Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 14

Văn bản gốc(Tây Tạng)

Trang 3 / 23 (50.000 ký tự/trang)
་འབབ་པའོ། །དེ་དག་གཉིས་རིམ་པ་བཞིན། འཁོར་ལོ་འཛིན་པ་དང་། རལ་གྲི་འཛིན་པ་བཞད་དོ། །རྣམ་པར་སྣང་མཛད་དང་། དོན་ཡོད་གྲུབ་པའི་རང་བཞིན་ནོ། །གང་
ཞིག་སྟེང་དུ་དབུས་མ་ཡིན་པ་དེ་འོག་ཏུ་གཡས་པ་ས་བོན་འབབ་པའོ། །དེ་དག་ཀྱང་སྟོང་པ་དང་། ཡེ་ཤེས་ཀྱི་རང་བཞིན་ཏེ་མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་ལྷག་པའི་ལྷའོ། །ལྟེ་བའི་ཆུ་སྐྱེས་ལ། སའི་ཡོན་ཏན་ལྔ་སྟེ་དྲི་དང་། གཟུགས་དང་། རོ་དང་། རེག་བྱ་དང་། སྒྲའི་མཚན་ཉིད་དོ། །སྙིང་གའི་ཆུ་
སྐྱེས་ལ་ཆུའི་ཡོན་ཏན་བཞི་སྟེ། གཟུགས་དང་། རོ་དང་། རེག་བྱ་དང་། སྒྲའི་མཚན་ཉིད་དོ། །མགྲིན་པའི་ཆུ་སྐྱེས་ལ་མེའི་ཡོན་ཏན་གསུམ་སྟེ། རོ་དང་། རེག་བྱ་དང་། སྒྲའི་མཚན་ཉིད་དོ། །དཔྲལ་བའི་ཆུ་སྐྱེས་ལ་རླུང་གི་ཡོན་ཏན་གཉིས་ཏེ། རེག་བྱ་དང་། སྒྲའི་མཚན་ཉིད་དོ། །གཙུག་ཏོར་གྱི་ཆུ་
སྐྱེས་ལ་སྟོང་པའི་ཡོན་ཏན་གཅིག་སྟེ་སྒྲ་ཙམ་མོ། །དེ་རྣམས་བཟུང་ནས་སྡུད་པའི་རིམ་པས་ཀུན་ཁྱབ་མར་གཤེགས་སོ། །སྐྱེད་པ་ཡིས་ནི་སྟོང་པ་ལ་སོགས་པས་ས་སྟེ་ལྟེ་བའི་དཀྱིལ་འཁོར་ལ་འཇུག་གོ། །འོག་ཏུ་ལྟ་གསང་ནོར་བུའི་པདྨ་ལ་སྟེ། དུང་ཅན་མ་ལ། ལུས་ངག་སེམས་ནི་འབབ་མ་སྟེ་ནི་སྙིང་
སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་ཡོན་ཏན་གསུམ་དང་གཉིས་དང་གཅིག་གི་བདག་ཉིད་དོ། །སྡུད་པའི་རིམ་པས་གཤེགས་པའོ། །སྐྱེད་པ་ཡིས་བྱོན་པའོ། །འདི་ནི་དུང་ཅན་མའོ། །བུད་མེད་བདེ་བ་ཡིན་ཏེ་འཁྲིག་པ་ན་ས་བོན་འབབ་བོ། །དུས་སུ་སྟེ་རྡུལ་འབྱུང་བ་ན་ཁྲག་འབབ་བོ། །སྲོག་དང་ཐུར་

སེལ་གྱི་རྩ་དག་ཐབས་དང་ཤེས་རབ་ཀྱི་སྐུའི་དངོས་པོར་གསུངས་པ། སྟེང་དུ་ཞེས་བྱ་བ་ལ་སོགས་པ་སྟེ། སྟེང་དུ་སྲོག་ལ་གཡས་དང་གཡོན་པ་ནི་གཡས་པ་དང་གཡོན་པ་དག་སྟེ་ཤེས་རབ་དང་ཐབས་ཀྱི་སྐུའི་དངོས་པོའོ། །འོག་ཏུ་ནི་ཐུར་སེལ་དུའོ། །སྟེང་དང་འོག་ཏུ་རྡུལ་དང་ས་བོན་འབབ་པའོ། །གང་
ཞིག་འོག་ཏུ་བུད་མེད་རྣམས་ཀྱི་ནམ་མཁའི་གདོང་ལས་ས་བོན་འབབ་པ་དེ་ཉིད་གང་གི་ཚེ། རྡུལ་འབབ་པ་དེའི་ཚེ་གཏུམ་མོར་འགྱུར་རོ། །དེའི་དུས་ཉིད་དུ་ཡང་ཟླ་མཚན་གྱི་དུས་ཏེ་བུད་མེད་རྣམས་ཀྱི་སྟེང་གི་རྩ་གཡུང་མོར་འགྱུར་རོ། །དེའི་ཕྱིར་གཉིས་པོ་ཇི་ལྟར་ཡང་བུད་མེད་དག་ལ་སྐྱེས་པའི་རེག་
པ་མེད་པའོ། །སྐྱེས་པའི་ཟླ་མཚན་གྱི་དུས་དང་ས་བོན་འབྱུང་བའི་དུས་སུ་དེ་ཉིད་གཡུང་མོ་དང་ཀུན་འདར་མར་འགྱུར་རོ། །སྣའི་སྦུབས་གཡོན་པ་དང་གཡས་པའི་དཀྱིལ་འཁོར་འཆར་བ་གསུངས་པ། རྣམ་ཤེས་ལ་སོགས་པ་ནི་ནམ་མཁའ་ལ་སོགས་པ་སྐྱེ་བའི་རིམ་པས་སོ། །ས་སོགས་ནི་སྡུད་པའི་
རིམ་པས་སོ། །དབུས་སུ་ནི་དབུ་མའི་ལམ་དུའོ། །དྲུག་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ། ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་ལྔ་ལས། དཀྱིལ་འཁོར་རེ་རེའི་རྐང་པ་དང་བཅས་པའི་བཅུ་གཅིག་གི་དབུགས་རྣམས་བཟུང་ནས་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་གི་བདག་ཉིད་ཀྱི་དབུགས་
འབབ་པའོ། །འདི་རྣམས་ཀྱི་གཡོན་དང་གཡས་དང་དབུས་མའི་རྩ་རྣམས་ཀྱི་ཉིན་མོ་དང་མཚན་མོ་ལ་རིམ་པ་བཞིན་ལྟེ་བའི་པདྨ་འདབ་མ་བཅུ་གཉིས་ཀྱི་བདག་ཉིད་ལ་དཀྱིལ་འཁོར་དྲུག་ཅུ་སྟེ། དུས་སྦྱོར་གཡོན་པ་ལ་མི་མཉམ་པ་ལུག་ལ་སོགས་པའོ། །དུས་སྦྱོར་གཡས་པ་ལ་མཉམ་པ་ཁྱུ་མཆོག་ལ་སོགས་པའོ། །
དེ་ལ་གཡས་སུ་ཁྱུ་མཆོག་གི་དུས་སྦྱོར་ལ་གང་གི་ཚེ་རླུང་འབབ་པ་དེའི་ཚེ། རྩ་བ་སྟེ་སྣའི་སྦུབས་ཀྱི་འོག་གི་ཆ་ལ་སའི་དཀྱིལ་འཁོར་རེ་རེ་ལ་དབྱུ་གུ་གཅིག་རྒྱུའོ། །དེ་བཞིན་དུ་དེ་ཉིད་ཀྱི་གཡོན་གྱི་ཆ་ལ་ཆུའི་དཀྱིལ་འཁོར་རོ། །གཡས་ཏེ་གཡས་ཀྱི་ཆ་ལ་མེའི་དཀྱིལ་འཁོར་རོ། །སྟེང་གི་ཆ་ལ་རླུང་གི་དཀྱིལ་འཁོར་རོ། །དབུས་སུ་སྟོང་
པའི་དཀྱིལ་འཁོར་ཏེ། དེ་ལྟར་སྣའི་བུག་པ་གཉིས་པོའི་དཀྱིལ་འཁོར་རེ་རེ་ལ་དབྱུ་གུ་འབབ་པ་སྟེ། དབྱུ་གུ་ལྔ་པོ་རྣམས་ཀྱིས་དཀྱིལ་འཁོར་ལྔ་འབབ་པོ་ཞེས་པའི་དོན་ཏོ། །ས་སོགས་ཞེས་པ་ཡང་ཉེ་བར་མཚོན་པ་ཙམ་སྟེ། ནམ་མཁའ་ལ་སོགས་པ་ཡང་བཟུང་ངོ་། །རྩ་གཅིག་ནས་དབུགས་དུ་འབབ་ཅེ་ན་གསུངས་

པ། རྩ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་པས་ཞེས་བྱ་བ་ནི་ས་ལ་སོགས་པ་དང་། ནམ་མཁའ་ལ་སོགས་པས་སོ། །ལྔ་ཡིས་བསྒྱུར་བས་སྟོང་དང་བརྒྱད་བརྒྱའི་དབུགས་རྣམས་སུ་འགྱུར་རོ། །དེ་རྣམས་ཀྱང་རྩ་ལྔ་པོ་ལ་འབབ་པའོ། །སྟོང་དང་བརྒྱད་བརྒྱའི་དབུགས་
རྣམས་ཀྱང་འཕོ་བ་བཅུ་གཉིས་ཀྱིས་བསྒྱུར་བས་ཉིན་མོ་དང་མཚན་མོ་ལ་དྲུག་བརྒྱས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་སུ་འགྱུར་རོ། །དེ་ཉིད་གསུངས་པ། དྲུག་ཅུ་ཞེས་པ་ལ་སོགས་པའོ། །གཡོན་གྱི་རྩ་ལ་དུས་སྦྱོར་འཆར་བ་གསུངས་པ། འདབ་མའི་དབུས་དང་ཞེས་པ་སྟེ། གང་གི་
ཚེ་གཡོན་པའི་རྩ་ལ་ལུག་ལ་སོགས་པ་སྣ་བུག་གི་དབུས་སུ་སྟོང་པའི་དཀྱིལ་འཁོར་ལ་བབ་པ་དེའི་ཚེ་ནང་གི་འདབ་མའི་དབུས་སུ་འབབ་པོ་ཞེས་པ་མཆོད་པར་བྱའོ། །དེ་ནས་ཤར་ཞེས་པ་སྟེང་དུ་རླུང་གི་དཀྱིལ་འཁོར་རོ། །གཡས་སུ་མེའི་དཀྱིལ་འཁོར་རོ། །གཡོན་དུ་ཆུའི་དཀྱིལ་འཁོར་རོ། །ནུབ་ཏུ་ཞེས་པ་
འོག་གི་ཆ་ལ་སའི་དཀྱིལ་འཁོར་རོ། །རིམ་པས་ཞེས་བྱ་བ་ནི་ནམ་མཁའ་ལ་སོགས་པའི་རིམ་པས་སོ། །མཁའ་སོགས་ཏེ་ཞེས་པ་ལ་སོགས་པས་སྔར་བརྗོད་པ་ཉིད་གསལ་བར་བྱེད་པའོ། །དཀྱིལ་འཁོར་ལྔ་པོ་རྣམས་ཀྱི་ཕན་ཚུན་ཐབས་ཤེས་རབ་ཀྱི་དབྱེ་བ་གསུངས་པ། ནུབ་ཅེས་པ་འོག་གི་
དཀྱིལ་འཁོར་རོ། །ཤར་དུ་ཞེས་པ་སྟེང་གི་དཀྱིལ་འཁོར་དུ་རིམ་པ་བཞིན་དུ་ས་སྟེང་དང་། རླུང་སྟེ་འདི་དག་ཕན་ཚུན་ཐབས་དང་ཤེས་རབ་ཏུ་འགྱུར་བ་གསུངས་པ། མཐེ་བོང་ཞེས་པ་ལ་སོགས་པ་སྟེ་མཐེ་བོང་སའི་རང་བཞིན་ནོ། །མིང་མེད་ནི་རླུང་གི་རང་བཞིན་ཏེ། འདི་དག་ཕན་ཚུན་ཐབས་དང་
ཤེས་རབ་ཉིད་དེ། གཟུང་བ་དང་འཛིན་པའི་ངོ་བོས་སོ། །དེ་ལྟར་ན་རིགས་གཞན་དང་འཁྱུད་པས་འབྲས་བུ་འབྱུང་གི་རང་གི་རིགས་དང་འཁྱུད་པས་མ་ཡིན་ཏེ། རང་ལ་རང་གིས་བྱ་བ་འགལ་བའི་ཕྱིར་རོ། །སའི་ཁམས་ལས་བྱུང་བ་ནི་ལུས་ཀྱི་དབང་པོ་ཡིན་པས། རླུང་གི་ཁམས་ལས་བྱུང་བའི་ཡུལ་
རེག་བྱ་འཛིན་ཏོ། །དེས་ན་གསུངས་པ། མཐེ་བོང་དང་ནི་མིང་མེད་དག །ཅེས་པ་ལ་སོགས་པའོ། །དེ་བཞིན་དུ་གཡས་དང་གཡོན་གྱི་མེ་དང་ཆུ་ཐབས་ཤེས་རབ་ཏུ་འགྱུར་བ་གསུངས་པ། གཡས་དང་ཞེས་པ་ལ་སོགས་པ་སྟེ། འདིར་ཡང་མེའི་ཁམས་ལས་སྐྱེས་པ་ནི་ཡུལ་རོ་དང་ཆུའི་ཁམས་ལས་བྱུང་

བའི་རོ་འཛིན་གྱི་དབང་པོས་འཛིན་ནོ། །དེའི་ཕྱིར་མཛུབ་མོ་དང་གུང་མོ་དག་རལ་གྲིར་འགྱུར་བས་སོ། །མཆེ་བའི་ཕྱག་རྒྱ་ནི་ཟླ་བ་ཕྱེད་པའི་ཚུལ་ལོ། །གྲི་གུག་ཅེས་པ་ནི་གྲི་གུག་གི་ཕྱག་རྒྱ་ནི་མཐེའུ་ཆུང་ངོ་། །སྟོང་པ་སྟེ་སྟོང་པའི་དཀྱིལ་འཁོར་དང་མི་འགྱུར་བ་སྟེང་དང་འོག་ཏུ་ཕན་ཚུན་ཐབས་དང་ཤེས་རབ་བོ། །
དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། །ཞེས་པ་གཡོན་པ་དང་གཡས་པ་ནས་འབབ་པའི་དཀྱིལ་འཁོར་བཅུ་པོ་རྣམས་ཡང་དག་པར་སྦྱོར་བ་ནི་གཅིག་ཉིད་དུ་གྱུར་ཏེ་དབུ་མར་འབབ་པའོ། །དེའི་ཕྱིར་སོར་མོ་རྣམས་ནི་སྟེ། ས་ལ་སོགས་པའི་རང་བཞིན་ཅན་རྣམས་ཐལ་མོ་སྦྱར་བ་སྤྱི་བོར་ནི། མགོ་བོར་བྱས་པ་
རྡོ་རྗེ་རྩེ་གཅིག་པར་འགྱུར་རོ། །འདིས་དེ་དག་ཉེ་བར་མཚོན་པར་བྱའོ། །དབུས་མར་འབབ་པའི་སྦྱོར་བ་འཛག་པ་མེད་པའི་བདེ་བས་བྱང་ཆུབ་ཀྱི་སེམས་སྟེང་ནས་འབབ་པ་རྡོ་རྗེའི་རྩེ་མོར་བྱའོ། །དེ་ཁོ་ན་གྲི་གུག་དང་བཅས་པ་སྟེ། མི་ཤེས་པ་གཅོད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཕུང་པོ་ནི་རྣམ་པར་
ཤེས་པ་ལ་སོགས་པའོ། །ཁམས་ནི་ས་ལ་སོགས་པ་རྣམས་སོ། །རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྣམས་སོ། །འདི་རྣམས་དབུས་མར་སོང་ན་གཅིག་ཉིད་དུ་འགྱུར་བ་བདེན་པའོ། །འཆི་ལྟས་ཀྱི་མཚན་ཉིད་གསུངས་པ། གཡོན་པ་ཞེས་པ་ལ་སོགས་པ་སྟེ། གཡོན་པའམ་གཡས་པ་ལ་རིམ་
པ་བཞིན་དུ། རླུང་ལྷག་པ་ཞག་གཅིག་དང་། དེ་བཞིན་དུ་ཞག་ལྔ་གང་གི་ཚེ་འབབ་པ་དེའི་ཚེ་ལོ་གསུམ་གྱིས་འཆི་བར་བལྟའོ། །འདི་དག་གི་བར་དུ་གཡས་པའི་རྩའི་འཆི་ལྟས་དེ་རྙེད་པ་བསྟན་ཏོ། །ལྔ་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མ་ལྔ་རྒྱུ་ན། ལོ་གསུམ་གྱིས་འཆི་ཞིང་སྙིང་སྟོབས་ཟད་པར་བྱེད་ལ་ལོ་
གཅིག་ཏུ་མི་རྒྱུའོ། །སླར་ཡང་ལོ་ཕྱི་མ་ལ་རྡུལ་ཟད་པར་བྱ་བའི་དོན་དུ་ཉི་མ་བཅུ་རྒྱུའོ། །སླར་ཡང་མི་རྒྱུའོ། །སླར་ཡང་ལོ་ཕྱི་མ་ལ་མུན་པ་ཟད་པའི་དོན་དུ་ཉི་མ་བཅོ་ལྔ་ལ་རྒྱུའོ། །ཉི་མ་ཉི་ཤུ་རྒྱུ་ན་ཚེ་ཟླ་བ་དྲུག་གོ། །ཉི་མ་ཉི་ཤུ་རྩ་ལྔ་རྒྱུ་ན་ཚེ་ཟླ་བ་གསུམ་མོ། །འདིས་ནི་ཉི་མས་ཟླ་བའི་ཡོན་ཏན་སྒྲ་དང་། རེག་
བྱ་དང་། རོ་དང་། གཟུགས་དང་། དྲི་རྣམས་བཟུང་ནས་འཆི་ལྟས་ཀྱི་ཉི་མ་རྣམས་བསྟན་ཏེ། ཁྱིམ་ལྔ་པོ་ཇི་སྲིད་པར་ལྔ་ཚན་ལྔ་པོ་དེས་འཕེལ་ལོ། །དེ་ནས་ཁྱིམ་དྲུག་པ་དང་བདུན་པ་ལ་གཅིག་གིས་ལྷག་པའི་རིམ་པས་འཕེལ་ལོ་ཞེས་པའོ། །ཁྱིམ་བདུན་པ་ལ་རྒྱས་པའི་དུས་ཏེ། གང་དུ་སྲོག་འཕེལ་བ་

