Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 14

Văn bản gốc(Tây Tạng)

Trang 4 / 23 (50.000 ký tự/trang)
་བའི་སྟེང་གི་དུང་ཆོས་སུ་རིན་པོ་ཆེ་ལྗང་གུ་བླུགས་པར་བྱའོ། །རིན་པོ་ཆེ་སྔོན་པོ་ནི་ཤར་ནུབ་ཀྱི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པར་བླུགས་སོ། །ཤར་དང་མེའི་བུམ་པར་ནག་པོའོ། །ལྷོ་དང་བདེན་བྲལ་གྱི་བུམ་པར་དམར་པོའོ། །བྱང་དང་དབང་ལྡན་གྱི་བུམ་པར་དཀར་པོའོ། །ནུབ་དང་རླུང་གི་བུམ་པར་སེར་
པོའོ། །དེ་བཞིན་དུ་སྨན་རྣམས་ལས་ཆ་གཅིག་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པར་རོ། །ཤར་དང་མེ་རུ་ཆ་གཉིས་པའོ། །གཤིན་རྗེ་དང་ལྷ་མིན་དུ་ཆ་གསུམ་པའོ། །བྱང་དང་དབང་ལྡན་དུ་ཆ་བཞི་པའོ། །ནུབ་དང་རླུང་དུ་ཆ་ལྔ་པའོ། །དེ་ལྟར་ན་ནི་ཉི་ཤུ་ལྔ་པོ་དེ་ཡང་ཐུམ་བུར་བཅིངས་པ་བུམ་པ་ལ་དགོད་པར་
བྱའོ། །བཞི་བརྒྱད་ཅེས་བྱ་བ་ནི་རྟེན་གྱི་བྱེ་བྲག་གི་བུམ་པའི་གྲངས་བསྟན་པ་ཡིན་ལ། དེ་ཡང་དགེ་སློང་རྡོ་རྗེ་འཛིན་པར་བྱ་བ་ལ་བུམ་པ་བཅུའོ། །དགེ་ཚུལ་ལ་དྲུག་གོ། །ཁྱིམ་པ་ལ་གཅིག་སྟེ། དེ་ཡང་བཞི་ནི་དགེ་ཚུལ་གྱི་ཡིན་པས། རྒྱལ་བ་དང་རྣམ་པར་རྒྱལ་བའི་གཉིས་ཏེ་དྲུག་གོ། །བརྒྱད་ནི་དགེ་སློང་ལ་སྟེ།
རྒྱལ་བ་དང་རྣམ་པར་རྒྱལ་བ་དང་བཅུའོ། །ཁྱིམ་པའི་དབང་ལ་རྒྱལ་བ་དང་རྣམ་པར་རྒྱལ་བ་གང་ཡང་རུང་བ་གཅིག་གོ། །དེ་དག་གིས་དབང་བསྐུར་བའི་གནས་ལྔ་སྟེ། གཙུག་ཏོར་དང་ཕྲག་པ་གཡས་གཡོན་དང་། གྲུ་མོ་གཡས་གཡོན་དང་། རྐུབ་ཚོས་དང་། ཆུ་སོ་རྣམས་ལའོ། །དེ་ནས་རིགས་ཀྱི་ལྷ་སྦྱང་བའི་ཕྱིར།
ཨོཾ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བས་རྡོ་རྗེ་སློབ་དཔོན་གྱིས་མེ་ཏོག་ལ་མངོན་པར་བསྔགས་ཏེ། །སློབ་མས་དོར་དུ་གཞུག་གོ། །དེའི་རྗེས་ལ། ཨོཾ་དི་བྱན་ས་མུངྒྷ་ཊ་ཡཱ་མི། ཞེས་བྱ་བས་མིག་ཕྱེ་ལ། དཀྱིལ་འཁོར་གྱི་གཙོ་བོ་སྔོན་དུ་འགྲོ་བས། དཀྱིལ་འཁོར་མ་ལུས་པ་དང་། རིགས་ཀྱི་ལྷ་ངོ་བསྟན་པར་བྱའོ། །

ད་ནི་ཤར་སྒོ་ནས་སོ། །དེ་ནས་སློབ་དཔོན་གྱི་ལག་པ་གཡོན་པས་སློབ་མ་བསྐུལ་ཏེ། ལས་ཀྱི་རྡོ་རྗེ་དང་ལྷན་ཅིག་དཀྱིལ་འཁོར་ལ་བསྐོར་བར་བྱ་སྟེ། བྱང་སྒོར་བཏང་ལ། ལུས་ཀྱི་དྲི་མ་ཀུན་རྫོབ་ཙམ་དུ་སྦྱང་བའི་ཕྱིར། སྒྲོལ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་སྔགས་ཀྱི་བུམ་པ་ཐམས་
ཅད་ནས་ཆུ་བླངས་ཏེ་རྣམ་རྒྱལ་གྱི་དུང་ཆོས་སུ་བླུགས་ལ། ཡང་སྐྱེ་བའི་གནས་ལྔར་ཆུའི་དབང་བསྐུར་བར་བྱ་སྟེ། ཨོཾ་ཨ་ཨི་རྀ་ཨུ་ལྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་སོ། །དེ་ནས་ཅོད་པན་གྱིས་ཀྱང་། སྐྱེ་བའི་གནས་ལྔར་དབང་བསྐུར་བར་བྱ་སྟེ། ཨོཾ་ཨཱ་ཨ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་ཏ་ཐཱ་ག་ཏ་པ་
རི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བས་དབང་བསྐུར་བར་བྱའོ། །དེ་ནས་རིན་པོ་ཆེ་འམ་གསེར་རམ་གོས་ལས་བྱས་པ་མགོ་ལ་བཅིང་བར་བྱའོ། །དེ་ལྟར་དབང་གཉིས་ཀྱིས་ཁམས་དང་ཕུང་པོ་ཡོངས་སུ་སྦྱངས་པས་ཀུན་རྫོབ་ཙམ་དུ་ལུས་རྣམ་པར་དག་པར་འགྱུར་རོ། །དེ་ནས་སྐུའི་ཞལ་གྱི་ཤར་གནས་སུ་ལུས་སྦྱང་བར་
བྱའོ། །དེ་ནས་ཡང་གཡས་སྐོར་གྱིས་ངག་རྣམ་པར་དག་པའི་ཕྱིར་ལྷོའི་སྒོར་སོང་སྟེ་སྐྱེ་བའི་གནས་ལྔར་དར་དཔྱངས་ཀྱིས་དབང་བསྐུར་བར་བྱ་སྟེ། ཨོཾ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿ། ཧོ་ཕྲེཾ་ད་ཤ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་ནི་རིན་པོ་ཆེའམ་གསེར་རམ། མ་འབྱོར་ན་མེ་ཏོག་གི་ཕྲེང་
བ་ལ་སོགས་པའི་དར་དཔྱངས་བཅིང་བར་བྱའོ། །དེ་ནས་ཡང་སྐྱེ་བའི་གནས་ལྔར་རྡོ་རྗེ་དང་དྲིལ་བུའི་སྔགས་འདིས་དབང་བསྐུར་ཏེ། ཨོཾ་ཧུཾ་ཧོཿསཱུརྱ་ཙནྡྲ་བི་ཤོ་དྷ་ཀ་སྭཱ་ཧཱ། ཞེས་བྱ་བས་རྡོ་རྗེ་དྲིལ་བུ་སྤྱི་བོར་བཞག་ལ་དུང་ཆོས་ཀྱི་ཆུས་དབང་བསྐུར་རོ། །དེ་ལྟར་དབང་གཉིས་ཀྱིས་གསུང་རྡོ་རྗེ་དག་པར་བྱས་ནས་རྡོ་རྗེ་སོར་གདུབ་སྦྱིན་ཏེ།
གཡས་ནས་བསྐོར་ལ་ཤར་གྱི་སྒོའི་ཞལ་དུ། ཐུགས་རྡོ་རྗེ་དག་པར་བྱ་བའི་ཕྱིར་སྐྱེ་བའི་གནས་ལྔར་བརྟུལ་ཞུགས་ཀྱི་དབང་སྔགས་འདིས་བསྐུར་བར་བྱའོ། །ཨོཾ་ཨ་ཨཱ། ཨེ་ཨཻ་ཨར་ཨཱར། ཨོ་ཨཽ། ཨལ་ཨཱལ་བི་ཥ་ཨེནྟི་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བས་སོ། །དེ་ནས་རྣ་བ་ལ་སོགས་པ་ལ་མེ་ཏོག་ཕྲེང་
བ་བཏགས་ཏེ། ཡང་སྐྱེ་བའི་གནས་ལྔར་མིང་གི་དབང་བསྐུར་བའི་སྔགས་འདིས་སོ། །ཨོཾ་ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཙ་ཏུར་བྲཧྨ་བི་ཧཱ་ར་བི་ཤོ་དྷ་སྭཱ་ཧཱ། ཞེས་བྱ་བ་སྟེ་ལག་གདུབ་དང་། རྐང་གདུབ་ལ་སོགས་པ་མེད་པར་གྱུར་ན། རྐང་ལག་ལ་མེ་ཏོག་གི་ཕྲེང་བས་བཅིང་བར་བྱའོ། །དེ་

