེད་པ་ནི་མ་ཡིན་ཏེ། དེ་ཡང་ཇི་སྐད་དུ། འདི་ལ་བསྣན་པ་ཅི་ཡང་མེད། །འདི་ལ་དབྲི་བའང་ཡོད་མ་ཡིན། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་ པར་གྲོལ། །ཞེས་གསུངས་སོ། །རང་གི་ཤེས་རབ་ལ་འཁྱུད་སེམས། །པདྨར་རྡོ་རྗེ་ནོར་བུ་སོང་། །དེ་ལ་ཟླ་བ་མཐུན་འགྱུར་བ། །ཞེས་པ་ནི་རང་གི་ཤེས་རབ་ནི་ལས་སམ་ཡེ་ཤེས་སོ། །དེ་ལ་འཁྱུད་ཅིང་སྙོམས་པར་འཇུག་པ་ལས་ཟླ་བ་བྱང་ཆུབ་ཀྱི་སེམས་མཐུན་པ་ཞེས་པ་འཛག་པའི་རང་བཞིན་ནི། མི་མཐུན་བསྒོམས་པས་རྒྱུ་མཐུན་ནོ། །ཞེས་པ་ཡན་ལག་དྲུག་གི་སྦྱོར་བས་སོ། །ལུས་ངག་སེམས་ཀྱི་རྩ་རྣམས་ལ། །ལུས་ངག་སེམས་ཀྱིས་བསྒོམ་པར་བྱ། །ཞེས་པ་ནི་རྡོ་རྗེ་རྣམ་པར་སྣང་མཛད་ལ་ལ་ནཱ་དང་། གསུང་ནི་རྡོ་རྗེ་འོད་དཔག་མེད་ར་ས་ནཱ་དང་། ཐུགས་ནི་རྡོ་རྗེ་ཨ་ཝ་དྷཱུ་ཏཱི་མི་བསྐྱོད་པར་བསྒོམ་ པའོ། །རྡོ་རྗེ་གསུང་ནི་སྡུད་པ་པོ། །དུང་ཅན་མ་ལ་ཡེ་ཤེས་བསྒོམ། །ཞེས་པ་ནི་འོག་གི་དུང་ཅན་མ་བདེ་བ་སྐྱེད་པའི་གནས་ཡིན་པའི་ཕྱིར་རོ། །ཇི་ལྟར་བསྒོམ་སྙམ་པ་ལ། མགོ་བོ་ལ་ནི་རིམ་པ་ཡིས། །ཤེས་རབ་ཆགས་པས་ཐིག་ལེ་ཞུགས། །ཞེས་པ་ལ། མགོ་བོ་ལས་ནི་རིམ་པ་ཡིས། །ཞེས་པ་ནི་ གོང་དུ་བསྟན་ཏོ། །ཤེས་རབ་ཆགས་པས་ནི་ཕྱག་རྒྱ་གསུམ་ལས་སོ། །རྫོགས་པའི་གོ་འཕང་ཞུགས་རྣམས་ལ། །ཞེས་པ་ནི་རྡོ་རྗེ་ནོར་བུ་ལའོ། །དོན་དམ་པས་ནི་བཅིང་བར་བྱ། །ཞེས་པ་ནི་རྡོ་རྗེ་ནོར་བུ་ལ་གནས་པ་དེ་འགྱུར་བ་མེད་པའི་ཕྱག་རྒྱ་ཆེན་པོས་བཅིང་བའོ། །རིམ་པ་ཇི་ལྟར་ཟླ་བ་ཤར། །ཆ་རྣམས་ཀྱིས་ ནི་རྫོགས་པར་འགྱུར། །ཉིན་མོ་བཟུང་བ་རྫོགས་པ་སྟེ། །ཟླ་བ་ཚེས་པ་རྫོགས་པ་མིན། །ཞེས་པ་ནི་ཇི་ལྟར་ཟླ་བ་ནི་ཚེས་གཅིག་ལ་སོགས་པ་བཅོ་ལྔས་ཡོངས་སུ་གང་བ་ལ་རྫོགས་ཞེས་འཇིག་རྟེན་པ་བརྗོད་ཀྱི། མ་རྫོགས་པ་ལ་མ་ཡིན་པ་དེ་བཞིན་དུ། དེ་བཞིན་རིམ་པ་ཡེ་ཤེས་ཤར། །ས་རྣམས་དག་ནི་རྫོགས་ པར་འགྱུར། །ཞེས་པ་སྟེ། ས་ནི་དགའ་བ་བཅུ་དྲུག་གི་སྐྱེ་བའི་སའམ། སྟོང་པ་དང་། སྲོག་དང་། བཟང་པོ་དང་། རྒྱལ་བ་ལ་སོགས་པ་ཡིན་པའམ། ཡང་ན་ས་དང་པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་སའི་བར་གྱིས་རྫོགས་པའོ། །ཉོན་མོངས་ལ་སོགས་བཅོམ་པས་རྫོགས། །ཡེ་ཤེས་འཆད་པ་ རྫོགས་པ་མིན། །ཞེས་པ་ནི་ཉོན་མོངས་པ་ཡང་བག་ལ་ཉལ་བ་ལ་སོགས་པ་མ་ལུས་པ་བཅོམ་པ་ནི་རྫོགས་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ཉིད་ཡེ་ཤེས་ཆད་པ་ཡང་ཡིན་ནོ། །ཟླ་བ་ཡོངས་སུ་རྫོགས་པ་ཡི། །ཉ་ལ་རི་བོང་ཅན་མི་གནས། །ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ནི་ སྐད་ཅིག་ཀྱང་མི་གནས་པ་དེ་བཞིན་དུ། འཁོར་བའི་བག་ཆགས་ཀྱི་མཚན་པས། མི་འགྱུར་བདེ་བ་དེ་བཞིན་སེམས། །སྐྱེ་བ་དང་ནི་འཇིག་པའི་ཕྱོགས། །ཡར་ངོ་མར་ངོ་བར་དུ་གནས། །ཞེས་པ་ནི་འཁོར་བའི་བག་ཆགས་ཀྱི་སྐྱོན་གྱིས་མ་སྤངས་པའི་དབང་གིས་ཕྱོགས་གཉིས་སུ་གནས་ཞེས་པའི་དོན་ ཏོ། །དེ་ཉིད་དབུས་སུ་རྫོགས་པ་གང་། རྫོགས་པ་དེ་ནི་རབ་མི་གནས། །ཞེས་བྱ་བ་ནི་དེ་ཉིད་དབུས་སུ་ཞེས་པ་ནི་ཡར་ངོ་མར་ངོའི་དབུས་སུའོ། །མི་གནས་པ་ནི་གོང་དུ་བཤད་པ་ཉིད་དོ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །རྫོགས་པ་ལ་ནི་གཡོ་མི་འགྱུར། །ཞེས་བྱ་བ་ནི། གོང་དུ་བརྗོད་པའི་ཕྱོགས་ གཉིས་པོ་སྤངས་པའི་ཚུལ་གྱིས་སྐད་ཅིག་ཐང་ཅིག་ཐམས་ཅད་ཀྱིས་ཡོངས་སུ་གང་བ་ནི་རྡོ་རྗེ་ནོར་བུའོ། །དེ་ཉིད་ནི། གང་ཞིག་རྡོ་རྗེ་ནོར་བུར་སེམས། །སྐད་ཅིག་ཐམས་ཅད་དེར་རྫོགས་བྱེད། །དཀར་པོའི་ཕྱོགས་ལ་དེ་མི་གནས། །དཀར་མིན་ལ་ཡང་དེ་མི་འགྲོ། །ཞེས་རྒྱས་པར་ གསུངས་པ་ཡིན་ནོ། །དེའི་ཕྱིར། གཉིས་མེད་རྫོགས་པ་ལ་སོང་ན། །ཕྱོགས་གཉིས་པ་ཡི་དབུས་སུ་གནས། །ཞེས་བྱ་བ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཚུལ་ལོ། །དེ་ཡང་སྟོང་པ་ཉིད་ནི་ནོར་བུ་ལས་བྲལ་བ་ཡིན་ཞིང་། སྙིང་རྗེ་ནི་བྲལ་བའོ། །གཙུག་ཏོར་ལས་ནི་འབྱུང་བ་དེ། །རྡོ་རྗེ་ནོར་བུར་ རྫོགས་པར་འགྱུར། །ཞེས་པ་ནི་ལུགས་སུ་འབྱུང་བ་བསྟན་པའོ། །དགའ་བྲལ་བཅས་པའི་ཆ་བཅོམ་པ། །རྡོ་རྗེ་ནས་ནི་རྫོགས་པར་འཇོམས། །ཞེས་པ་ནི་འཇིག་རྟེན་ཕལ་པའི་ལུགས་བསྟན་པའོ། །སླར་ཡང་གཙུག་ཏོར་ལས་བྱུང་བ། །ཡང་ན་རྡོ་རྗེ་ནོར་བུར་རྫོགས། །ཞེས་པ་ནི་འཁོར་བ་པའི་སྟེ། འཁོར་ ལོའི་ཚུལ་དུ་འཇུག་ཅེས་པའི་དོན་ཏོ། །དེ་ཡང་གང་ཡིན་ཞེ་ན། དགའ་བྲལ་བཅས་པའི་ཆ་བཅོམ་པ། །ཞེས་གསུངས་ཏེ། སྔོན་དུ་བརྗོད་པ་དག་སྟེ། ལུས་ཅན་ཡེ་ཤེས་བཅོམ་པ་མིན། །ཞེས་པ་ནི་བདེ་བ་ཆེན་པོ་སྐྱེ་བའི་རྟེན་བཅོམ་པ་ཡིན་གྱི། ཡེ་ཤེས་དངོས་མ་བཅོམ་པའི་དོན་ཏོ། །བདེ་བ་ཆེན་པོའི་ རང་བཞིན་འདི། །རྫོགས་པའི་སྒྲ་ཡིས་བརྗོད་པར་བྱ། །ཞེས་པ་ནི་བདེ་བ་ཆེན་པོའོ་ཞེས་བྱའོ། །གཉིས་སུ་མེད་པའི་ཡེ་ཤེས་ནི་འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པ་ཡིན་ལ། འོན་ཀྱང་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བ་ཞེས་སམ། ས་ཡ་ཐམས་ཅད་ཡོངས་སུ་གང་བ་ཞེས་བྱ་བས་བརྗོད་པར་བྱའོ། །གཞན་ མའི་དངོས་པོའི་མཐའ་ཀུན་ནི། །སྐྱེད་པ་དང་ནི་སྡུད་བྱེད་རྒྱུ། །སྲིད་ནས་མྱ་ངན་འདས་པར་གཤེགས། །དེས་ན་སླར་ཡང་སྲིད་པར་བྱོན། །ཞེས་པ་ནི་བདེ་བ་ཆེན་པོ་ལས་གཞན་པ་འཛག་པའི་བདེ་བའི་རང་བཞིན་ནོ། །དེའི་དཔེ་ནི། རང་ཕྱོགས་གཉིས་ལ་ཟླ་བཞིན་དང་། །ཞེས་པ་སྟེ་ནག་པོ་དང་། དཀར་པོའི་ ཕྱོགས་གཉིས་སུ་གནས་པའི་དཔེའོ། །བགྲོད་པ་གཉིས་ལ་ཉི་བཞིན་ནོ། །ཞེས་པ་ནི་ཉི་མ་དང་ཟླ་བ་དྲུག་དྲུག་དང་ལྡན་པའི་བགྲོད་པ་གཉིས་ལ་གནས་པའི་དཔེའོ། །རྫོགས་པ་ལ་མི་གཡོ་བའི་དཔེ་ནི། མི་འགྱུར་སྐད་ཅིག་གིས་ཟོས་པ། །ཞེས་པ་ནི། འཇིག་རྟེན་པ་ཡི་འཛག་པ་ལས། །གཞན་པ་མི་འཛག་ པ་འདི་ནི། །ཞེས་སུ་སྦྱར་རོ། །འགྱུར་བ་མེད་པའི་སྐད་ཅིག་རྡོ་རྗེ་ནོར་བུ་ནི་དེར་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་གནས་པའི་དབུགས་ཀྱིས་ཟོས་ནས། ས་རྣམས་ཀྱིས་ནི་ཡོངས་རྫོགས་ཉིད། །ཅེས་བྱ་བ་སྟེ། རབ་ཏུ་དགའ་བ་ལ་སོགས་པ་གཞོན་ནུས་ཞེས་པའི་ཐ་ཚིག་གོ། །དེ་ཉིད་གང་ཡིན་ཞེ་ན། ཕྱོགས་ གཉིས་ཡང་དག་མནན་པ་ནི། །ཞེས་བྱ་བ་དཀར་པོའམ་ནག་པོའམ། ཡང་ན་རྟག་པའམ་ཆད་པའི་ཕྱོགས་སམ་མཐའ་མནན་ནས་གདོད་རྫོགས་པར་བྱ་ཞེས་པའི་དོན་ཏོ། །ས་རྣམས་ཀྱིས་ནི་ཡོངས་རྫོགས་ན། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་གསུངས་ཏེ། དུས་དེ་ན་ནི་རྟེན་འབྲེལ་བཅུ་ གཉིས་ལུགས་ལས་བཟློག་པ་ཡིན་ཏེ། ཧེ་རུ་ཀ་ཕྱག་བཅུ་གཉིས་ཀྱི་བརྡ་བསྟན་ཏེ། དེ་ཉིད་བཅུ་གཉིས་སའི་དབང་ཕྱུག་ཡིན་ལ། རྣམ་པ་བཅུ་གཉིས་ས་རྣམས་ཀྱིས། །རྫོགས་པ་གཉིས་སུ་མེད་པའི་མཆོག །ཅེས་དགོངས་སོ། །དེ་ཉིད་བྱང་ཆུབ་ཀྱི་སེམས་ཟླ་བ་ཆ་བཅུ་དྲུག་པར་འགྱུར་བའི་རང་བཞིན་ བསྲུང་བ་ལས་ལུས་རྒྱས་པས་ན། ཆ་རྣམས་ཀྱིས་ནི་རྫོགས་པའི་སེམས། །རྣམ་པ་བཅུ་དྲུག་མི་འགྱུར་བ། །དོན་གཅིག་གཉིས་སུ་མེད་པའི་སེམས། །དོན་དམ་པ་ནི་མི་ཉམས་པ། །ཞེས་གསུངས་པ་ཡིན་ནོ། །རྫོགས་པའི་གནས་སྐབས་སེམས་འགྱུར་ན། །ཀུན་ནས་རབ་ཏུ་རྫོགས་པ་ཡིན། །ཞེས་ པ་ནི་བདག་གི་རྡོ་རྗེ་ནོར་བུ་ནས་མི་འགྱུར་བའི་བདེ་བས་དྲི་མ་མེད་པ་མན་ཆད་ཡོངས་སུ་གང་བ་ནས་ཀུན་ནས་རྫོགས་པའི་ཕྱིར་ཀུན་དུ་བཟང་པོ་ཡིན་ནོ། །དུས་དེ་ན་འཇིག་རྟེན་པའི་ཆགས་པ་དང་བྲལ་ཞིང་མི་འགྱུར་བའི་བདེ་བ་ལ་ཆགས་པའི་ཕྱིར། ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཞེས་པ་ཡིན་ནོ། ། རྡོ་རྗེ་ཡན་ལག་མི་འགྱུར་ཆེ། །ཕྱོགས་གཉིས་པ་ཡི་བག་ཆགས་ཀྱིས། །ཡོངས་སུ་གང་བ་མ་འདྲེས་པ། །ཞེས་པ་ནི་རྡོ་རྗེ་ཡན་ལག་མེད་པ་ཞེས་བྱ་བ་ཡིན་ནོ། །རྡོ་རྗེ་ནོར་བུ་ཡོངས་སུ་གང་བ་ལ་ཡར་ངོ་མར་ངོའི་བག་ཆགས་ཀྱིས་མ་འདྲེས་པ་ཞེས་པའི་དོན་ཏོ། །ཇི་ལྟར་རྒྱ་མཚོ་ཆུ་བོའི་ཆུ། །ཞུགས་ན་ཆུ་ དེ་དང་མཉམ་འགྱུར། །ཞེས་པ་ནི་ཆུ་བྲན་ཐམས་ཅད་དུག་ཅན་དུ་ཞུགས་པ་དེར་རོ་མཚུངས་ཞེས་པའི་དོན་ཏོ། །དེ་བཞིན་དུ་ནི་དངོས་པོའི་ཚོགས། །འགྱུར་བ་དེ་ནི་མི་འགྱུར་སྙམ། །ཞེས་པ་ནི་དེ་བཞིན་དུ་འགྱུར་བ་དང་། མི་འགྱུར་བའི་རོ་གཅིག་གོ། །ཇི་ལྟར་ཁམས་ཀྱི་ཚོགས་འདི་ནི། །ས་བོན་གྱིས་ ཟོས་རོ་ཉིད་འགྱུར། །ས་བོན་རང་བཞིན་ཉིད་དུ་ནི། །འབྲས་བུ་དུས་གསུམ་ང་རྒྱལ་སྤངས། །ཞེས་པ་ནི་དཔེར་ན། འབྲས་བུ་ཐ་དད་པའི་ས་བོན་གྱིས་འབྲས་བུ་ཐ་དད་པ་སྐྱེས་ཀྱང་། རྒྱུ་འབྲས་ཀྱི་རྟོགས་པ་མེད་པའམ། ཡང་ན་ལྕགས་དང་ཟངས་ལ་སོགས་པའི་ཁམས་ ཀྱི་ཚོགས་ལ་གསེར་འགྱུར་གྱི་རྩི་ལ་སོགས་པས་བསྒྱུར་ཀྱང་ཕན་ཚུན་དུ་རྟོགས་པ་མེད་པའོ། །དེ་ལྟར་དངོས་པོའི་ཚོགས་ཀྱང་ནི། །མཆོག་ཏུ་མི་འགྱུར་བ་ཟོས་ནས། །རྣམ་པ་ཐམས་ཅད་རང་བཞིན་འཛིན། །མཆོག་ཏུ་མི་འགྱུར་ཉིད་དུ་འགྱུར། །ཞེས་པ་ལ། དེ་ལྟར་དངོས་པོའི་ཚོགས་འཛག་ པ་ལ་སོགས་པ་ལ་ནི་མཆོག་ཏུ་འགྱུར་བ་མེད་པའི་ཏིང་ངེ་འཛིན་གྱིས་ཟོས་ནས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་བདེ་བ་ཆེན་པོར་འགྱུར་ཞེས་པའི་དོན་ཏོ། །མཆེ་རྨའི་ཚོར་བའི་སྡུག་བསྔལ་ནི། །གཞན་དུའང་མནན་པས་རིག་མིན་ལ། །ཀུན་རྫོབ་གནས་སྐབས་འགྱུར་ན་ནི། །དབང་པོའི་སྒོ་ཡི་ ཡུལ་མ་ཡིན། །ཞེས་པ་ནི་དཔེར་ན་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པའི་མཆེ་བས་སྐྱེས་བུ་གང་ཞིག་ལ་བཟུང་ན། དུག་དེ་མྱུར་དུ་ཁྱབ་པའི་ཚོར་བ་མི་བཟད་པས་དབང་པོ་ཐམས་ཅད་མྱུར་དུ་འགགས་ནས་འཆི་བར་འགྱུར་རོ། །དེ་བཞིན་རྣལ་འབྱོར་རྡོར་ནོར་བུར། །གཞན་དུ་དམ་པའི་བདེ་རིག་མིན། ། སེམས་ནི་རྫོགས་པའི་ཆར་འགྱུར་ན། །དབང་པོའི་སྒོ་ཡི་ཡུལ་ལ་མིན། །ཞེས་པ་ནི་དེ་བཞིན་དུ་རྣལ་འབྱོར་པས་རྡོ་རྗེ་ནོར་བུར་འཛག་པ་མེད་པའི་བདེ་བས་གང་བ་ནི་ལུས་པོ་རྣམས་བདེ་བས་རྒྱས་པ་ཞེས་བྱ་སྟེ། དབང་པོ་རྣམས་བདེ་བ་འགགས་པའི་བདེ་བ་འབྱུང་བ་ཞེས་པའི་དོན་ཏོ། །ཇི་ལྟར་ལྕགས་ ཀྱི་ཕྱོགས་གཅིག་ན། །རོ་བཅུད་ཆེན་པོ་ཡང་དག་གནས། །ལྕགས་ལ་དྲག་པོའི་མེས་གདུངས་ན། །ཀུན་ནས་ཀུན་དུ་འབིགས་པར་བྱེད། །དཔེར་ན་ཞེས་པ་ནི་ལྕགས་དང་ཟངས་ལ་སོགས་པའི་ཕྱོགས་གཅིག་ཏུ་རྩི་བཞག་སྟེ་མེས་དྲག་ཏུ་གདུངས་ན་ཀུན་དུ་ཁྱབ་པར་བྱེད་དོ། །དེ་བཞིན་དུ་ནི་ཕྱོགས་ གཅིག་ན། །མི་འགྱུར་བདེ་བ་ཡང་དག་གནས། །སེམས་ནི་འདོད་ཆགས་མེས་གདུངས་ན། །ཀུན་ནས་ཀུན་དུ་འབིགས་པར་བྱེད། །ཅེས་པ་ནི། བདེ་བ་ཆེན་པོའི་འཁོར་ལོ་ལ་ནི་བྱང་ཆུབ་སེམས་ཀྱི་མིང་ཅན་གནས་པ་ལ་ཕྱག་རྒྱ་ཆེན་མོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་པའི་འདོད་ཆགས་ཀྱི་མེས་གདུངས་ བ་བཞིན་བསྲེགས་ནས་ལུས་ཀུན་ལ་ཁྱབ་པར་བྱེད་ཅེས་པའི་དོན་ཏོ། །དེ་ལྟར་ཕུག་པའི་ལྕགས་ལ་ནི། །གང་དུ་ཡང་ནི་དྲི་མ་མེད། །དེ་བཞིན་ཕུག་པའི་སེམས་ལ་ནི། །གང་དུའང་བག་ཆགས་གཡོ་བ་མིན། །ཞེས་པ་ནི་དེ་ལྟར་གསེར་དུ་འགྱུར་བའི་ལྕགས་ལ་སོགས་པའི་གནས་སྐབས་གང་ཡང་ མེད་པ་དེ་བཞིན་དུ་མི་འགྱུར་བའི་བདེ་བས་ཕུག་པའི་སེམས་ལ་ནམ་ཡང་བག་ཆགས་ཀྱི་གོ་སྐབས་ཡོད་པ་ཡང་མ་ཡིན་ནོ། །གསེར་ཉིད་དུ་ནི་ལྕགས་བསྒྱུར་ལ། །མེ་ཡིས་དྲི་མེད་འགྱུར་བ་ལྟར། །དེ་བཞིན་སེམས་ནི་ཡང་ནས་ཡང་། །འདོད་ཆགས་མེས་ནི་དྲི་མེད་འགྱུར། །ཞེས་པ་ནི་ལྕགས་ གསེར་དུ་འགྱུར་བའི་རྐྱེན་མེས་བྱེད་པ་དེ་བཞིན་དུ། སེམས་དྲི་མ་མེད་པའི་རྐྱེན་ནི་སྟོང་པ་ཉིད་ལས་འབྱུང་བའི་མེས་བྱེད་པ་ཡིན་ནོ། །ནོར་བུ་ཆེན་པོ་རྡོ་ལ་རེག །རབ་ཏུ་གསལ་བར་འགྱུར་བ་ལྟར། །དེ་བཞིན་མི་འགྱུར་བདེ་རེག་ན། །སེམས་ནི་བདེ་བ་ཉིད་དུ་འགྱུར། །ཞེས་པ་ནི་དཔེར་ན་ནོར་བུ་དམར་པོའི་ རིགས་ལ་སོགས་པ་རྡོ་ལ་བདར་ན་གསལ་ཞིང་འོད་འབྱུང་བ་དེ་བཞིན་དུ་འགྱུར་བ་མེད་པའི་བདེ་བས་སེམས་ལ་བདར་ན་སེམས་བདེ་ཞིང་གསལ་བར་འགྱུར་ཞེས་པའི་དོན་ཏོ། །འདིར་མང་སྨྲས་པས་ཅི་ཞིག་བྱ། །འཇིག་རྟེན་ཀུན་རྫོབ་བདེན་པ་ཡིས། །ལྕགས་ནི་ཀུན་དུ་འབིགས་པ་ཡིན། །རོ་ཡི་ནུས་ མཐུ་བསམ་མི་ཁྱབ། །དོན་དམ་པར་ནི་ཡེ་ཤེས་དངོས། །རྟོགས་པར་ཡང་ནི་ནུས་སམ་ཅི། །ཞེས་པ་ནི་འདིར་བརྗོད་པ་མང་པོས་ཅི་ཞིག་བྱ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་རྟེན་འབྲེལ་གྱི་ནུས་པ་བསམ་དུ་མེད་པར་དཔྱད་པར་ཡང་མི་ནུས་ན་གཉིས་སུ་མེད་པའི་ཡེ་ཤེས་མི་འགྱུར་བའི་བདེ་བས་བསྐྱེད་པ་ཅིའི་ ཕྱིར་རྟོག་པར་ནུས་ཞེས་པའི་དོན་ཏོ། །གློ་བུར་དྲི་མས་གཡོགས་པ་ཡི། །སེམས་ལ་ཀུན་ཏུ་འབིགས་པ་ཡིན། །སེམས་ལ་ཀུན་དུ་ཞེས་པ་ནི་སེམས་ཀྱི་དྲི་མ་ཞེས་བྱ་བ་ཡོད་པ་མ་ཡིན་པ་རང་གིས་ཡོངས་སུ་བརྟགས་པ་དེ་ལ་འབིགས་ཞེས་པའི་དོན་ཏོ། །སེམས་ལ་གློ་བུར་དྲི་མ་མེད། །སེམས་ལ་ ཡུན་རིངས་དུས་ནའང་མིན། །སེམས་ལས་མ་གཏོགས་སྐྱེ་བའང་མིན། །སེམས་ལ་ཟད་མེད་གནས་པའང་མེད། །ཅེས་པ་ནི་དྲི་མ་མེད་ཅེས་པ་དང་སྦྱར་རོ། །དེ་ལ་དྲི་མ་མེད་ཅེས་བྱ་བ་ལ། གལ་ཏེ་འདིའི་གློ་བུར་བ་ཡིན་ན་ཞེས་པའི་དོན་ཏོ། །སྐྱོན་ཅིར་འགྱུར་ཞེ་ན། དེའི་ཕྱིར་སྔོན་དུ་དྲི་མ་མེད་པའི་ སེམས་ཞེས་བྱ་བ་སྨོས་ཏེ། གལ་ཏེ་གློ་བུར་ཞེས་བྱ་བ་ལ་སྔ་མ་མེད་པ་ལས་འོངས་པ་མེད་པ་ཞེས་ཏེ་དེ་ལྟར་ན་ནི་སྤངས་ཤིང་ཕྱི་ནས་ཡང་སྐྱེ་བའི་ཕྱིར་སྐྱོན་དུ་ཐལ་བར་འགྱུར་རོ་ཞེས་བྱའོ། །གལ་ཏེ་འདི་ནི་ཡུན་རིངས་ནས། །དེའི་ཕྱིར་དེ་ལ་སྲིད་མིན་གང་། །ཞེས་པ་ནི། གལ་ཏེ་ སེམས་ཀྱི་དྲི་མ་འདི། །སེམས་ཉིད་དེ་ཡི་རང་བཞིན་ཡིན། །ཞེས་དགོངས་ན་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་མི་གཡོ་བ་མ་ཡིན་ཏེ། མེའི་རང་བཞིན་ཚ་བ་མི་འདོར་ཞེས་པའི་དོན་ཏོ། །གལ་ཏེ་སེམས་ལས་མ་གཏོགས་འོངས། །དེ་ལྟར་ནམ་མཁའི་མེ་ཏོག་མཚུངས། །ཞེས་པ་ནི་འོན་ཏེ་སེམས་ལས་མ་ གཏོགས་པ་ཐ་དད་པར་གནས་པ་ཡིན་པ་དེ་ལྟ་ན་ནི་ཡོད་ཀྱང་གནོད་པ་མི་སྐྱེད་དེ། །ནམ་མཁའི་པདྨའམ། མོ་གཤམ་གྱི་བུ་ལ་སོགས་པས་ནི་ཕན་པའམ་གནོད་པར་མི་འགྱུར་ཞེས་པའི་དོན་ཏོ། །གལ་ཏེ་སེམས་ལ་རྟག་གནས་ན། །དེ་ལྟར་ཀུན་དུ་ཐར་པ་ཡིན། །ཞེས་པ་ནི་འོན་ཏེ་སེམས་ཀྱི་དྲི་མ་དེ་སྐྱེས་བུ་ དང་གྲིབ་མ་འདྲའམ། མར་མེ་དང་འོད་ལྟར་རྟག་པར་གནས་ན་ཡང་མྱ་ངན་ལས་འདས་པའི་གོ་འཕང་འཐོབ་པ་མེད་ཅེས་དགོངས་སོ། །འོ་ན་དེ་ཅིའི་ཕྱིར་ཞེ་ན། དྲི་མ་ཞེས་སམ་སྒྲིབ་པ་ཞེས་པ་ནི་བཏགས་པ་དང་མིང་ཙམ་དང་བྱིས་པ་སོ་སོའི་སྐྱེ་བོས་བཏགས་པ་སྟེ། དཔེར་ན་ནམ་མཁའ་ལེགས་པར་མ་དག་པ་ལ་སྐྱེས་ བུ་འགའ་ཞིག་གིས་སྐྱེས་བུ་འགའ་ལ་ལག་པའི་སོར་མོ་ལྔ་བསྟན་ན། སྦྲུལ་མགོ་གདེངས་པར་འཁྲུལ་ནས་སྐྲག་པ་དང་འདྲའོ། །དེ་ཡང་ཅི་སྐད་དུ། བཅོམ་ལྡན་འདས་ཉིད་ཀྱིས། དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །ཞེས་གསུངས་སོ། །དེ་ ཅིའི་ཕྱིར་ཞེ་ན། ཇི་ལྟར་ཟངས་མའི་དྲི་མ་ནི། །བཅུད་ཀྱི་སྦྱོར་བས་ཉམས་པར་འགྱུར། །དྲི་མེད་ཀྱིས་ནི་ཡང་དག་གནས། །དེ་ཡིས་དེ་ཉིད་ཉམས་པ་མེད། །ཅེས་གསུངས་ཏེ། དཔེར་ན་གང་ཟངས་སམ་ལྕགས་ཀྱི་དྲི་མ་ལ་རྩི་སྨན་ལ་སོགས་པ་བཏབ་ནས་མེ་ལ་བསྲེགས་ན་དྲི་མ་ཚིག་ཅིང་དེ་དག་ ཉིད་ཉམས་པ་མེད་པ་དེ་བཞིན་དུ། དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་ཉམས་པར་འགྱུར། །དྲི་མེད་ཉིད་ཀྱིས་ཡང་དག་གནས། །དེ་ཡིས་ཡེ་ཤེས་ཉམས་པ་མེད། །ཅེས་གསུངས་པ་ནི་སེམས་ཀྱི་དྲི་མ་ཞེས་བྱ་བ་སྟོང་པ་ཉིད་ཀྱི་མེས་བསྲེག་ན་འཚིག་ཅེས་པའི་དོན་ཏོ། །དེ་ཡང་ཇི་སྐད་དུ། ཡེ་ཤེས་གཟི་བརྗིད་རབ་འབར་བས། །བདུད་དཔུང་ཡུལ་བཅས་མ་ལུས་བསྲེག །ཅེས་གསུངས་ལ། དེ་ཡང་ཇི་ལྟར་འཇིག་རྟེན་ཕལ་པའི་ཆད་པར་ལྟ་བའི་སྟོང་པ་ཉིད་ནི་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར་རང་གིས་རིག་པའི་སྟོང་པ་ཉིད་ཀྱི་སེམས་ཞེས་བྱ་བ་ཡང་ཡིན་པར་ དགོངས་སོ། །ཇི་ལྟར་བཅུད་ཀྱིས་ལྕགས་འབིགས་པ། །ལྕགས་ཉིད་དུ་ནི་འགྱུར་བ་མེད། །དེ་བཞིན་བདེ་བས་ཕུག་པའི་སེམས། །སྡུག་བསྔལ་ཉིད་དུ་འགྱུར་མ་ཡིན། །ཞེས་པ་ནི་དཔེར་ན་ཟངས་ལྕགས་ལ་སོགས་པའི་ཁམས་གསེར་དུ་བསྒྱུར་བ་ནི་སླར་ཟངས་དང་ལྕགས་སུ་མི་འགྱུར་བ་དེ་བཞིན་ དུ། མི་འགྱུར་བའི་བདེ་བས་ཕུག་པའི་སེམས་སླར་བཞིན་སྡུག་བསྔལ་གྱི་རང་བཞིན་དུ་འགྱུར་བའི་གནས་སྐབས་མེད་ཅེས་པའི་དོན་ཏོ། །དེ་བས་ན། ཆགས་བྲལ་ལས་ནི་སྡིག་གཞན་མེད། །དེ་ལས་བསོད་ནམས་གཞན་ཡང་མེད། །དེ་བས་རྟག་པར་མི་འགྱུར་བདེ། །སེམས་ནི་དབུག་བྱ་མིན་ དབང་ཀྱེ། །ཞེས་གསུངས་ཏེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་བཀྲོངས་པ་བས་ནི་བྱང་ཆུབ་ཀྱི་སེམས་བསད་པ་སྡིག་ཆེ་བ་ཡིན་པས་གཞན་དུ་ཡང་དུས་གསུམ་དུ་བཞུགས་པའི་སངས་རྒྱས་རྣམས་ལ་བསྐལ་པ་གང་གཱའི་ཀླུང་དུ་བསྙེན་བཀུར་བས་ནི་སྐད་ཅིག་ཙམ་དུ་མི་འགྱུར་བའི་བདེ་བ་ལ་གནས་པའི་ བསོད་ནམས་ཆེས་ཁྱད་པར་འཕགས་ཞེས་དགོངས་སོ། །གཞན་ཡང་སྦྱིན་པ་རྣམས་ཀྱི་ནང་ན་ཡང་འདོད་པའི་སྦྱིན་པ་ཁྱད་པར་དུ་འཕགས་པའོ་ཞེས་གསུངས་སོ། །གཞན་ཡང་མི་འགྱུར་བའི་བདེ་བ་ཆེན་པོ་བརྗོད་པའི་ཡུལ་ལས་འདས་པའི་དཔེ་ནི་བདེ་བ་ལས་མ་གཏོགས་པ་གཞན་དུ་ན། གཞོན་ནུ་མ་ ཡི་དགའ་བ་ནི། །བདེ་བ་སྨྲ་བར་མི་ནུས་ཀྱི། །ལང་ཚོ་ཡིས་ནི་བདེ་ཐོབ་པ། །བདེ་བ་ཆེན་པོ་རང་གིས་རིག །ཅེས་པ་ནི་ཤིན་ཏུ་འདོད་ཆགས་ཀྱི་དབང་དུ་འགྱུར་བ་ལས་སྐྱེ་བ་བདེ་བ་ཡིན་པའི་ཕྱིར། གཞན་ལ་བརྗོད་པར་མི་ནུས་སོ། །དེ་བཞིན་ཏིང་འཛིན་བྲལ་བ་ཡིས། །བདེ་བ་སྨྲ་བར་མི་ནུས་ཀྱིས། །ཏིང་ ངེ་འཛིན་གྱིས་མི་འགྱུར་ཐོབ། །རྣལ་འབྱོར་པ་རྣམས་རང་གིས་རིག །ཅེས་པ་ནི། འཇིག་རྟེན་པའི་འཛག་པའི་འདོད་ཆགས་ཀྱང་དཔེ་ཡིས་བརྗོད་པར་མི་ནུས་ན་མི་འགྱུར་བ་ལས་སྐྱེས་པའི་བདེ་བ་གང་གིས་ཀྱང་བརྗོད་པར་མི་ནུས་ལ་ཏིང་ངེ་འཛིན་ཐོབ་པའི་སྤྱོད་ཡུལ་ཏེ། སོ་སོ་རང་གིས་རིག་པའོ། །མི་འགྱུར་ ལས་སྐྱེས་ཐེ་ཚོམ་མེད། །ཐམས་ཅད་མཁྱེན་པ་མ་ཐོབ་ཀྱང་། །ཡིད་ལ་བདེ་མིན་ཆགས་བྲལ་བས། །དེ་ལྟར་ཡང་ནི་མི་བྱའོ། །ཞེས་པ་ནི་བྱིས་པ་གང་དག་བདེ་བ་ཆེན་པོའི་སྐུ་འདི་ནི་མི་འགྱུར་བའི་བདེ་བ་ལས་འཁྲུངས་སམ། འོན་ཏེ་མ་ཡིན་ཞེས་དོགས་ན། དེའི་བརྗོད་པ་ ལྟ་ཞོག་གི །ཇི་ལྟར་འགྱུར་བའི་བདེ་བ་ཡང་འཕོ་བ་མེད་པ་དེ་སྲིད་དུ་ལུས་སིམ་ཞིང་རྒྱས་པ་ཡིན་ལ། ཕྱི་རོལ་དུ་འགྱུར་བ་ནི་མེད་པས། དེ་བས་ཆགས་བྲལ་དུ་མི་བྱ། །ཞེས་པའི་དོན་ཏོ། །དེ་ཉིད་ཆགས་བྲལ་ཉེས་དམིགས་བསྟན་པ་ནི། འཕོ་བ་ལ་ནི་ཆགས་བྲལ་འགྱུར། །ཞེས་པ་ནི། སེམས་ཅན་གཞན་དུ་ སྲིད་པ་མེད། །ཅེས་པ་ཡན་ཆད་ཀྱིས་བསྟན་པའོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །འཕོ་བའི་བདེ་བ་སྤང་བར་བྱ། །ཞེས་པ་ནི་ཉེས་པ་དེ་ལྟར་བསྟན་པ་དེ་བས་ན་འཛག་པའི་བདེ་བ་སྤངས་ཞེས་པའི་དོན་ཏོ། །གང་གིས་སྲིད་པའི་འཆིང་བ་ལས། །མི་འགྱུར་བདེ་འགྱུར་རྣལ་འབྱོར་པ། །ཞེས་པ་ནི་གང་ གིས་སྲིད་པ་འཆིང་བའི་འདུན་པ་ལས་གྲོལ་བར་འདོད་པའི་རྣལ་འབྱོར་པས་ཅིའི་ཕྱིར་ཆགས་པ་དང་བྲལ་བར་བྱེད་པ་ཞེས་པའི་དོན་ཏོ། །འདོད་པའི་བསྟན་བཅོས་ཆགས་ཅན་པས། །ཆགས་བྲལ་བར་ནི་མི་འདོད་ན། །ཞེས་པ་ནི་འཇིག་རྟེན་པའི་སྐད་ཅིག་མའི་བདེ་བ་ཙམ་ཉམས་སུ་ལེན་པའི་ལྷ་དབང་ཕྱུག་ཆེན་པོ་ ལ་སོགས་པ་ཡང་ཆགས་པ་དང་བྲལ་བར་མི་འདོད་པས། ཆགས་པའི་བསྟན་བཅོས་འབའ་དང་ཚ་ལ་ཡཱ་ན་ལ་སོགས་པ་སྟོན་པར་བྱེད་པའི་རྒྱུད་སྟོན་ཅིང་། གཞན་དག་ཀྱང་མཉན་པ་ལ་འབད་པར་བྱེད་ཅིང་བདེ་བ་རྒྱུན་མི་འཆད་པའི་དོན་དུ་འབད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །བདག་གིས་བསྟན་པའི་རྒྱུད་ལ་ ནི། །རྣལ་འབྱོར་པས་ནི་སྡུག་བསྔལ་འདོད། །ཅེས་པ་ནི་ཅིའི་ཕྱིར་ཞེས་སྦྱར་བར་བྱའོ། །དེ་ཡང་བདག་གི་འཁོར་བའི་སྡུག་བསྔལ་འབྱུང་བའི་རྒྱུ་ཆགས་བྲལ་དུ་བསྟན་ལ། སྡུག་བསྔལ་དེ་འགག་པའི་རྒྱུ་ཆགས་བྲལ་སྤངས་པར་བསྟན་པ་ལ་འཇུག་པའི་འབད་པ་མེད་པ་ངོ་མཚར་ཞེས་པའི་དོན་ཏོ། །ས་ བོན་མི་འགྱུར་རང་བཞིན་གྱིས། །མཆོག་ཏུ་མི་འགྱུར་བསྒྲུབ་པར་བྱ། །དེ་ལྟར་བརྗོད་པའི་རིམ་པས་འགྱུར་བའི་བདེ་བ་སྤངས་ལ། མི་འགྱུར་བའི་བདེ་བས་ལུས་འགྲུབ་ཅེས་དགོངས་སོ། །རྟེན་ནི་འཕོ་བ་ཐོབ་པ་ལ། །རྟེན་བྱེད་ཆགས་པ་བྲལ་བ་ཉིད། །ཅེས་པ་ནི་དེ་ལྟ་བས་ན། བདེ་བའི་རྟེན་བྱང་ཆུབ་ཀྱི་ སེམས་ཀྱི་མིང་ཅན་འཕོ་བ་དེ་ལ་བརྟེན་པའི་བདེ་བ་ཆེན་པོ་ཡང་འཕོ་ཞེས་བྱའོ། །འོ་ན་རྟེན་དང་རྟེན་བྱེད་ཀྱི་འབྲེལ་པ་གང་དུ་འདོར་བར་འགྱུར་ཞེ་ན། རྟེན་དང་བརྟེན་པའི་འབྲེལ་པ་ནི། །ཇི་སྲིད་མི་འགྱུར་ཉིད་དུ་འགྱུར། །སེམས་ཀྱིས་མི་འགྱུར་ཉིད་འཐོབ་པས། །རྟེན་དང་བརྟེན་པའི་འབྲེལ་པ་མེད། །ཅེས་ པ་ལ། བྱང་ཆུབ་སེམས་ཀྱི་མྱུ་གུ་རྩེ་མོ་གྱེན་དུ་བསྟན་པ་ནི་དྲི་མ་མེད་པ་ཞེས་བྱ་བའི་གནས་སུ་བགྲོད་པ་ནས་འབད་པ་མི་དགོས་ཏེ། རྣལ་འབྱོར་དེ་གྲོང་དང་གྲོང་ཁྱེར་དང་། སྐྱེ་བོ་མང་པོའི་ནང་ན་འདུག་ཀྱང་རུང་། རྒྱལ་པོའི་ཕོ་བྲང་འཁོར་ན་འདུག་ཀྱང་རུང་། ར་རོ་འམ། བརྒྱལ་ལམ། གཉིད་ལོག་ ཀྱང་རུང་སྟེ། འབད་པ་མི་དགོས་ཞེས་བྱའོ། །དེ་ཡང་གསལ་བར་བསྟན་པ་ནི་མི་འགྱུར་བ་ལས་སྐྱེས་པའི་སྐུ། མཛོད་སྤུའི་འཁོར་ལོར་སོན་པ་ལ། །ཨཱ་ལི་ཀཱ་ལི་འབྱོར་པ་ཡིས། །ཧཱུྃ་ཡིག་མི་འདོད་རྒྱལ་པོ་ཀྱེ། །ཞེས་གསུངས་ཏེ། དེ་ལྟར་མཛོད་སྤུའི་དྲི་མ་མེད་པ་ཞེས་བྱ་བར་བྱང་ཆུབ་ཀྱི་མྱུ་གུས་ཁྱབ་པ་ལ་ ཨ་ལ་སོགས་པ་ཡོངས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་དང་། ཀཱ་ལ་སོགས་པ་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་དང་། དེའི་བར་དུ་ཧཱུཾ་སྔོན་པོ་སྟེ་དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའི་སྐུ་ལུས་ལས་འོད་ཟེར་སྣ་ལྔ་འཕྲོས་པ་དང་བསྡུས་པའི་སྐུ་ལས་བདུད་རྩིའི་རྒྱུན་འབྱུང་བ་ཡེ་ཤེས་སེམས་ དཔའི་བྱིན་གྱིས་བརླབས་པས་དེ་ལྟ་བུའི་བརྟགས་པའི་སྐུ་ལྟ་མི་དགོས་ཞེས་བྱ་བ་འམ། ཡང་ན་དེ་ལྟ་བུའི་བརྟགས་པའི་རང་བཞིན་དུ། མཛོད་སྤུར་འགྲོ་བའི་རྒྱུ་མི་བྱེད། །ཅེས་བྱ་བའོ། །ཀྱེ་ཞེས་པ་ནི་ཟླ་བ་བཟང་པོ་ལ་བོད་པའི་ཚིག་གོ། །དེ་ཡང་སྟོང་པ་ལས་བྱུང་བའི་གཟུགས་ནི་རྒྱུ་ཞེས་པའམ། ཡང་ན་མི་འགྱུར་ བ་ལས་སྐྱེས་པའི་རྒྱུ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་དེའི་སྟོང་པ་ཉིད་ཡིན་ལ། འབྲས་བུ་ནི་བདེ་བ་ཆེན་པོ་ཡིན་ནོ། །འབྲས་བུ་ཡིས་ནི་རྒྱུ་རྒྱས་གདབ། །རྒྱུ་ཡིས་འབྲས་བུ་རྒྱས་གདབ་བོ། །སྟོང་པ་ཉིད་གཟུགས་རྒྱུ་ཡིན་ཏེ། །འབྲས་བུ་སྙིང་རྗེའི་གཟུགས་མི་འཛིན། །ཞེས་པ་ནི་གདུལ་བར་དཀའ་བའི་འགྲོ་ བ་ལ་བརྟགས་པའི་ཆོས་ནི་བརྒྱན་པ་ཡིན་ལ། དེ་ཡང་ཐབས་ཀྱི་རིགས་ཅན་དང་། །ཤེས་རབ་ཀྱི་རིགས་ཅན་གྱིས་ཕན་ཚུན་དུ་མཚོན་པ་དང་ལྟོས་པར་བྱ་བའི་ཆེད་དུའོ། །གཞན་ཡང་བརྟགས་པའི་ཆོས་ལ་ནི་རྒྱུ་དང་། འབྲས་བུ་འགྲུབ་ལ། བརྟགས་པ་མ་ཡིན་པ་ལ་ནི་མ་ཡིན་ཏེ། དེ་ཡང་སྟོང་ཉིད་སྙིང་རྗེ་ དབྱེར་མེད་ལ། །བྱང་ཆུབ་སེམས་སུ་དེ་བརྗོད་དོ། །ཞེས་པ་ནི་རྒྱས་གདབ་པ་ལས་གྲོལ་བར་སྟོན་ཏོ། །མྱ་ངན་འདས་དང་བྲལ་བའི་སེམས། །འཁོར་བ་ལས་འདའ་མི་འགྱུར་ལ། །རྟག་དང་ཆད་ལས་ངེས་པར་གྲོལ། །དེ་ཉིད་སྦྱོར་བ་གཉིས་མེད་གཞན། །ཞེས་གསུངས་པ་ ཡིན་ཏེ། གང་ཡང་ལས་ཀྱི་ཕྱག་རྒྱ་ཤེས་རབ་ཀྱི་མིང་ཅན་དང་ཐབས་སྙིང་རྗེའི་མིང་ཅན་དེ་དག་ལ་ནི་ལྟོས་པ་ཡིན་ལ། ཤེས་རབ་ཆེན་པོ་འདི་ནི་ལྟོས་པ་དང་བྲལ་བ་ཡིན་ནོ། །དངོས་མེད་ལས་བྱུང་མཚན་ཉིད་ཕྱིར། །གཟུགས་ལ་དངོས་པོ་མེད་པ་མིན། །ཞེས་པ་ནི། བྱིས་པ་རྣམས་ཀྱི་རྟོག་པ་བཟློག་པ་སྟེ། དེ་ཡང་ཆད་པར་ལྟ་བ་ལ་ཁ་ཅིག་གི་བསམ་པ་ལ་ཀུན་རྫོབ་ཙམ་དུ་ཡང་མེད་སྙམ་པའམ་གཟུགས་ལ་དངོས་པོ་མེད་ཅེས་པ་སྟེ། དུ་བ་ལ་སོགས་པས་འབྱུང་བར་བསྟན་པའོ། །དེ་ཉིད་ཐེར་ཟུག་ཏུ་ལྟ་བ་དགག་པའི་ཕྱིར། དངོས་པོ་ལས་བྱུང་མཚན་ཉིད་ཕྱིར། །མི་འགྱུར་བ་ལ་དངོས་པོ་མེད། །ཅེས་གསུངས་ པ་ཡིན་ནོ། །དེ་བས། དངོས་དང་དངོས་མེད་ཡང་དག་སྦྱོར། །རྡོ་རྗེ་རྣལ་འབྱོར་གཉིས་མེད་མཆོག །གཟུགས་དང་གཟུགས་མེད་རྣམ་པར་གྲོལ། །མེ་ལོང་གི་ནི་པྲ་བཞིན་ནོ། །ཞེས་པ་ནི། དེ་ལྟར་བརྗོད་པའི་རིམ་པས་རྡོ་རྗེ་རྣལ་འབྱོར་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཟུང་དུ་འཇུག་པ་ལ་བྱའོ། །སྲིད་གསུམ་ གཟུགས་ནི་མི་འོང་སྟེ། །འགྱུར་མེད་མི་གྲོལ་མྱ་ངན་འདས། །ཞེས་པ་ནི་དུ་བ་ལ་སོགས་པའི་མཚན་མ་དང་། མི་འགྱུར་བའི་བདེ་བ་ནི་སྲིད་པ་དང་ཞི་བའི་མཚན་ཉིད་མཉམ་པ་ཉིད་ཡིན་གྱི། ཐ་དད་པ་མ་ཡིན་པར་དགོངས་སོ། །དེའི་ཕྱིར། ཕན་ཚུན་འཁྱུད་དང་ཞི་བ་ནི། །མ་ནིང་གི་ནི་གོ་འཕང་མཆོག །ཅེས་པ་ ནས། ཕན་ཚུན་དུ་ནི་རྒྱས་གདབ་མེད། །ཅེས་བྱ་བ་ནི་མི་འགྱུར་བའི་ཤེས་རབ་ཡེ་ཤེས་ཆེན་པོ་ལ་རྒྱས་གདབ་པ་མེད་པར་སྟོན་ཅིང་། གཉིས་ཀ་ལ་མཉམ་པར་གནས་པས་ན་མ་ནིང་གི་གནས་ཀྱི་མཆོག་ཡིན་པར་སྟོན་ཏོ། །འོ་ན་གང་ལ་རྒྱས་གདབ་ཅེ་ན། གང་གི་རྒྱུ་དང་འབྲས་བུ་ཀུན། །དེ་ནི་རྟེན་ཅིང་ འབྲེལ་ལས་འབྱུང་། །ཞེས་གསུངས་ཏེ། བརྟགས་པའི་ཆོས་ལ་རྒྱས་གདབ་པར་གསུངས་ཏེ། གཞན་ལ་མ་ཡིན་ཞེས་དགོངས་སོ། །ཕན་ཚུན་དུ་ནི་རྒྱས་གདབ་གཟུགས། །སྐྱེ་བ་མེད་ཅིང་འདས་པའང་མེད། །ཤེས་རབ་ཀུན་ནས་མྱ་ངན་འདས། །མཆོག་ཏུ་འགྱུར་བ་མེད་པ་སྟེ། །རྒྱུ་དང་འབྲས་བུ་རྣམ་པར་ གྲོལ། །ཕན་ཚུན་རྒྱ་ཡིས་གདབ་པ་མེད། །ཅེས་པ་ནི་ཤེས་རབ་ཆེན་པོའི་དབང་ལ་ཞེས་བྱ་བར་སྦྱར་རོ། །མ་སྐྱེས་པ་དང་མ་འགགས་པའི། །ཤེས་བྱ་གང་ཞིག་འདི་མཐོང་ན། །ཞེས་པ་ནི། སྐྱེ་བ་དང་འགག་པ་དང་གདོད་མ་ནས་བྲལ་བའི་དངོས་པོ་འདིའོ། །ཕྱི་རུ་རྣམ་པར་དབྱེ་བ་ལས། །རང་གི་ སེམས་ལས་དེ་གཞན་མིན། །ཞེས་པ་ནི། གང་ཞིག་བདག་ལས་གཞན་པ་ལྟར་སྣང་བ་འདི་ནི་མ་རིག་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་སྣང་བ་གང་དེ་ཉིད་ཤེས་རབ་ཀྱི་མཚོན་གྱིས་དྲལ་ནས་བདག་ལས་གཞན་པ་མི་རྙེད་དོ། །དེ་ཡང་ཇི་སྐད་དུ། སྐྱེས་བུའི་ཀུན་རྟོག་འདོད་ཆགས་སྤང་ བྱ་ཡིས། །འཇིག་རྟེན་སྣ་ཚོགས་གང་དེ་དེ་ལྟར་གནས། །ཞེས་པ་དང་། གཞན་ཡང་འཕགས་པ་ལྷའི་ཞལ་ནས་ཇི་སྐད་དུ། ཕྱི་རོལ་དོན་ནི་ཡོད་མ་ཡིན། །འདི་དག་རང་གི་སེམས་སུ་གདའ། །ཞེས་པ་དང་གཞན་ཅི་ཡང་རུང་སྟེ། མདུན་རྫོགས་ན་དེ་ཅི་ཙམ་ལ་མི་གནས་སོ་ཞེས་པ་དང་། གཞན་ ཡང་ས་བཅུ་པའི་མདོ་ལས་ཀྱང་ཇི་སྐད་དུ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་གསུངས་པ་དེ་བས་ན་རྣམ་པར་ཤེས་པ་ཐུགས་ཀྱི་བདག་པོ་སྲིད་པ་གསུམ་གྱི་མགོན་དང་སྐྱབས་ཉིད་ལས་སྣ་ཚོགས་པར་སྣང་བ་ཡིན་ནོ། །དེ་ཡང་ཇི་སྐད་དུ། དཔལ་ས་ར་ཧའི་ཞལ་ནས། ཐུགས་ཀྱི་བདག་པོ་སྟོན་པའི་མཆོག་ཁྱོད་གཅིག་པུ་བདག་གི་སྐྱབས་གྱུར་ཅིང་། །ཤེས་རབ་ཕ་རོལ་ཕྱིན་པའི་རང་བཞིན་རོལ་པ་རྡོ་རྗེ་བཙུན་མོའི་ཚོགས། །གང་ཞིག་འཁོར་བའི་ངོ་བོས་ཆེར་གནས་དགའ་བ་དེས་འབེབས་ཤིང་། །ཡེ་ཤེས་ནམ་མཁའི་ཡིད་ཀྱི་ཆུ་བོ་རྒྱས་མཛད་དཔལ་ལྡན་བླ་མ་དེ་ ཉིད་ཡིན། །ཞེས་གསུངས་པ་དེ་བས་ན་ཐོགས་པ་མེད་པར་གནས་པའི་རྣལ་འབྱོར་ཡིན་ཏེ། དེའི་ཕྱིར་རང་གིས་རང་ལ་ནི། །གར་ཡང་རྒྱས་གདབ་ནུས་མ་ཡིན། །ཞེས་གསུངས་སོ། །རལ་གྲི་སོ་ཡིས་རང་ལ་ནི། །རལ་གྲི་ཆེན་པོ་གཅོད་དམ་ཅི། །ཞེས་པ་སྟེ་རལ་གྲིས་རང་ལ་རང་མི་གཅོད་པ་ལྟར། རང་གིས་རང་ལ་རྒྱས་གདབ་པར་ནུས་པ་མ་ཡིན་ནོ། །མོ་གཤམ་བུ་མོས་སྦྱར་བ་ན། །རྨི་ལམ་བདེ་བར་འགྱུར་བ་ལྟར། །ཞེས་གསུངས་པ་ནི། ཡོད་པ་མ་ཡིན་པའི་བཙུན་མོ་ལ་སྦྱར་བས་རྨི་ལམ་དུ་བདེ་བ་འབྱུང་བ་བཞིན་དུ། ནམ་མཁའ་ལས་བྱུང་གཟུགས་ཀྱིས་ནི། །བདག་ལ་བརྟེན་པ་དེ་བཞིན་ནོ། །ཞེས་ གསུངས་པ་ཡིན་ནོ། །ནམ་མཁའ་ཆེན་པོ་ལ་གནས་ཤིང་བརྟེན་པས་རྒྱ་ཆེ་བའི་ནམ་མཁའ་ཉིད་ལྟ་བུའི་ཡོད་པ་མ་ཡིན་པའི་རྡོ་རྗེ་འཆང་གི་གནས་ཐོབ་པའོ། །ལྷན་ཅིག་སྐྱེས་པའི་ཤེས་རབ་བཅས། །འདི་ནི་ཐབས་མིན་ཤེས་རབ་མིན། །ཞེས་པ་ནི། ཕྱག་རྒྱ་ཆེན་མོ་ལ་ བརྟེན་པས་ནམ་མཁའ་ལས་བྱུང་བའི་བདེ་བ་འདི་ནི་ཐབས་ཞེས་པའམ། ཤེས་རབ་ཅེས་སུ་གང་གིས་ཀྱང་བརྗོད་པར་མི་ནུས་པའམ། ཡང་ན་འདི་ནི་སྐྱེས་པ་དང་། མི་མོའི་ཐབས་དང་ཤེས་རབ་ལས་བྱུང་བ་མ་ཡིན་པའོ། །ཀུན་ནས་ཀུན་དུ་ཡོངས་སུ་རྫོགས། །སྒྲིབ་པ་ཐམས་ཅད་སྤངས་པ་དང་། ། ནམ་མཁའ་ལྟ་བུར་གོས་པ་མེད། །ཡུལ་དང་དབང་པོ་སྤངས་པ་ཉིད། །ཅེས་པ་ནི་རྒྱུ་དེ་ལྟ་བུ་ལ་སྙོམས་པར་ཞུགས་པ་ཡང་འབྲས་བུ་དེ་ལྟ་བུ་ཐོབ་ཅེས་པའི་དོན་ཏོ། །ཀུན་དུ་འབྱུང་པོ་ཀུན་ལ་གནས། །མི་ཆོད་མི་ཕྱེད་སྤངས་པ་ཉིད། །ཅེས་པ་ནི་དེ་ལྟ་བུའི་བདེ་བའི་ཡེ་ཤེས་ནི་འགྲོ་བ་ཐམས་ཅད་ལ་གཞིག་ ཏུ་མེད་པའི་ཚུལ་གྱིས་གནས་ཞེས་དགོངས་སོ། །ཅིའི་ཕྱིར་གཞིག་ཏུ་མི་ནུས་སྙམ་པ་ལ། འདིར་ནི་རང་འབྱུང་རྡོ་རྗེ་སེམས། །དོན་ཆེན་མཆོག་ཏུ་མི་འགྱུར་བ། །ཞེས་པ་སྟེ་བྱེད་པ་དང་བྲལ་བའམ། རང་འབྱུང་བའི་ཕྱིར་རོ། །འདོད་ཆགས་ཆེན་པོ་སེམས་དཔའ་ཆེ། །སེམས་ཅན་ཐམས་ཅད་དགའ་ བར་མཛད། །ཅེས་པ་ནི་དེ་ལྟ་བུའི་འོད་གསལ་བའི་བདེ་བ་ལས། འགྲོ་བ་རྣམས་ཀྱི་དོན་ཐོགས་པ་མེད་པར་འགྱུར་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཞེ་སྡང་ཆེ། །ཉོན་མོངས་ཟད་མཛད་དགྲ་ཆེན་པོ། །ཉོན་མོངས་ཞེས་གསུངས་ཏེ། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི་བདག་དང་ གཞན་གྱི་ཉོན་མོངས་པ་ཐམས་ཅད་གསོད་པའི་ཕྱིར། དགྲ་ཆེན་པོ་ཡིན་ནོ། །འགྲོ་བའི་དོན་ལ་བཤོལ་བ་མེད་པའམ། བསད་དུ་མེད་པའི་ཡུལ་གནས་པ་ཡིན་པའི་ཕྱིར་རོ། །དམ་ཚིག་ཆེན་པོའི་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་གསུངས་པ་ཡིན་ནོ། །འཇིག་རྟེན་པའི་ལྷ་ཆེན་པོ་ ལ་སོགས་པ་འདུལ་བའམ། ནང་གི་ལྷ་མ་ཡིན་གདུལ་དཀའ་བ་འདུལ་བའི་ཕྱིར། རྡོ་རྗེ་རྣལ་འབྱོར་ཁྲོ་བོ་ཆེ། །ལྷ་མོའི་ཁྲོ་བོ་དགྲ་ཆེན་པོ། །ཞེས་པ་ཡིན་ནོ། །དེ་གང་ཡིན་སྙམ་པ་ལ། དུས་ཀྱི་འཁོར་ལོ་ཆགས་པ་ཆེ། །འཕོ་བའི་ཆགས་པ་སིལ་མཛད་པ། །ཞེས་པ་སྟེ། གང་ཞི་བ་དང་དྲག་པོ་ལ་སོགས་པ་ དང་འཚམ་པ་ལ་དེ་དང་དེའི་རྣམ་པར་སྟོན་པའོ། །དོན་ཆེན་བཅོམ་ལྡན་འདས་ཀྱིས་འདིར། །རྡོ་རྗེ་མི་ཕྱེད་ཅེས་སུ་གསུངས། །ཞེས་བྱ་བ་སྟེ། དབྱེར་མེད་པའི་རྡོ་རྗེ་ནི་མཆོག་ཏུ་མི་འགྱུར་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ལ། སེམས་དཔའ་ནི། སེམས་དཔའ་སྲིད་པ་གསུམ་གཅིག་ པ། །མཆོག་ཏུ་མི་འགྱུར་དག་ཏུ་བརྗོད། །ཅེས་པ་སྟེ། ལུག་དང་། སེར་སྐྱ་དང་། ཡིད་བཟངས་མ་ཞེས་བྱ་བ་གསུམ་གཅིག་ཏུ་འདུས་པའི་བདེ་བ་ཡིན་ནོ། །མཆོག་ཏུ་མི་འགྱུར་བདེ་བ་གང་། །ས་རྣམས་ཀྱིས་ནི་ཡོངས་རྫོགས་ཉིད། །ཅེས་པ་ནི་གོང་དུ་བསྟན་ཟིན་ཏོ། །འགྱུར་བ་མེད་པའི་ བདེ་བའམ། སེམས་ཅན་རྣམས་ལ་ཆགས་པ་ཆེན་པོ་མངའ་བས་ན། འདོད་ཆགས་ཆེན་པོ་སེམས་དཔའ་ཆེ། །སེམས་ཅན་ཐམས་ཅད་དགའ་བར་མཛད། །ཅེས་གསུངས་པ་ཡིན་ནོ། །སེམས་དཔའ་བྱང་ཆུབ་རྣམ་པར་གནས། །དེའི་ཕྱིར་མི་གཡོ་བྱང་ཆུབ་སེམས། །ཞེས་པ་ནི། འགྱུར་བ་མེད་པའི་ བྱང་ཆུབ་སེམས་ཀྱི་མྱུ་གུའམ། རྟག་པར་སེམས་ཅན་རྣམས་ལ་དམིགས་པས་ན། དེ་སྐད་ཅེས་བྱ་བའོ། །ཉོན་མོངས་ལ་སོགས་ཞེ་སྡང་ཚོགས། །ཞེ་སྡང་ཆེན་པོ་དགྲ་ཆེན་པོ། །ཞེས་པ་ནི་ཞེ་སྡང་ཕལ་པ་གང་ཡིན་པ་དེ་ནི་ཞེ་སྡང་སྐྱེད་པའི་ཕྱིར། དེ་སྐད་ཅེས་བྱའོ། །དམ་ཚིག་ཟླ་བའི་བདུད་རྩི་ དཀར། །འཕོ་བ་མེད་དེ་ཟ་བ་པོ། །ཞེས་པ་ནི། འོད་གསལ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་གནས་པའི་རྣལ་འབྱོར་པས་ལོངས་སྤྱད་པར་བྱ་བ་ནི་འཕོ་བ་མེད་པའི་བྱང་ཆུབ་སེམས་ཀྱི་ཟླ་བ་ཡིན་ཞེས་བྱའོ། །དེ་བས་ན། རིག་པ་འདི་ནི་བྱང་ཆུབ་སེམས། །ཞེས་པ་ནི་འགྱུར་བ་མེད་པ་ལ་ཟའི་འགྱུར་བ་ དང་བཅས་པ་ལ་མི་ཟ་བའི་ཕྱིར་རོ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་པ་ནི་འཁོར་བའི་གཏི་མུག་བསལ་ནས། བསམ་དུ་མེད་པའི་ཡུལ་ལ་གནས་པའི་ཕྱིར་རམ། ཐོབ་པ་མེད་པའི་རྣམ་པར་འཕྲུལ་པས་གནས་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཤེས་རབ་སྐུ་དང་མི་འགྱུར་བཅས། །རྡོ་རྗེ་ཐམས་ཅད་ གཅིག་པོ་ཉིད། །ཅེས་པ་ནི་སྟོབས་དང་སྙིང་རྗེ་མི་ཕྱེད་པའི་རྣལ་འབྱོར་པ་ལ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེའམ། ཡང་ན་དཀྱིལ་འཁོར་པ་ཇི་སྙེད་པ་དེ་སྙེད་པ་ནི་རྡོ་རྗེ་ཡིན་ལ། དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ལས་གཞན་པ་མ་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཁྲོ་བོའི་གཟུགས་ཅན་ བདུད་རྣམས་ལ། །ཁྲོ་བོ་ཆེན་པོ་དགྲ་ཆེན་པོ། །ཞེས་པ་ནི། ལྷའི་བུ་ལ་སོགས་པའི་བདུད་དམ། ལྷ་དྲག་པོའམ། ཡང་ན་མུ་སྟེགས་བྱེད་པ་རྣམས་སྐྲག་པར་བྱེད་པའམ་ཡང་ན་བདུད་དེ། བསམ་གཏན་བཞིའི་རྟེན་ཕྱིར་མི་འདའ་བ་ལ་རྩེ་གཅིག་པ་ལ་དེ་སྐད་ཅེས་བརྗོད་དོ། །མི་ འགྱུར་ཆེན་པོ་བདེ་སྟོབས་ཀྱིས། །ནམ་ཡང་སེམས་ཅན་དོན་མི་འདོར། །སེམས་ཅན་གྲོལ་བའི་ཆགས་ཆེན་པོ། །འགྱུར་བའི་ཆགས་པ་སེལ་བར་མཛད། །ཅེས་པ་ནི། སྔོན་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་མདུན་དུ། དངོས་སུ་ཁས་བླངས་པའམ། ཡང་ ན་ཤུགས་ཀྱིས་ཁས་བླངས་པ་ཡིན་པའི་ཕྱིར། བཤོལ་བ་མེད་པའི་དམ་བཅས་པས་སེམས་ཅན་རྣམས་ཇི་ལྟར་ན་གཉིས་སུ་མེད་པའི་ལམ་ལ་དགོད་པར་བྱ་ཞེས་པའམ་ལམ་དམ་པ་ལ་དགོད་པ་ཡིན་པའི་ཕྱིར་རོ། །ད་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གྱུར་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། ཡུལ་དང་དབང་པོ་ལ་སོགས་པ་བསྟན་པའི་ཕྱིར། མི་འགྱུར་ཡེ་ཤེས་ཚོར་བ་ནི། །རྣམ་པ་དྲུག་སྟེ་ཡེ་ཤེས་ཚོར་བ་ལ་སོགས་སུ་བརྗོད་དེ། རྣམ་ཤེས་གཟུགས་དང་འདུ་བྱེད་དང་། །འདུ་ཤེས་ཕུང་པོའི་རིགས་འདི་རྣམས། །ཞེས་བྱ་བ་གསུངས་ཏེ། འགྱུར་བ་མེད་པའི་འགྲུབ་པའི་རྣམ་པ་དྲུག་པོ་འདི་བདེ་བ་ ཞེས་བྱ་བ་རྒྱལ་བ་དྲུག་གི་རིགས་ཀྱི་རང་བཞིན་དུ་རྟོགས་པར་བྱའོ། །ཡེ་ཤེས་མེ་དང་ནམ་མཁའ་ས། །རིམ་པ་དེ་བཞིན་རླུང་དང་ཆུ། །ཞེས་བྱ་བ་ལ། བདེ་བ་ཞེས་བྱ་བ་དང་སྦྱར་བར་བྱ་སྟེ། སྟེང་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་དང་། འོག་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་པ་སྟེ། སྤྱན་མ་ལ་ སོགས་པ་དྲུག་གི་རང་བཞིན་དུ་རྟོགས་པར་བྱའོ། །ཡིད་དང་མིག་དང་རྣ་བ་དང་། །སྣ་དང་ལྕེ་དང་དེ་བཞིན་ལུས། །ཞེས་པ་ནི་ཀུན་དུ་བཟང་པོ་དང་། སའི་སྙིང་པོ་ལ་སོགས་པ་དྲུག་གི་རང་བཞིན་དུ་རྟོགས་པར་བྱའོ། །སྒྲ་དང་རོ་དང་ཆོས་ཀྱི་དབྱིངས། །དྲི་དང་རེག་དང་ཁ་དོག་སྟེ། །ཞེས་པ་ནི། ཡུལ་ རྣམས་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་དྲུག་གི་ལྕེ་དང་དེ་བཞིན་ལུས། ཤེས་པ་ནི་ཀུན་དུ་བཟང་པོ་དང་། སའི་སྙིང་པོ་ལ་སོགས་པ་དྲུག་གི་རང་བཞིན་དུ་རྟོགས་པར་བྱའོ། །སྒྲ་དང་རོ་དང་ཆོས་ཀྱི་དབྱིངས། །དྲི་དང་རེག་དང་ཁ་དོག་སྟེ། །ཞེས་པ་ནི། ཡུལ་རྣམས་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་དྲུག་གི་རང་ བཞིན་དུ་རྟོགས་པར་བྱའོ། །རིགས་དྲུག་པོ་ནི་ཡོངས་སུ་དག །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །ཞེས་པ་ནི་དེ་ལྟར་བརྗོད་པའི་རིམ་པས། འཇིག་རྟེན་གསུམ་གྱི་བདག་པོ་རྡོ་རྗེ་འཆང་ཉིད་གདུལ་བར་བྱ་བར་དགོངས་ནས། ཁྲོ་བོའི་ཆ་ལུགས་སུ་གར་དགུའི་ཉམས་དང་ལྡན་པར་བཞུགས་ལ། དེས་གདུལ་བ་ལ་སོགས་པ་ལ་བསྟན་པ་ཡིན་ནོ། །གར་ཐབས་དགུ་ནི། སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བ་དང་། གཤེ་བ་དང་། བཞད་པ་དང་། སྙིང་རྗེ་དང་། རྔམ་པ་དང་། ངོ་མཚར་བ་དང་། ཞི་བ་ཞེས་བྱའོ། །དབང་གི་སྒྲུབ་པ་འདི་ཉིད་ནི། །མཆོག་ཏུ་མི་འགྱུར་སྒྲུབ་པ་སྟེ། ། ཞེས་པ་སྟེ། དབང་རྣམ་པ་གཉིས་ཡོད་པ་ལས། འཇིག་རྟེན་ལས་འདས་པའི་དབང་འགྱུར་བ་མེད་པའི་བདེ་བ་ཆེན་པོ་སྒྲུབ་པ་ཞེས་བྱའོ། །རྩ་དང་རིགས་སུ་ཡང་དག་ལྡན། །མདོར་བསྡུས་བཤད་པ་ཟླ་བ་ཀྱེ། །ཞེས་པ་ནི་གཞན་ཡང་བདེ་བ་ཆེན་པོའི་འཇིག་རྟེན་གྱི་ཚུལ་རྩ་བའི་རིགས་དང་ལྡན་པ་བསྟན་ཏེ། དེ་ཡང་གཞུང་རྒྱས་པ་མ་ཡིན་གྱི། །གཞུང་བསྡུས་པ་ཡིན་ལ། དོན་རྒྱས་པ་ཞེས་པའམ། ཡང་ན་རྒྱས་པ་ནི་དབང་གི་ལེའུ་ལས་བསྟན་ཏེ། དེ་བས་ན་བསྡུས་པའི་ཚུལ་གྱིས་བསྟན་ཞེས་དགོངས་སོ། །འཇིག་རྟེན་གྱི་ཁམས་ཀྱི་ལེའུ་ལ་སོགས་པ་ལས། ལེའུ་ལྔ་པ་མཆོག་ཏུ་མི་འགྱུར་བའི་དབང་གི་སྒྲུབ་ པའི་མདོར་བསྡུས་པའི་ལེའུ་ཞེས་པ་ནི། སྐྱོབ་པའམ། གཡོགས་པས་ལེའུ་ཞེས་བྱའོ། །ལྷག་མ་ནི་གོ་སླའོ། །མཁས་མིན་བློ་ནི་དྲི་མས་གཡོགས། །གཞུང་དོན་ལོག་པར་སྟོན་པར་བྱེད། །བདག་གིས་རྩ་རྒྱུད་སོགས་བལྟས་ནས། །བརྩེ་བས་འགྲེལ་པ་བྲིས་པ་ཡིན། །དང་པོའི་སངས་རྒྱས་ རྒྱུད་ཆེན་གྱི། །མདོར་བསྡུས་དབང་གི་འགྲེལ་བྱས་པའི། །དགེ་བ་བདག་གིས་བསགས་པ་འདིས། །འགྲོ་བ་འགྱུར་མེད་དབང་ཐོབ་ཤོག །དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་བཀོལ་བ། དབང་མདོར་བསྟན་པ་ཞེས་བྱ་བའི་འགྲེལ་པ། རྣལ་འབྱོར་པ་དུས་ཀྱི་འཁོར་ལོའི་ཞབས་ཀྱིས་མཛད་པ་ རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཟླ་བའི་མགོན་པོ་དང་། ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤེ་ཀོདྡེ་ཤ་པཉྩི་ཀ །བོད་སྐད་དུ། དབང་མདོར་བསྟན་པའི་དཀའ་འགྲེལ། དཔལ་དང་པོའི་མཆོག་གི་སངས་ རྒྱས་ལ་ཕྱག་འཚལ་ལོ། །དང་པོའི་སངས་རྒྱས་སྲིད་གསུམ་མགོན་གཅིག་ཆོས་དང་བཅས། །རྫོགས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་བཏུད་ནས། །དཔལ་ལྡན་བླ་མའི་ཞབས་ཀྱིས་མཛད་པའི་མན་ངག་ལས། །དབང་ལ་སོགས་པ་མདོར་བསྟན་ཚིག་ནི་རྒྱས་པར་ བྱ། །དེ་ནས་ཕྱག་ན་རྡོ་རྗེ་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོས། དང་པོའི་མཆོག་གི་སངས་རྒྱས་ཀྱི་རྒྱུད་ཀྱི་རྒྱལ་པོར་དབང་གི་དོན་བཅོམ་ལྡན་འདས་ལ་ཞུས་པ། ཟླ་བ་བཟང་པོས་གསོལ་བ་ཞེས་པའོ། །ཀྱེ་སྟོན་པ་དབང་རྣམ་བདུན་ནི་ཆུ་ལ་སོགས་པ་ནས་རྗེས་སུ་གནང་བའི་མཐར་ཐུག་པའོ། །གཞན་རྣམ་ གསུམ་ནི་བུམ་པ་ལ་སོགས་པ་ནས་ཤེས་རབ་ཡེ་ཤེས་ཀྱི་མཐར་ཐུག་པའོ། །དེ་བཞིན་བླ་ན་མེད་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །འཇིག་རྟེན་འཇིག་རྟེན་འདས་གྲུབ་ཕྱིར། །ཅེས་པ་ནི་འཇིག་རྟེན་པའི་དངོས་གྲུབ་འོག་མིན་གྱི་གནས་ཀྱི་མཐར་ཐུག་པ་དང་འཇིག་རྟེན་ལས་འདས་པ་ སངས་རྒྱས་ཉིད་དང་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་ཡེ་ཤེས་ཏེ། དེ་རྣམས་ཀྱི་དོན་མདོར་བསྡུས་པར་ནི་བདག་ལ་གསུངས་ཞེས་བྱའོ། །ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ནས། མདོར་བསྟན་པ་ཇི་སྲིད་རྫོགས་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་སོ། །མཆོག་དང་ཞེས་པ་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་ཡེ་ ཤེས་སོ། །རྩ་ནི་གཡོན་པ་དང་གཡས་པ་དང་དབུས་མའི་རྩ་རྣམས་སོ། །ཀུན་སྤྱོད་ནི་གཡོན་དང་གཡས་པ་དང་དབུས་མའི་སྦུབས་རྣམས་སུ་འགྲོ་བ་དང་འོང་བའོ། །དེ་དག་རྩའི་ཀུན་སྤྱོད་དོ། །རྩོལ་བ་ཞེས་པ་ནི་སྲོག་རྩོལ་ཏེ་མདོར་བསྡུས་པ་དེ་རྣམས་ཁྱོད་ལ་བཤད་པར་བྱའོ། །ད་ནི་མདོར་བསྡུས་པ་ ལ་སོགས་པའི་རབ་ཏུ་དབྱེ་བ་གསུངས་པ། མདོར་བསྡུས་རྣམ་གསུམ་ནི་རྒྱུད་ཐམས་ཅད་ལའོ། །དེ་བཞིན་དུ་རྒྱས་པར་བཤད་པ་གསུམ་དུ་འགྱུར་རོ། །དེ་དག་མདོར་བསྡུས་པ་དང་རྒྱས་པར་བཤད་པ་དག་གི་རབ་ཏུ་དབྱེ་བ་གསུངས་པ། རབ་ཏུ་མདོར་བསྟན་མདོར་བསྟན་ཆེ། །ཞེས་པ་ནི་མདོར་བསྟན་པའི་ རབ་ཏུ་དབྱེ་བའོ། །རབ་ཏུ་རྒྱས་པར་བཤད་པ་གང་། །ཞེས་པ་ནི་རྒྱས་བཤད་ཆེན་པོ་བསྡུ་བའོ། །འདི་དག་ཀྱང་རྒྱས་བཤད་ཀྱི་རབ་ཏུ་དབྱེ་བ་འདི་རྣམས་ཀྱི་རྣམ་པ་གཞན་གསུངས་པ། མདོར་བསྟན་འདི་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ་གང་ཁོ་ན་མདོར་བསྟན་པ་དེ་ཁོ་ན་རྒྱས་པར་བཤད་པ་སྟེ། དེ་ཡང་རྒྱུད་ཀྱི་ བསྡུས་པ་བརྗོད་པ་ཡིན་ནོ། །འདིར་ནི་རྒྱས་པར་བཤད་པའི་སྒྲས་བསྡུས་པའི་རྒྱུད་ཆེན་པོ་བརྗོད་པར་བྱ་སྟེ། མདོར་བསྟན་པ་ནི་རྒྱུད་ཆེན་པོ་ལས་གཞན་དུ་གྱུར་པ་དང་། གལ་ཏེ་བསྡུས་པར་བྱེད་པ་པོས་སོ་སོར་བྱས་པའི་དེའི་ཚེ་རྒྱུད་ཆུང་བར་འགྱུར་རོ། །ཇི་ལྟར་མཚན་ཉིད་མངོན་པར་བརྗོད་པའི་ཕྱིར། ངེས་ པར་རྟོགས་པ་རྒྱུད་ཆུང་བར་མངོན་པར་བརྗོད་དོ། །རབ་ཏུ་མདོར་བསྟན་དང་ཞེས་པའི་དང་གི་ཡི་གེ་རབ་ཏུའི་སྒྲས་བསྡུས་པས་རབ་ཏུ་རྒྱས་བཤད་དུ་བརྗོད་དེ། གཉིས་པོ་འདི་དག་རིམ་པ་ཇི་ལྟ་བར་དཀའ་འགྲེལ་ཆུང་བ་དང་དཀའ་འགྲེལ་ཆེན་པོའོ། །དེ་ཡང་ཚིག་ཙམ་འཇོམས་ཀྱི་དོན་ཐམས་ཅད་གསལ་ བ་མ་ཡིན་ནོ། །གང་ཞིག་འགྲེལ་བཤད་ཐམས་ཅད་བསྡུས་དོན་ཏེ། །ཞེས་པ་བཤད་པར་བྱ་སྟེ། མདོར་བསྟན་ཆེ་དང་ཞེས་པ་ལ་དང་གི་སྒྲས་ཆེན་པོའི་སྒྲ་བསྡུས་པ་རྒྱས་བཤད་ཆེན་པོར་བརྗོད་དེ། གཉིས་པོ་འདི་དག་གྲངས་ཇི་ལྟ་བ་བཞིན་དུ་རྒྱ་ཆེར་འགྲེལ་ཆུང་བ་དང་རྒྱ་ཆེར་འགྲེལ་ཆེན་པོར་བརྗོད་ དོ། །དེ་ལྟར་ཞེས་པ་བཤད་པའི་རིམ་པས་སོ། །མཐའ་དྲུག་རྣམས་ཀྱིས་ནི་རྣམ་པ་དྲུག་གིས་རྒྱུད་ཆུང་བ་དང་རྒྱུད་ཆེན་པོ་ལ་སོགས་པ་རྣམས། དག་པ་ནི་ཡོངས་སུ་དག་པའོ། །དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོར་མངོན་པར་རྗོད་བྱེད་འགྱུར། །ཞེས་འཆད་པ་དང་སྦྲེལ་ལོ། །དེ་བཞིན་དུ་རྡོ་རྗེ་རྣལ་འབྱོར་ རྣམ་བཞི་ཞེས་པ་རྣམ་པར་དག་པ་དང་ཆོས་དང་སྔགས་དང་དབྱིབས་ཀྱི་མཚན་ཉིད་དོ། །བྱང་ཆུབ་རྣམ་བཞི་ཞེས་པ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་དང་རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་དང་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་དོ། །ཕུང་པོ་ནི་གཟུགས་དང་། ཚོར་ བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། ཡེ་ཤེས་ཀྱི་མཚན་ཉིད་དོ། །ཁམས་དང་ཞེས་པ་ནི། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། ཆོས་ཀྱི་ཁམས་ཀྱི་མཚན་ཉིད་དོ། །སྐྱེ་མཆེད་ནི་ཡུལ་དང་ཡུལ་ཅན་གྱི་དངོས་པོ་བཅུ་གཉིས་ཏེ། གཟུགས་དང་། སྒྲ་ དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་ཁམས་ཀྱི་མཚན་ཉིད་དོ། །རིགས་དྲུག་རྣམས་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་མཚན་ཉིད་དོ། །བདེན་པ་གཉིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་གོ། །ལུས་ངག་ཡིད་ནི་དག་བྱེད་པ། །མངོན་པར་དབང་ བསྐུར་གཉིས་གཉིས་ཏེ། །ཞེས་པ་ཆུ་དང་ཅོད་པན་དག་གིས་ལུས་དག་པར་བྱེད་དོ། །དར་དཔྱངས་དང་རྡོ་རྗེ་དྲིལ་བུ་དག་གིས་ངག་དག་གོ། །བརྟུལ་ཞུགས་ཆེན་པོ་དང་། མིང་དག་གིས་ཡིད་དག་གོ། །རྗེས་གནང་གིས་ཡེ་ཤེས་དག་པ་ཡིན་ནོ། །གཞན་ཞེས་པ་དག་ལ་ གཞན་ཏེ། དེ་ནི་ཁམས་ལ་སོགས་པ་དག་པར་བྱེད་པའོ། །དེས་ན་ཆུ་ཡིས་ཞེས་བྱ་བ་ལ་སོགས་པ་ནས། རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ། །ཞེས་པ་ལ་སོགས་པ་སྟེ། རྡོ་རྗེས་མི་འགྱུར་ཆེན་པོ་དག་གོ། །དྲིལ་བུས་སངས་རྒྱས་གསུང་གི་རྒྱུན་མི་འཆད་དོ། །དེ་ཉིད་ནི་ཉི་ཟླ་གཅིག་ཏུ་དེ་དག་དག་པ་སྟེ། དབུ་མར་རབ་ཏུ་ཞུགས་པའི་མཚན་ཉིད་དོ། །བུམ་པ་ལ་སོགས་པའི་དབང་གི་དཀྱིལ་འཁོར་བཞེངས་ནས་མཐར་ཡང་སྦྱིན་པར་བྱའོ། །གང་ཞིག་ནུ་མའི་ཡན་ལག་ལ་རེག་པ་ལས་བདེ་བ་ཐོབ་པ་ནི་རྙེད་པའོ། །སྐྱོབ་པ་ཐམས་ཅད་སྐྱེད་མཛད་མ། །ཞེས་པ་སྐྱོབ་པ་ནི་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཏེ་ སྒྲིབ་པ་མེད་པ་ཉིད་ཀྱིས་སྐྱེད་མཛད་མའོ། །ཤེས་རབ་ནི་བློའོ། །དེའི་གཟུགས་ནི་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ། སྒྱུ་མ་དང་རྨི་ལམ་གྱི་སྣང་བའི་མཚན་ཉིད་དོ། །དེས་ན་དེ་ཉིད་གསུངས་པ། ཡོད་དང་མེད་ལས་རྣམ་པར་འདས། །ཞེས་སོ། །མེད་པའི་ཞེས་བྱ་བ་ལ་སོགས་པ་ལ་ འདིར་ནི་དམིགས་པ་རྣམ་པ་གཉིས་ཏེ་མངོན་སུམ་སྔོན་དུ་འགྲོ་བར་གྱུར་པ་དང་། རྗེས་དཔག་སྔོན་དུ་འགྲོ་བ་ཅན་ནོ། །དེ་ལ་གང་མངོན་སུམ་སྔོན་དུ་འགྲོ་བ་ཅན་དེ་ནི་རྟོགས་པའི་དྲི་མ་མ་ལུས་པ་དང་རྣམ་པར་བྲལ་བའི་ལམ་བླ་མ་དམ་པའི་མན་ངག་ལས་བྱུང་བ་དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལས། ནམ་མཁའ་ལ་སྐར་ མ་བཞིན་དུ། ལོངས་སྤྱོད་རྫོགས་པའི་སྐུ་དུ་མ་ཤའི་སྤྱན་གྱིས་གཟུང་བའོ། །དང་པོ་ནི་ཤའི་སྤྱན་གྱིས་རྣལ་འབྱོར་པ་ལས་དང་པོ་པས་སྣ་ཚོགས་པ་མངོན་པར་ཤེས་པ་ལས་གཞན་གྱིས་མཐོང་ངོ་། །དེ་ནས་ལྷའི་སྤྱན་གྱིས་ཏེ། མངོན་པར་ཤེས་པའི་སྐབས་ཀྱི་དབང་ལས་སོ། །དེ་ནས་སངས་རྒྱས་ཀྱི་སྤྱན་ གྱིས་ཏེ། འདོད་ཆགས་དང་བྲལ་བའི་སྐབས་ཀྱི་དབང་ལས་སོ། །དེ་ནས་ཤེས་རབ་ཀྱི་སྤྱན་གྱིས་ཏེ། བྱང་ཆུབ་སེམས་དཔའི་སྐབས་ཀྱི་དབང་ལས་སོ། །དེ་ནས་ཡེ་ཤེས་ཀྱི་སྤྱན་གྱིས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐབས་ཀྱི་དབང་ལས་ཏེ། ཉེ་བར་འཛིན་པ་ཐམས་ཅད་ལས་རྣམ་པར་ གྲོལ་བའོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་ཤ་ལ་སོགས་པའི་སྤྱན་ལྔ་རྣམས་ཀྱིས་སྟོང་པ་ཉིད་སོ་སོར་མཐོང་བར་བརྗོད་དེ། རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་གྱིས་དམིགས་པ་ནི་དེ་ཁོ་ན་ཉིད་མ་རྟོགས་པ་རི་མོ་ལ་སོགས་པ་ཉེ་བར་བལྟ་བ་ནི། རྣལ་འབྱོར་པ་གསར་བུ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ ལམ་ལ་འཇུག་པའི་དོན་དུའོ། །དེའི་ཕྱིར་མེད་པའི་གཟུགས་རྨི་ལམ་ལ་སོགས་པ་དང་མཚུངས་པ་བསྒོམ་པའོ། །དམིགས་པ་དེ་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པ་ནི་རྟོགས་པར་མི་འགྱུར་ཏེ་རྟོགས་པ་མེད་པའི་རྒྱུ་ལས་ཉེ་བར་བྱུང་བའི་ཕྱིར་རོ། །དེས་ན་དེ་ཉིད་དངོས་པོ་ནི་དངོས་པོའི་རང་བཞིན་ནོ། །དངོས་མེད་ ནི་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དོ། །སེམས་ལ་མེད་པ་ནི་གང་གི་ཕྱིར་སོ་སོར་གསལ་བའི་ཡིད་གཞོམ་དུ་མེད་ཅིང་བརྗོད་པར་མི་ནུས་པ་སྟེ། རྡུལ་ཕྲན་ཚོགས་པའི་དངོས་པོ་འཛིན་པ་མེད་དེ། གཟུགས་བརྙན་བཞིན་ནོ། །དེས་ན་དེ་ཉིད་དཔེས་བསྟན་པ། པྲ་ལ་ཞེས་པ་ལ་སོགས་པ་སྟེ་ པྲའི་སྒྲས་སེམས་ཅན་གྱི་དོན་དུ་མངོན་པར་བརྗོད་དོ། །མེ་ལོང་ནི་མེ་ལོང་ངོ་། །དངོས་མེད་ལས་སྐྱེས་ནི། རྡུལ་ཕྲ་རབ་ཀྱི་ཚོགས་པ་དང་བྲལ་བ་བུ་མོས་མཐོང་ངོ་། །པྲ་ལ་འཇུག་པའི་རྒྱུད་ལས་གསུངས་པ། མེ་ལོང་རལ་གྲི་མཐེ་བོང་དང་། །སྒྲོན་མ་ཟླ་བ་ཉི་མ་དང་། །ཆུ་དང་ཐབས་དང་མིག་རྣམས་ ལ། །པྲ་འབེབས་པ་ནི་བརྒྱད་དུ་བརྗོད། །ཅེས་སོ། །དེ་བཞིན་དུ་འདས་པ་དང་མ་འོངས་པའི་ཆོས་རབ་ཏུ་མ་བསམས་པ་མཁའ་ལ་སྟེ། སྟོང་པ་ལ་རྣམ་པ་ཐམས་ཅད་དང་ལྡན་པའི་གཟུགས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ། རྣམ་པར་རྟོག་པ་དང་བྲལ་བའི་ལམ་ཐོབ་པས་མཐོང་ངོ་། །འདི་པྲ་ཕབ་པ་དང་ མཚུངས་པར་ཡིད་གང་དང་གང་གིས་དངོས་པོར་མིན་པ་པྲ་ཕབ་པའི་མཚན་ཉིད་དོ། །དེ་དངོས་ཡོད་མིན་ཞེས་པ་དེ་དག་དངོས་པོར་འགྱུར་བ་མ་ཡིན་ནོ། །གལ་ཏེ་འདིར་གསུངས་པ། དངོས་པོ་སྟོང་པའི་དོན་མཐོང་ཕྱིར། །ཞེས་པ་དངོས་པོ་ནི་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་དོ། །སྟོང་པ་ནི་རྣམ་པར་ བྲལ་བར་འགྱུར་བའོ། །དེ་ཡང་དེ་དག་གིས་དོན་ཡང་སོ་སོར་གསལ་བའི་མཚན་ཉིད་དོ། །དེའི་མཐོང་ཕྱིར་ནི་རྣམ་པར་རྟོག་པ་མེད་པས་མངོན་སུམ་དུ་དམིགས་པའི་ཕྱིར་རོ། །དངོས་པོ་ནི་རྡུལ་ཕྲན་ཚོགས་པའི་བདག་ཉིད་དོ། །དེ་མེད་པའི་དོན་ནི་སོ་སོར་གསལ་བའི་མཚན་ཉིད་དུ་ཡོད་པར་གསུངས་ཏེ། དཔེར་ ན་རྨི་ལམ་སྒྱུ་མ་མིག་འཕྲུལ་མཚུངས་སོ། །འདི་ཉིད་ཀྱི་དོན་གསུངས་པ། མེད་པ་ལས་ནི་ཞེས་པ་ལ་སོགས་པའོ། །ཡིད་བཞིན་ནོར་ལྟར་ཞེས་པ་ལ་སོགས་པས་རྟོག་པ་དང་འཁྲུལ་བ་མེད་པ་ཉིད་ཡེ་ཤེས་སུ་གསུངས་སོ། །གལ་ཏེ་དེ་ལ་དམིགས་པ་མེད་པར་བརྗོད་ན་ འགྲོ་བའི་དོན་བྱེད་དམ་ཞེ་ན། ཡུལ་གྱི་བསྐྱེད་པ་མ་ཡིན་ནོ་ཞེས་གསུངས་པ། མ་མཐོང་བའི་ཞེས་པ་ལ་སོགས་པ་སྟེ་སྒྲུབ་པ་པོ་ནི་པྲ་ཕབ་པ་ལ་སོགས་པ་ལ་ཞུགས་པས་སོ། །ཡོད་པའི་གཟུགས་མཐོང་བ་ཞེས་པ་ཡང་མ་ཡིན་ནོ་ཞེས་གསུངས་པ། གལ་ཏེ་ཞེས་པ་ལ་སོགས་པའོ། །མེད་པའི་ གཟུགས་མཐོང་བ་ཞེས་བྱ་བ་ཡང་མ་ཡིན་ནོ་ཞེས་གསུངས་པ། འོན་ཏེ་ཞེས་བྱ་བ་ལ་སོགས་པའོ། །གཞན་གྱི་མིག་གིས་མཐོང་བ་ཡང་མ་ཡིན་ནོ་ཞེས་གསུངས་པ། མི་མཐོང་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་མོད་ཀྱི་རང་གི་མིག་གིས་མཐོང་ཞེ་ན། གསུངས་པ། བདག་གི་མིག་གིས་ཞེས་བྱ་ བ་ལ་སོགས་པའོ། །གཞོན་ནུ་མ་དང་མཚུངས་པ་ནི་ཡིད་དོ། །སྐྱེ་བ་མེད་པ་ནི་མ་སྐྱེས་པའོ། །དེ་དང་དེའི་བུ་ནི་ཇི་ལྟར་སྐྱེས་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །སྲོག་རྩོལ་གསུངས་པ། གཟུགས་མཐོང་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་རྨི་ལམ་དང་སྒྱུ་མ་དང་མཚུངས་པའི་གཟུགས་མཐོང་བར་ གྱུར་པས་སོ། །དེའི་འོག་ཏུ་ནི་དེ་མ་ཐག་པར་རོ། །སྲོག་རྩོལ་ནི་དགང་བ་དང་བུམ་པ་ཅན་དང་རྡུལ་མཐའ་ཅན་ནོ། །རྒྱུན་མི་འཆད་པར་ཏེ་བར་ཆད་མེད་པར་བྱའོ། །ཅི་ཞེ་ན་གསུངས་པ་སྟེང་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྟེང་གི་རྩ་གསུམ་ནི་ལུས་དང་ངག་དང་ཡིད་ཀྱི་ཆོས་ཅན་ནོ། །དེ་བཞིན་དུ་ འོག་ཀྱང་ངོ་། །དེ་ལ་གཡོན་དུ་ཟླ་བའི་རྩ་ནི་ལུས་ཀྱི་ཆོས་ཅན་ནོ། །གཡས་སུ་ཉི་མའི་རྩ་ནི་ངག་གི་ཆོས་ཅན་ནོ། །དབུས་སུ་སྒྲ་གཅན་གྱི་རྩ་ནི་ཡིད་ཀྱི་ཆོས་ཅན་ནོ། །བཤང་བའི་རྩ་ནི་ལུས་ཀྱི་ཆོས་ཅན་ནོ། །གཅིན་གྱི་རྩ་ནི་ངག་གི་ཆོས་ཅན་ནོ། །ཁུ་བའི་རྩ་ནི་ཡིད་ཀྱི་ཆོས་ཅན་ནོ། །ཟླ་བའི་རྩ་ནི་ཆུའི་རང་བཞིན་ནོ། །ཉི་མའི་རྩ་ ནི་མེའི་རང་བཞིན་ནོ། །སྒྲ་གཅན་གྱི་རྩ་ནི་སྟོང་པའི་རང་བཞིན་ནོ། །བཤང་བའི་རྩ་ནི་སའི་རང་བཞིན་ནོ། །གཅིན་གྱི་རྩ་ནི་རླུང་གི་རང་བཞིན་ནོ། །ཁུ་བའི་རྩ་ནི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཉིད་གསུངས་པ། ཟླ་བ་ཞེས་བྱ་བ་ལ་སོགས་པའོ། །སྲོག་དང་ཐུར་སེལ་རིམ་པ་ཡིས། །ཞེས་བྱ་བ་ནི། སྲོག་ ནི་ཟླ་བ་དང་ཉི་མ་དང་མུན་ཅན་མའོ། །ཐུར་སེལ་ཡང་ལྷག་མ་རྣམས་སོ། །འདི་རྣམས་ཀྱི་རིགས་དྲུག་བརྟགས་པ་གསུངས་པ། ཟླ་བ་ཞེས་བྱ་བ་ལ་སོགས་པ་ལ། ཟླ་བ་ཆུའི་ཁམས་ནི་ཐབས་ཀྱི་ཁུ་བའི་ཁམས་ཏེ་སྐུར་འགྱུར་རོ། །ཉིན་མོར་བྱེད་པ་མེའི་ཁམས་ནི། ཤེས་རབ་མའི་རྡུལ་གྱི་ཁམས་ཏེ་ གསུང་དུ་འགྱུར་རོ། །དེ་བཞིན་དུ་འཆད་པར་འགྱུར་བའི་ཤེས་རབ་དང་ཐབས་དག་དོན་འདི་ཁོ་ནའོ། །གཙོ་བོ་ནི་ཁུ་བའི་ཁམས་སོ། །ཐབས་དང་ཤེས་རབ་སྐུ་དངོས་ཀྱིས། །ཞེས་བྱ་བ་ནི་རིགས་མི་མཚུངས་པ་དང་འཁྱུད་པས། ཤེས་རབ་ཀྱི་སྐུའི་དངོས་པོ་ནི་ཐབས་སུ་འགྱུར་ཏེ་བདེ་བའི་དུས་སུ་སེམས་དེའི་ རྣམ་པར་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ཐབས་ཀྱི་སྐུའི་དངོས་པོ་ཤེས་རབ་ཏུ་ཡང་ངོ་། །འཆི་ལྟས་ནི་དུས་མ་ཡིན་པར་འཆི་བའི་མཚན་ཉིད་དོ། །ལྷག་པའི་རླུང་གིས་འགྱུར་ཏེ་སྟེང་འོག་ཏུ་ཡང་ངོ་། །ལུས་ཞེས་བྱ་བ་སའི་ཁམས་ལ་སོགས་པ་ལ་གསུངས་པ། ལུས་ངག་རྩ་ལ་ནི་ཇི་ལྟར་རིགས་ པར་ལ་ལ་ནཱ་དང་ར་ས་ནཱའོ། །གང་གི་ཚེ་འོག་ཏུ་བཤང་བའི་རྩ་འགགས་པར་གྱུར་པ་དེའི་ཚེ་སྟེང་དུ་གཡོན་པའི་རྩ་ལ་འཆི་ལྟས་སུ་འགྱུར་རོ། །གང་གི་ཚེ་གཅིན་གྱི་རྩ་འགགས་པར་གྱུར་པ་དེའི་ཚེ་སྟེང་དུ་གཡས་ཀྱི་རྩ་ལ་འཆི་ལྟས་སུ་འགྱུར་རོ། །དེ་དག་ཀྱང་ཞིབ་ཏུ་བཤད་པར་བྱ་སྟེ། མུན་ཅན་ མ་ས་བོན་འབབ་མ་ལ་འཆི་ལྟས་མེད་དམ་ཞེ་ན། མུན་ཅན་ས་བོན་འབབ་མ་ལས། རླུང་ནི་སྐྱེ་དང་མངལ་ནས་སྐྱེ་བ་དང་། །འཆི་བ་གནས་པ་ཡིན་ནི་རང་གནས་པའོ། །དེ་ཉིད་གསུངས་པ། སྐྱེ་དང་ཞེས་བྱ་བ་ལ་སོགས་པའོ། །དུས་སྦྱོར་འབྱུང་བའི་མངོན་མཚམས་སུ། །ཞེས་པ་གཡོན་པའི་དུས་སྦྱོར་ དང་གཡས་པའི་དུས་སྦྱོར་དང་འཕོ་བའི་མཚམས་སུ་དབུས་མ་ཡིས་ནི་མཉམ་པར་འབབ་པོ། །དབུགས་དབྱུང་བ་དང་རྔུབ་པ་དུ་ཞེ་ན། གསུངས་པ། ལྔ་བཅུ་རྩ་དྲུག་ཅེས་པ་ལ་སོགས་པའོ། །ཉིན་དང་མཚན་མོ་ལ་ཞེས་པ་ཉིན་མོ་དང་མཚན་མོའི་འཕོ་བ་བཅུ་གཉིས་ལ་བདུན་ཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱའི་ དབུགས་དབུས་མར་འབབ་པོ། །གཡོན་པ་དང་གཡས་པའི་རྩ་རྣམས་ལ་བདུན་ཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱའི་དབུགས་ཀྱིས་དམན་པའི་གང་ལ་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་ལྷག་པ་དེ་དག་ཏུ་འབབ་པོ། །ཕྱོགས་གསུམ་དང་ལོ་གསུམ་ནི་ལོ་བརྒྱ་གང་བ་ལ་དབུས་མར་འབབ་བོ། །གཡས་པ་སྟེ་ གཡས་པ་དང་གཡོན་པ་ནི་སྟེང་དུ་སྲོག་རིམ་པ་བཞིན་དུ་ཟླ་བ་དང་ཉི་མའི་མིང་ཅན་ནོ། །ལ་ལ་ནཱ་ནི་ལུག་དང་། སེར་སྐྱ་ནི་གཞན་ཏེ་རས་ནཱའོ། །ཆུ་དང་མེ་ཡི་རང་བཞིན་ཏེ། །ཞེས་པ་སྔར་བཞིན་དུ་རིམ་པ་བཞིན་དུ་པདྨ་འཛིན་པ་དང་། རིན་པོ་ཆེ་འཛིན་པར་བཞེད་དོ། །འོད་དཔག་མེད་ དང་རིན་ཆེན་འབྱུང་ལྡན་ལྷག་པའི་ལྷའོ། །འོག་ཏུ་ཞེས་པ་ཐུར་སེལ་དུའོ། །དབུས་མའི་རྩ་དང་ཞེས་པ་ལ་སོགས་པས་དྲི་ཆེན་དང་དྲི་ཆུ་འབབ་པ་སྟེ། གོང་དུ་མུན་པའི་རྩ་གཉིས་ཀྱི་ཀུན་དུ་སྤྱོད་པའི་རང་བཞིན་གསུངས་པའི་དོན་འདི་སྟེ། གང་ཞིག་སྟེང་དུ་གཡོན་པའི་རྩ་ཡིན་པ་དེའི་འོག་ཏུ་དབུས་ སུ་དྲི་ཆེན་གྱི་རྩར་འགྱུར་རོ། །སྟེང་དུ་གཡས་པ་གང་ཡིན་པ་དེ། འོག་ཏུ་གཡོན་པའི་དྲི་ཆུ