མེད་པར་གང་གིས་ཀྱང་བྱ་བར་མི་ནུས་ཏེ། ཁུ་བའི་ཁམས་ལ་འཆི་ལྟས་ཀྱི་རླུང་ཞུགས་པའི་ཕྱིར་རོ། །དེ་ནས་རྒྱས་པའི་དུས་ལས་ཁུ་བའི་ཁམས་ཟད་པའི་དོན་དུ་འདབ་མ་བརྒྱད་པ་ལ་སོགས་པ་ལ་རིམ་པས་ཉི་མ་སུམ་ཅུ་རྩ་གསུམ་རྒྱུའོ། །འདིར་ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་
ལ་མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་མུ་ཁྱུད་གཉིས་ས་ལ་སོགས་པ་ལ་བྲིས་ནས། མུ་ཁྱུད་དང་པོ་ལ་ཤར་ལ་སོགས་པར་ཆུ་སྲིན་ལ་སོགས་པ་དང་། སྐྱེ་བའི་ཁྱིམ་ལ་སོགས་པར་འཆི་ལྟས་ཀྱི་ཉི་མ་དང་། ཚེའི་ལྷག་མ་ལོ་དང་ཟླ་བ་དང་ཉི་མའི་དབྱེ་བས་དགོད་པ་གསུངས་
པ། གསུམ་གཉིས་ཞེས་བྱ་བ་ལ་སོགས་པའོ། །མཉམ་པ་ནི་ལོའོ། །ཟླ་བ་ནི་དྲུག་དང་། གསུམ་དང་། ཟུང་དང་། ཟླ་བ་རྣམས་སོ། །ཉི་མ་ནི་ཚེས་དང་། ཕྱོགས་དང་། ལྔ་དང་། ཡོན་ཏན་དང་། གཉིས་དང་། གཅིག་གིས་དེ་བཞིན་དུ་ལུས་ཅན་རྣམས་ཀྱི་ཚེ་འགྲོ་བར་འགྱུར་རོ། །མུ་ཁྱུད་གཉིས་པ་ལ་
ཡང་མདོར་བསྟན་པ་ཙམ་གྱི་རྗེས་སུ་རྟོགས་པའི་ཕྱིར་དུ་ཉི་མ་འདོར་བ་བརྗོད་པར་བྱས་ཏེ། ཤར་ནི་སྐྱེ་བའི་ཁྱིམ་གྱི་འདབ་མའོ། །ལོ་ལས་བརྒྱད་ཅུ་ལྷག་པའི་སྟོང་ཕྲག་གི་ཉི་མའི་བདག་ཉིད་ལས་སུམ་ཅུ་རྩ་ལྔ་ལྷག་པའི་སུམ་བརྒྱའི་ཉི་མའི་ཚོགས་འདོར་བའོ། །དེ་ནས་འདབ་མ་དེ་སྟོང་པར་བྱས་ནས་འདབ་མ་
གཉིས་པ་ལ་ཉི་མ་ལྷག་པའི་ཚོགས་བཟུང་ནས། སྲོག་ནུས་པ་རབ་ཏུ་འཇུག་སྟེ། དེར་ཡང་རྒྱུ་བའི་ཉི་མ་དང་བཅས་པ་བཞི་བཅུ་རྩ་ལྔ་ལྷག་པའི་སུམ་བརྒྱའི་ཉི་མ་འདོར་རོ། །དེ་ནས་གཉིས་པ་སྟོང་པར་བྱས་ཏེ་ཉི་མ་ལྷག་མ་རྣམས་བཟུང་ནས་གསུམ་པ་ལ་འཇུག་སྟེ་དེར་ཡང་། རྒྱུ་བའི་ཉི་མ་དང་བཅས་པ་བདུན་
ཅུས་ལྷག་པའི་ཉི་མ་བརྒྱ་འདོར་རོ། །གསུམ་པ་སྟོང་པར་བྱས་ཏེ། ཉི་མ་ལྷག་མ་རྣམས་བཟུང་ནས། བཞི་པ་ལ་འཇུག་སྟེ། དེར་ཡང་འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་བརྒྱད་ཅུ་རྩ་གཉིས་འདོར་རོ། །དེའི་འདབ་མ་སྟོང་པར་བྱས་ཏེ། ཉི་མ་ལྷག་མ་རྣམས་བཟུང་ནས་ལྔ་པ་ལ་འཇུག་སྟེ། དེར་ཡང་
འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་ལྔ་བཅུ་རྩ་བདུན་འདོར་རོ། །དེ་ནས་དྲུག་པར་ཉི་མ་ལྷག་མ་རྣམས་བཟུང་ནས་འཇུག་སྟེ། དེར་ཡང་འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་ཉི་ཤུ་རྩ་བརྒྱད་འདོར་རོ། །དེ་ནས་དྲུག་པ་སྟོང་པར་བྱས་ཏེ། བདུན་པ་ལ་འཇུག་སྟེ། དེར་ཡང་འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་ཉི་ཤུ་

རྩ་བདུན་གྱི་ཚོགས་འདོར་རོ། །བདུན་པ་སྟོང་པར་བྱས་ཏེ། ཉི་མའི་ཚོགས་ལྷག་མ་སུམ་ཅུ་རྩ་དྲུག་བཟུང་ནས་བརྒྱད་པ་ལ་འཇུག་སྟེ། དེར་ཡང་ཉི་མ་བཅོ་ལྔ་འདོར་རོ། །བརྒྱད་པ་སྟོང་པར་བྱས་ཏེ། ཉི་མ་ལྷག་མ་ཉི་ཤུ་རྩ་གཅིག་བཟུང་ནས་དགུ་པ་ལ་འཇུག་སྟེ། དེར་ཡང་ཉི་མ་བཅུ་འདོར་རོ། །ལྷག་མ་
ཉི་མ་བཅུ་གཅིག་བཟུང་བས་དགུ་པ་སྟོང་པར་བྱས་ཏེ། བཅུ་པ་ལ་འཇུག་སྟེ། བཅུ་པ་ལ་ཉི་མ་ལྔ་འདོར་ཏེ། ལྷག་མ་ཉི་མ་དྲུག་བཟུང་ནས་ཉི་མ་གསུམ་འདོར་རོ། །དེ་ནས་བཅུ་གཅིག་པ་སྟོང་པར་བྱས་ཏེ། ཉི་མ་ལྷག་མ་གསུམ་བཟུང་ནས་བཅུ་གཉིས་པ་ལ་འཇུག་སྟེ། དེར་ཉི་མ་གཉིས་འདོར་རོ། །ཉི་མ་ལྷག་མ་
གཅིག་བཟུང་ནས་ལྟེ་བ་ལ་འཇུག་སྟེ། །དེ་ལྟར་བརྒྱད་ཅུ་ལྷག་པའི་སྟོང་གི་གྲངས་ཀྱིས་ཉི་མ་དབུས་མའི་ལོ་གསུམ་གྱི་ཉིན་ཞག་གིས་སྲོག་གི་ནུས་པ་ཁྱིམ་བཅུ་གཉིས་འཁོར་ལོ་འདོར་བའོ། །དེ་ནས་རྣམ་པར་ཤེས་པ་ཡང་འདོར་ཏེ། དབུགས་ཀྱི་འཁོར་ལོ་ལས་རྣམ་ཤེས་དང་སྲོག་གི་རླུང་གི་ལྷན་ཅིག་
འགྲོ་བ་གཞན་དུ་འཕོའོ། །གཡོན་པའི་རྩའི་འཆི་ལྟས་བསྟན་པར་བྱ་སྟེ། རྩ་བ་ནས་ནི་ཞེས་པ་ལ་སོགས་པ་སྟེ། རྩ་བ་ནས་ནི་ཞེས་པ་སྲོག་གི་སྐྱེ་བའི་ཁྱིམ་གྱི་ཉི་མ་ལས་རེ་རེས་ལྷག་པ་ནི་ཟླ་བ་འབྱུང་བ་སྟེ། འཕོ་བའི་དུས་ཀྱི་ཟླ་བའི་ཕྱོགས་ཀྱི་དབྱེ་བ་ལ་སོགས་པས་སོ། །འདིར་ཡང་སྔར་བཞིན་དུ་
ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་བྲིས་ནས། མུ་ཁྱུད་དང་པོ་ལ་འཆི་ལྟས་ཀྱི་ཉི་མ་དང་། མུ་ཁྱུད་གཉིས་པ་ལ་ཚེའི་ཟླ་བ་སུམ་ཅུ་རྩ་དྲུག་པོ་གཞག་པར་བྱའོ། །དེ་ནས་ཟླ་བ་གཅིག་མི་རྒྱུ་སྟེ། འཆི་ལྟས་ཀྱི་ཉི་མ་འཕེལ་ལོ། །ཟླ་བ་གཉིས་པའི་མཐར་ཟླ་བ་གསུམ་པ་ལ་འཇུག་པ་ལ། དེ་ཉིད་ཀྱི་འདབ་མར་
ཉི་མ་གཉིས་རྒྱུའོ། །དེ་ནས་ཟླ་བ་གསུམ་པ་ལ་མི་རྒྱུའོ། །ཟླ་བ་བཞི་པའི་མཐར་ཟླ་བ་ལྔ་པ་ལ་འཇུག་པ་ནི་ཉི་མ་གསུམ་རྒྱུའོ། །དེ་ནས་ཟླ་བ་དྲུག་པ་ལ་མི་རྒྱུའོ། །དེ་ལྟར་ཟླ་བ་དྲུག་གིས་འཆི་ལྟས་ཀྱི་ཉི་མ་གསུམ་པོ་རྣམས་ཏེ་བར་གྱི་ཉི་མ་གསུམ་རྣམས། མཐར་གཡས་པ་དང་དབུས་མའི་འཆི་ལྟས་ཀྱི་
ཆོས་ཅན་རྣམས་སོ། །དེ་ལྟར་ཟླ་བ་སུམ་ཅུ་རྩ་དྲུག་རྣམས་ལས་འཆི་ལྟས་ཀྱི་ཉི་མ་དང་བཅས་པའི་འཚོ་བའི་ཟླ་བ་དྲུག་སོང་ངོ་། །དེ་ནས་འདབ་མ་དེར་སྲོག་གི་རླུང་མི་རྒྱུའོ། །དེ་ལྟར་ཉིན་མོ་དང་མཚན་མོ་ལ་འཕོ་བ་བཅུ་གཅིག་ཏུ་འགྱུར་ཞིང་ཁྲི་ཕྲག་གཉིས་དང་བརྒྱ་ཕྲག་གཉིས་ཀྱི་དབུགས་ཀྱིས་སོ། །འདབ་མ་

ཡོངས་སུ་འདོར་བ་ཡིན་གྱི། དབུགས་ཀྱི་འཁོར་ལོ་ནི་དམན་པ་མེད་དོ། །དེ་ནས་འདབ་མ་གཉིས་པ་ལ། ཟླ་བ་བདུན་པ་དང་། བརྒྱད་པ་དང་། དགུ་པ་ལ་གྲངས་བཞིན་དུ། ཉི་མ་བཞི་དང་། ལྔ་དང་། དྲུག་རྣམས་རྒྱུའོ། །དེ་ནས་ཟླ་བ་སུམ་ཅུ་ལས་ཁྱིམ་ཕྱི་མའི་འཚོ་བའི་
ཟླ་བ་གསུམ་སོང་ངོ་། །དེ་ནས་ཟླ་བ་ཉི་ཤུ་རྩ་བདུན་བཟུང་ནས་འདབ་མ་གསུམ་པ་ལ་ཀུན་དུ་སྤྱོད་དོ། །འདབ་མ་སུམ་ཅུ་ལ་འཕོ་བ་བཅུ་གཉིས་ཉིན་མོ་དང་མཚན་མོར་འགྱུར་རོ། །ཟླ་བ་སོ་སོ་ལ་རིམ་པ་ཇི་ལྟ་བར་ཉི་མ་བདུན་དང་བརྒྱད་དང་དགུ་རྣམས་རྒྱུའོ། །ཟླ་བ་ཉི་ཤུ་རྩ་བདུན་རྣམས་ལས་ཟླ་བ་གསུམ་ཆད་
པར་འགྱུར་རོ། །དེ་ལྟར་སྔར་གསུངས་པའི་རྣམ་པས་ཁྱིམ་གྱི་འདབ་མ་གསུམ་འདོར་ཏེ། འདབ་མ་དགུ་པོ་རྣམས་ལ་འཕོ་བར་བྱེད་དོ། །དེ་ལྟར་ཉི་མ་བཅུ་དང་ཉི་མ་བཅུ་གཅིག་དང་ཉི་མ་བཅུ་གཉིས་རྒྱུའོ། །འདབ་མ་བཞི་པ་འདོར་ཏེ། འཚོ་བའི་ཟླ་བ་ཉི་ཤུ་རྩ་བཞི་ལས་ཟླ་བ་གསུམ་ཆད་པར་འགྱུར་
རོ། །དེ་ལྟར་ཉི་མ་བཅུ་གསུམ་དང་། ཉི་མ་བཅུ་བཞི་དང་། ཉི་མ་བཅོ་ལྔ་ལའོ། །དེ་ནས་འདབ་མ་ལྔ་པ་དོར་ཏེ། འདབ་མ་བདུན་རྣམས་ལ་འཕོ་བར་བྱེད་དོ། །ཟླ་བ་ཉི་ཤུ་རྩ་གཅིག་ལས་ཟླ་བ་གསུམ་ཆད་པར་འགྱུར་རོ། །དེ་བཞིན་དུ་ཉི་མ་བཅུ་དྲུག་དང་བཅུ་བདུན་དང་བཅོ་བརྒྱད་རྣམས་ཟླ་བ་སོ་སོ་ལ་རིམ་པ་
ཇི་ལྟ་བར་རྒྱུའོ། །འདབ་མ་དྲུག་དོར་ཏེ་འདབ་མ་དྲུག་རྣམས་སུ་འཕོ་བར་བྱེད་དོ། །ཟླ་བ་བཅོ་བརྒྱད་ལས་འཚོ་བའི་ཟླ་བ་གསུམ་ཆད་དོ། །ཉིན་ཞག་གཅིག་གིས་དམན་པའི་ཉི་ཤུ་དང་། ཉི་ཤུ་རྩ་གཅིག་རྣམས་ཟླ་བ་སོ་སོ་ལ་རྒྱུ་སྟེ། ཁྱིམ་བདུན་པ་དོར་ནས་ཁྱིམ་ལྔ་རྣམས་སུ་འཕོ་བར་བྱེད་དོ། །ཟླ་བ་
བཅོ་ལྔ་ལས་འཚོ་བའི་ཟླ་བ་གསུམ་ཆད་དོ། །དེ་ལྟར་ཉིན་ཞག་ཉི་ཤུ་རྩ་གཉིས་དང་ཉི་ཤུ་རྩ་གསུམ་དང་ཉི་ཤུ་རྩ་བཞི་རྣམས་རིམ་པ་བཞིན་དུ་རྒྱུ་སྟེ། འདབ་མ་བརྒྱད་པ་སྤངས་ཏེ་འདབ་མ་བཞི་པོ་རྣམས་སུ་འཕོ་བར་བྱེད་དོ། །ཟླ་བ་བཅུ་གཉིས་ལས་འཚོ་བའི་ཟླ་བ་གསུམ་ཆད་དོ། །དེ་ལྟར་ཉིན་ཞག་ཉི་ཤུ་རྩ་ལྔ་དང་།
ཉི་ཤུ་རྩ་དྲུག་དང་། ཉི་ཤུ་རྩ་བདུན་རྣམས་གང་གི་ཚེ་རྒྱུ་བ་དེའི་ཚེ་འདབ་མ་དགུ་པ་དོར་ཏེ་འདབ་མ་གསུམ་པོ་རྣམས་སུ་འཕོ་བར་བྱེད་དོ། །ཟླ་བ་དགུ་པོ་རྣམས་ལས་འཚོ་བའི་ཟླ་བ་གསུམ་ཆད་དོ། །དེ་བཞིན་དུ་ཉིན་ཞག་ཉི་ཤུ་རྩ་བརྒྱད་དང་། ཉི་ཤུ་རྩ་དགུ་དང་། སུམ་ཅུ་རྣམས་གང་གི་ཚེ་རྒྱུ་བ་དེའི་ཚེ་འདབ་མ་