ནས་ལུང་བསྟན་པའི་དབང་ནི། རྡོ་རྗེ་ཆེ་གེ་མོ་ཁྱོད་ཅེས་བྱ་བ་སྟེ། དེ་ལྟར་རྡོ་རྗེ་དང་དྲིལ་བུའི་དབང་གཉིས་ཀྱིས་ཐུགས་རྡོ་རྗེ་དག་པར་བྱས་ནས། ཡང་ཡེ་ཤེས་དག་པར་བྱ་བའི་དོན་དུ། སླར་སློབ་མ་གཡས་ཕྱོགས་ནས་ནུབ་སྒོའི་ཞལ་དུ་རྗེས་སུ་གནང་བའི་དབང་། སྔགས་འདིས་སྐྱེ་བའི་གནས་ལྔར་བསྐུར་ཏེ།
ཨོཾ་ཧཾ་ཀྵ་དྷརྨྨ་ཙཀྲ་པྲ་བརྟ་ཀ་སྭཱ་ཧཱ། ཞེས་བྱ་བས་དབང་བསྐུར་ནས་ལུས་ངག་ཡིད་ཡེ་ཤེས་ཀྱི་རྡོ་རྗེ་དག་པར་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུ་རབ་སྦྱིན་སྙིང་རྗེ་མཆོག་གིས་དག་པའི་ཆོས་ནི་བསྟན་པར་བྱ། །ཞེས་བྱ་བ་གསུངས་ཏེ། སློབ་དཔོན་གྱིས་སློབ་མ་ལ། རྡོ་རྗེ་ཆེ་གེ་མོ་ཞེས་བོས་ལ། ལག་ཏུ་རྡོ་རྗེ་དང་དྲིལ་བུ་སྦྱིན་
པར་བྱའོ། །དེ་ནས་དག་པའི་ཆོས་ཞེས་བྱ་བ་ནི་འདི་ལྟ་སྟེ། རྡོ་རྗེ་རིགས་ཀྱི་ངེས་པར་སྲོག་བཅད་ཅེས་བྱ་བ་ནས། དཀྱིལ་འཁོར་དུ་ནི་ཡང་དག་སྦྱིན། །ཞེས་བྱ་བ་ལ་ཐུག་པའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བསྟན་པར་བྱའོ། །དེ་ནི་དབང་བདུན་གྱི་ཆོ་ག་ཡོངས་སུ་རྫོགས་པ་ཡིན་ཞིང་། དེ་ནས་ཕུ་ནུའི་རིམ་
པ་ཤེས་པར་བྱ་བའི་དོན་དུ། རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ་པར་བསམ་ཞིང་། ལོ་ལ་སོགས་པའི་ཚིག་བརྗོད་པར་བྱ་སྟེ། འདིར་ལོ་ཆེ་གེ་མོ་དང་། རིགས་ལྡན་རྒྱལ་པོ་ཆོས་སྟོན་པ་ཆེ་གེ་མོ་དང་། ཟླ་བ་ཆེ་གེ་མོ་དང་། ཉི་མ་ཆེ་གེ་མོ་དང་། གཟའ་ཆེ་གེ་མོ་དང་།
ཚེས་ཆེ་གེ་མོ་དང་། སྐར་མ་ཆེ་གེ་མོ་དང་། སྦྱོར་བ་ཆེ་གེ་མོ་དང་། བྱེད་པ་ཆེ་གེ་མོ་ལ། མཆོག་གི་དང་པོའི་སངས་རྒྱས་སམ། དཀྱིལ་འཁོར་གཞན་དུ། རྡོ་རྗེ་སློབ་དཔོན་ཆེ་གེ་མོས། སློབ་མ་ཆེ་གེ་མོ་ལ་གཙོ་བོ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་དོན་དང་།
འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པར་བྱ་བའི་ཕྱིར། འོག་མིན་གྱི་གནས་ཀྱི་མཐར་ཐུག་པར་བདག་གིས་ལུང་བསྟན་པ་དང་། རྗེས་སུ་གནང་བ་ཡིན་ནོ་ཞེས་བྱ་བ་ནི་དབང་བདུན་གྱི་ངེས་པའོ། །གཞན་ཡང་འདི་ལྟར་རྒྱུད་གཞན་དུ་དེ་བཞིན་གཤེགས་པ་ལྔའི་རྣམ་པར་དག་པས་དབང་སྔར་གང་གསུངས་པ་དེ་བྱིས་པའི་སྐྱེ་བོ་
རྣམས་གཞུག་པ་ཡིན་ཏེ། འདི་ལྟར་རྣམ་པར་སྣང་མཛད་ཀྱི་ཆུའི་དབང་དང་། རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཡིན་པ་དེ་ལྟ་ན་ནི་རྒྱུད་ཐམས་ཅད་ལ་ནི་དཀྱིལ་འཁོར་ལ་མེ་ཏོག་བབས་པ་རིགས་ཀྱི་ལྷར་གསུངས་པ། དེ་བས་ན་དེ་ཇི་ལྟར་འཐད་པར་འགྱུར། དེའི་ཕྱིར་མེ་ཏོག་གང་ལ་བབས་པ་དེ་དང་། རིགས་ཀྱི་ཕྱག་རྒྱ་

དེས་དེ་ལ་འགྲུབ་པར་འགྱུར་བ་ནི། དེ་བཞིན་གཤེགས་པའི་ངེས་པའོ། །མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། སངས་རྒྱས་མངའ་བདག་ཅོད་པན་ཅན། །ཞེས་གསུངས་པ་དེའི་ཕྱིར། གང་ལ་མེ་ཏོག་ལྷུང་བ་དེ་ཅོད་པན་གྱི་གཙོ་བོར་འགྱུར་གྱི། ཐམས་ཅད་དུ་རིན་ཆེན་འབྱུང་ལྡན་ནི་
མ་ཡིན་ནོ། །ད་ནི་རྣམ་པར་དག་པ་གཞན་བརྗོད་པར་བྱ་སྟེ། རྡོ་རྗེ་རིགས་ཀྱི་སྲོག་གཅད་བྱ་ཞིང་ཞེས་བྱ་བ་ལ་སོགས་པས་འདིར་སྲོག་བཅད་པ་ལ་སོགས་པའི་དམ་ཚིག་ནི། དྲང་བ་དང་ངེས་པའི་དོན་གྱིས་རྣམ་པ་གཉིས་ཏེ་ཕྱི་དང་ནང་ངོ་། །དེ་ལ་ཕྱི་ནི་གང་བཅོམ་ལྡན་འདས་ཀྱིས་སྲོག་གཅད་པར་བྱ་བ་གསུངས་
པ་དེ་ནི། མཚམས་མེད་པ་ལྔ་བྱེད་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པ་དང་། དམ་ཚིག་དྲལ་བ་རྣམས་ལ་ངེས་པ་ཡིན་པས། དེ་བས་ན་གང་མཚམས་མེད་པ་ལྔ་བྱེད་པ་དེ་སྔ་ཕྱིར་ཤེས་པར་བྱ་སྟེ། འདིར་གང་གིས་དང་པོ་མཚམས་མེད་པ་ལ་སོགས་པ་བྱེད་པ་ལ་ཕྱིས་མི་བྱེད་པ་དེ་ལྟ་ན་ནི་སྐད་ཅིག་
ཙམ་གསད་པར་བྱ་སྟེ། དཔེར་ན་ཆོས་རྒྱལ་མྱ་ངན་མེད་པ་ལྟ་བུའོ། །དེ་བས་ན་དེ་ལས་གཞན་པ་དགེ་བ་དང་མི་དགེ་བའི་མཚན་ཉིད་མི་ཤེས་པ་དང་། མངོན་པར་ཤེས་པ་མ་ཐོབ་པ་རྣམས་ཀྱིས་གསད་པའི་ལས་བྱས་ན་ངེས་པར་དམྱལ་བར་འགྲོ་བར་འགྱུར་རོ། །དེ་བས་ན་ཇི་སྲིད་དུ་རྣལ་འབྱོར་ལ་མངོན་པར་ཤེས་
པ་ཐོབ་པར་མ་གྱུར་པ་དེ་སྲིད་དུ་སྔགས་པས། ཞི་བ་དང་རྒྱས་པ་དང་དབང་དང་། དགུག་པ་ལ་སོགས་པ་མ་གཏོགས་པ་དྲག་པོའི་ལས་མི་བྱའོ། །དེ་བཞིན་དུ་བརྫུན་དུ་སྨྲ་བ་དང་། མ་བྱིན་པར་ལེན་པ་དང་། གཞན་གྱི་བུད་མེད་འཕྲོག་པ་དང་། དམ་ཚིག་བསྟེན་པ་དང་། རིགས་དང་རིགས་མ་ཡིན་པ་བགྲོད་པ་
དང་། རང་གི་ལུས་ཀྱི་མཐར་གཏུགས་པ་སྦྱིན་པ་སྦྱིན་པར་བྱ་བ་ནི་གཞན་གྱི་དོན་དུ་ཡིན་གྱི་བདག་གི་དོན་དུ་མ་ཡིན་པ་ནི་ངེས་པའོ། །གལ་ཏེ་འདི་ནི་འགའ་ཞིག་ཇི་སྲིད་འཚོའི་བར་དུ་མཚམས་མེད་པ་ལྔའི་ལས་བྱེད་པ་དེ་ལྟ་ན་ནི་སྔོན་དུ་གསུངས་པའི་ཁྲོ་བོའི་རིག་སྔགས་བསྒྲུབས་ཏེ། བཅོམ་ལྡན་འདས་མི་
བསྐྱོད་པའི་ཏིང་ངེ་འཛིན་འདིས་གསང་པར་བྱ་ཞེས་པ་ནི་ངེས་པའོ། །གཞན་ཡང་ལམ་མ་ཡིན་པར་ལྷུང་བ་རྣམས་དྲང་བའི་ཕྱིར་བརྫུན་དུ་སྨྲའི། རང་གི་དོན་དུ་མ་ཡིན་པ་ནི་ངེས་པའོ། །དེ་བཞིན་དུ་མ་བྱིན་པར་བླངས་པ་ཡང་ཡི་དགས་ཀྱི་གནས་སུ་འགྲོ་བ་ལས་བཟློག་པའི་ཕྱིར་ཡིན་གྱི་རང་གི་དོན་དུ་མ་ཡིན་ནོ། །དེ་

བཞིན་དུ་གཞན་གྱི་བུད་མེད་ལ་བགྲོད་པ་ཡང་། དུད་འགྲོའི་གནས་ལས་བཟློག་པའི་དོན་དུ་ཡིན་གྱི། རང་གི་འདོད་ཆགས་ཀྱི་དོན་དུ་ནི་མ་ཡིན་ནོ། །བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟེན་པ་ཡང་རིགས་སུ་འཛིན་པ་འཇོམས་པའི་དོན་ཡིན་གྱི། གཞན་ཡང་ལས་ཀྱི་ཕྱག་རྒྱ་བསྒྲུབ་པའི་ཕྱིར།
རིགས་ངན་པ་ལ་སོགས་པའི་མི་མོ་རྣམས་ལ་བརྙས་པར་མི་བྱའོ། །གཞན་ཡང་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སྦྱིན་པ་རྒྱ་ཆེན་པོ་ཡང་གཏང་བར་བྱའོ། །འདི་ལྟར་རལ་གྲི་དང་། རིན་པོ་ཆེ་དང་། པདྨ་དང་། འཁོར་ལོ་དང་། གྲི་གུག་གི་རིགས་རྣམས་ཀྱིས་སྔགས་བསྒྲུབས་ཏེ། ནུས་པ་དང་ལྡན་པའི་
རྣལ་འབྱོར་པས་ཐམས་ཅད་བྱ་ཞིང་། འཇིག་རྟེན་པའི་བཞད་གད་དུ་མི་འགྲོ་བར་འགྱུར་རོ་ཞེས་པ་ནི་དྲང་བའི་དོན་ཏོ། །ད་ནི་ངེས་པའི་དོན་བརྗོད་པར་བྱ་སྟེ། འདི་ན་ལུས་ཅན་རྣམས་ཀྱིས་རང་རང་གི་ལུས་ཀྱི་སྲོག་ལྟུང་བར་བྱས་པ་ནི་སྲོག་བཅད་པའོ། །རྡོ་རྗེའི་རིགས་ཞེས་པ་ནི། གཙུག་ཏོར་དུ་འགོག་པར་བྱ་བ་
སྟེ། སྲོག་བཅད་པ་དེས་རྣལ་འབྱོར་པའི་བྱང་ཆུབ་ཀྱི་སེམས་སྟེང་དུ་བཏང་བ་ནི་ངེས་པའོ། །རལ་གྲི་ཡིས་ནི་བརྫུན་གྱི་དག །ཅེས་བྱ་བ་ནི། འདིར་བརྫུན་ཞེས་བྱ་བ་ནི་དྲང་དོན་དུ་མི་གནས་པའི་ངག་ཡིན་ལ། ངེས་དོན་དུ་སེམས་ཅན་གྱི་སྒྲ་སྐད་ཀྱིས་ཅིག་ཅར་དུ་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པར་བྱེད་པའོ། །
དེ་ཉིད་སྙིང་གའི་གཞོམ་དུ་མེད་པའི་སྒྲ་ནི་ངེས་པའོ། །རིན་པོ་ཆེ་ཡིས་གཞན་གྱི་ནོར་འཕྲོག་ཅེས་བྱ་བ་ནི། འདིར་གཞན་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ཡིན་ལ། དེའི་ནོར་བུ་རིན་པོ་ཆེ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཞིང་དེ་འཕྲོགས་པས་ནི་རིན་པོ་ཆེའི་རིགས་ཏེ་མགྲིན་པས་བརྒྱད་པའི་གནས་སུ་ངེས་པའོ། །
རིགས་མཆོག་པདྨ་ཡིས་ཀྱང་ཕ་རོལ་བུད་མེད་འཕྲོག་ཅེས་བྱ་བ་ནི་འདིར་ཕ་རོལ་གྱི་བུད་མེད་ནི། ཕྱག་རྒྱ་ཆེན་མོ་ཡིན་ལ། དེ་འཕྲོགས་པས་ནི་ཕ་རོལ་བུད་མེད་འཕྲོགས་པ་ཡིན་ཏེ། དེ་འཕྲོག་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་དབྲལ་བ་པདྨའི་རིགས་ས་བཅུའི་གནས་སུ་སླེབས་པ་ནི་ངེས་པའོ། །ཆང་དང་མར་མེ་སངས་རྒྱས་
ཡུལ་རྣམས་བཟང་པོ་མ་ལུས་འཁོར་ལོར་བསྟན་པར་བྱ། །ཞེས་པ་ལ་འདིར་ཆང་ནི། ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ཞིང་། མར་མེ་ཞེས་བྱ་བ་ནི་གླང་དང་ཁྱི་ལ་སོགས་པ་དང་། མི་མཐུན་པའི་དངོས་པོ་ལྔ་པོ་ནང་དུ་བསྡུ་བའོ། །སངས་རྒྱས་ནི་བདུད་རྩི་ལྔ་སྟེ། འཁོར་ལོ་ནི་བདེ་བའི་པདྨའོ། །བསྟེན་པར་བྱ་བ་ནི་

བཟའ་བ་ཡིན་ཏེ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས། བཤང་གཅི་དང་ཁུ་བ་ཕྱིར་མི་འཛག་པར་བྱེད་པ་ནི་ངེས་པའི་དོན་ཏོ། །རིགས་ངན་ལ་སོགས་ཞེས་བྱ་བ་ནི། རིགས་བཞིའི་བུད་མེད་ཡིན་ལ། གྲི་གུག་ཅེས་བྱ་བ་གསང་བའི་པདྨའོ། །ནམ་མཁའི་པདྨོ་ཞེས་བྱ་བ་ནི། ཆགས་པ་མེད་པའི་ཏིང་ངེ་འཛིན་
གྱིས་སོ། །བརྙས་མི་བྱ་ཞེས་བྱ་བ་ནི་སྐྱེ་གནས་ལ་བསྲུབ་པའི་དུས་སུ་ཚངས་པར་སྤྱོད་པའི་དབང་གིས་ཕྱི་རོལ་དུ་བྱང་ཆུབ་སེམས་མི་གཏོང་བ་ནི་ངེས་པའི་དོན་ཏོ། །རང་ལུས་ནོར་བཅས་སེམས་ཅན་དོན་དུ་སྦྱིན་གྱི་འདིར་ནི་ཁྱོད་ཀྱིས་བསྲུང་མི་བྱ། །ཞེས་བྱ་བ་ནི། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སློབ་མ་རྣམས་ཀྱིས་
རྡོ་རྗེ་སློབ་དཔོན་ལ་རང་གི་ལུས་པོ་བུ་སྨད་དང་བཅས་ཤིང་། བདོག་པ་ཕུན་སུམ་ཚོགས་པ་དབུལ་བའོ། །དེ་ཡང་འདི་ལྟར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་འདི་གཉིས་ཀྱིས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཡིན་ལ། ཚོགས་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །ཀྱེ་
རིགས་ཀྱི་བུ་རྣམས་ཞེས་བྱའོ། །དེ་ལྟར་བསྟན་པ་ལས། གཞན་དུ་དཔག་མེད་བསྐལ་པ་ཡིས་ཀྱང་སངས་རྒྱས་མིན་པར་རྒྱལ་བས་གསུངས་སོ། །རིགས་ཀྱི་བུ་ཞེས་པའི་དོན་ཏོ། །རྣམ་པར་དག་པའི་ཆོས་བསྟན་པ་སྟེ། རྒྱུད་ཐམས་ཅད་ཀྱི་ངེས་པའི་དོན་ཏོ། །དེ་ན་དབང་གི་རྣམ་པར་དག་པ་བརྗོད་པའི་ཕྱིར། ཆུ་ནི་
སྒྲོལ་མ་ཞེས་བྱ་བ་ལ་སོགས་པ་གང་ཡང་འདིར་ཆུའི་དབང་སྟེ། དེས་ནི་རླུང་ལ་སོགས་པའི་ཁམས་ལྔ་རྣམ་པར་དག་པ་སྟེ། སྒྲིབ་པ་མེད་པའི་སྐུའོ། །དེ་བཞིན་དུ་ཅོད་པན་གྱི་དབང་གིས་ནི་རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་ལྔ་རྣམ་པར་དག་པའོ། །དཔའ་བོའི་དར་དཔྱངས་ཀྱི་དབང་གིས་ཕ་རོལ་ཏུ་ཕྱིན་པ་བཅུ་
རྣམས་ཡོངས་སུ་དག་པར་བྱ་བའི་དོན་དུ། སྦྱིན་པ་ལ་སོགས་པ་ནུས་མ་བཅུའོ། །རྡོ་རྗེ་དང་དྲིལ་བུའི་དབང་གིས་ལ་ལ་ནཱ་དང་ར་ས་ནཱ་རྣམ་པར་དག་པ་སྟེ། སྒྲིབ་པ་མེད་པའི་ཉི་མ་དང་ཟླ་བའོ། །བརྟུལ་ཞུགས་ཀྱི་དབང་ནི་ཡུལ་གཟུགས་ལ་སོགས་པ་དང་། མིག་ལ་སོགས་པའི་དབང་པོ་ལྔ་རྣམ་པར་དག་པ་
སྟེ། ལྷའི་སྤྱན་ལ་སོགས་པ་འཇུག་པ་ཡིན་ནོ། །མིང་གི་དབང་ནི་བྱམས་པ་ལ་སོགས་པ་འཇུག་པའི་རྣལ་འབྱོར་ཏེ། ཚངས་པའི་གནས་བཞི་ལ་གནས་ནས་དུས་ཐམས་ཅད་དུ་ཆགས་པ་དང་ཞེ་སྡང་ལ་སོགས་པ་སྒྲིབ་པ་མེད་པར་རྣམ་པར་དག་པའོ། །རྗེས་སུ་གནང་བའི་དབང་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་

དཔལ་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཆོས་སྟོན་པའོ། །དེ་ཡང་སྲིད་པའི་འཇིགས་པ་འཇོམས་པ་ཞེས་བྱ་སྟེ། གཞན་ལ་ཕན་པའི་ཕྱིར་རོ། །དུས་ཀྱི་འཁོར་ལོའི་རིགས་ཞེས་བྱ་བ་ནི། མི་འཕོ་བའི་བདེ་བ་རྗེས་སུ་རིག་པའི་སྟོང་པ་ཉིད་བསྟན་པ་དེ་ངེས་པའོ། །སྡིག་པའི་དྲི་མ་འཇོམས་པའི་དབང་བདུན་འདི་ནི་དཀྱིལ་
འཁོར་དུ་ནི་ཡང་དག་སྦྱིན། །ཞེས་བྱ་བ་ནི། རྡོ་རྗེ་སློབ་དཔོན་རྣམས་ཀྱིས་སློབ་མ་རྣམས་ལའོ། །རྡོ་རྗེ་སློབ་དཔོན་རྣམས་ཀྱིས་དབང་བདུན་སྦྱིན་པ་ནི། དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་དབང་གི་འབྲས་བུ་བརྗོད་པར་བྱ་སྟེ། དབང་བདུན་བསྐུར་བའི་དགེ་བའི་ཤུགས་ཀྱིས་ཞེས་བྱ་བ་ལ་འདིར་གལ་ཏེ་དཀྱིལ་
འཁོར་ཆེན་པོ་འདིར་དབང་བསྐུར་ཏེ། དམ་ཚིག་མ་ཉམས་ན་ས་བདུན་གྱི་དབང་ཕྱུག་ཏུ་འགྱུར་ལ། དེ་ཡང་དཀྱིལ་འཁོར་གྱི་འཁོར་ལོ་མངོན་དུ་བྱས་ན་ནི། ལུས་འདི་ཉིད་ཀྱིས་ས་བདུན་ཐོབ་ཅིང་། གཞན་དུ་ན་མི་དགེ་བ་བཅུ་སྤངས་ཤིང་། དགེ་བའི་ཤུགས་ཀྱིས་ས་བདུན་གྱི་དབང་ཕྱུག་ཏུ་འགྲོ་བར་ངེས་པའོ། །བུམ་
པ་གསང་བའི་དབང་བསྐུར་བ་ཡང་ཕྱིར་མི་ལྡོག་པ་ལ་སོགས་ངེས་པར་རབ་ཏུ་འཇུག །ཅེས་བྱ་བ་ནི། འདིར་བུམ་པ་དང་གསང་བའི་དབང་བསྐུར་བ་ནི་ཚུལ་ཁྲིམས་ཀྱི་སྟོབས་ཡིན་ལ། ཕྱིར་མི་ལྡོག་པ་ནི་མི་གཡོ་བ་སྟེ། གང་མི་གཡོ་བའི་སྒྲ་དེ་ནི་པདྨ་བསྲུབས་པ་ལས་བྱང་ཆུབ་སེམས་མི་གཡོ་བ་ཡིན་ཞིང་། ལེགས་པའི་བློ་
གྲོས་ནི་རྒྱུ་དེས་བདེ་བ་ཆེན་པོའི་སེམས་ཏེ་འཕོ་བ་མེད་པའོ། །ཤེས་རབ་ཡེ་ཤེས་མངོན་དབང་བསྐུར་བས། །ཞེས་བྱ་བ་ནི། ཚུལ་ཁྲིམས་ཀྱི་ཚོགས་ཀྱི་སྟོབས་ཡིན་ལ། འཇམ་དབྱངས་ཉིད་དུ་ཞེས་པ་ནི་སྲིད་པ་འཇིགས་པའོ། །འགྱུར་ཞེས་པ་ནི། ཆོས་ཀྱི་སྤྲིན་དུ་འགྲོ་བ་ཡིན་ལ་འདིར་ཆོས་ཀྱི་སྤྲིན་ཡང་བདག་དང་གཞན་གྱི་
དོན་བྱེད་ནུས་པའི་བདེ་བ་ཆེན་པོ་བབས་པ་སྟེ། དེ་བཞིན་གཤེགས་པའི་ངེས་པའོ། །དེ་བས་ན་འདི་ལྟར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་གཉིས་སྔོན་དུ་འགྲོ་བ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དེའི་དབང་གིས་ས་བཅུ་གཉིས་རྣལ་འབྱོར་པ་རྣམས་འགྱུར་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །གཞན་ཡང་
གཡོ་བའི་དབང་གིས་རྩ་བའི་ལྟུང་བ་བརྒྱ་ལ་བྱུང་ན་ཞེས་པ་ནི། དབང་ལ་གནས་ཀྱི་རྗེས་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་འཇུག་པའི་དབང་གིས་སོ། །འདི་ནི་ཞེས་པ་ནི་དབང་འདི་ཉིད་དེ་སླར་ཕྱིན་ཅི་ལོག་སྟེ་སྤྱད་པའི་དབང་གིས་དམྱལ་བའི་སྡུག་བསྔལ་དུ་འགྱུར་བ་ནི་ངེས་པའོ། །དབང་བདུན་ལ་གནས་ཡོན་ཏན་ལྡན་