བཅུ་པ་དོར་ཏེ་འདབ་མ་གཉིས་སུ་འཕོ་བར་བྱེད་དོ། །ཟླ་བ་དྲུག་ལས་འཚོ་བའི་ཟླ་བ་གསུམ་ཆད་དོ། །ཉིན་ཞག་སུམ་ཅུ་རྩ་གཅིག་དང་སུམ་ཅུ་རྩ་གཉིས་དང་སུམ་ཅུ་རྩ་གསུམ་རྣམས་གང་གི་ཚེ་རྒྱུ་བ་དེའི་ཚེ་འདབ་མ་བཅུ་པ་དོར་ཏེ། འདབ་མ་བཅུ་གཅིག་པར་འཕོ་བར་བྱེད་དོ། །ཟླ་བ་གསུམ་ལས་འཚོ་བའི་
ཉིན་ཞག་དགུ་བཅུ་རྣམས་ཀྱིས་ཆད་པར་འགྱུར་རོ། །དེ་ནས་སྔར་གྱི་འདབ་མར་མི་རྒྱུ་བ་ཉིན་ཞག་གསུམ་ལས་འདབ་མ་བཅུ་གཉིས་པར་ཉིན་ཞག་གཉིས་རྒྱུའོ། །དེ་ནས་འདབ་མ་བཅུ་གཉིས་པ་དོར་ཏེ། དེ་ནས་ལྟེ་བ་ལ་ཉི་མ་གཅིག་རྒྱུ་སྟེ། ཇི་སྲིད་དུ་སྲོག་གི་དབུགས་ཀྱི་འཁོར་ལོ་རྣམ་པར་ཆད་པར་གྱུར་
གྱི་བར་དུའོ། །དེ་ལྟར་གཡོན་པའི་འཆི་ལྟས་ཀྱིས་རྣལ་འབྱོར་པ་མ་ཡིན་པ་རྣམས་འཆི་བར་འགྱུར་རོ། །དབུས་མར་རྒྱུ་བ་གསུངས་པ། དབུས་མ་ཞེས་པ་ལ་སོགས་པ་སྟེ། དུས་སུ་འཆི་བ་ནི་ལོ་བརྒྱ་རྫོགས་པ་ལ་དབུ་མར་རྒྱུ་བ་སྟེ། མཉམ་དང་མི་མཉམ་ཉིན་ཞག་གིས་ནི་ཁྱུ་མཆོག་ལ་སོགས་པ་དང་། ལུག་
ལ་སོགས་པ་ལ་མ་སྐྱེས་པས་དཀྱིལ་འཁོར་ལ་རྒྱུ་བ་གསུངས་པ། དབུས་མ་ཞེས་པ་ལ་སོགས་པ་རྣམས་སོ། །ཕྱོགས་གཉིས་རྣམ་པར་ཉམས་པའི་ཕྱིར་ནི། གང་གཡས་པ་དང་གཡོན་པའི་ཕྱོགས་གཉིས་སོ། །གཞན་དུ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །འཆི་བ་བསླུ་བའི་དོན་དུ་གསུངས་པ།
འཆི་ལྟས་མཚན་ཉིད་ཅེས་བྱ་བ་ལ་སོགས་ཏེ། སྲོག་ནི་སྟེ་སྲོག་གི་རླུང་དཔྲལ་བར་གཞུག་པར་བྱའོ། །ཀུན་སྤངས་གོ་འཕང་ནི་དབུ་མར་རྒྱུ་བ་ཉིད་དོ། །གཞན་དུ་ཞེས་པ་གལ་ཏེ་ཟླ་བ་དང་ཉི་མར་འགྲོ་བ་འགོག་པ་དང་། རྡོ་རྗེ་བླང་བ་མེད་ན་དེའི་ཚེ་ཀུན་སྤངས་མའི་ལམ་དུ་སྲོག་གི་རླུང་མི་འཇུག་གོ། །འོག་
ཏུ་ཡང་ཐུར་སེལ་གྱི་རླུང་དུང་ཅན་མར་མི་འཇུག་གོ། །དེ་ལྟར་ཅིར་འགྱུར་ཞེ་ན་གསུངས་པ། དེ་མ་ཞུགས་ན་འཆི་བ་ཡིན་ཏེ། སྲོག་དང་ཐུར་སེལ་གྱི་རླུང་དེ་དག་ཀུན་སྤངས་དང་། དུང་ཅན་མར་མ་ཞུགས་ན་འཆི་བ་ཁོ་ནའོ། །དགའ་བ་རྣམས་ཀྱི་དབྱེ་བ་གསུངས་པ། ཁུ་བ་ཞེས་བྱ་བ་ལ་སོགས་པ་སྟེ།
གཙུག་ཏོར་ནས་ཞེས་པ་ནི་དེའི་སྐབས་ནས་སོ། །མཛོད་སྤུའི་པདྨ་རུ་ནི་སྨིན་མའི་དབུས་སུ་ཁུ་བ་འོངས་པ་དགའ་བ་སྟེ་དང་པོའོ། །དེ་ནས་མགྲིན་པ་དང་སྙིང་གར་མཆོག་ཏུ་དགའ་བ་སྟེ། གཉིས་པའོ། །དེ་ནས་རྣམ་པར་དགའ་བ་ནི་རྩེ་བ་དང་དམ་དུ་འཁྱུད་པ་དང་ཤིང་ཡིག་དང་། མགྲིན་པའི་གླུ་ཛ་ན་ལ་

སོགས་པའི་མཚན་ཉིད་ལྟེ་བ་དང་གསང་བར་བྱང་ཆུབ་ཀྱི་སེམས་སོང་ན་སྣ་ཚོགས་པའི་དགའ་བ་སྟེ་གསུམ་པའོ། །གསང་བ་ནས་རྡོ་རྗེ་ནོར་བུའི་མཐར་ཐུག་པར་བྱང་ཆུབ་ཀྱི་སེམས་འཛག་པ་མེད་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་བཞི་པའོ། །དེ་ཡང་རབ་ཏུ་མི་གནས་མྱ་ངན་འདས་ཏེ།
རབ་ཏུ་མི་གནས་པ་ནི་ཆགས་པ་དང་ཆགས་པ་དང་བྲལ་བའི་དངོས་པོ་མེད་པའི་ཕྱིར་རོ། །འཁོར་བ་པའི་ཆགས་པ་ཟད་པའི་ཕྱིར་ཆགས་པ་ཆེན་པོ་སྟེ། ལུས་མེད་རྡོ་རྗེ་ནི་མི་འགྱུར་བའོ། །མངའ་བདག་ནི་ཁམས་གསུམ་གྱི་ཁྱབ་བདག་སྟེ། དེ་རྣམས་ཐམས་ཅད་དེའི་གོ་འཕང་འདོད་པ་དང་མངོན་པར་འདོད་
པའི་ཕྱིར་རོ། །སླར་ཡང་མྱ་ངན་ལས་འདས་པ་དང་། རབ་ཏུ་གནས་པ་གང་ཞེ་ན། གསུངས་པ། ཆགས་བྲལ་ལས་གང་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་ཉིད་རྒྱས་པར་གསུངས་པ། ས་བོན་ཉིད་ཟླ་བ་སྟེ། བདུད་རྩི་ཡིན་པའི་ཕྱིར་ཏེ། དེ་གཙུག་ཏོར་དུ་ཤར་རོ། །དཔྲལ་བར་གང་བའོ། །དགའ་
བ་དང་པོ་ལ་སོགས་པའི་དབྱེ་བས། དཀར་པོའི་ཚེས་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔའི་མཚན་ཉིད་དོ། །མདོར་བསྟན་པ་ཙམ་གྱིས་རྗེས་སུ་བརྗོད་པའི་ཕྱིར་རོ། །མགྲིན་པ་དང་སྙིང་གར་དྲུག་པ་དང་བདུན་པ་དང་བརྒྱད་པ་དང་། དགུ་པ་དང་བཅུ་པ་ཞེས་པ་སྟེ་གང་བ་གཞན་ནོ། །ལྟེ་བ་དང་གསང་བར་
བཅུ་གཅིག་པ་དང་བཅུ་གཉིས་པ་དང་བཅུ་གསུམ་པ་དང་བཅུ་བཞི་པ་དང་བཅོ་ལྔ་པ་ཞེས་པ་སྟེ་གང་བ་གསུམ་པའོ། །འདིར་དགའ་བ་ལ་སོགས་པའི་དབྱེ་བས་གང་བ་གསུམ་དུ་འགྱུར་ཏེ། གསང་བར་བྱང་ཆུབ་ཀྱི་སེམས་སོང་བས་ཁྱད་པར་གྱི་དགའ་བའི་དགའ་བ་ལས་གང་ཆ་བཅུ་དྲུག་པ་དེ་ནི་རྡོ་རྗེ་ནོར་བུའི་པདྨའི་རྩེ་མོར་
སོང་བར་གྱུར་པའོ། །དེ་ནས་གྱེན་དུ་ནག་པོའི་ཚེས་གཅིག་ལ་འོངས་ནས་ཆགས་བྲལ་ལ་འཇུག་པའི་དུས་ཏེ་འཕོ་བའི་དུས་སུ་འགྱུར་རོ། །དེ་ནས་ཆགས་པ་དང་བྲལ་བས་ཉི་མ་མཛོད་སྤུའི་གནས་སུ་འགྲོའོ། །ཉི་མ་དེའི་ཆ་ནི་བཅུ་དྲུག་པ་གཙུག་ཏོར་གྱི་པདྨར་སོང་བས་ན་འདིར་ནི་ཟླ་བ་ཟད་པར་བརྗོད་དོ། །ཉི་
མ་རྡུལ་གྱི་རང་བཞིན་གྱིས་སྒྲིབ་པར་བྱེད་པའི་ཕྱིར་རོ། །དེ་ནས་འདོད་ཆགས་བདེ་བས་ཆགས་པ་དང་བྲལ་བར་འགྱུར་རོ། །དེའི་ཕྱིར་དེ་སྤང་བར་བྱའོ། །འཆི་བ་ན་ནི་འཆི་བའི་དུས་སོ། །ལུས་ཅན་ཐམས་ཅད་ནི་ལྷ་དང་ལྷ་མ་ཡིན་དང་མི་རྣམས་སོ། །ཟླ་བའི་བདུད་རྩི་ནི་བྱང་ཆུབ་ཀྱི་སེམས་སོ། །ཐུར་དུ་

ནི་ཁུ་བའི་ལམ་དུ་འགྲོའོ། །ཉི་མ་ཉིད་རྡུལ་ཏེ་རྡུལ་ནི་ཆོས་ཉིད་ཀྱིས་སྟེང་དུ་འགྲོའོ། །སྒྲ་གཅན་དང་རྣམ་ཤེས་ནི་མ་རིག་པའི་སྲོག་དང་། ཀུན་གཞི་རྣམ་ཤེས་སོ། །སྲིད་པའི་མཚན་ཉིད་དེ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ལས་ཀྱི་མཚན་ཉིད་དུ་འགྱུར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ཏེ་རྒྱུ་དེའི་ཕྱིར་
ཟླ་བའི་བདུད་རྩི་ཁུ་བའི་ཁམས་སྟེང་དུ་སྟེ་གྱེན་དུ་འགྲོ་བར་བྱ་བ་ནི་མན་ངག་ལས་སོ། །འོག་ཏུའང་ཉི་མའི་རྡུལ་འགྲོ་དང་། སྒྲ་གཅན་གྱི་མཚན་ཉིད་ཀྱི་རྣམ་པར་ཤེས་པ་མི་འགྱུར་བའི་བདེ་བར་འགྲོ་བར་བྱའོ་ཞེས་པའོ། །དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་དུ་སྤྱོད་པར་རོ་ཞེས་བལྟ་བར་བྱ་སྟེ། མཛོད་སྤུའི་
ཞེས་པ་ལ་སོགས་པ་སྟེ། ཟླ་བའི་བདུད་རྩི་ནི་ཁུའི་ཁམས་སོ། །ཉ་བ་ནི་གང་བ་ཉིད་དེ་སངས་རྒྱས་རྣམས་ཀྱི་མཛོད་སྤུའི་ཆུ་སྐྱེས་སུ་འགྱུར་རོ། །ཉི་མའི་རྡུལ་ནི་གནམ་སྟོང་ལ་གང་བར་འགྱུར་རོ། །དེ་དག་ནི་ཟླ་བ་དང་ཉི་མ་སྟེ་ཆ་ནི་རིམ་པ་བཞིན་གཙུག་ཏོར་དང་རྡོ་རྗེ་ནོར་བུ་སྟེ་སངས་རྒྱས་རྣམས་ཀྱིའོ། །མཚན་
ཡང་དག་པར་བརྗོད་པ་ལས་དེ་གསུངས་པ། ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་སྒོ་ངའི་རྩེ་ནས་གནོན། །ཞེས་སོ། །རྡོ་རྗེའི་ཚིག་ནི་ཡེ་ཤེས་ཀྱི་ཚིག་གོ། །ཕྱིན་ཅི་ལོག་ནི་གནས་པ་ཞེས་པའི་དོན་
ཏོ། །མི་གནས་པ་ནི་སླར་ཡང་ཇི་ལྟ་བུ་ཡིན་ཞེ་ན། གསུངས་པ། མི་གནས་ཞེས་པ་ལ་སོགས་པ་སྟེ། ཁམས་རྣམས་ནི་ས་ལ་སོགས་པ་རྣམས་སོ། །ཕྱིན་ཅི་ལོག་ཏུ་འགྱུར་བ་ནི། སྒྲིབ་པ་མེད་པ་ཉིད་དུ་འགྱུར་བའོ། །གཞན་དུ་ཁམས་རྣམས་དབྱེ་བ་མེད་དོ། །མགོ་བོ་ལས་བབ་པ་རྣམས་ཀྱི་སྐུ་དང་
གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེ་རྣམས་གྱེན་དུ་རིམ་པས་གང་བར་གྱུར་པའི་སྐུ་བཞིའི་རྣམ་པར་དག་པ་གསུངས་པ། ནོར་བུར་ཞེས་པ་ལ་སོགས་པ་སྟེ། བདེ་ཆེན་ཞེས་པ་རྡོ་རྗེ་ནོར་བུའི་རྩེ་མོ་ལས་སོ། །ཕྱིན་ཅི་ལོག་གིས་གང་སྐུའི་ཐིག་ལེ་དེ་རྒྱུ་བརྒྱ་ཟད་པ་ཉིད་དག་པའི་སྐུ་སྟེ་དེ་ཡང་རྡོ་རྗེའི་རྩེ་མོར་
གནས་པའོ། །དེའི་ཕྱིར་ནོར་བུར་ཐུགས་ཏེ་གཉིད་མཐུག་པོ་ཟད་པའོ། །གསང་བར་གསུང་སྟེ་རྨི་ལམ་ཟད་པའོ། །ལྟེ་བར་སྐུ་སྟེ་སད་པའི་གནས་སྐབས་ཟད་པའོ། །དེ་དག་ཀྱང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྟེ་དག་པའི་སྐུ་ལས་སྤྲོ་བར་བྱེད་དོ། །འོག་ཏུ་ཐབས་སུ་འགྱུར་ཞེས་པ་འོག་ཏུ་

རྡོ་རྗེའི་རྩེ་མོ་ལས་གང་ཞིག་སྐུ་རྣམས་སྤྲོ་པར་བྱེད་པ་དེ་ནི་ཐབས་སུ་འགྱུར་རོ། །ཤེས་རབ་ནི་སླར་ཡང་སྟེང་དུ་འགྱུར་རོ། །དེ་དག་བསྟན་པར་བྱ་སྟེ། དཔྲལ་བར་ཞེས་པ་ལ་སོགས་ཏེ། འདིའི་ཤེས་རབ་ཀྱི་སྐུ་རྡོ་རྗེ་ནི་དཔྲལ་བར་ཏེ་སྔར་བཞིན་དུ་ཕྱིན་ཅི་ལོག་གིས་སོ། །དེ་བཞིན་དུ་
མགྲིན་པ་དང་། སྙིང་ག་དང་། ལྟེ་བའི་འདམ་སྐྱེས་ལ་རིམ་པ་བཞིན་དུ་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་སོ། །དེས་སྤྲུལ་པ་ལ་སོགས་པ་རྣམས་སྤྲོ་བར་བྱེད་ཅེས་པའོ། །མི་འགྱུར་བའི་བདེ་བ་སྤེལ་བའི་དོན་དུ་གསུངས་པ། ལས་ཀྱི་ཞེས་པ་ལ་སོགས་པའོ། །འདི་སྙམ་དུ་འཕེལ་བ་ནི་ཐམས་ཅད་དུ་འཕེལ་
བར་འགྱུར་རམ་ཞེ་ན་གསུངས་པ། འཕེལ་བ་མེད་པར་འགྱུར་ཞེས་པའོ། །འདི་ལྟར་གང་འཕེལ་བ་དེས། ངེས་པར་ཟད་པར་འགྱུར་གྱི་གཞན་དུ་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །རྟག་པའི་དོན་མ་ཡིན་ན་ཡང་གང་ཞིག་ཡོད་པ་གང་གིས་དེའི་རྟག་པ་ཉིད་ཡོངས་སུ་བརྟག་པར་བྱ་སྟེ། ཆོས་ཐམས་ཅད་
སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མོད་ཀྱི་སྐྱེ་བ་དང་འགག་པ་ཁོ་ན་དེའི་རང་བཞིན་དུ་འགྱུར་བ་ལ་སྐྱོན་ཅི་ཡོད་ཅེས་བསམ་པར་གྱུར་ན་གསུངས་པ། །ཆོས་རྣམས་རང་བཞིན་མེད་པར་ནི། །ཞེས་པ། ཆོས་རྣམས་ཀྱི་གང་གི་རང་བཞིན་དངོས་པོ་མེད་པའི་ཟད་པ་འབྱུང་བ་གང་ཡིན་པ་དེ་སྒྱུ་མ་
བཞིན་ནོ། །དེའི་ཕྱིར་དེ་ཁོ་ན་འབྱུང་བ་རྣམས་ཟད་པར་མི་འགྱུར་ཞིང་སྐྱེ་བ་མེད་ཅེས་པའོ། །ལྡན་པ་དང་བྲལ་བ་ཙམ་ཉིད་ཀྱི་ཕྱིར་རོ། །མཐུན་པ་ལ་སོགས་པ་བསྒོམ་པ་གསུངས་པ། རང་གི་ཤེས་རབ་ཅེས་པ་ལ་སོགས་ཏེ། རང་གི་ཤེས་རབ་མ་རྣམ་པ་གསུམ་གྱི་མཚན་ཉིད་ཀྱིས་སེམས་ལ་འཁྱུད་པས་པདྨ་སྟེ་
གསང་བར་སོང་བ་ནི་ནོར་བུའི་པདྨ་དེར་ཟླ་བ་སོང་བ་མཐུན་པའི་གཟུགས་ཀྱིས་མཐུན་པ་བསྒོམ་པའོ། །དེ་ཁོ་ན་ལ་ནོར་བུར་གང་གི་ཚེ་མི་མཐུན་པར་གྱུར་པ་དེའི་ཚེ་མི་འགྱུར་བ་བསྒོམ་པའོ། །ལུས་ངག་སེམས་ཀྱི་རྩ་རྣམས་ལ་ནི་གཡོན་པ་དང་། གཡས་པ་དང་དབུས་མའི་རྩ་རྣམས་ལ་ནི་ལུས་ངག་སེམས་ཀྱི་
བསྒོམ་པ་ཞེས་པའོ། །གང་གི་ཚེ་བླ་མ་དམ་པའི་མན་ངག་གིས་སྨིག་རྒྱུ་ལ་སོགས་པའི་ལམ་དུ་ཞུགས་པ་དེའི་ཚེ་རྩ་གསུམ་ཡོངས་སུ་དག་པར་འགྱུར་རོ། །དེ་རྣམས་ལེགས་པར་ཡོངས་སུ་དག་པ་ན། །གལ་ཏེ་ལུས་ཀྱི་རྩ་རྣམས་སུ་སྲོག་རྒྱུ་བ་དེ་ལྟར་དུ་ཡང་སྲོག་རྩོལ་བྱའོ། །དེ་ནི་སྐུ་བསྒོམ་པའོ། །དེ་