ན་རྩ་བའི་ལྟུང་བ་དག་པར་འགྱུར། །ཞེས་བྱ་བས་ནི། རྩ་བའི་ལྟུང་བ་ལས་བྱུང་བའི་རྒྱུ་སྟོན་ཏེ། འདི་ལྟར་དབང་བདུན་ལ་གནས་པ་ལ་གལ་ཏེ་རྩ་བའི་ལྟུང་བ་བྱུང་བ་སྦྱར་བར་འདོད་པ་དེ་ལྟ་ན་ནི། དང་པོར་ངག་གི་བཟླས་པ་དཀྱིལ་འཁོར་གྱི་ལྷའི་གྲངས་ཇི་སྙེད་པ་དེ་སྙེད་ལ། སྟོང་ཕྲག་སུམ་
ཅུ་རྩ་དྲུག་ཏུ་འགྱུར་རོ། །ཡོན་ཏན་ལྡན་ཞེས་པ་ནི། ཕྱིས་མི་བྱེད་པའི་སྡོམ་པ་ལ་གནས་ནའོ། །བརྟུལ་ཞུགས་ངེས་སྟོབས་བུམ་པ་གསང་བ་བརྒྱ་ལམ་ན་སྟེ་ཞེས་བྱ་བ་ནི། གལ་ཏེ་བུམ་པ་དང་གསང་བ་ལ་གནས་པ་ལ་རྩ་བའི་ལྟུང་བ་བྱུང་བ་དེ་ལྟ་ན་ནི་བསོད་ནམས་དང་ཚུལ་ཁྲིམས་ཀྱིས་བདག་གི་གཞན་དུ་ནི་མ་
ཡིན་ནོ། །བརྟུལ་ཞུགས་ངེས་སྟོབས་ཞེས་པ་ནི། སླར་བདག་དང་འདོད་པ་གང་ཡིན་པ་དེ་རྣམས་ལ། རྡོ་རྗེ་སློབ་དཔོན་གྱི་ཆད་པའི་ལས་སྦྱིན་ཞིང་། དེས་ཀྱང་ཆད་པ་དང་དུ་བླངས་ལ་སྤྱད་པར་བྱའོ། །གོང་མ་ལ་ནི་དག་པ་མེད། །ཅེས་པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་རྣམས་ལ་གལ་ཏེ་རྩ་བའི་ལྟུང་བར་
གྱུར་པ་དེ་ལྟ་ན་ནི། གཞན་གྱིས་རྐྱེན་བྱས་པ་སྟེ། རྡོ་རྗེ་སློབ་དཔོན་ལ་སོགས་པས་ཆད་པ་བྱིན་པས་འདག་པ་མ་ཡིན་གྱི། འདིར་ནི་རང་གི་སེམས་རྣམ་པར་དག་པ་ཙམ་གྱིས་འདག་ལ། དེ་ཡང་འདི་ལྟར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་སྟོབས་ཀྱི་དབང་གིས་རང་ལ་དབང་དུ་བྱས་ཏེ། སྡིག་པ་བཤགས་པ་ལ་
སོགས་པ་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་སུ་སོང་སྟེ། བདག་རང་གིས་འདག་པར་བྱ་བ་ནི་སངས་རྒྱས་པ་རྣམས་ཀྱི་གཞུང་ངོ་། །གཞན་ཡང་གང་སྔོན་མ་རྣམས་ནི་གཞན་གྱི་རྐྱེན་གྱི་སྟོབས་ཀྱིས་འདག་ལ། ཤེས་རབ་ཡེ་ཤེས་ཅིའི་ཕྱིར་ལ་ལ་གཞན་གྱི་
སྟོབས་ཀྱིས་མི་འདག་ཅིང་བདག་རང་གི་སྦྱང་བས་འདག་པ་ཡིན་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་ན་ཡང་བྱིས་པ་ཆུང་དུས་ཉེས་པ་བྱས་པ་ནི་མི་ཤེས་པས་བྱས་པ་ཡིན་པས། འཇིག་རྟེན་ན་ཁ་ན་མ་ཐོ་བ་ཆུང་བ་ཡིན་ལ་སྐྱེས་བུ་ཆེར་སྐྱེས་པ་རྣམས་ཀྱིས་བྱས་པ་ནི་ཤེས་བཞིན་དུ་བྱས་པ་ཡིན་པའི་ཕྱིར། ཁ་ན་མ་ཐོ་བ་ཆེན་
པོ་ཡིན་པ་ལྟར། དབང་བདུན་པ་དང་། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ནི། རིམ་པ་བཞིན་དུ་བྱིས་པ་དང་། དར་ལ་བབ་པ་དང་། རྒན་པའི་ཁྱད་པར་ཡོད་པའི་ཕྱིར་རོ། །དེ་བས་ན་གོང་མ་གོང་མ་ནི། བྱིས་པ་དང་། མི་ཤེས་པ་དང་། མི་གསལ་བ་དང་། མི་མཁས་པ་ཡིན་ལ། ཕྱི་མ་ཕྱི་

མ་ནི་ཤེས་པ་དང་། དར་ལ་བབ་པ་དང་། གསལ་བ་དང་། རིག་པའི་བདག་ཉིད་ཡིན་ནོ། །གང་ཞིག་རྩ་བའི་ལྟུང་བྱུང་སྦྱང་བའི་དོན་དུ་ཡང་ནི་དཀྱིལ་འཁོར་འདིར་གཞུག་བྱ། །ཞེས་བྱ་བ་ནི། རྩ་བའི་ལྟུང་བ་སྦྱང་བའི་ཐབས་སྟོན་པ་ཡིན་ཏེ། དེ་ཡང་སྔོན་དུ་ནི་སྔར་བསྟན་པའི་ཆད་པའི་ལས་བྱས་པ་ཡིན་ལ། ཕྱིས་
དཀྱིལ་འཁོར་དུ་འཇུག་པར་བྱ་བ་ཡིན་ནོ། །དེ་ལས་མ་གཏོགས་པ་གཞན་གྱིས་རྣམ་པར་སྦྱང་བར་མ་གསུངས་སོ། །དེ་ཡང་ཕྱིས་མི་བྱེད་པའི་དམ་འཆའ་བ་རྣམས་ལ་ཡིན་གྱི། ཕྱིས་སྡོམ་པའི་བསམ་པ་མེད་པ་རྣམས་ལ་ནི་མ་ཡིན་ཏེ། འདི་ལྟར་སྐྱེས་བུ་འགའ་ཞིག་དུག་གིས་ཟིན་ན་སྨན་པ་འགས་དེ་བཟློག་
པའི་ཕྱིར། སྨན་གྱི་བཏུང་བ་བླུད་ནས་ཡང་སྔར་བཞིན་དུག་ཟ་བ་དང་མཚུངས་སོ། །སླར་ཡང་རྗེས་གནང་ཐོབ་ནས་ཚོགས་ཀྱི་ཐུ་བོའི་མིང་ནི་གཞོན་པར་འགྱུར་བ་ཡིན། །ཞེས་བྱ་བ་ནི། རྒན་རབས་གང་ཞིག་རྩ་བའི་ལྟུང་བར་གྱུར་པ་སླར་དཀྱིལ་འཁོར་དུ་བཅུག་པ་དེ་སླར་ཞིང་དཀྱིལ་འཁོར་དུ་ཐུ་པེར་འགྱུར་
བ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་རྩ་བའི་ལྟུང་བ་རྣམས་བརྗོད་པའི་ཕྱིར། དཔལ་ལྡན་བླ་མ་སེམས་དཀྲུགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་རྒྱུད་ཐམས་ཅད་དུ་རྩ་བའི་ལྟུང་བ་ནི་བཅུ་བཞིར་ངེས་པ་ཡིན་ལ། དེ་རྣམས་སོ་སོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །བུ་རྣམས་
རྩ་བའི་ལྟུང་བ་རི་བོང་འཛིན་པ་ཞེས་བྱ་བ་ནི། སྤྱིར་བཏང་བ་ཡིན་ཏེ། བཅུ་བཞི་པོ་རྒྱུད་ལས་གསུངས་པ་ལྟར་མ་བསྐྱངས་ན། ཤིང་ཏ་ལའི་མགོ་བཅད་ནས་སླར་སྐྱེ་བའི་སྐལ་བ་མེད་དེ། ལྟུང་བར་འགྱུར་བ་ལྟར་རྡོ་རྗེ་འཆང་གི་གནས་ལས་ལྟུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ཡང་དཔལ་ལྡན་བླ་མའི་
སེམས་དཀྲུགས་ཞེས་བྱ་བ་ལ། བླ་མ་ཡང་རྣམ་པ་གཉིས་ཏེ། དམ་པ་དང་། དམ་པ་མ་ཡིན་པའོ། །དེ་ལ་དམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་སེམས་འཁྲུགས་པའོ། །དམ་པ་མ་ཡིན་པ་ནི་བདག་གི་བསྙེན་བཀུར་གྱི་ཕྱིར་སེམས་དཀྲུགས་པ་ཡིན་ལ། དེའི་ཕྱིར་བླ་མའི་སེམས་དཀྲུགས་པ་ནི་མི་
དགེ་བ་བཅུ་ལ་སོགས་པ་བྱེད་ཅིང་བླ་མ་གང་དེའི་མི་དགེ་བའི་རྣམ་གྲངས་བྱེད་པ་ནི་རྩ་བའི་ལྟུང་བར་འགྱུར་གྱི་རང་གི་དོན་ལྷུར་ལེན་ཅིང་བདག་ཉིད་ཀྱང་མི་དགེ་བ་བཅུ་ལ་འཇུག་པའི་བླ་མ་ལ་ནི་མ་ཡིན་པར་ངེས་པའོ། །དེ་ཡང་བླ་མ་དམ་པ་ཡིན་པར་ཤེས་པ་དང་། དེ་མི་དགྱེས་པར་ཤེས་པ་དང་། ཉོན་མོངས་པས་ཀུན་ནས་