བཞིན་དུ་གསུང་གི་རྩར་གསུང་བསྒོམ་པར་བྱའོ། །ཐུགས་ཀྱི་རྩ་དབུ་མར་ཐུགས་བསྒོམ་པར་བྱའོ། །གང་གི་ཚེ་དུང་ཅན་མ་ལ་སྟེ། ཁུ་བའི་རྩ་ལ་ཡེ་ཤེས་བསྒོམ་པ་ནི་མི་འགྱུར་བ་བསྒོམ་པར་འགྱུར་ཏེ་དེའི་ཚེ་བསྡུས་པ་ནི་གཅིག་ཉིད་དུ་གྱུར་པའོ། །རྡོ་རྗེ་གསུམ་ནི་རྩ་གསུམ་རྣམས་སོ། །ཐིག་ལེ་བཞིའི་
བཅིང་བ་གསུངས་པ། ཤེས་རབ་ཅེས་བྱ་བ་ལ་སོགས་ཏེ། ཤེས་རབ་ཆགས་པས་ཞུ་བ་ཞེས་པ་གཏུམ་མོ་འབར་བས་ཞུ་བའོ། །མགོ་བོ་དང་དཔྲལ་བ་ལས་རྫོགས་པའི་གོ་འཕང་སྟེ། གསང་བའི་གནས་སུ་དོན་དམ་པས་ནི་བཅིང་བར་བྱ་ཞེས་པ་ནི་སྲོག་འགྱུར་བ་མེད་པའི་བདེ་བས་བཅིངས་པའོ། །བག་ཆགས་
ནི་སྒྲིབ་པའོ། །དེ་བསལ་བས་ནི་སྤངས་པ་གང་ཡིན་པ་སྟེ། དེ་རྫོགས་པ་ཡིན་གྱི་ཟླ་བ་ལ་ནི་ཆད་པ་ཡང་མེད་ཅིང་དེའི་རྫོགས་པ་ཡང་མེད་དོ། །དེ་བཞིན་དུ་རིམ་པས་ཡེ་ཤེས་འཆར་བ་ནི་རྒྱུ་མཐུན་པ་ལ་སོགས་པའི་དབྱེ་བས་ས་རྣམས་ཀྱིས་ནི་འཆར་བ་ལ་སོགས་པས་སྟེང་དུ་གཙུག་ཏོར་དུ་རྫོགས་པར་འགྱུར་རོ། །
ཉོན་མོངས་པ་ཞེས་བྱ་བ་ནི་སྒྲིབ་པ་རྣམས་ཡིན་ལ། བཅོམ་པ་སྟེ་སྤངས་པ་ནི་རྫོགས་པ་ཡིན་ལ་ཡེ་ཤེས་ནི་ཆད་པ་མེད་ཅིང་དེ་ལ་རྫོགས་པ་ཡང་མེད་དོ་ཞེས་པའོ། །དབུས་སུ་རི་བོང་གིས་མཚན་ནི་དེའི་དབུས་སུ་རི་བོང་གིས་མཚན་མའོ། །དེས་ན་ཉ་ལ་རི་བོང་ཅན་མི་གནས་ཏེ་ཚེས་གཅིག་ལ་ཞུགས་པའི་དུས་སུ་
ཟད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་སེམས་ལ་མི་འགྱུར་བའི་བདེ་བ་མི་གནས་ཏེ་འཁོར་བའི་བག་ཆགས་འགྱུར་བའི་བདེ་བའི་མཚན་ཉིད་ཀྱིས་དེ་འཁྱུད་པའི་ཕྱིར་རོ། །འགྲོ་བ་རྣམས་ཀྱི་ཆགས་པ་དང་ཆགས་བྲལ་ལ་རྫོགས་པ་གནས་པ་ཡིན་ནོ་ཞེས་གསུངས་པ། སྐྱེ་དང་ཞེས་པ་ལ་སོགས་པའོ། །སྐད་
ཅིག་གཅིག་གིས་རྫོགས་སངས་རྒྱས་ནས་གང་གི་ཚེ་རྫོགས་པ་ལ་ནི་སྟེ། གསང་བའི་པདྨ་ལ་མི་གཡོ་བའི་སེམས་སུ་འགྱུར་བ་དེའི་ཚེ། དེ་དག་སེམས་ཀྱི་རྡོ་རྗེ་ནོར་བུ་རྒྱུ་མཐུན་པས་སྐད་ཅིག་མ་ཐམས་ཅད་རྫོགས་པ་ནི་དབུགས་ཁྲི་ཕྲག་གཉིས་དང་བརྒྱད་བརྒྱ་གཉིས་ཀྱི་ཚད་ཉིད་དོ། །དེ་བཞིན་དུ་འདིའི་
སེམས་དཀར་པོའི་ཕྱོགས་ཆགས་པ་ལ་མི་གནས་སོ། །དཀར་པོ་མིན་པའི་ཕྱོགས་ཆགས་བྲལ་དུའང་མི་འགྲོའོ། །དེ་ཉིད་ཀྱིས་ནི་ཕྱོགས་གཉིས་པོའི་དབུས་སུ་གནས་ཏེ་རྫོགས་པར་གཤེགས་པ་གཉིས་སུ་མེད་པར་རབ་ཏུ་མི་གནས་བའོ། །མཚན་ཡང་དག་པར་བརྗོད་པར་དེ་གསུངས་པ། སྐད་ཅིག་

གཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །ཞེས་པ་དང་། ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་སོ། །འཁོར་བ་པའི་རིམ་པ་གསུངས་པ། གཙུག་ཏོར་ཞེས་པ་ལ་སོགས་པ་སྟེ། དེའི་བྱང་ཆུབ་
ཀྱི་སེམས་དེ་གཙུག་ཏོར་ལས་བྱུང་བའི་རྡོ་རྗེ་ནོར་བུར་རྫོགས་པར་འགྱུར་རོ། །དགའ་བྲལ་ཆགས་པས་ཆ་བཅོམ་པ་ནི་ཆ་བསགས་པ་དེ། རྡོ་རྗེའི་རྩེ་མོ་ལ་ལྷུང་བར་འགྱུར་རོ། །དེ་ནས་བཅོམ་པ་སྟེ་ཆགས་བྲལ་གྱི་རྫོགས་པ་ཉིད་སླར་ཡང་དེ་བཞིན་དུ་འབྱུང་སྟེ། སླར་ཡང་ནོར་བུར་རྫོགས་པར་འགྱུར་རོ། །
ཆགས་བྲལ་བཅས་པས་ཆ་བཅོམ་པ་ཡིན་གྱི། ལུས་ཅན་རྣམས་ཀྱིས་ཡེ་ཤེས་བཅོམ་པ་ནི་མ་ཡིན་ཞེས་པའོ། །ཡེ་ཤེས་བཅོམ་ན་འཆི་བ་ཁོ་ནའོ། །རྫོགས་པའི་སྒྲ་ཡི་དོན་གསུངས་པ། འདི་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རང་བཞིན་ཏེ། དེ་རྫོགས་པའི་སྒྲས་བརྗོད་དོ། །བདེ་བ་
ཆེན་པོའི་རང་བཞིན་རྣམ་པར་བསྟན་པ་ལས་གཞན་མ་དངོས་པོའི་མཐའ་ནི་ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་སྐྱེད་དང་སྡུད་པའི་བྱེད་པ་པོ་ནི་སྐྱེ་བ་དང་འགག་པའི་མཚན་ཉིད་དོ། །དེ་ཉིད་གསལ་བར་བྱ་སྟེ། སྲིད་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རང་ཕྱོགས་གཉིས་ལ་ནི་དཀར་པོ་དང་། ནག་པོ་དག་གོ། །
བགྲོད་པ་གཉིས་ལ་བྱང་དང་ལྷོ་དག་གོ། །འདི་ནི་ཞེས་པ་བྱང་ཆུབ་ཀྱི་སེམས་སོ། །གཡོ་བ་མེད་པར་རྫོགས་པ་ནི། །གསང་བའི་པདྨའི་སྟེང་དུ་ས་རྣམས་ཀྱིས་ཡོངས་སུ་རྫོགས་པའོ། །ཉི་ཁྲི་ཞེས་པ་ལ་སོགས་པ་སྟེ་དོན་རྣམ་པར་བཤད་པ་ནི། ཕྱོགས་གཉིས་ནི་གཡོན་པ་དང་གཡས་པའི་ལུག་དང་
ཁྱུ་མཆོག་ལ་སོགས་པ་ཁྱིམ་བཅུ་གཉིས་ཀྱི་མཚན་ཉིད་དོ། །མནན་པ་སྟེ་འགག་པ་ནི། བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཏེ། ས་བཅུ་གཉིས་ཐོབ་པའོ། །རྣམ་པ་བཅུ་དྲུག་མི་འགྱུར་བ་ནི་འཁོར་བ་པའི་ཆ་བཅུ་དྲུག་ཟད་པའོ། །གཉིས་སུ་མེད་པའི་མཆོག་ནི། ལས་ཀྱི་རླུང་འགྲོ་བ་དང་བྲལ་
ཞིང་རྟོག་པ་མེད་པའོ། །དོན་གཅིག་གཉིས་སུ་མེད་པའི་ཆོས་ནི། དེ་དག་དོན་གཅིག་པ་སྟེ། ཕྱོགས་གཉིས་མེད་པའི་ཕྱིར་རོ། །ཆགས་བྲལ་དང་པོ་ཆགས་པ་ཆེ། །ཞེས་པ་ནི་དབང་གི་སྐད་ཅིག་བཞི་པའོ། །མཚན་ཡང་དག་པར་བརྗོད་པ་ལས་དེ་དག་གསུངས་པ། ཆགས་བྲལ་དང་པོ་ཆགས་པ་

ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །ཞེས་སོ། །མ་འདྲེས་པ་ནི་རྙོག་པ་མེད་པ་སྟེ། ཕྱོགས་གཉིས་མེད་པའི་ཕྱིར་རོ། །གཟུང་བའི་ཡུལ་དང་འཛིན་པའི་སེམས་གཅིག་ཏུ་བལྟ་བར་བྱའོ། །ཇི་ལྟར་ཞེས་པ་ཉེ་བར་
བསྟན་པ་སྟེ། ཆུ་ཀླུང་གི་ཆུ་རྣམས་རྒྱ་མཚོར་རབ་ཏུ་ཞུགས་ན་དེར་མཉམ་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་དངོས་པོའི་ཚོགས་འདི་ནི་ཞེས་པ་བརྟན་པ་དང་གཡོ་བའི་བདག་ཉིད་རྣམས་མི་འགྱུར་བ་སྟེ་རྣམ་པ་ཀུན་ལྡན་གྱི་གཟུགས་སུ་མཉམ་པ་སྟེ། མཚུངས་པའི་མི་འགྱུར་བར་འགྱུར་རོ། །དེ་ཉིད་
སླར་ཡང་དཔེ་ཡིས་གསུངས་པ། ཁམས་ཀྱི་ཚོགས་འདི་ནི་སྟེ་ལྕགས་ལ་སོགས་པ་རྣམས་རོ་ཡིས་དངུལ་ཆུ་ཟོས་པས་ཇི་ལྟར་རོ་ཉིད་དུ་འགྱུར་ཏེ། དེ་དག་མཚུངས་པར་འགྱུར་རོ། །ཇི་ལྟར་ཡང་རུང་སྟེ་ཀོ་ཏྲ་བ་ལ་སོགས་པས། ས་ལ་སོགས་པའི་ཁམས་ཀྱི་ཚོགས་ཟོས་པས་ས་བོན་གྱི་རང་བཞིན་དུ་
འགྱུར་རོ། །དེ་ཡང་འབྲས་བུའི་དུས་སུ་སྟེ། འབྲུ་སྐྱེ་བའི་དུས་སུ་ང་རྒྱལ་མེད་པ་སྟེ་ཀུན་རྫོབ་པ་དང་བྲལ་བར་འགྱུར་རོ། །དེ་ལྟར་དངོས་པོའི་ཚོགས་ཅན་ཀྱང་ནི་སྟེ། བརྟན་པ་དང་གཡོ་བའི་བདག་ཉིད་ཅན་རྣམས་མཆོག་ཏུ་མི་འགྱུར་བས། ཟོས་ན་སྟེ་རྣམ་པ་ཐམས་ཅད་པའི་གཟུགས་ཀྱིས་སྒྲིབ་པ་མེད་
པར་བྱས་ན། མཆོག་ཏུ་མི་འགྱུར་ཉིད་དུ་འགྱུར། རྣམ་པ་ཐམས་ཅད་པའི་རང་བཞིན་འཛིན་པར་འགྱུར་རོ་ཞེས་པའི་དོན་ཏོ། །དུག་གི་དཔེས་བདེ་བས་ཁྱབ་པ་ཉིད་གསུངས་པ། མཆེ་བ་ཞེས་པ་ལ་སོགས་པ་སྟེ། རྫོགས་པའི་གནས་སྐབས་ན་ཁྱབ་པ་ཉིད་དུ་འགྱུར་བའི་དུག་ནད་པས་སོའི་རྩེ་མོ་མཆེ་བའི་ཤུལ་
དུ་ཚོར་བ་སྡུག་བསྔལ་དུ་མི་རིག་སྟེ། གཞན་དུའང་སྟེ་ལུས་ཀྱི་གནས་འགའ་ཞིག་ཏུ་རིག་པ་ཡང་མ་ཡིན་ནོ། །ཡུལ་གཟུགས་ལ་སོགས་པ་རྣམས་དབང་པོའི་སྒོ་མིག་ལ་སོགས་པ་རྣམས་ཀྱི་ཚོར་བའང་མ་ཡིན་ནོ། །དེ་བཞིན་དུ་སེམས་ནི་རྫོགས་པའི་ཆར་གྱུར་ན་སྟེ། ཁྱབ་པ་ཉིད་དུ་གྱུར་པས་རྣལ་འབྱོར་
པའི་དམ་པའི་བདེ་བས་རྡོ་རྗེ་ནོར་བུར་མྱོང་བ་མིན་ཞིང་། གཞན་དུ་མིན་ཏེ་ཡུལ་རྣམས་དབང་པོའི་སྒོ་རྣམས་ཀྱིས་མ་ཡིན་ཞེས་པའོ། །འཁོར་ལོ་སྡོམ་པ་ལས་གསུངས་པ། ཀུན་དུ་ཕྱག་དང་ཞབས་ལ་སོགས། །ཀུན་དུ་དབུ་དང་སྤྱན་དང་ཞལ། །ཀུན་དུ་ཐོས་ལྡན་འཇིག་རྟེན་ན། །ཐམས་ཅད་ཁྱབ་སྟེ་རྣམ་

པར་བཞུགས། །ཞེས་སོ། །ཕྱོགས་གཅིག་ཏུ་གནས་པའང་བ་སྤུའི་ཁུང་བུའི་མཚམས་ཀྱི་མཐར་ཐུག་པར་གནོན་ཏོ་ཞེས་པའོ། །བཅུད་དང་ལྕགས་ཀྱི་དཔེས་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། ཕྱོགས་གཅིག་ན་ནི་རྡོ་རྗེ་ནོར་བུའོ། །འདོད་ཆགས་མེས་གདུངས་ན་ནི།
གཏུམ་མོ་འབར་བས་གདུངས་ནའོ། །བག་ཆགས་ནི་ཆགས་པ་ལ་སོགས་པའི་མཚན་ཉིད་དོ། །ཇི་ལྟར་རྡོ་རྗེ་ལ་ནོར་བུ་ཆེན་པོས་རེག་ཅིང་གདུངས་པས་དེ་འོད་གསལ་བར་འགྱུར་རོ། །དེ་བཞིན་དུ་མི་འགྱུར་བའི་བདེ་བས་རེག་པ་ལས་བདེ་བ་ཉིད་དུ་འགྱུར་བར་རྣམ་པར་ངེས་སོ། །དོན་དམ་པ་ནི་དམ་པའི་བདེན་
པའི་ཡེ་ཤེས་ཀྱི་དངོས་པོ་སྟེ། རང་བཞིན་ནི་རྟོགས་པར་ཡང་སྨོས་ཅི་དགོས་སོ། །བརྟག་པར་བྱ་བ་དང་སེམས་ལ་ཀུན་དུ་འབིགས་པ་ནི་གློ་བུར་བའི་དྲི་མས་གཡོགས་པ་ལ་ཡིན་གྱི། དེ་ཁོ་ནར་མ་ཡིན་ནོ་ཞེས་པའི་དོན་ཏོ། །གློ་བུར་བའི་དྲི་མ་འདི་ནི་སེམས་ལ་མེད་དོ། །དེ་ནས་སེམས་ལས་སྐྱེ་བ་ལ་ཕྱིས་སྐྱེ་ན་
དེ་དག་དོན་མེད་དོ་ཞེས་གསུངས་པ། སེམས་ཀྱི་གནས་སྐབས་ལས་ཡུན་རིང་པོར་ཏེ་ཕྱིས་སྐྱེ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ནས་སེམས་མ་གཏོགས་པ་ལས་སྐྱེ་ན། དེའི་དོན་དུ་གསུངས་པ། སེམས་ལས་མ་གཏོགས་སྐྱེ་བའང་མིན། །ཞེས་སོ། །ཅི་སེམས་ལ་མི་ཟད་པ་དེ་ཉིད་ཀྱིས་གནས་སམ་ཞེ་
ན། གསུངས་པ། སེམས་ལ་ཟད་མེད་གནས་པ་མེད། །ཅེས་སོ། གལ་ཏེ་ཞེས་པ་ལ་སོགས་པས། དེ་ཁོ་ན་ཉིད་རྣམ་པར་དཔྱོད་པ་སྟེ། ཚིགས་སུ་བཅད་པ་གཉིས་ནི་གོ་སླའོ། །འདིར་ཟངས་མའི་དཔེས་ཁོང་དུ་ཆུད་པར་བྱ་སྟེ། འདིར་གལ་ཏེ་ཟངས་མ་ལ་དྲི་མ་གློ་བུར་དུ་བྱུང་བ་ཡིན་ན་ནི་དེའི་
ཚེ་སྔར་ཟངས་མ་དྲི་མ་དང་བྲལ་བར་འགྱུར་རོ། །གང་ཡང་ཡུན་རིང་པོའི་དྲི་མ་ཕྱིས་ཟངས་མ་ལས་བྱུང་ན། དེའི་ཚེ་དེའི་དྲི་མ་གང་དུ་ཅི་ལས་འབྱུང་བར་འགྱུར། དེ་ནས་ཟངས་མ་མ་གཏོགས་པ་ལས་སྐྱེས་ན། །དེའི་ཚེ་ནམ་མཁའི་མེ་ཏོག་ལས་ཀྱང་སྐྱེ་བར་འགྱུར་རོ། །དེ་ནས་ཟངས་མ་ལ་ནི་མི་ཟད་པ་ཉིད་
ཀྱིས་གནས་ན། དེའི་ཚེ་གྲུབ་པའི་བཅུད་ཀྱིས་ཀྱང་གཞན་དུ་འགྱུར་བར་མི་ནུས་སོ། །དེའི་ཕྱིར་འདི་དག་ཐམས་ཅད་རིགས་པར་མི་འགྱུར་རོ། །དེའི་ཕྱིར་འདི་ནི་འདིར་དོན་བདེན་པ་སྟེ་ཟངས་མ་དང་ལྷན་ཅིག་ཏུ་སྐྱེས་པའི་དྲི་མ་འདི་ཡང་བཅུད་ཀྱི་སྦྱོར་བས་ཉམས་པར་འགྱུར་ཏེ། སྔར་ཡང་མེད་ལ་ཕྱིས་ཀྱང་མེད་