བསླངས་པའི་ལུས་ངག་གི་ལས་དང་། གཞན་གྱི་དོན་མ་ཡིན་པ་དང་། རང་གི་དོན་ལྷུར་བླང་བའི་བསམ་པ་དང་། སླར་སྦྱང་བའི་བསམ་པ་མེད་པ་སྟེ། ཆོས་དྲུག་གིས་ལྟུང་བར་འགྱུར་རོ། །དེའི་བཀའ་འགོངས་ཞེས་པ་ནི་བླ་མ་དེའི་ཞེས་པ་དང་སྦྱར་རོ། །བཀའ་འགོངས་པ་ནི་བླ་མ་དམ་
པས་བསྒོ་བ་མི་ཉན་པའོ། །དེ་ཡང་ཆོས་དྲུག་དང་ལྡན་པས་སོ། །གཞན་དུ་འགྱུར་ཞེས་པ་ནི་གཉིས་པར་འགྱུར་བའོ། །སྤུན་ལ་ཁྲོས་པ་ཡང་ནི་གསུམ་པར་ངེས། །ཞེས་བྱ་བ་ནི། སྤུན་ནི་བླ་མ་གཅིག་གིས་ཡོངས་སུ་བསྡུས་པ་ཡིན་ལ། གཞན་གྱི་སྤུན་ལ་ཁྲོ་བ་ནི་ཁ་ན་མ་ཐོ་བ་ཆུང་བར་གསུངས་སོ། །
དེ་ཡིས་བསྒོ་ཞིང་བསྟན་པ་ལ་གུས་པར་མི་འཛིན་ཅིང་ཁྲོ་ན་གསུམ་པ་སྟེ། རྩ་བའི་ལྟུང་བར་འགྱུར་རོ། །དེ་ཡང་གོང་གི་ཆོས་དྲུག་ལས་རང་རང་གི་རྡོ་རྗེ་སྤུན་གྱིས་ཁྱད་པར་དུ་བྱས་པ་དང་། ཆོས་བདུན་དང་ལྡན་པའོ། །བྱམས་པ་སྤོང་བ་ཞེས་བྱ་བ་ནི། འདིར་བྱམས་པ་སྤོང་བ་ལ་ཆོས་བཞི་སྟེ། ཐ་མ་དང་། འབྲིང་
དང་། རབ་དང་། རབ་ཀྱི་རབ་བོ། །དེ་ལ་ཐ་མ་ནི་ཆུར་དབྱུག་པས་རི་མོ་བྲིས་པ་ལྟར། སྐད་ཅིག་གཅིག་ཙམ་བྱམས་པ་དང་བྲལ་ཡང་སླར་འཇུག་པའོ། །འབྲིང་ནི་བྱེ་མ་ལ་རི་མོ་བྲིས་པ་རླུང་གིས་འཕྲལ་ལ་ཉམས་པར་འགྱུར་བ་ལྟར། དུས་དེ་མ་ཐག་ཏུ་བྱམས་པར་འཇུག་པའོ། །རབ་ནི་དཔེར་ན་སའི་སེར་ཀ་ཅན་གྱི་
ཆར་གྱི་རྒྱུན་གྱིས་ཉམས་པར་བྱེད་པ་ལྟར་བྱམས་པ་ཅུང་ཟད་ན་དྲན་པའོ། །རབ་ཀྱི་རབ་ནི་དཔེར་ན་བྲག་ལ་སོགས་པ་མཁྲེགས་པའི་བདག་ཉིད་ཅན་རྣམས་ལ་གས་པ་ལ་སོགས་པ་བྱུང་ན་ནམ་དུ་ཡང་མཉམ་པར་འགྱུར་བའི་སྐལ་བ་མེད་པ་ལྟར་རམ་ཤིང་ཐོག་སྨིན་ཅིང་ས་ལ་ལྷུང་བ་རྣམས་ཕྱིར་ཞིང་ཤིང་རྣམས་ལ་འབྱར་
བའི་སྐལ་བ་མེད་ཅིང་མི་གནས་པ་ལྟར། བྱམས་པ་ལྟར་སྤངས་པའི་རྩ་བའི་ལྟུང་བར་འགྱུར་ཏེ། ཆུ་ཚོད་དྲུག་ཅུའི་བར་གྱིས་སོ། །རྩ་བའི་ལྟུང་བ་བཞི་པར་འགྱུར་བ་ནི་ངེས་པའོ། །བྱང་ཆུབ་ཀྱི་སེམས་སྤངས་པ་ཞེས་བྱ་བ་ནི། འདིར་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ཡིན་ལ་གང་ཡང་དེ་ཉམས་ན་བདེ་བར་མི་འགྱུར་
ཏེ། དེ་བས་ན་དེ་ཉིད་མ་ཐོབ་ཅིང་དབང་པོ་གཉིས་ཀྱི་བདེ་བས་སངས་རྒྱས་པར་འདོད་པ་རྣམས་ལ་རྩ་བའི་ལྟུང་བ་མདའ་ཞེས་བྱ་བ་ལྔ་པར་དེ་ཡང་ཤེས་རབ་ཆེན་པོས་མི་འགྱུར་བའི་རང་བཞིན་ཞེས་པ་དང་། འགྱུར་བའི་བདེ་བ་ཙམ་དུ་བླང་བའི་བསམ་པ་དང་། དེ་ལ་ལེགས་པར་འཛིན་པ་དང་། གསང་བ་དང་། གཞན་གྱི་བདེ་

བའི་དོན་དང་། རི་ལུ་ལ་སོགས་པའི་ཆེད་མ་ཡིན་པ་སྟེ། ཆོས་བཞི་དང་ལྡན་ན་མདའ་ཞེས་བྱ་བ་ལྔ་པར་འགྱུར་རོ། །གྲུབ་མཐའ་ལ་སྨོད་ཅེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡིན་ལ། དེ་དང་གསང་སྔགས་ཀྱི་ཚུལ་ཐ་དད་པར་འཛིན་པ་ནི་རྩ་བའི་ལྟུང་བ་ཡིན་ཞིང་། དེ་ལས་གཞན་པའི་ཐེག་པ་ལ་སྨད་
བས་ནི་རྩ་བའི་ལྟུང་བ་མ་ཡིན་ནོ། །དེས་ཀྱང་ཐུན་མོང་གི་དངོས་གྲུབ་ལས་འཕྲོག་པ་ཡིན་ནོ། །དེས་ཀྱང་གསང་སྔགས་ཀྱི་ཐེག་པ་དང་། དབྱེར་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཞེ་སྡང་ལ་གནས་པས་སྨྲ་བ་དང་། གཞན་གྱི་དོན་ལ་མ་ཡིན་པ་དང་། ལེགས་པར་འཛིན་པ་དང་། འགྱོད་པ་མེད་པ་སྟེ། ཆོས་
ལྔ་དང་ལྡན་པས་དྲུག་པར་འགྱུར་རོ། །མ་སྨིན་སེམས་ཅན་ལ་ནི་གསང་བ་སྟེར། །ཞེས་བྱ་བ་ལ། མ་སྨིན་པ་ནི་ཉོན་མོངས་ཀྱི་ལམ་གྱིས་མནན་པའི་གང་ཟག་ཡིན་ལ། དེ་གང་ལ་གསང་སྔགས་ཀྱི་གསང་བ་བསྒྲགས་ན་སྐྲག་ཅིང་སྨོད་པ་ལ་བརྗོད་པས་ལྟུང་བ་ཡིན་ཏེ། གཞན་མོས་པར་འགྱུར་བ་དང་།
དད་པ་དང་གྲོལ་བའི་སྐལ་བ་ཡོད་པ་ལ་ཉེས་པ་མེད་པར་གསུངས་སོ། །དེ་ཡང་གསང་བ་བསྒྲགས་ནས་མོས་པ་མ་ཡིན་པ་སྐྱེ་བར་འགྱུར་བའི་གང་ཟག་དང་། གདུལ་བའི་དོན་མ་ཡིན་པ་དང་། བདེ་བ་ཆེན་པོའི་གསང་བ་བསྟན་པ་སྟེ། ཆོས་གསུམ་དང་ལྡན་ན་ནི་རི་ཞེས་བདུན་པར་འགྱུར་རོ། །བདེ་
བ་ཆེན་པོའི་གསང་བ་ལས་གཞན་པ་བསྟན་པའི་ལྟུང་བས་འཇིག་རྟེན་པའི་དངོས་གྲུབ་ཉམས་པར་བྱེད་དོ། །ལུས་ཉོན་མོངས་པ་ཀླུ་སྟེ་ཞེས་བྱ་བ་ནི། ལུས་ཏེ་ཕུང་པོ་ལྔ་ལ་སོགས་པ་ནི་རྒྱལ་བ་རིགས་ལྔའི་བདག་ཉིད་དོ། །ཁམས་དང་སྐྱེ་མཆེད་ནི་ལྷ་མོ་དང་བྱང་ཆུབ་སེམས་དཔའོ། །ཉོན་མོངས་པར་བྱེད་པ་ནི་
རྣམ་པ་གཉིས་ཏེ། ལུས་ལ་ཚ་གྲང་དང་བཟའ་བཏུང་གིས་ཉོན་མོངས་པར་བྱེད་པ་དང་། གསོད་པའི་བརྩོན་པས་ཉོན་མོངས་པར་བསྐྱེད་པའོ། །དེ་ཅིའི་ཕྱིར་རྩ་བའི་ལྟུང་བ་ཡིན་སྙམ་པ་ལ། ཕུང་པོ་གཟིར་བས་བདེ་བ་མི་སྐྱེ་ལ། བདེ་བ་མ་སྐྱེས་པས་གཉིས་སུ་མེད་པའི་ཡེ་ཤེས་ལ་ཉམས་པར་འགྱུར་རོ། །གསོད་བ་
ལ་བརྩོན་པ་ནི་སེམས་བསྐྱེད་པས་ལྟུང་བར་འགྱུར་བ་གསུངས་ལ། དེ་བས་དེའི་ཕྱིར་རྩ་བའི་ལྟུང་བ་སྟེ། དེ་ཡང་ཕུང་པོ་ལ་སོགས་པ་རྒྱལ་བ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་ཡིན་པར་ཤེས་པ་དང་། དེ་མནར་བས་བདེ་བ་ལས་ཉམས་པར་ཤེས་པ་དང་། གཞན་གདུལ་བའི་དོན་དུ་མ་ཡིན་པ་སྟེ། ཆོས་གསུམ་

དང་ལྡན་ན་ལྟུང་བ་བརྒྱད་པར་འགྱུར་རོ། །དག་པའི་ཆོས་ལ་མ་དད་པའང་། །ཞེས་བྱ་བ་ནི། དག་པའི་ཆོས་ནི་འཛིན་པ་ཐམས་ཅད་རྣམ་པར་སྤང་བའི་སྟོང་པ་ཉིད་ཟབ་མོ་གང་ཡིན་པ་དེ། དེ་ལ་མ་དད་ཅིང་སུན་འབྱིན་པ་རྩ་བའི་ལྟུང་བ་སྟེ། དེ་ཡང་གདུལ་བའི་དོན་མ་ཡིན་པ་དང་། སྟོང་པ་
ཉིད་གང་ཡིན་པ་དེ་སྤངས་ཏེ་སྤྲོས་པ་དང་བཅས་པ་ལ་དང་དུ་བླང་བའི་ཆོས་གཉིས་ཀྱིས་ལྟུང་བ་དགུ་པར་འགྱུར་རོ། །རྒྱུའི་བྱམས་པ་ཞེས་པ་ལ་རྒྱུའི་བྱམས་པ་ནི་ཚུལ་འཆོས་ཏེ། དམ་ཚིག་ལ་སོགས་པ་ལ་དད་པའི་སྒོ་ནས་སྲུང་བར་མི་བྱེད་ཅིང་རྙེད་པ་དང་ཚིགས་སུ་བཅད་པ་ལྷུར་བླང་བའི་ཚུལ་གྱིས་བསྲུང་བ་སྟེ།
ལྐོག་ཏུ་མི་དགེ་བ་བྱེད་པའོ། །དེ་ལྟར་ན་དེ་ནི་གཡོ་ཉིད་དབང་དུ་བྱེད་པ་སྟེ། ཆོས་དང་པོ་ཉིད་ཀྱིས་ལྟུང་བ་བཅུ་པར་འགྱུར་རོ། །མིང་སོགས་བྲལ་བའི་བདེ་བ་སྟེར། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་གསང་སྔགས་ཀྱི་ཚུལ་ལ་བྱང་ཆུབ་
སེམས་ཀྱི་ཟླ་བའི་བདེ་བ་འགྱུར་བ་མེད་པ། འཇིག་རྟེན་གྱི་དཔེར་བྱ་བ་དང་བྲལ་ཞིང་བྱིན་པ་ལ་ཐེ་ཚོམ་དང་ཡིད་གཉིས་ཀྱི་དབང་གིས། དང་དུ་མི་ལེན་ཅིང་རྟོགས་པར་བྱེད་ན་ལྟུང་བ་སྟེ། དེ་ཡང་འགྱུར་བའི་བདེ་བ་མ་ཡིན་པ་དང་། མི་འགྱུར་བའི་བདེ་བ་དཔེར་བྱས་པ་ལས་འདས་པ་དང་། གདུལ་བའི་དོན་མ་ཡིན་པ་
སྟེ། ཆོས་གསུམ་པ་དེས་ལྟུང་བ་དྲག་པོ་སྟེ་བཅུ་གཅིག་པའོ། །དག་པའི་སེམས་ཅན་ཞེས་པ་ནི། རྣལ་འབྱོར་པ་རྣལ་འབྱོར་གྱི་ངང་ཚུལ་དང་ལྡན་པའོ། །སྐྱོན་བརྗོད་ཅེས་པ་ནི། ཀུན་ནས་ཕྲག་དོག་གིས་ཏེ། དེས་ལྟུང་བར་འགྱུར་ལ་དེ་ཡང་རྣལ་འབྱོར་གྱི་ངང་ཚུལ་དང་ལྡན་པ་ཡིན་པ་དང་། བདག་ཕྲག་དོག་
གིས་སྨྲས་པ་དང་། གཞན་གདུལ་བའི་དོན་མ་ཡིན་པ་སྟེ། ཆོས་གསུམ་དང་ལྡན་པས་བརྗོད་ན་ལྟུང་བ་བཅུ་གཉིས་པར་འགྱུར་རོ། །དམ་ཚིག་ཐོབ་དབང་ཞེས་པ་ནི། དམ་ཚིག་གི་བསྲུང་བ་དང་། བཟའ་བའི་བྱེ་བྲག་གཉིས་ཡིན་ལ། དེ་ལ་བསྲུང་བ་ནི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་བྱེ་བྲག་ཐིག་ལེ་བཞི་བསྲུང་
བ་སྟེ་སྔོན་དུ་བརྗོད་པ་ཡིན་ལ། འདིར་ནི་བཟའ་བ་ལ་སོགས་པའི་ཚོགས་དང་། དཔའ་བོའི་བཟའ་བའི་དུས་སུ་ཐོབ་པ་ཞེས་བྱ་བ་རྙེད་ཅིང་དུས་ལ་བབ་པའི་བཟའ་བ་དང་། བཏུང་བ་དང་བུད་མེད་ལ་མེ་ཐུན་བྱ་བ་དང་དུ་མི་ལེན་ན་ལྟུང་བ་སྟེ། དེ་ཡང་དམ་ཚིག་གི་དུས་ལ་བབ་པ་དང་། གཞན་གྱི་ངོ་བསྲུང་བ་མ་ཡིན་པ་

དང་། གཞན་གདུལ་བ་མ་གཏོགས་པ་སྟེ། ཆོས་གསུམ་དང་ལྡན་ན་ལྟུང་བ་བཅུ་གསུམ་པར་འགྱུར་རོ། །བུད་མེད་རྣམས་ལ་བཤུང་བ་ནི། །ཡིད་དང་ངག་གིས་སྨོད་པ་ནི། །རྩ་བའི་ལྟུང་བ་སྟེ། དེ་ཡང་རྡོ་རྗེ་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་སྟེ། གང་འདུ་ཤེས་དེ་དང་ལྡན་པས་སྨད་ན་སྟེ། ངག་གས་
སྨོད་པ་ཡང་གཞན་འདུལ་བའི་དོན་མ་ཡིན་པས་སྨད་ན་བཅུ་བཞི་པར་འགྱུར་རོ། །དེ་ལྟར་རྩ་བའི་ལྟུང་བ་རྣམས་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་རྣམས་ལ་བསྟན་ནས་དབང་གི་བྱེ་བྲག་རྣམས་ཀྱིས་མངོན་པར་དབང་བསྐུར་བར་བྱའོ། །དེ་ཡང་དགེ་སློང་རྡོ་རྗེ་འཛིན་པར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་ཕྱི་རོལ་སར་ཁྲུ་བཞིའི་
རྒྱར་རེ་ཁཱ་ལྔ་པ་བྱས་ཏེ། དབུས་སུ་ཤིང་སྟན་ལ་ཁྲུ་དོ་བའི་པདྨ་འདབ་མ་བརྒྱད་པ་བྱས་ལ། དེ་ཡང་ཁ་དོག་ལྔ་བར་བྱས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་མའི་ཕྱག་རྒྱ་སྤངས་པ། དེར་དགེ་སློང་དགོད་ཅིང་དེའི་རྗེས་ལ། གཞོན་ནུ་མ་རྡོ་རྗེའི་མཚོན་གྱིས་མ་སྨད་པ་གཟུགས་མཛེས་པ་དཀར་
འཛིན་ལེགས་པར་བརྒྱན་པ་བརྒྱད་ཀྱིས་ཡོངས་སུ་བསྐོར་ལ་གཞོན་ནུ་མ་གཉིས་ཀྱིས་ཆུ་དང་ཅོན་པན་དང་དར་དཔྱངས་ལ་སོགས་པ་བཅིང་བ་གཏད་པའི་ཚུལ་དུ་བྱའོ། །དེའི་ཕན་ཡོན་ནི། དགེ་སློང་རྡོ་རྗེ་འཛིན་བྱས་ན། །གང་དེ་སུ་ལ་སྡིག་ཡོད་མཆོག །ཆོས་གོས་མཐོང་བ་ཙམ་གྱིས་ཀྱང་། །ལྷ་མིན་ལ་
སོགས་ས་འོག་འབྲོས། །ཞེས་གསུངས་སོ། །གཞན་ཡང་། དགེ་ཚུལ་དབང་ནི་བསྐུར་བ་ནི། རེ་ཁཱ་ལྔ་ལས་གཉིས་གསུམ་ཙམ་དང་། ཤིང་སྟན་གྱི་སྟེང་དུ་བཞག་ལ། གཞོན་ནུ་མ་བཞིས་ཆུ་ལ་སོགས་པའི་ཚུལ་དུ་བྱ་བར་གསུངས་ཏེ། དེ་ཡང་གང་ཞིག །བསླབ་པ་བཅུ་དང་ལྡན་པ་ཡི། །རྡོ་རྗེ་
འཛིན་པ་དགེ་ཚུལ་ནི། །དེ་ནི་སློབ་དཔོན་འབྲིང་པོ་རུ། །རྡོ་རྗེ་འཆང་གིས་རབ་ཏུ་གསུངས། །ཞེས་གསུངས་སོ། །ཁྱིམ་པ་རྣམས་ལ་ནི་རེ་ཁཱ་གཅིག་ཁྲུ་གང་བའི་ཚད་དུ་བྱས་ལ་ཤིང་སྟན་ལ་བཞག་སྟེ། སློབ་དཔོན་གྱི་དབང་ཡིན་ནོ། །དེ་ཡང་། གོས་དཀར་ཅན་གྱི་ཁྱིམ་པ་གང་། །རྡོ་རྗེ་འཆང་དུ་བྱ་བ་སྟེ། །དགེ་
སློང་རྡོ་རྗེ་འཆང་རྣམས་ནི། །ཚུལ་མཐུན་བསྙེན་བཀུར་བྱ་ཕྱིར་རོ། །ཞེས་གསུངས་ཏེ། སློབ་དཔོན་ཐ་མའོ། །གནང་བ་བྱིན་ནས་རྒྱུད་ཀུན་བསྟན་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །གཞན་ཡང་དག་པའི་ཚུལ་ནི་དབང་བདུན་པ་དང་། བུམ་པ་དང་། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱིས་ས་བདུན་པ་དང་