ཅིང་། དེ་དག་དང་བྲལ་བའང་མ་ཡིན་ཞེས་པའོ། །དེ་བཞིན་དུ་སེམས་ཀྱང་བལྟ་བར་བྱ་སྟེ། དེ་བཞིན་ཞེས་པ་ལ་སོགས་པའོ། །གློ་བུར་བའི་སྒྲ་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན་བརྗོད་པར་བྱ་སྟེ། ཀུན་ནས་ཀུན་དུ་འགྲོ་བའི་ངང་ཚུལ་ནི་གློ་བུར་བའོ། །ངག་གི་དཔེ་ལས་འདས་པ་ཉིད་ཀྱི་མི་འགྱུར་བ་
གསུངས་པ། སྨྲ་མི་ནུས་ཞེས་པ་ལ་སོགས་པ་སྟེ། ལང་ཚོ་མའི་བདེ་བ་ཐོབ་པ་ནི་ཁོ་ནས་རིག་གོ། །ཏིང་ངེ་འཛིན་བྲལ་བ་ཡིས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་བྲལ་བས་སོ། །བདེ་བ་མིན་པའི་རྒྱུའོ། །འཕོ་བ་ཉིད་འཁོར་བའི་རྒྱུའོ་ཞེས་སོ་སོར་རྟོགས་པར་བྱ་སྟེ། འཕོ་བ་ཞེས་པ་ལ་སོགས་པ་སྟེ།
དེ་ལྟར་བཤད་པའི་རིམ་པས་སོ། །སེམས་ཅན་རྣམས་ནི་ཆགས་བྲལ་བྱུང་བ་ཡིས་སོ། །གཞན་དུ་ཞེས་པ་ནི། གལ་ཏེ་དེ་རྣམས་ཆགས་པ་དང་བྲལ་བར་གྱུར་པ་མ་ཡིན་ན། དེའི་ཚེ་རྣམ་པ་གཞན་གྱིས་དེ་རྣམས་ཀྱི་སྲིད་པ་སྟེ་འཁོར་བ་མེད་དོ། །དེ་བས་ཤེས་པ་རྒྱུད་དེ་ཉིད་ཀྱི་ཕྱིར་ཞེས་པའི་དོན་
ཏོ། །ངག་གང་ཞིག་ཅེས་པ་འཕོ་བའི་བདེ་བ་རྣམ་པར་སྤངས་པས་སོ། །འདོད་ཅན་ཞེས་བྱ་བ་ལ་སོགས་པས་མི་འགྱུར་བའི་བདེ་བ་ལ་འབད་པ་གསུངས་པ། སྡུག་བསྔལ་ནི་ཆགས་པ་དང་ཆགས་པ་དང་བྲལ་བའི་མཚན་ཉིད་དོ། །རྟེན་ནི་བྱང་ཆུབ་ཀྱི་སེམས་ཏེ་འཕོ་བ་འཐོབ་པར་གྱུར་པ་ལས་རྟེན་བྱེད་ནི་བདེ་བའི་
རང་བཞིན་ནོ། །བདེ་བའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཆགས་བྲལ་ཉིད་དུ་འགྱུར་རོ། །དེའི་ཕྱིར། འཕོ་བའི་བདེ་བ་སྤང་བར་བྱ། །ཞེས་གསུངས་པ་དང་སྦྲེལ་ལོ། །དྲི་མ་དང་བྲལ་བའི་གནས་སྐབས་གསུངས་པ། མི་འགྱུར་ཞེས་པ་ལ་སོགས་པ་སྟེ། མི་འགྱུར་བ་ལས་སྐྱེས་པའི་སྐུ། །མཛོད་སྤུའི་
འཁོར་ལོ་སྟེ། སྨིན་མའི་དབུས་སུ་སོན་པ་ལས། ཨཱ་ལི་ཀཱ་ལི་ནི་གཡོན་པ་དང་གཡས་པ་སྟེ། མཉམ་པར་སྦྱོར་བ་ནི་མཚུངས་པར་དབུས་མར་རྒྱུ་བ་ཉིད་དང་ཧཱུཾ་གི་ཡི་གེ་ལ་སོགས་པས་དབུས་མར་རབ་འབབ་གདན་དུ་མི་འདོད་དོ། །དེ་དག་ཀྱང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར་སློབ་དཔོན་པདྨ་དཀར་པོའི་
ཞབས་ཀྱིས་རབ་ཏུ་སྤྲོས་པའི་ཕྱིར་ན་འདིར་རྒྱས་པར་མི་བྱའོ། །ད་ནི་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་གསུངས་པ། གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ་སྟོང་པ་སྟེ་ནམ་མཁའ་ལས་བྱུང་བའི་གཟུགས་རྣམ་པ་ཐམས་ཅད་པའི་མཚན་ཉིད་ནི་རྒྱུ་སྟེ་བྱེད་པའོ། །མི་འགྱུར་བའི་གཟུགས་ལས་སྐྱེས་པ་གང་ཡིན་པའི་བདེ་བ་

དེ་འབྲས་བུའོ། །འབྲས་བུ་དེ་འཛག་པ་མེད་པའི་ཕྱིར་བདེ་བས་རྒྱུ་སྟེ་གཟུགས་ཀྱི་མཚན་ཉིད་ལ་རྒྱས་གདབ་པ་ནི་ཡང་དག་པར་འབྲེལ་པའོ། །རྒྱུ་ཡིས་ཏེ་དེ་ལྟ་བུ་བྱུང་བས་རྒྱས་གདབ་པ་ནི་འཛག་པ་མེད་པའི་བདེ་བ་ཆེན་པོ་ལའོ། །སྟོང་པ་ཉིད་དང་སྙིང་རྗེ་དེ་གཉིས་ཀྱི་མཚན་ཉིད་གསུངས་པ།
སྟོང་ཉིད་ཅེས་པ་ལ་སོགས་པ་སྟེ་སྟོང་པ་ཉིད་ཀྱི་གཟུགས་འཛིན་པའི་སེམས་ནི་རྒྱུའོ། །འབྲས་བུ་ནི་སྙིང་རྗེ་མི་འགྱུར་བ་འཛིན་པའོ། །སྟོང་པ་ཉིད་དང་སྙིང་རྗེ་འདི་དག་དབྱེར་མེད་པ་གཅིག་ཏུ་གྱུར་པ་ཉིད་ནི། བྱང་ཆུབ་ཀྱི་སེམས་དེ་འཕོ་བ་མེད་པར་བརྗོད་དོ། །གཞན་དུ་ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་སྐྱེས་པ་ནི་
འགྱུར་ཞིང་ཟག་པའི་མཚན་ཉིད་མ་ཡིན་ནོ། །དེ་དག་ཀྱང་ཆགས་པ་དང་འཁོར་བ་དང་བྲལ་ལོ་ཞེས་གསུངས་པ། མྱ་ངན་འདས་དང་ཞེས་པ་ལ་སོགས་པའོ། །མྱ་ངན་ལས་འདས་པ་སྟེ་སྲོག་གི་རང་བཞིན་དང་བྲལ་བའི་གཟུགས་སོ། །འཁོར་བ་སྟེ་འགྱུར་བའི་བདེ་བའི་མཚན་ཉིད་ལས་འདས་པ་ཟག་པ་མེད་པའི་
བདེ་བ་ཆེན་པོ་མི་འགྱུར་བའོ། །དེ་ཉིད་ནི་མི་འགྱུར་བ་དང་གཟུགས་དག་གི་སྦྱོར་བ་གཉིས་མེད་གཞན་ནི་ཕུལ་དུ་བྱུང་བའོ། །དེ་ཉིད་གསུངས་པ། རྟག་དང་ཆད་ལས་ངེས་པར་གྲོལ། །ཞེས་སོ། །དེ་དག་ཉིད་རབ་ཏུ་བྱེད་པ་གཞན་གྱིས་རབ་ཏུ་གསལ་བར་བྱ་སྟེ། གཟུགས་ནི་རྣམ་པ་ཐམས་ཅད་པའི་རང་གི་
སེམས་ཀྱི་སྣང་བ་ལ་དངོས་པོ་མེད་པ་སྟེ་ཆད་པ་ཡིན་ནོ། །ཅིའི་ཕྱིར་ན་དངོས་མེད་ལས་བྱུང་མཚན་ཉིད་ཕྱིར་རོ། །མི་འགྱུར་བ་སྟེ་འཛག་པ་མེད་པའི་བདེ་བ་ལ་དངོས་པོ་མེད་དེ་ཅིའི་ཕྱིར་དངོས་པོ་ལས་བྱུང་བའི་མཚན་ཉིད་ཀྱི་ཕྱིར་རོ། །སོ་སོར་སྣང་བའི་ཡིད་ཀྱི་རང་བཞིན་གྱི་གཟུགས་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་པའི་
དོན་ཏོ། །འདི་དག་དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་གང་ཡང་དག་པར་སྦྱོར་བ་སྟེ། མཚུངས་པ་ནི་རྡོ་རྗེའི་རྣལ་འབྱོར་ཏེ་དེ་ཡང་གཉིས་སུ་མེད་པ་མི་འགྱུར་བའོ་ཞེས་སོ། །དེས་ན་དེ་ཉིད་གཟུགས་དང་གཟུགས་མིན་ཞེས་པ་ལ་སོགས་པས་བཤད་པར་བྱ་སྟེ། པྲ་ཕབ་པ་ལ་ནི་མེ་ལོང་ལ་དམིགས་
པའི་ཡིད་ཀྱིས་ལུས་ནི་གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ། རྡུལ་ཕྲ་རབ་ཀྱི་རྫས་ཚོགས་པ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ཉིད་མ་ཡིན་ཏེ། ཉེ་བར་དམིགས་པའི་ཡིད་གཞོམ་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་གཟུགས་ནི་སྲིད་པར་ཏེ་འཁོར་བར་འགྲོ་བ་མ་ཡིན་ནོ། །འགྱུར་བ་མེད་པ་ནི་

མྱ་ངན་ལས་འདས་པ་སྟེ། ཆད་པར་འགྲོ་བ་མ་ཡིན་ནོ། །ཕན་ཚུན་འཁྱུད་པ་ཞི་བ་སྟེ། དབང་པོའི་རྣམ་འགྱུར་མེད་ཅིང་རྣམ་འགྱུར་དང་བྲལ་བའི་ཕྱིར་རོ། །འདི་ཉིད་མ་ནིང་གི་གོ་འཕང་དུ་བརྗོད་དོ། །མཆོག་གི་ཕུལ་དུ་བྱུང་བ་སྟེ་འགྲོ་བ་མ་ལུས་པ་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དཔེར་ན་ཟླ་བ་ལ་ཟླ་བའི་
བསིལ་བའི་འོད་ཟེར་གྱིས་འཁྱུད་ལ་ཟླ་བས་ཀྱང་བསིལ་བའི་འོད་ཟེར་ལ་འཁྱུད་དོ། །འདི་དག་ཐ་དད་པ་ཉིད་ཀྱང་མ་ཡིན་པ་དེ་བཞིན་དུ་གཟུགས་དང་མི་འགྱུར་བདག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །དོན་དམ་པར་འབྲས་བུ་རྒྱུ་ཡིས་བྱས་པ་མིན་པར་གསུངས་པ། ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྟེ། ཤེས་
རབ་ནི་རྣམ་པ་ཐམས་ཅད་ཁོང་དུ་ཆུད་པའི་རང་བཞིན་ནོ། །རྒྱུ་ལས་ནི་འདྲ་བ་ལས་མ་སྐྱེས་པ་ནི་མ་བྱུང་བའོ། །གང་ཡང་ཤེས་རབ་རྒྱུ་ལས་འབྲས་བུ་འབྱུང་ནི་ཤེས་རབ་ལས་སྐྱེས་པ་ཞེས་མངོན་པར་བརྗོད་དེ། དེ་དག་ཀྱང་རྒྱུ་ལས་སྐྱེས་མིན་ཞེས་བྱ་བ་ཤེས་རབ་ཀྱི་རྒྱུ་ལས་སྐྱེས་པར་ནི་མི་འགྱུར་ཏེ། ཅིའི་ཕྱིར་ན་ཤེས་རབ་
རྒྱུ་ལས་མ་སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ་དེ་སྲིད་དུ་རྒྱུ་ལས་སྐྱེས་པ་ཤེས་རབ་ཏུ་འགྱུར་ན་དེའི་ཚེ། དེ་དག་འབྱུང་ཡང་འབྲས་བུ་ཤེས་རབ་སྐྱེད་པ་ཞེས་རྗེས་སུ་འབྱུང་ངོ་། །དེ་དག་བཤད་པར་བྱ་སྟེ། མོ་གཤམ་བུ་མོའི་སྦྱོར་བ་ཡིས། །རྨི་ལམ་བདེ་བར་འགྱུར་བ་ལྟར། །ཞེས་པ་ལ་སོགས་པས་
བཤད་པར་བྱའོ། །དེའི་ཕྱིར་ནི་རྒྱུ་དེའི་ཕྱིར་རོ། །གང་འགྱུར་བ་མེད་པའི་ཡེ་ཤེས་དེ་ནི་ཤེས་རབ་ཡེ་ཤེས་ཏེ་རྒྱུ་ལས་མ་སྐྱེས་པའོ། །དེའི་ཕྱིར་ཡང་། འབྲས་བུ་དང་ནི་རྒྱུ་ཡིས་ནི། །ཕན་ཚུན་རྒྱ་ཡིས་བཏབ་པ་ཞེས་གང་གསུངས་པ་དེ་དག་ཏུ་འགྱུར་བ་མིན་ནོ། །ཅིའི་ཕྱིར་ཞེ་ན་གསུངས་པ། རྒྱུ་དང་ཞེས་
གསུངས་ཏེ། གང་ཕྱིར་རྒྱུ་དང་འབྲས་བུ་ཀུན། །དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་། །ཡེ་ཤེས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ཡང་། དེའི་ཡུལ་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཕན་ཚུན་རྒྱས་བཏབ་པའི་གཟུགས་ནི། མ་སྐྱེས་པ་དང་མ་འགགས་པའོ། །ཆད་པའི་རང་བཞིན་ལ་མྱ་ངན་ལས་འདས་པ་
ཞེས་བྱ་སྟེ། རྫས་དང་བྲལ་བ་རྣམ་པ་ཀུན་ནས་སོ། །ཤེས་རབ་ནི་སྔར་གསུངས་པའོ། །སྐྱེས་པ་གང་མཆོག་ཏུ་འགྱུར་བ་མེད་པ་དེ་རྒྱུ་དང་འབྲས་བུ་ལས་རྣམ་པར་གྲོལ་བའོ། །ཕན་ཚུན་རྒྱ་ཡིས་བཏབ་པ་མེད། །ཅེས་པའོ། །ཤེས་པའི་རྣམ་པ་ལས་ལྡོག་པའི་ཕྱི་རོལ་ལས་སྲིད་པ་མ་ཡིན་པའི་ཕྱིར་རང་གི་སེམས་