བརྒྱད་པ་དང་། ལེགས་པའི་བློ་གྲོས་ཏེ། དགེ་བསྙེན་དང་། དགེ་ཚུལ་དང་། དགེ་སློང་རྣམས་སུ་སྦྱར་བར་བྱའོ། །ཤེས་རབ་ཡེ་ཤེས་ཀྱིས་ནི་གནས་བརྟན་རྒན་པོ་སྟེ། ཆོས་ཀྱི་སྤྲིན་དུ་ལུང་བསྟན་པས་སློབ་མ་རྣམས་ལ་ལུང་བསྟན་པ་ཡིན་ནོ། །དེ་བཞིན་དུ་མཚན་ཡང་དག་པར་
བརྗོད་པ་ལས། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་བྱ་བ་ནས། རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཅེས་བྱ་བ་ཡན་ཆད་ཀྱིས་དོན་དེ་བསྟན་པར་གསུངས་སོ། །གཞན་ཡང་བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱིས་ནི་ལུས་ངག་ཡིད་སྦྱོང་བ་ཡིན་ཏེ། ཚངས་པ་དང་། དབང་ཕྱུག་
ཆེན་པོ་དང་། ཁྱབ་འཇུག་གི་མིང་དུ་ཡང་བཏགས་ཏེ། མུ་སྟེགས་པ་རྣམས་གཞུག་པའི་དོན་དུའོ། །དེ་ལྟར་ཡང་། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྡོ་རྗེ་འཛིན་རྒྱལ་གང་། །དེ་ནི་ཁྱབ་འཇུག་རྫུ་འཕྲུལ་ཆེ། །ཞེས་གསུངས་ཏེ། རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དེ་
བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས། གཙུག་ཕུད་ཅེས་བྱ་བ་ནས། ཟུར་ཕུད་ལྔ་བ་མེ་ཏོག་ཐོད། །ཅེས་བྱ་བ་ཡན་ཆད་ཀྱིས་བསྟན་པར་གསུངས་སོ། །ད་ནི་རྒྱུད་ཐམས་ཅད་ཀྱི་ངེས་དོན་དུ། བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་ན་འདིར་དབང་དེ་རྣམས་ཐོབ་པའི་དགེ་སློང་དང་། དགེ་ཚུལ་དང་།
ཁྱིམ་པ་རྣམས་ཀྱིས་གཞན་ལ་བརྟེན་པ་དང་། ཞིང་ལས་དང་མཚོན་ཆ་འཚོང་བ་དང་། སྣག་ཚ་འཚོང་བ་དང་། ཚོང་བསྒྱུར་གཞན་ཐམས་ཅད་མི་བྱ་སྟེ། གལ་ཏེ་བྱེད་པ་དེ་ལྟ་ན་ནི། སངས་རྒྱས་ཀྱི་བཀའ་བསླུས་པས་མནར་མེད་པའི་དམྱལ་བར་འགྲོ་བར་འགྱུར་རོ། །ད་ནི་བུམ་པ་ལ་སོགས་པའི་བླ་མའི་དབང་གསུམ་
གྱི་ཆོ་ག་རྒྱས་པར་བསྟན་པར་བྱ་བའི་ཕྱིར། གཅིག་ནས་ཕྱོགས་ཀྱི་ལོ་བར་ཞེས་བྱ་བ་སྨོས་ཏེ། ལམ་གྱི་རྒྱལ་པོ་གཅིག་དང་པོར་བྱས་ནས། ལོ་བཅུ་ལོན་པ་དེ་སྲིད་པ་ལ་ལྟ་བ་དང་རེག་པར་བྱ་བ་ཡིན་གྱིས། བྱ་བ་གཞན་གྱི་ནུས་པ་མི་བསྐྱེད་དེ། ནུ་མ་མེད་པའི་ཕྱིར་རོ། །གང་ཡང་ལོ་བཅུ་ལོན་པ་དེ་ནི་སྦྱིན་པ་ལ་སོགས་
པའི་ཕ་རོལ་ཏུ་ཕྱིན་པ་བཅུ་དག་པ་ཙམ་ཡིན་ཏེ། དེ་ཡང་འདི་ལྟར་ཇི་སྲིད་དུ་སོ་ལྷུང་བར་མ་གྱུར་པ་དེ་སྲིད་དུ། ཡེ་ཤེས་ཀྱི་ཁམས་མི་ཟད་པའོ། །དེ་རྗེས་སོ་ལྷུང་བ་དེ་ནས་ནམ་མཁའི་ཁམས་ཏེ། དེ་བས་ན་ཁམས་གཉིས་བོས་གཞོན་ནུ་མ་སྐྱེ་གནས་ཉམས་པར་མི་འགྱུར་རོ། །དེའི་ཕྱིར་དེ་ལ་བལྟ་བར་བྱ་བ་

དང་། རེག་པར་བྱ་བ་དང་། མཆོད་པར་བྱ་བ་ཙམ་ཡིན་ནོ། །དེ་ནས་འཁྱུད་པར་བྱ་སྟེ་ཞེས་བྱ་བ་ནི། ལོ་བཅུ་གཅིག་པ་དང་པོར་བྱས་ནས་ཉི་ཤུ་ལ་ཐུག་པར་འཁྱུད་པའི་སྦྱོར་བ་བྱའོ། །རྒྱ་མཚོ་རོར་བཅས་ཏེ་ཞེས་བྱ་བ་ནི་དྲུག་དང་བཅས་པའི་བཞི་སྟེ་བཅུ་པའོ། །གཡོ་བ་ལ་སོགས་བསྟན་པར་བྱ། །ཞེས་པ་ནི་ལོ་བཅུ་
གཅིག་པ་ལ་རླུང་ངོ་། །བཅུ་གཉིས་པ་ལ་མེའོ། །བཅུ་གསུམ་པ་ལ་ཆུའོ། །བཅུ་བཞི་པ་ལས་སྟེ་བཞིའོ། །དེ་བཞིན་དུ་བཅོ་ལྔ་པ་ལ་སྒྲའོ། །བཅུ་དྲུག་པ་ལ་རེག་གོ། །བཅུ་བདུན་པ་ལ་རོའོ། །བཅོ་བརྒྱད་པ་ལ་གཟུགས་སོ། །བཅུ་དགུ་པ་ལ་དྲིའོ། །ཉི་ཤུ་པ་ལ་ཆོས་ཀྱི་དབྱིངས་སོ། །ཉི་ཤུ་ལོ་འདས་ཕྱག་རྒྱ་ཁྲོ་བོ་
འབྱུང་བོ་ལྷ་མིན་རིགས་ཏེ་མཆོག་ཏུ་འཇིགས། །ཞེས་བྱ་བ་ནི། འདིར་ལོ་ཉི་ཤུ་རྩ་གཅིག་ནས་བརྩམས་ནས་ལོ་སོ་སོ་ལ་གྲངས་ཇི་ལྟ་བ་བཞིན་དུ། སྔོན་མོ་དང་། ཤིན་ཏུ་སྟོབས་ལྡན་མ་དང་། བརྩོན་འགྲུས་མཐའ་ཡས་མ་དང་། ཡཾ་བྷྱི་དང་། ང་རྒྱལ་མ་དང་། རེངས་བྱེད་མ་དང་། འོད་ཟེར་ཅན་མ་དང་། སྐུལ་
བྱེད་མ་དང་། ཁྲོ་གཉེར་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། དྲག་ཅན་མ་སྟེ། ཁྲོ་བོའི་རིགས་ཀྱི་ལྷ་མོ་བཅུ་ཡིན་ནོ། །ཡང་ལོ་སུམ་ཅུ་སོ་གཅིག་ནས་འབྱུང་པོའི་རིགས་བརྒྱད་དེ། རྒན་བྱེད་མ་དང་། ཕག་མོ་དང་། དྲག་མོ་དང་། དབང་མོ་དང་། ཚངས་མ་དང་། དཔལ་ཆེན་མོ་དང་། གཞོན་ནུ་མ་དང་། ཁྱབ་འཇུག་
མའོ། །དེ་བཞིན་དུ་ལོ་སུམ་ཅུ་སོ་དགུ་ནས་ལྷ་མ་ཡིན་གྱི་རིགས་བརྒྱད་ནི། ཁྱི་གདོང་མ་དང་། ཕག་གདོང་མ་དང་། སྟག་གདོང་མ་དང་། སྤྱང་གདོང་མ་དང་། མཁའ་ལྡིང་གདོང་མ་དང་། འུག་གདོང་མ་དང་། བྱ་རྒོད་གདོང་མ་དང་། ཕོ་རོག་གདོང་ངོ་། །དེ་ལྟར་ན་དེ་རྣམས་ཀྱིས་ནི་མཆོག་ཏུ་འཇིགས་པ་སྐྱེད་
པར་བྱེད་པའི་ལྷ་མོ་རྣམས་ཡིན་པས། དབང་གི་སྐབས་སུ་སྤང་བར་བྱ་བ་ཡིན་ནོ། །དབང་གི་དོན་དྲུག་དང་བཞི་སྟེ་ཞེས་བྱ་བ་ནི། མེའི་ཁམས་ནས་ཆོས་ཀྱི་དབྱིངས་ཀྱི་ཁམས་ཀྱི་བར་དུ་སྟེ་བཅུའོ། །རླུང་གི་ཁམས་ལ་ནི་རྡུལ་མི་འབྱུང་བའི་ཕྱིར་བཟུང་བར་མི་བྱ་སྟེ་ངེས་པའོ། །བསྒོམ་དོན་གཞན་ཞེས་པ་ནི་ཉི་ཤུ་རྩ་
གཅིག་ནས་བཞི་བཅུ་རྩ་དྲུག་གི་བར་ལ་བདེ་བ་བསྟན་པའི་དོན་ཙམ་ཡིན་ནོ། །འདིར་དབང་གོང་མ་གསུམ་ལ་དགོས་པ་རྣམ་པ་གཉིས་ཏེ། ལམ་ཡོངས་སུ་ཤེས་པའི་དོན་དུ་སེམས་ཅན་རྣམས་གཞུག་ཅིང་། རྒྱུད་ཉེན་པ་ལ་དབང་བསྐུར་བའི་དོན་དང་། གཞན་འཆད་པ་པོ་བྱེད་ཅིང་སློབ་དཔོན་ཆེན་པོའི་གནས་