ཁོ་ན་ཁམས་གསུམ་པའི་རྣམ་པ་དེ་དག་ཏུ་དམིགས་སོ་ཞེས་གསུངས་པ། མ་སྐྱེས་པ་དང་ཞེས་པ་ལ་སོགས་པ་སྟེ། ཕྱི་ཡི་ཤེས་བྱས་འབྱེད་པའི་ཕྱིར་ནི་ཕྱིའི་ཤེས་བྱ་ཐ་དད་དུ་བྱེད་པའོ། །གལ་ཏེ་ཐབས་དང་ཤེས་རབ་ཐ་དད་མེད་དོ་ཞེས་བརྗོད་པ་དེ་ཡང་དམ་པའི་དོན་དུ་མེད་དོ་ཞེ་ན་
གསུངས་པ། ཐབས་མིན་ཤེས་རབ་ཀྱང་མིན་ཏེ། ཐ་དད་དུ་གྱུར་པའི་ཕུང་པོར་ཡོད་ན། །གང་གི་དེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སུ་འགྱུར་ཏེ། དེའི་གནས་སྐབས་རྣམ་པར་མ་ཤེས་པའི་ཕྱིར་རོ། །ལྷན་སྐྱེས་ཞེས་བྱ་བ་ཡང་ལྷག་པའི་ཤེས་རབ་དང་ལྷན་ཅིག་ཏུ་སྐྱེད་པ་ཉིད་དུ་བརྗོད་པར་བྱའོ། །ཀུན་
ནས་ཀུན་དུ་ཡོངས་སུ་རྫོགས་པ་ནི་དྲི་མ་དང་བྲལ་བའི་ཕྱིར་རོ། །སྒྲིབ་པ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་རྣམས་དང་བྲལ་བའོ། །གོས་པ་མེད་པ་ནི་ལག་པ་ལ་སོགས་པས་རེག་པ་མེད་པའི་ཕྱིར་རོ། །གཟུང་བ་དང་འཛིན་པ་སྤངས་པའི་ཕྱིར་ཡུལ་དང་དབང་པོ་སྤངས་པའོ། །ཐམས་ཅད་ལ་ཁྱབ་
པའི་ཕྱིར་ཀུན་དུའོ། །རྣམ་པ་ཐམས་ཅད་ཤེས་པའི་ཕྱིར་ཡང་དག་ཀུན་ལ་གནས་སོ། །འདི་རྣམས་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་མི་ཆོད་མི་ཕྱེད་སྤངས་པའོ། །སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཕྱིར་རང་བྱུང་ངོ་། །དོན་ཆེན་ནི་འགྲོ་བའི་དོན་བྱེད་པའི་ཕྱིར་རོ། །མཆོག་ཏུ་མི་འགྱུར་བ་ནི་དབང་པོ་ལས་འདས་པའི་ཕྱིར་
རོ། །འདོད་ཆགས་ཆེན་པོ་ནི་ལུས་མེད་རྡོ་རྗེ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་སེམས་དཔའ་ཆེན་པོ་སྟེ་སེམས་ཅན་ཐམས་ཅད་དགའ་བར་མཛད་པའི་ཕྱིར་ཏེ། ཤེས་རབ་མེད་ན་འདོད་ཆགས་ཆེན་པོ་མེད་པའི་ཕྱིར་རོ། །ཉོན་མོངས་པ་ཟད་མ་ཟད་ནི་གཡོན་པ་དང་གཡས་པ་སྟེ། དགྲ་ཆེ་བ་ནི་དེ་དག་དབྱེར་མེད་པ་
ཉིད་ཀྱི་ཕྱིར་རོ། །དེས་ན་དེ་ཉིད་ཞེ་སྡང་ཆེན་པོའོ། །སྲིད་པ་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ། གཅིག་པ་ནི་རོ་མཉམ་པ་ཉིད་དོ། །དེ་བཞིན་དུ་རེ་ཞིག་ཡེ་ཤེས་ཀྱི་རང་བཞིན་བཤད་ནས་ཡེ་ཤེས་ཅན་གྱི་རང་བཞིན་རྣམ་པར་བཤད་པའི་ཕྱིར་གསུངས་པ། མཆོག་ཏུ་ཞེས་པ་ལ་སོགས་པའོ། །
ཤེས་རབ་ནི་བློའོ། །ཁམས་གསུམ་པ་ལ་ཁྱབ་པའི་ཡེ་ཤེས་ཉིད་ནི་མི་འགྱུར་བའོ། །དེ་རྣམས་དང་བཅས་པ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཐམས་ཅད་དོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དབྱེ་བས་རིགས་དྲུག་ཡོངས་སུ་དག་པའི་དོན་གསུངས་པ། རྣམ་པ་དྲུག་པོ་ཞེས་པ་ལ་སོགས་པ་

སྟེ། འགྱུར་བ་མེད་པ་ཉིད་ཡེ་ཤེས་ཏེ་མི་འགྱུར་ཡེ་ཤེས་དང་། ཚོར་བ་དང་རྣམ་ཤེས་དང་གཟུགས་དང་འདུ་བྱེད་འདུ་ཤེས་སོ། །ཕུང་པོ་དེ་རྣམས་ཀྱི་རིམ་པ་ཇི་ལྟ་བར་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རིགས་དེ་རྣམས་སོ་ཞེས་གསུངས་པ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པའོ། །ཁྲོ་བོའི་རྒྱལ་པོ་ནི་དུས་ཀྱི་
འཁོར་ལོའོ། །རིགས་དྲུག་པོ་ནི་ཡོངས་སུ་དག་པས་གདོང་དྲུག་གོ། །ཡིད་ལ་སོགས་པ་རྣམས་ཡོངས་སུ་དག་པའི་ཕྱིར་མིག་དྲུག་གོ། །དགྲ་ལ་སོགས་པ་རྣམས་ཡོངས་སུ་དག་པའི་ཕྱིར་ལག་དྲུག་གོ། །ཟླ་བ་ཞེས་པ་ནི་རྒྱལ་པོ་ཟླ་བ་བཟང་པོ་ལ་བོད་པའོ། །འདི་ཉིད་ནི་དབང་གི་སྒྲུབ་པ་སྟེ་མཆོག་ཏུ་མི་
འགྱུར་སྒྲུབ་པའི་ཐབས་བཤད་པའོ། །མདོར་བསྡུས་ནི་ཡང་དག་པར་བསྡུས་པའོ། །མཆོག་ཏུ་མི་འགྱུར་བསྒྲུབ་པ་ནི། །གཞན་ནི་བསྒྲུབ་པ་མ་ཡིན་ནོ། །ཞེས་པའི་དོན་ཏོ། །དེ་ཡང་རྩ་དང་རིགས་སུ་ཡང་དག་ལྡན་ཏེ། རྟོག་པ་མེད་པའི་ལྷའི་རིགས་དང་ཡང་དག་པར་ལྡན་ནོ་ཞེས་པའོ། །ཡང་དག་
བླ་མའི་ངེས་པའི་དབང་ལས་དབང་བསྐུར་ཉེ་བར་བསྟན་པའི་དཀའ་འགྲེལ་ལམ་གྱི་ཚུལ། །ཡང་དག་ལམ་ལ་གནས་པ་རྣམས་ཀྱིས་མཚུངས་མེད་གོ་འཕང་རྟོགས་བྱེད་རྨོངས་པའི་ཕུང་པོ་འཇོམས། །འདི་ནི་བདག་གིས་བྱས་ལས་ཐོབ་པ་གང་དེའི་ལེགས་བྱས་བྱང་ཆུབ་ས་བོན་མ་ལུས་པ། །དེས་ནི་འཇིག་རྟེན་བདེ་
གཤེགས་གོ་འཕང་རྟོགས་ཤིང་ཉི་ཟླ་འགགས་པའི་ལམ་དུ་འཇུག་པར་ཤོག །གལ་ཏེ་དཀའ་འགྲེལ་བྱས་པ་ཡང་། །མངོན་ཤེས་མེད་པས་མ་ཡིན་ཉིད། །དེ་ལྟའང་བདག་གིས་འདི་དྲན་ནས། །བྲིས་ལ་བདག་ལ་ཉེས་པ་མེད། །དབང་མདོར་བསྟན་པའི་དཀའ་འགྲེལ་རྫོགས་སོ།། །།
འདིའི་གཞུང་ཚད་ཤློ་ཀ་སུམ་བརྒྱ་དྲུག་ཅུའོ། །སྐད་གཉིས་སྨྲ་བ་ཐར་ལོའི་བཀའ་དྲིན་དང་། །རྡོ་རྗེ་རྒྱལ་མཚན་བླ་མར་རབ་བསྐུལ་ནས། །བུ་སྟོན་ཁ་ཆེས་གུས་པའི་བློ་ཡིས་བསྒྱུར། །ཉེས་པའི་ཚོགས་རྣམས་མཁས་རྣམས་བཟོད་པར་མཛོད། །རྒྱ་དཔེ་གཉིས་ལ་གཏུགས་ནས་དག་པར་བདོག།།
༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ཏནྟྲ་རཱ་ཛ་སྱ་ཤེ་ཀ་པྲ་ཀྲི་ཡ་བྲྀཏྟི། བཛྲ་བཱ་དོངྒྷ་ཏི་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་རབ་ཏུ་བྱེད་པའི་འགྲེལ་པ། རྡོ་རྗེའི་ཚིག་འབྱེད་པ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གང་ཞིག་ཤེས་

རབ་མེ་ཡིས་འཛག་པའི་རྒྱ་མཚོ་དུག་ཆུ་སྐེམས་པ་ཡི། །བདེ་ཆེན་ནམ་མཁའི་དབྱིངས་ནས་འབྲུག་སྒྲ་རབ་བསྒྲགས་ཆར་རྒྱུན་བཞིན་དུ་འབེབས། །དཔག་མེད་བསྐལ་པར་འགྲོ་བ་རྣམས་ལ་གར་ཐབས་རྣམ་མང་སྟོན་མཛད་པ། །གར་ཐབས་རྣམས་ཀྱི་མཆོག་གྱུར་དང་པོའི་སངས་
རྒྱས་དེ་ལ་བདག་ཕྱག་འཚལ། །གང་དག་རྡོ་རྗེའི་མཚན་ལྡན་པ། །མཁའ་ལ་གཤེགས་པ་རྣམ་གཉིས་དང་། །བླ་མ་རྡོ་རྗེ་འཛིན་རྣམས་ཀྱིས། །བགེགས་མེད་གཞུང་འདི་བསྒྲུབ་པའི་རིགས། །སྲིད་གསུམ་མུན་ནག་སྨག་ཏུ་གྱུར་ལ་སྣང་བ་མཛད་པའི་སངས་རྒྱས་ཉག་གཅིག་མྱ་ངན་འདས། །དེ་
རྗེས་གཟུ་བོར་གྱུར་པའི་འཕགས་པ་ཀླུ་སྒྲུབ་ལ་སོགས་ད་ལྟ་འདི་ན་རབ་མི་བཞུགས། །གང་ཡང་གཉིས་གཉིས་བདེ་བ་ལྷུར་ལེན་ལོག་པའི་ལམ་སྟོན་འགྲོ་རྣམས་ཕུང་བ་སྐྱེད་པ་འདི། །རྟོག་གེ་འདོད་རྒྱལ་དེ་རྣམས་གོ་བྱའི་ཕྱིར་དང་བདག་ཉིད་དྲན་ཕྱིར་འགྲེལ་འདི་བྲི་བར་བྱ། །གཞན་ཡང་འདི་སྐད་དུ།
མཆོག་གི་གསང་ཆེན་འདིར་ཞུགས་ནས། །རྣལ་འབྱོར་སྤྱོད་པ་ཡིན་ཟེར་ཞིང་། །བྱ་བ་མ་ཡིན་ཀུན་ལ་འཇུག །འཇིག་རྟེན་སུན་བྱེད་རྐུན་པོ་འབྱུང་། །འཇིག་རྟེན་དབུགས་ནི་འབྱུང་ངོ་ཞེས། །མགོ་ལ་ཆུ་རྒྱུན་ལྡུགས་པར་བྱེད། །ཅོད་པན་རྡོ་རྗེ་དྲིལ་བུ་སོགས། །མགོ་དང་ལག་པས་རབ་ཏུ་འཛིན། །
རྡོ་རྗེ་དེས་ནི་འཚོ་བ་བསྒྲུབ། །ཁ་ཅིག་སློབ་མའི་ཚོགས་སྡུད་ཅིང་། །ང་ཡི་ཚིག་ནི་འདི་ཉིད་དག །ཡིན་ཞེས་ཟེར་ཞིང་བྱིས་པ་འདྲིད། །གསང་བ་ལོག་པར་རབ་ཏུ་སྟོན། །ཁ་ཅིག་བས་མཐར་རབ་འཁོད་ཅིང་། །བདག་མེད་ཤེས་རབ་ཕ་རོལ་ཕྱིན། །སྐད་ཅིག་ཙམ་ཡང་མི་གནས་པར། །འཇིག་རྟེན་
སྔགས་སོགས་སྒྲུབ་པར་བྱེད། །ཁ་ཅིག་སློང་མོས་རྒྱུ་བྱེད་ཅིང་། །ཀུན་དུ་འགྲོ་ཞིང་གྱ་ཚོམ་སྨྲ། །མི་མོ་རྣམས་ལ་རབ་ཏུ་ཆགས། །སངས་རྒྱས་དམ་ཚིག་རབ་ཏུ་འཇིག །ཁ་ཅིག་གྲོང་དུ་འཁོད་བྱེད་ཅིང་། །བཟའ་དང་བཏུང་ལ་རབ་ཏུ་ཆགས། །ཁྱེའུ་དང་བུ་མོ་ཕལ་མང་དང་། །དགོད་ཅིང་རབ་
ཏུ་རྩེ་བར་བྱེད། །ཁ་ཅིག་རོལ་མོ་ཟློས་གར་དང་། །གླུ་དང་རྒྱན་པོ་འགྱེད་བྱེད་དང་། །འདུས་པའི་ཚོགས་ལ་ལྟ་བྱེད་ཅིང་། །བཟོ་ཡི་གནས་རྣམས་རབ་ཏུ་སློབ། །ཁ་ཅིག་ཚོང་དང་ཞིང་ལས་དང་། །གླང་པོ་བ་ལང་གསོད་བྱེད་དང་། །ཤིང་རྟ་ལ་སོགས་འདྲེན་པ་དང་། །ཉེས་པ་མང་པོ་རབ་ཏུ་བྱེད། །

གཞན་ཡང་རྣལ་འབྱོར་སྤྱོད་པ་ཡིས། །དགེ་སློང་མ་དང་དགེ་སྦྱོང་མ། །དགེ་བསྙེན་མ་དང་དགེ་བསྙེན་དང་། །ཕན་ཚུན་མཚོན་གྱིས་རབ་ཏུ་འདེབས། །ལེགས་པར་གསུངས་པའི་འདུལ་བ་ལ། །རབ་ཏུ་མི་གནས་སྲུང་མི་བྱེད། །སངས་རྒྱས་རྒྱལ་མཚན་སུན་འབྱིན་ཅིང་། །ཕས་ཕམ་ལ་སོགས་
རབ་ཏུ་བྱེད། །གང་གིས་བཏུང་བའི་མཆོག་མི་ཤེས། །སཱ་ལུ་ལ་སོགས་བཅོས་སྦྱར་བའི། །མྱོས་པའི་ཁུ་བ་འཐུང་བྱེད་ཅིང་། །དེ་ཡིས་ཕུང་ཁྲོལ་རབ་ཏུ་བསྐྱེད། །ཅེས་རྒྱལ་པོ་ཟླ་བ་བཟང་པོས་གསུངས་སོ། །དེ་བས་ན་གང་དག་རྡོ་རྗེའི་ཚིག་མ་ཤེས་པས་ལོག་པའི་ལམ་དུ་ཞུགས་པ་དེ་རྣམས།
ལོག་པའི་ལམ་ལས་བཟློག་པར་བྱ་བའི་ཕྱིར། རྒྱུད་དེ་དང་དེའི་ངེས་པ་དང་དྲང་བའི་དོན་བདག་གིས་བླ་མ་དམ་པའི་ཞལ་ལས་ཐོས་ཤིང་ལེགས་པར་བསམས་པ་དང་། གཞན་ཡང་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་སྤྱད་ཅིང་བསླབ་པར་བྱ་བའི་ལུང་དང་རིགས་
པས། །དབང་རྣམ་པ་གཉིས་ཀྱི་རབ་ཏུ་བྱེད་པ་བསྡུས་པའི་རྒྱུད་བརྟག་པ་ལྔའི་དོན་གསུངས་པ། འདིའི་དྲང་བ་དང་ངེས་པའི་དོན་ཇི་ལྟ་བ་བཞིན་དུ་དགྲོལ་བར་བྱའོ། །མི་དབང་པད་དཀར་ཕྱག་ན་པདྨོ་འཛིན་པ་གང་། །དེ་ཡིས་བསྡུས་ལེགས་རབ་ཏུ་བཀྲལ་གྱུར་མོད། །འོན་ཀྱང་ཕྱ་མཁན་
མཁས་པའི་རྗེས་ནས་མཆན་བུ་རྣམས། །གཟོང་དང་སྟ་རེ་ཐོགས་ནས་རྗེས་བཞིན་ལེགས་འབྲང་དང་། །མཆན་བུ་བདག་ཀྱང་མི་དབང་ཕྱ་མཁན་རྗེས་འབྲངས་ནས། །ཤེས་རབ་གཟོང་དང་སྟ་རེ་ལེགས་པར་རབ་བཟུང་སྟེ། །ལུང་རིགས་བླ་མའི་གདམས་ངག་བཟོ་བོའི་ཐིག་བཏབ་ནས། །ཐར་པའི་གྲོང་ཁྱེར་
བརྩིགས་ཤིང་སྒྲ་ཡི་འགྲེལ་པ་བྱེད། །འགྲེལ་འདི་མ་གཏོགས་རིན་པོ་ཆེའི། །རྣམ་གཉིས་དབང་གི་དེ་ཉིད་ནི། །གསལ་ཞིང་ཐེ་ཚོམ་མེད་པ་དག །མཁས་རྣམས་ཀྱིས་ནི་རྙེད་མི་འགྱུར། །དབབ་པ་སྤངས་པའི་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་ལ། དབབ་པ་ཞེས་བྱ་བ་ནི་སྐྱེས་བུ་གང་འཇིག་རྟེན་དང་འཇིག་
རྟེན་ལས་འདས་པའི་དབང་མངོན་པར་བསྐུར་བར་འདོད་པ་དེ་ལ། ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་བྱིས་པ་སྐྱེ་བོ་རྣམས་བྲིད་པར་བྱ་བའི་ཕྱིར། དཀྱིལ་འཁོར་གཅིག་ཏུ་ལེགས་པར་བབས་པར་མ་གྱུར་ན། དཀྱིལ་འཁོར་གཞན་སྤྲོ་བར་བྱ་བ་ཡིན་གྱི། མཆོག་གི་དངོས་གྲུབ་ཀྱི་དོན་དུ་ནི་མ་ཡིན་ཏེ། འགལ་

བའི་ཕྱིར་རོ། །འདི་ལྟར་མཆོག་གི་དངོས་གྲུབ་ལ། དཀྱིལ་འཁོར་གཅིག་ཏུ་ལེགས་པར་བབས་པར་མ་གྱུར་པ། གཞན་དུ་འབབ་པས་མཆོག་ཏུ་གྱུར་པ་དེ་ལྟ་ན་ནི། བདེ་བར་གཤེགས་པ་རྣམས་ལ་ཡང་གཟུང་བ་དང་འཛིན་པ་མངའ་བ་དང་། གཞན་ཡང་སྟོབས་ཆེ་ཆུང་མངའ་བར་ཡང་
འགྱུར་བས། དེ་ལྟ་བས་ན། དབབ་པར་བྱ་བ་ནི། ཀུན་རྫོབ་ཙམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་བྲིད་པའི་ཕྱིར་ཡིན་གྱི། དེན་དམ་པར་ནི་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་གང་ཀུན་རྫོབ་ཙམ་དུ་ཐུན་མོང་གི་དངོས་གྲུབ་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བ་དེ་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་དང་། སྔགས་
དང་། སྨན་གསུམ་གྱིས་ཀྱང་འབེབས་པར་བྱེད་དོ། །སློབ་དཔོན་ཏིང་ངེ་འཛིན་ལ་མཆོག་ཏུ་གཞོལ་བ། ཏིང་ངེ་འཛིན་གྱི་མཐུ་ཐོབ་པ་རྣམས་ཀྱིས་ནི། ཏིང་ངེ་འཛིན་འབའ་ཞིག་གིས་འབེབས་པར་བྱེད་དོ། །བཟླས་པ་ཆོ་ག་བཞིན་དུ་གྱུར་པས་ཀྱང་འབེབས་པར་བྱེད་དོ། །དེ་གཉིས་ཀ་དང་ལྡན་པས་
ཀྱང་འབེབས་པར་བྱེད་ལ། སྨན་འབའ་ཞིག་གིས་འབེབས་པ་དག་ཀྱང་ཡོད་དེ། དེ་ནི་མཆོག་མ་ཡིན་ནོ། །དཀྱིལ་འཁོར་གྱི་ནང་དུ་འཇུག་པར་བྱེད་པ་རྣམས་ལ། རྣམ་གྲངས་དེ་ལྟ་བུ་བབས་པ་ན། དགེ་བ་དང་མི་དགེ་བ་ཐམས་ཅད་དྲིས་ལ། དགེ་བར་གྱུར་པ་དེ་ལྟ་ན་ནི་ལེགས་ཏེ། ཆོ་ག་ལ་འཇུག་པར་བྱ་ལ། མི་དགེ་བར་
གྱུར་ན་ནི་ཞི་བར་བྱ་བའི་ཕྱིར། ཞི་བ་དང་རྒྱས་པའི་སྦྱིན་སྲེག་ལ་སོགས་པ་མཚན་མ་ངན་པ་ཞི་བར་གྱུར་གྱི་བར་དུ་བྱས་ལ། ཕྱི་ནས་ཆོ་ག་ལ་འཇུག་པར་བྱའོ། །དེ་ལ་དཔལ་དུས་ཀྱི་འཁོར་ལོ་འདིར་འཇུག་པའི་སློབ་མ་ལ་དབབ་པར་བྱ་བ་ནི་མི་འཆི་ལྔ་དང་མར་མེ་ལྔའི་སྤོས་སྔོན་དུ་ཆོ་ག་བཞིན་དུ་བསྒྲུབས་ཏེ། དེས་སློབ་མ་ལ་བདུག་པར་བྱ་ཞིང་།
ཨོཾ་ཨཱཿར་ར་ར་ར། ལ་ལ་ལ་ལ། བཛྲ་ཨཱ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བ་དང་བཅས་པས་ཁྲོ་བོའི་རྒྱལ་པོ་བསྐུལ་བར་བྱའོ། །དེ་ཡང་སྔགས་ཀྱི་རྐང་པ་འདི་རྣམས་སྔོན་དུ་བྱེ་བ་ཕྲག་གཅིག་བཟླས་ཤིང་སྦྱིན་སྲེག་འབུམ་ཕྲག་བཅུ་ཡིས་བསྙེན་པ་བྱས་ནས། གདོད་བསམས་པ་ཙམ་གྱིས་འབེབས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །གཞན་ཡང་རྫས་
འབའ་ཞིག་གིས་འབེབས་པ་ནི་འདི་ལྟ་སྟེ། ཡི་དགས་ཁར་ནི་གུ་གུལ་བདུག །མར་ངོའི་ཡི་དགས་ཉིན་ཞག་ལ། །ཡི་དགས་མེས་བསྲེགས་བདུག་པས་ནི། །འགྲོ་བ་མ་ལུས་འབེབས་པར་བྱེད། །གཞན་ཡང་། ཐོད་པ་དེ་དང་གསེར་ཤིང་གི །འབྲས་བུ་མ་དུ་ལུང་ག་དང་། །ཨ་ལ་ཙིཀྲ་ཤུ་དག་དང་། །ཁྱིམ་བྱའི་སྒོ་ངས་བདུགས་ན་འབེབས། །ཞེས་གསུངས་ཏེ་དེ་ནི་

མཆོག་མ་ཡིན་ནོ། །དེ་ལ་གལ་ཏེ་ཁྲོ་བོའི་རྒྱལ་པོ་བབས་པར་གྱུར་པ་དེ་ལྟ་ན་ནི་མཚན་ཉིད་འདིར་འགྱུར་ཏེ། ཁྲོ་བོའི་རྒྱལ་པོ་བབ་ན་ནི། །མཚོན་ཆ་དང་བཅས་ལག་པ་ཡིས། །བདུད་སྡེ་རྣམས་ལ་ཁྲོ་འཛུམ་བྱེད། །ཆོས་ལ་འཚེ་བའི་བརྟན་གཡོ་འཇོམས། །གཡས་བརྐྱང་ལ་སོགས་རྐང་པ་ཡིས། །སྣ་ཚོགས་
རྡོ་རྗེའི་གར་ཡང་བྱེད། །ཡི་གེ་ཧཱུཾ་གི་སྒྲ་ཡིས་ནི། །བདུད་དཔུང་སྲེག་བྱེད་སྒྲ་ཡང་འབྱིན། །དང་པོའི་ལས་ཀྱི་རྣལ་འབྱོར་ལ། །གྲངས་མེད་རྒྱུད་ལས་གསུངས་པ་ཡིས། །མི་རྣམས་ལ་ནི་གླུ་གར་སྟོན། །ཁྲོ་བོའི་ཡོན་ཏན་དབང་གིས་ནི། །ངོ་ཚ་བྲལ་ཞིང་སོམ་ཉི་མེད། །མཚན་མ་གང་དང་གང་སྟོན་པ། །
དེ་ཚེ་དངོས་གྲུབ་རྒྱུར་ཤེས་བྱ། ལུས་དང་ངག་གི་དབྱེ་བ་ཡིས། །ལུས་བབས་པས་ནི་མཁའ་ལ་འགྲོ། །མ་མཐོང་དཀྱིལ་འཁོར་འདྲི་བ་དང་། །རི་བོ་ལ་སོགས་འདེགས་པར་བྱེད། །ངག་ནི་བབས་པ་ཙམ་གྱིས་ཀྱང་། །སྲིད་གསུམ་ལ་གནས་ལྷ་ཀླུ་ལས། །ངག་རྩོད་པ་ལས་རྒྱལ་འགྱུར་ཏེ། །འཇམ་
པའི་དབྱངས་དང་མཚུངས་པར་འགྱུར། །སེམས་བབས་ཕ་རོལ་སེམས་ཤེས་ཤིང་། །འདས་དང་མ་འོངས་ད་ལྟར་གྱི། །དུས་གསུམ་ལྐོག་ཏུ་གྱུར་པ་རྣམས། །མ་ལུས་ལུས་པ་མེད་པར་ཤེས། །དང་པོའི་ལས་ཀྱི་རྣལ་འབྱོར་ལ། །སངས་རྒྱས་སྤྱན་གྱིས་བྱིན་བརླབས་པའི། །ས་བབས་པས་ནི་རི་བོ་
ལྟར། །གྲངས་མེད་སྐྱེས་བུས་མི་སྒུལ་ལ། །མཱ་མ་ཀཱི་ཡིས་བྱིན་བརླབས་པའི། །ཆུ་བབས་པས་ནི་བསིལ་འགྱུར་ཞིང་། །ཚ་བའི་རིམས་སོགས་ཟིན་པ་ལ། །འཁྱུད་པ་ཙམ་གྱིས་བསིལ་བར་བྱེད། །ན་བཟའ་དཀར་མོས་བྱིན་བརླབས་པའི། །མེ་བབས་པས་ནི་སྲེག་བྱེད་ཅིང་། །གང་བསམ་དེ་ནི་
སྲེག་བྱེད་ལ། །རི་བོའང་ཐལ་བ་ལྟ་བུར་བྱེད། །སྒྲོལ་མས་བྱིན་གྱིས་བརླབས་གྱུར་པའི། །རླུང་བབས་པས་ནི་སྐྱེས་བུ་དག །བསམས་པ་ཙམ་གྱིས་དེ་སྒྲོལ་ཅིང་། །དཔག་ཚད་བྱེ་བར་སྐྲོད་པར་བྱེད། །སྟོང་པ་བབས་པས་མཐོང་མི་འགྱུར། །མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །མིག་བབས་པས་ནི་
མཛེས་གཟུགས་དང་། །མ་མཐོང་རྫས་ཀྱང་མཐོང་བར་འགྱུར། །ལྷ་ཡི་རྣ་བ་བབས་གྱུར་ན། །འགྲོ་བས་མཐོས་སྒྲ་ཐོས་འགྱུར། །ལྷ་ཡི་ཡིད་ནི་ཕེབས་གྱུར་ན། །གཞན་སེམས་ཤེས་པ་ཡེ་ཤེས་འབྱུང་། །ལྷ་ཡི་ལུས་དབང་བབས་གྱུར་ན། །རེག་བྱ་མཆོག་ཏུ་གྱུར་པ་འཛིན། །ལྷ་ཡི་ལྗགས་ནི་

བབས་པ་ཡིས། །རོ་མཆོག་བཟང་པོ་མྱང་བར་འགྱུར། །ལྷ་ཡི་ཤངས་ནི་བབས་པ་ཡིས། །དྲི་བཟངས་སྣ་ཡིས་ཚོར་བར་འགྱུར། །ཞེས་བྱ་བ་ནི་ངེས་པ་སྟེ། སངས་རྒྱས་ཀྱི་བཀའ་ལུང་ངོ་། །བབས་པའི་མཚན་ཉིད་རྒྱས་པར་བསྟན་པའོ།། །།སྤངས་པའི་ཞེས་བྱ་བ་ནི། དབབ་
པ་ཞེས་བྱ་བ་དང་སྦྱར་རོ། །འདིར་ཁྲོ་བོའི་རྒྱལ་པོ་དང་། ལྷ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ་བབས་པ་ལ་བྱ་བ་དང་བྱ་བ་མ་ཡིན་པ་དྲིས་ནས་སྤང་བར་བྱའོ། །དེ་ཡང་ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་མེ་ཏོག་གམ་ཡང་ན་བདག་ཉིད་ཀྱི་གོས་ཀྱི་ཐ་མ་ལ་བསྔགས་ཏེ། སྤྱི་བོར་བཞག་པའམ་བྱབས་པས་རང་རང་གི་གནས་སུ་
གཤེགས་པར་འགྱུར་རོ། །གལ་ཏེ་དེས་ཀྱང་སྤངས་པར་མ་གྱུར་ན། དེའི་སྤྱི་བོར་སའི་དཀྱིལ་འཁོར་དང་རི་རབ་ཀྱིས་མནན་པས་ནི་སྤངས་པར་འགྱུར་ཏེ། སྔོན་དུ་ནི་མ་ཡིན་ནོ། །ཕྱི་ནས་མགོ་དང་སྙིང་ག་སྤྱི་གཙུག་ལྟེ་མགྲིན་དང་། གསང་བ་ལས་ནི་ཞེས་བྱ་བ་ལ་སོགས་པ་ལ། སྤྱི་བོར་ནི་ཡི་གེ་ཨོཾ་མོ། སྙིང་
གར་ནི་ཡི་གེ་ཧཱུཾ་ངོ་། །སྤྱི་གཙུག་ཏུ་ནི་ཧཾ་སྟེ་ཐབས་ཀྱི་ཆའོ། །རང་རང་རིག་པར་གནས་ཞེས་བྱ་བ་ནི། ཐབས་ཀྱི་ཡུལ་ལ་སྤྱི་བོ་སྤྱི་གཙུག་སྙིང་ག་ཡིན་ལ། ཤེས་རབ་ཀྱི་ཡུལ་ནི་ལྟེ་མགྲིན་གསང་བའོ། །རྡོ་རྗེ་གསུམ་ཞེས་བྱ་བ་ནི། སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གྱི་ངོ་བོའོ། །ཤེས་རབ་ཀྱི་ཆ་ལ་དགོད་
པའི་ཡི་གེ་གང་ཡིན་ཞེ་ན། ལྟེ་བར་ནི་ཧོ། མགྲིན་པར་ནི་ཨཱཿ། གསང་བ་ནི་ཀྵའོ། །བསྲུང་ཞེས་བྱ་བ་ནི་གནས་དྲུག་པོ་དེར་བསྲུང་བའོ། །གཞན་དུ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་མ་ཤེས་པའི་བྱིས་པ་རྣམས་ལ་བདུད་ཀྱི་འཚེ་བ་འབྱུང་བའི་ཕྱིར་རོ། །ལུས་ལ་གོས་དམར་བསྐོན་ཞིང་མིག་དག་དགབ་པ་སྟེ། །ཞེས་
བྱ་བ་ནི། ཡེ་ཤེས་ཀྱི་མ་མཚོན་པར་བྱ་བའི་དོན་དུའོ། །སློབ་མ་འདིར་ནི་གཞུག་པར་བྱ་ཞེས་བྱ་བ་ནི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་འཁོར་ལོ་འདིར་རོ། །ཀུན་རྫོབ་ཏུ་བརྟུལ་ཞུགས་ཞེས་བྱ་བ་ནི། ལས་དང་པོ་པའི་བྱིས་པའི་སྐྱེ་བོས་འདི་ཁོ་ན་མ་མཐོང་བ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ཡེ་ཤེས་
ཐོབ་པར་མ་གྱུར་གྱི་བར་དུ་འབད་པས་བསྲུང་བར་བྱ་བ་ཡིན་ཏེ། བརྟུལ་ཞུགས་ཞེས་བྱ་བ་དང་སྦྱར་རོ། །མཆོག་གི་འགྲོ་བ་སོང་བ་ཞེས་བྱ་བ་ནི། རྣམ་པར་གཟིགས་ནས་ཤཱཀྱ་ཐུབ་པ་ལ་ཐུག་པ་ཡང་བརྟུལ་ཞུགས་འདི་ལ་བརྟེན་ནས། མཆོག་གི་གནས་བརྙེས་ཞེས་བྱའོ། །འགྲོ་བ་ཞེས་བྱ་བ་བསོད་ནམས་ཀྱི་

ཚོགས་དེ་དང་། ཡེ་ཤེས་ཀྱི་ཚོགས་འདི་དག་གིས་མཆོག་གི་གནས་སུ་འདོད་པའོ། །དེ་ལ་སྦྱིན་ཞེས་བྱ་བ་ནི། སློབ་དཔོན་རྣམས་ཀྱི་སློབ་མ་ལས་དང་པོ་པ་རྣམས་ལ། འབད་པས་སྦྱིན་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལ་བརྟུལ་ཞུགས་ཀྱང་གང་ཡིན་ཞེ་ན། མནར་སེམས་མི་
བདེན་གཞན་གྱི་བུད་མེད་སྤངས་ཏེ་གཞན་གྱི་ནོར་དང་དེ་བཞིན་ཆང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མནར་སེམས་ཀྱི་སྒྲས་ནི་མིའི་འགྲོ་བ་ལ་སོགས་པ་གསོད་པ་ལྟ་ཅི་སྨོས་ཀྱི། སྲོག་དང་ལྡན་པ་ཐམས་ཅད་ལ། སྐད་ཅིག་ཙམ་མནར་སེམས་བྱས་པས་ཀྱང་བྱང་ཆུབ་ཀྱི་སྤྱོད་པ་ལས་ཉམས་པར་རྟོགས་
པར་བྱའོ། །མི་བདེན་ཞེས་པས་ནི། སེམས་ཅན་རྣམས་ལ་སླུ་བའི་ཐབས་ཡང་དག་པར་བཟུང་སྟེ། བདག་གིས་འདོད་པ་ལ་སེམས་གནས་ནས་བརྫུན་དུ་སྨྲ་ན། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཏེ། ལས་དང་པོ་པའི་ལྟུང་བར་རྟོགས་པར་བྱའོ། །གཞན་གྱི་བུད་མེད་སྤངས་ཏེ་ཞེས་པ་སྟེ། གསང་
སྔགས་ཀྱི་སྤྱད་པ་སྤྱོད་པ་རྣམས་ལ། ཕྱག་རྒྱ་ཆེན་པོའི་མཐའ་རྟོགས་པར་བྱ་བའི་ཕྱིར། རྒྱུད་དེ་དང་དེ་ལས་གསུངས་པའི་མཚན་ཕུན་སུམ་ཚོགས་པའི་མི་མོ་གཞན་གྱིས་ཡོངས་སུ་མ་བཟུང་བ་ནི་གནང་བ་ཁོ་ན་ཡིན་ལ་དེའི་ཕྱིར་མི་ལྡོག་པའི་དབང་ཐོབ་པ་རྣམས་ལ་འཛག་པའི་བདེ་བའི་ཕྱིར་ནི་གནང་བ་མེད་པ་ལ་མི་འགྱུར་
བའི་ཕྱིར་ནི་བསྟེན་པ་ཁོ་ན་ཡིན་ནོ། །དང་པོའི་ལས་ཅན་རྣམས་ལ་ནི་འཛག་པ་ཡིན་ཡང་རང་གི་བཀག་པ་མེད་དོ། དེ་ལྟར་རྣལ་འབྱོར་པ་དེ་གཉིས་ཀ་དག་གིས་ཀྱང་། །གཞན་གྱིས་ཡོངས་སུ་བཟུང་བའི་མི་མོ་ནི་བསྟེན་པར་མི་བྱའོ། །གལ་ཏེ་བསྟེན་ན་འཇིག་རྟེན་པའི་ཁ་ན་མ་ཐོ་བས་སྡིག་ཏུ་འགྱུར་ཞིང་། དེའི་སྟོབས་
ཀྱིས་དམ་ཚིག་ཉམས་པར་འགྱུར་རོ། །གཞན་གྱི་ནོར་དང་ཞེས་བྱ་བ་ནི། དུད་འགྲོ་ཡན་ཆད་ཀྱིས་ཡོངས་སུ་བཟུང་བ་བདག་གིར་རྐུ་བའི་སེམས་ཀྱིས་མི་བྱ་སྟེ། བདེ་བར་གཤེགས་པས་བཀག་པའི་ཕྱིར་རོ། །དེ་བཞིན་ཆང་ཞེས་བྱ་བ་ནི་མི་བཏུང་ཞེས་བྱ་བར་སྦྱར་ཏེ། གང་དེ་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་པའི་ཕྱིར།
མྱོས་པའི་བར་དུ་བཏུང་བར་མི་བྱའོ། །མྱོས་པ་མ་ཡིན་པར་ནི་བཀག་པ་མེད་དོ། །དེ་བས་ན་མྱོས་པར་བཏུང་བར་མི་བྱ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ལྔ་པོ་དེ་ཡང་སྤང་བར་བྱ་ཞེ་ན། བདག་གི་དགེ་བ་འཇོམས་བྱེད་འཁོར་བའི་རྡོ་རྗེའི་སྡིག་པའི་ཞགས་པ་ལྔ་པོ་འདི། །ཞེས་བྱ་བ་སྨོས་ཏེ། གང་གིས་རང་བཞིན་ཡོངས་

སུ་མ་ཤེས་པས་དེ་བསྟེན་པ་ནི་ཕུང་ཁྲོལ་སྐྱེད་པས་སྤང་བར་བྱ་སྟེ། དེ་བས་ན་ལས་དང་པོ་པ་རྣམས་ཀྱིས་སོ། །གཞན་དེ་ཉིད་རིག་པ་རྣམས་ལ་ནི་ཉེས་པར་མ་གསུངས་སོ། །གང་ཞིག་གང་གི་དུས་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ཅེས་བྱ་བ་ནི་བདེ་བར་གཤེགས་པའོ། །གང་
གི་དུས་ཞེས་བྱ་བ་ནི་དེ་ཉིད་ཀྱིས་འདུལ་བའི་བསྟན་པ་ལའོ། །ལྷ་དང་མིའི་བླ་མར་གྱུར་པ་ནི་ཤཱཀྱ་ཐུབ་པ་ལ་སོགས་པའོ། །དེའི་མཚན་གྱིས་སྦྱིན་ཞེས་བྱ་བ་ནི་ཤཱཀྱ་ཐུབ་པའི་བཀའ་ལ་སོགས་པའི་མཚན་ནས་སྨོས་ཏེ་སྦྱིན་པའོ། །མཚན་ནས་སྨོས་ཏེ་ཇི་ལྟར་སྦྱིན་སྙམ་པ་ལ། སྣ་ཚོགས་གཙོ་བོ་ཞེས་བྱ་བ་ནི་འགྲོ་
བ་ཐམས་ཅད་ཀྱི་གཙོ་བོ་སྟེ། ཤཱཀྱ་ཐུབ་པ་ལ་སོགས་པའོ། །བཀའ་འདིས་ཞེས་པ་ནི། ཤཱཀྱ་ཐུབ་པའི་བཀའ་འདིས་ཞེས་སུ་སྦྱར་རོ། །སྲིད་པའི་འཇིགས་པ་ལས་སྐྱོབ་པས། །ཞེས་བྱ་བ་ནི། ཤཱཀྱ་ཐུབ་པའི་བཀའ་འདི་ལྟར་རྗེས་སུ་བསྲུངས་པས་འཁོར་བའི་སྡུག་བསྔལ་ལས་བསྲུང་ཞེས་བྱའོ། །དེ་བས་ན་
རིགས་ཀྱི་བུ་ཕོ་དང་རིགས་ཀྱི་བུ་མོ་གསང་སྔགས་ཀྱི་སྤྱད་པ་སྤྱོད་པ་ཁྱེད་ཀྱིས་ཀྱང་བསྐྱང་ཞིང་སྲུངས་ཤིག་ཅེས་བྱ་བའི་དོན་ཏོ། །སློབ་དཔོན་གྱིས་སློབ་མ་ལས་དང་པོ་པ་རྣམས་ལ་དམ་ཚིག་དེ་དག་དོན་དང་ལྡན་པར་སྦྱིན་པའོ། །དེའི་རྗེས་ལ་གལ་ཏེ་སྤྲོ་བར་གྱུར་ན། ཆོ་ལོ་ཁ་ན་མ་ཐོའི་ཟས་དང་ཚིག་ངན་འབྱུང་ཕོ་ལྷ་མིན་
དབང་པོའི་ཆོས། །ཞེས་བྱ་བ། མུ་སྟེགས་བྱེད་ཀྱི་རིག་བྱེད་པས་བརྗོད་པའི། ཕ་མེས་ལ་མཚུན་འཐོར་བ་ལ་སོགས་པས་སྤྱོད་པ་དང་གྲོལ་བར་ལྟ་བ་སྟེ། དེ་བཞིན་དུ་རྒྱན་པོ་འགྱེད་པ་དང་། སྲོག་བཅད་པའི་ཤ་ལ་ཟ་པ་དང་། སྐྱེས་པ་དང་། བུད་མེད་དང་། རྒྱལ་པོ་དང་། རྐུན་པོ་དང་། དམག་ལ་སོགས་པའི་
གཏམ་བརྗོད་པ་དང་། སྲོག་ལས་གྱུར་པའི་མཆོད་སྦྱིན་ལ་སོགས་པ་སྟེ། མི་བྱེད་པའི་སྡོམ་པ་ཡང་སྦྱིན་ནོ། །དེ་བཞིན་དུ་སྤྲོ་བར་གྱུར་ན། བ་ལང་བྱིས་པ་བུད་མེད་སྐྱེས་བུ་རྣམས་ཏེ་ལྷ་མིའི་བླ་མ་གསོད་པ་དང་། །ཞེས་བྱ་བ་གསོད་པ་ལྔ་མི་བྱེད་པའི་སྡོམ་པ་སྦྱིན་ནོ། །དེ་བཞིན་དུ་སྤྲོ་བར་གྱུར་ན། གྲོགས་
དང་མངའ་བདག་ལྷ་མིའི་བླ་མ་དགེ་འདུན་དང་ནི་དབུགས་འབྱིན་ལ་འཁུ་དང་། །ཞེས་བྱ་བ་རྣམས་ཀྱང་མི་བྱ་ཞེས་པའི་སྡོམ་པ་སྦྱིན་ནོ། །གཞན་ཡང་དབང་པོའི་ཡུལ་ཆགས་མི་བྱ་སྟེ། །སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ། །ཞེས་བྱ་བ་ཡང་སྦྱིན་པར་བྱ་སྟེ། ཡུལ་རྣམས་ནི་ཕུང་ཁྲོལ་བསྐྱེད་པའི་རྒྱུ་ཞེས་

བྱའོ། །གཉིས་གཉིས་སྤྲོད་པ་སྲོག་གཅོད་དང་། །མ་བྱིན་ལེན་དང་བརྫུན་དུ་སྨྲ། །འདི་དག་མ་སྤངས་བསྟེན་པ་ཡིས། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཞེས་གསུངས་པ་མ་ཡིན་ནམ། ཅིའི་ཕྱིར་མནར་སེམས་མི་བདེན་གཞན་གྱི་བུད་མེད་ལ་སོགས་པ་སྤང་བར་བྱ་ཞེ་ན། དེ་ནི་བདེན་ཀྱང་འདོད་པའི་
ཡུལ་བསྟེན་པས་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པར་གསུངས་པ་དེ་ནི། རྣལ་འབྱོར་པ་རང་བཞིན་ཡོངས་སུ་ཤེས་པ་རྣམས་ལ་ཡིན་གྱི། ལས་དང་པོ་པར་གཏོགས་པའི་རྣལ་འབྱོར་པ་བྱིས་པའི་རང་བཞིན་ཅན་རྣམས་ལ་གསུངས་པ་མ་ཡིན་ཏེ། བྱིས་པའི་རྣལ་འབྱོར་པ་རྣམས་ལ་དེ་ཉིད་ཀྱིས་ཡོངས་སུ་
འཆིང་བར་བྱེད་དེ། དཔེར་ན་སྔགས་ལ་སོགས་པས་ཡོངས་སུ་བཏུལ་བ་མ་བྱས་པའི་དུག་དང་གསེར་དང་དངུལ་གྱི་བཟའ་བཏུང་ནི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་བསྐྱེད་པར་འགྱུར་བ་བཞིན་ནོ། །དེ་བས་ན་བྱིས་པའི་རང་བཞིན་ཅན་རྣམས་ལ་ནི་བཀག་ལ། རྣལ་འབྱོར་པ་འགྱུར་བ་མེད་པ་ཐོབ་པ། ཆོས་ཐམས་
ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་བ་རྣམས་ལ་གནང་བ་ཁོ་ན་ཡིན་ནོ། །དེ་ལྟར་ལས་དང་པོ་པ་རྣམས་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་བྱིན་པའི་རྗས་ལ། བྱིན་པའི་རིགས་ཡོངས་སུ་བརྟག་པའི་དོན་དུ། དཔལ་ལྡན་སྔགས་ཀྱིས་མངོན་པར་བསྔགས་པའི་པདྨའི་ནང་དུ་མེ་ཏོག་གཅིག་བྱིན་ཏེ། །ཞེས་བྱ་བ་
སྐུ་གསུང་ཐུགས་ཀྱིས་བསྔགས་པའི་མེ་ཏོག་ལག་ཏུ་སློབ་དཔོན་གྱིས་སྦྱིན་ནོ། །དེ་ཡང་དཀྱིལ་འཁོར་དུ་ཞུགས་པའི་དོན་ཡིན་གྱི་གཞན་ནི་མ་ཡིན་ནོ། །དང་པོར་ལན་གསུམ་བསྐོར་ལ་ཞེས་བྱ་བ་ནི་སློབ་མ་ལས་ཀྱི་རྡོ་རྗེ་དང་ལྡན་པས་སོ། །ལག་པ་པདྨ་ནས་ནི་མེ་ཏོག་དཀྱིལ་འཁོར་ལ་དོར་བྱ། །ཞེས་བྱ་བ་ནི་དཀྱིལ་
འཁོར་ལ་བསྐོར་བ་ལན་གསུམ་བྱས་པའི་རྗེས་ལ། རིགས་ཀྱི་མེ་ཏོག་ཚོམ་བུ་འམ། བུམ་པ་ལ་སོགས་པ་ལ་དོར་བར་བྱའི། རྡུལ་ཚོན་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་གནས་སུ་མེ་ཏོག་ལྷུང་གྱུར་དེ་ནི་དེ་ཡི་རིགས་ངེས་མི་ཡི་བདག་པོ་ཀྱེ། །ཞེས་བྱ་བ་ནི། ཕྱི་ནས་མེ་ཏོག་བབས་པའི་རིགས་ཀྱི་ལྷ་དང་རྗེས་སུ་
མཐུན་པའི་ལས་ཀྱི་ཕྱག་རྒྱ་བཟུང་ན་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཐོབ་ཅེས་བྱ་བའི་དོན་ཏོ། །དེ་ནས་རིགས་ཀྱི་ལྷ་ལ་སོགས་པ་ཡང་བསྟན་པར་བྱའོ། །ཕྱི་ནས་དབང་བདུན་དང་ནི་རྣམ་གསུམ་བླ་མེད་ཆེན་པོ་འདིར་ནི་སྦྱིན་པར་བྱ། །ཞེས་བྱ་བ་ནི། སློབ་དཔོན་གྱི་ལས་ཀྱི་གོ་རིམས་ཡིན་ཏེ། དེ་ཡང་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་

ཤར་གྱི་སྒོར་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་དང་ལྡན་པས། ལྷ་རྣམས་གཡས་བརྐྱང་བ་དང་། གཡོན་བསྐུམ་བཞུགས་པ་དང་། བཞེངས་པའི་རྗེས་སུ་མཐུན་པར་གནས་ཏེ། ཆུ་ལ་སོགས་པས་སློབ་མ་ལ་དབང་བསྐུར་བར་བྱའོ། །དེ་ཡང་རྣམ་བདུན་ཞེས་བྱ་བ་ནི་ཆུ་ལ་སོགས་པ་
བདུན་ཏེ། བྱིས་པ་རྣམས་གཞུག་པར་བྱ་བ་ཡིན་ལ། རྣམ་གསུམ་ཞེས་བྱ་བ་ནི་བུམ་པ་དང་། གསང་བ་དང་ཤེས་རབ་ཡེ་ཤེས་ཏེ་འཇིག་རྟེན་ཀུན་རྫོབ་ཀྱི་དབང་གསུམ་མོ། །བླ་མེད་ཆེན་པོ་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་དབང་ཡིན་ཏེ། དེ་ནི་འཇིག་རྟེན་པའི་རྗེས་ཐོགས་སུ་སྦྱིན་གྱི་སྔོན་དུ་ནི་མ་ཡིན་
ནོ། །ད་ནི་དབང་བདུན་གྱི་ཆོ་ག་བརྗོད་པར་བྱ་བའི་ཕྱིར་སྨན་དང་དྲིར་ལྡན་ཞེས་བྱ་བ་ལ་སོགས་པ་ལ། སྨན་ནི་སྔོན་དུ་རྩ་བའི་རྒྱུད་ལས་གསུངས་པའི་དྲིའི་མཆན་ཁུང་གི་ལེའུ་ཚེ་ལས་མིག་ལ་སོགས་པའི་ཆས་གཟུང་བར་བྱ་སྟེ། ལེའུ་ཚེ་ཉི་ཤུ་རྩ་ལྔའི་དབུས་ནས་ཇི་ལྟར་རྙེད་པ་རྒྱུད་ལས་གསུངས་པའི་ཆོ་གས་
སྨན་ལྔ་གཟུང་བར་བྱའོ། །དེ་ཡང་ཇི་སྐད་དུ་དང་པོའི་སངས་རྒྱས་ལས། དྲི་མཆན་ལེའུ་ཚེ་རྒྱལ་པོ་ཀྱེ། །རིམ་པས་སྨན་རྣམས་དགོད་བྱ་བ། །མིག་དང་ཟླ་བ་མེ་སོགས་ཆས། །ཚངས་པ་ལ་སོགས་ལྔ་ལྔ་ཡིས། །ཚངས་པ་སྲེད་མེད་དྲག་པོ་དང་། །དབང་ཕྱུག་མ་དང་མཆོག་དབང་མོ། །བརྒྱ་བྱིན་མ་
དཔལ་ཕག་མོ་དང་། །གཞོན་ནུ་ཙ་རྩི་ཀ་དེ་བཞིན། །ས་བདག་མོ་དང་ཆུ་དང་འོད། །རླུང་སྟེ་དེ་བཞིན་མཁའ་སྤྱོད་མ། །མ་དང་སྲིང་མོ་བུ་མོ་དང་། །ཚ་མོ་དེ་བཞིན་སྒྱུག་མོ་དང་། །བྲམ་ཟེ་རྒྱལ་པོ་རྗེའུ་རིགས་དང་། །དམངས་རིགས་རིགས་ངན་དེ་བཞིན་ཏེ། །སྨན་འདི་རྣམས་ནི་རྟག་པར་ཡང་། །གྲུབ་ཆེན་
བཟའ་དང་རྫུ་འཕྲུལ་སྟེར། །ཞེས་དེ་བཞིན་གཤེགས་པས་གསུངས་སོ། །དེ་བས་ན་སྨན་དང་དྲི་དེ་རྣམས་ནི་བུམ་པའི་ནང་དུ་བླུགས་པར་བྱ་བ་ཡིན་ནོ། །རྒྱལ་དང་རྣམ་རྒྱལ་ཞེས་བྱ་བ་ནི། གཙོ་བོ་དང་ལས་ཐམས་ཅད་པའི་བུམ་པའོ། །ས་བུམ་རང་བཞིན་དག་གམ་ཞེས་བྱ་བ་ནི། །སྤྱིར་བུམ་པ་ཐམས་ཅད་ནི་
རིན་པོ་ཆེ་དང་རྡོ་རྗེའི་རིགས་ལས་བྱ་བ་ཡིན་ལ། དེ་མ་འབྱོར་པས་ནི་སའི་རང་བཞིན་ལས་ཀྱང་བྱ་ཞེས་བྱ་སྟེ། འོན་ཀྱང་ནང་དུ་རིན་པོ་ཆེ་དང་། འབྲུ་དང་། སྨན་རྣམས་ཀྱང་བླུགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རིན་པོ་ཆེ་ལས་ནི་བྲམ་ཟེ་ལ་སོགས་པའི་རིགས་ཅན་བཞི་གཙོ་བོ་ཡིན་ལ། དེ་བཞིན་དུ་རྡོ་རྗེའི་

རིགས་ནི། ཨིནྡྲ་ནཱི་ལ་དང་། པདྨ་རཱ་ག་དང་། ཆུ་ཤེལ་དང་། ཀརྐེ་ཏ་ཀ་དང་། མརྒད་དེ་གཙོ་བོ་ཡིན་ནོ། །དེ་བཞིན་དུ་ལྕགས་གསུམ་སྟེ། །གསེར་དངུལ་ཟངས་རྣམས་དང་། ལྕགས་བཟང་རྣོན་པོའི་ནི་གཞན་ནོ། །དེ་བཞིན་དུ་རིན་པོ་ཆེ་འབྲིང་ནི། །མུ་ཏིག་བྱུ་རུ་རྒྱལ་པོའི་ཆོས། །ཤཱུ་ལ་ནོར་བུ་ཐིག་ལེ་
དང་། །རྣམ་པ་དྲུག་ཏུ་རབ་ཏུ་བརྗོད། །རིན་པོ་ཆེ་ཐ་མའི་རིགས་ནི། ཤེལ་དང་སྲོག་ཅེས་བྱ་བའི་རིགས་དང་། འོང་ཧ་རི་དང་མཆིང་བུ་དང་། །ནོར་བུ་ལྗང་གུའི་རིགས་རྣམས་ཏེ། །དེ་ལྟར་རྙེད་པ་གཟུང་བར་བྱ། །ཞེས་བྱ་བའོ། །དེ་མེད་པས་མེ་ཏོག་དྲི་ཞིམ་པ་ཁ་དོག་ལྔས་ཀྱང་བླུགས་པར་བྱའོ། །ཡང་རྣམ་པར་
རྒྱལ