སྦྱིན་པའི་དོན་ཏོ། །དེ་ལ་རེ་ཞིག་དང་པོར་དབང་རྣམས་ལ། རྣམ་པར་འཁྲུལ་བའི་སྐྱོན་སྤངས་ལ། སློབ་མ་ལ་དབང་སྦྱིན་པར་བྱའོ། །དེ་ནི་གང་ཞིག་དཔལ་ལྡན་ཤེས་རབ་ནུ་མར་དང་པོ་རེག་པ་དེ་འདིར་བུམ་པའི་དབང་། །ཞེས་བྱ་བ་ལ་ཐོག་མར་གང་ཞིག་གིས་གཞོན་ནུ་མ་ལོ་བཅུ་གཉིས་
ལོན་པ་ཡོངས་སུ་སྨིན་པར་བྱས་ནས། བླ་མ་ལ་དབུལ་བར་བྱ་ཞིང་། དེ་ནས་བླ་མ་ལ་གསོལ་བ་གདབ་པར་བྱས་ནས། དེའི་རྗེས་ལ་བླ་མ་མཉེས་པས་འཇིག་རྟེན་པའི་ཀུན་རྫོབ་ཀྱིས་རང་གི་ཕྱག་རྒྱའི་དཀར་འཛིན་ལ་རེག་པར་བྱ་སྟེ། དེ་ནི་བུམ་པའི་དབང་ངོ་། །རི་བོང་འཛིན་པ་མྱང་དང་ལྟ་བ་དག་ནི་གསང་ལས་
གསང་བའི་དབང་དུ་འགྱུར། །ཞེས་བྱ་བ་ནི། དེ་ནས་གསང་བ་མ་ལ་མཆོད་པ་བྱ་སྟེ། སློབ་མ་ལ་བདུད་རྩི་སྦྱིན་པ་དང་། ཕྱག་རྒྱའི་བྷ་ག་བསྟན་པར་བྱའོ། །དེ་ནི་གསང་བའི་དབང་ངོ་། །ཤེས་རབ་ཡེ་ཤེས་དབང་ལ་རྒྱལ་བའི་རིགས་རྣམས་ཀྱིས་ནི་ཡན་ལག་གདོང་རྣམས་སྦྱང་། །ཞེས་བྱ་བ་ནི། ལས་ཀྱི་
ཕྱག་རྒྱའི་གདོང་རྣམས་སུ་ནི་ཨོཾ་ལ་སོགས་པའི་ས་བོན་གྱིས་རིགས་ལྔ་དང་ལྡན་པར་བྱས་ལ། དེ་ནས་རྒྱལ་བ་དག་ལ་དབང་དུ་གསོལ་ཏེ། བླ་མས་སློབ་མ་ལ་ནི་ཕྱག་རྒྱ་སྦྱིན། །ཞེས་བྱ་སྟེ། ལག་བཅངས་དང་གཉིས་གཉིས་འཁྱུད་པ་ལ་སོགས་པའི་དོན་དུ། བླ་མས་རྒྱལ་བ་རྡོ་རྗེ་སེམས་དཔའ་ལ་སོགས་
པ་དབང་དུ་བྱ་བ་ནི། ཇི་ལྟར་སེམས་ཅན་གདུལ་བར་དཀའ་བ་འདི་ལ། སྒོམ་པ་དང་རྒྱུད་ཀུན་མཉན་པ་དང་། རང་གི་སློབ་མ་རྣམས་ལ་རྒྱུད་ཀུན་བསྟན་པ་དང་། དཀྱིལ་འཁོར་བྲི་བ་ལ་སོགས་པའི་དོན་དུ་ཡིན་གྱི། གཞན་དུ་འཇིག་རྟེན་པའི་བདེ་བ་ཙམ་ཉམས་སུ་བླངས་པའི་ཕྱིར་མ་ཡིན་ནོ་ཞེས་གསོལ་
ཞིང་ཡིད་ཀྱི་དབང་དུ་བྱའོ། །དང་པོར་སློབ་མ་གཞུག་པའི་དབང་གི་ངེས་པའོ། །དེ་བཞིན་དུ་ཡོན་ཏན་གཉིས་ཀྱིས་བདག་ཉིད་ཀྱི་ས་བོན་གྱི་བདེ་བ་ནི། ལྷ་རྣམས་ཀྱི་དགོད་པ་དག་པས་སློབ་དཔོན་ནོ། །གསང་བ་ནི་ཡོན་ཏན་གསུམ་གྱི་བདག་ཉིད་དེ། །ལྟ་བ་དག་པ་ཡིན་པས་སོ། །ལག་བཅངས་ནི་ཡོན་ཏན་བཞིའི་བདག་
ཉིད་དག་པ་ཡིས་སོ། །གཉིས་གཉིས་འཁྱུད་པ་ནི་ཡོན་ཏན་ལྔའི་བདག་ཉིད་ཀྱིས་ས་བོན་གྱི་བདེ་བ་ལྷ་རྣམས་ཀྱི་རྣམ་པར་དག་པ་ཡིས་སོ། །དེ་བས་ན་འཇིག་རྟེན་ཀུན་རྫོབ་ཏུ་སེམས་ཅན་རྣམས་གཞུག་པའི་དོན་དུ། དབང་རྣམ་པ་བཞིར་ངེས་སོ། །དེ་ནས་རྒྱུད་རྣམས་ཀྱི་དྲང་བ་དང་ངེས་པའི་དོན་ཤེས་པར་བྱས་ནས་

བདག་པོ་ཆེན་པོར་བྱ་བའི་དོན་དུ་རིམ་པ་ཇི་ལྟ་བ་བཞིན་དུ་སློབ་མས་རིག་མ་བཅུ་བླ་མ་ལ་དབུལ་བར་བྱ་ཞིང་རིག་མ་དེ་དག་ཀྱང་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཚ་མོ་དང་ནི་བུ་མོ་དང་། །སྲིང་མོ་དེ་བཞིན་མ་དང་ནི། །ཆུང་མའི་མ་ནི་གང་ཡིན་དང་། །དེ་བཞིན་ཞོང་པོའི་ཆུང་མ་དང་། །ཁུ་བོའི་ཆུང་མ་
དག་དང་ནི། །དེ་བཞིན་ཕ་ཡི་སྲིང་མོ་དང་། །རང་གི་མ་ཡི་ནུ་མོ་དང་། །རང་གི་ཆུང་མ་མཆོག་གཟུགས་ཅན། །སྒྲོལ་མ་དང་པོ་ཆོས་དབྱིངས་མཐའ། །རང་རིགས་ལས་སྐྱེས་རིག་མ་བཅུ། །ཐར་པ་འདོད་པའི་ཁྱིམ་པ་ཡིས། དབང་གི་དུས་སུ་བླ་མར་འབུལ། །གལ་ཏེ་འདི་རྣམས་རིགས་བསྲུང་ཕྱིར། །རིག་མ་
བླ་མར་མི་འབུལ་ན། །དེ་ཕྱིར་དབང་ནི་སྦྱིན་མི་བྱ། །དགེ་སློང་དང་ནི་དགེ་ཚུལ་ལ། །དམངས་རིགས་ལ་སོགས་གཞན་རྣམས་ཀྱིས། །དཀྱིལ་འཁོར་ལ་ནི་དབང་བསྐུར་ཕྱིར། །བླ་མས་སྦྱིན་ནོ་མི་དབང་ཀྱེ། །རླུང་སོགས་རིམ་པས་དམངས་རིགས་ལ། །རྒྱལ་རིགས་དེ་བཞིན་བྲམ་ཟེ་མོ། །རྗེའུ་རིགས་རིགས་ངན་
ཉ་བ་དང་། །གར་མཁན་དེ་བཞིན་ཚོས་མ་དང་། །ཀོ་ལྤགས་མ་དང་གཏུམ་མོ་སྟེ། །ཆོས་ཀྱི་དབྱིངས་ཀྱི་མཁའ་སྐྱེས་བཅུ། །སྤྱོད་དང་གྲོལ་བའི་འབྲས་སྟེར་མ། །རིག་མ་ཆེན་མོས་ཡང་དག་བརྗོད། །འདི་རྣམས་སྤྱོད་དང་གྲོལ་འབྲས་སྟེར། །ཞེས་གསུངས་སོ། །འདི་ལྟར་གསུངས་པའི་རིམ་པས་ཕ་རོལ་ཏུ་ཕྱིན་པ་
བཅུ་དང་། དབང་བཅུ་དང་། ས་བཅུ་དང་། སྟོབས་བཅུ་རྣམས་ཏེ། དེ་རྣམས་ཀྱི་རྣམ་པར་དག་པའོ། །དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ནས། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པས་བསྟན་ཏོ། །དེ་བས་ན་རང་ཉིད་དཀྱིལ་འཁོར་ཆེན་པོའི་
སློབ་དཔོན་དུ་ལྷག་པར་འདོད་པས། ཕྱག་རྒྱ་བཅུ་དབུལ་བར་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལྟར་བླ་མ་ལ་སློབ་མས་ཕྱག་རྒྱ་བཅུ་ཕུལ་ཏེ། དེ་ནས་གནང་བ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ་པར་བྱ་སྟེ། ཀྱེ་མ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་པས་བདག་གིས་ད་ཅི་
ཞིག་བགྱི་ཞེས་གསུངས་པ་དང་། སློབ་དཔོན་གྱིས་ཀྱང་རང་གི་ཆུང་མ་འདི་བཅུའི་ནང་གང་ཡང་རུང་བ་གཅིག་དང་པོར་དེ་དང་གསོལ་བ་ཐོབ་ཅིག་ཅེས་བསྒོ་བར་བྱའོ། །རྣམ་པར་རྟོག་པ་ཆེ་བའི་དགེ་ཚུལ་ལམ། དགེ་སློང་ལ་ནི་གཏུམ་མོས་བྱ་བར་བཤད་དོ། །དེ་ནས་བླ་མས་དེ་དག་བཟུང་ནས་གསེར་ལ་སོགས་པའི་མཎྜལ་

བྱེད་དུ་བཅུག་སྟེ། དེ་གཉིས་ཀྱིས་འདི་སྐད་ཅེས་གསོལ་བ་གདབ་པར་བྱ་སྟེ། སྒྲིབ་པ་ཐམས་ཅད་རྣམ་སྤང་བའི། །དུས་ཀྱི་འཁོར་ལོ་ཁྱོད་ཕྱག་འཚལ། །མཆོག་ཏུ་མི་འགྱུར་བདེས་གང་བའི། །ཡེ་ཤེས་སྐུ་སྟེ་ཁྱོད་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ཡང་མི་འགྱུར་
བྱང་ཆུབ་སེམས། །མགོན་པོ་བདག་ལ་དབང་དེ་ནི། །དེ་རིང་བཀའ་དྲིན་གནང་བའི་རིགས། །བུ་དང་ཆུང་མ་སོགས་བཅས་པ། །ཁྱོད་ལ་ཀུན་དུ་བདག་བྲན་མཆི། །བྱང་ཆུབ་སྙིང་པོའི་བར་དུ་ནི། །བདག་ལ་སློབ་མ་གཞན་མ་མཆིས། །ཞེས་གསོལ་བ་བཏབ་པའི་སློབ་མ་མཐོང་བ་དང་། སྒྲ་རྡོ་རྗེ་མ་ལ་
རྒྱན་ཀུན་གྱིས་བརྒྱན་ཏེ། གཅེར་བུར་བྱས་ཏེ་འཁྱུད་པར་བྱས་ལ་ཁྱིམ་པ་ལ་རང་གི་སྒྱུག་མོས་བྱའོ། །དེ་བས་རྣལ་འབྱོར་མ་དགུ་པོ་གཅེར་བུ་སྐྲ་གྲོལ་བ་ལག་ན་གྲི་གུག་དང་ཐོད་པ་ཐོགས་པར་བྱས་ལ། ཤར་དུ་སྒྲོལ་མ། ལྷོར་གོས་དཀར་མོ། ནུབ་ཏུ་སྤྱན་མ། བྱང་དུ་མཱ་མ་ཀཱི། མེར་རེག་རྡོ་རྗེ་མ། བདེན་བྲལ་དུ་
རོ་རྡོ་རྗེ་མ། རླུང་དུ་དྲི་རྡོ་རྗེ་མ། དབང་ལྡན་དུ་གཟུགས་རྡོ་རྗེ་མ། དབུས་སུ་མེ་ཐུན་བྱའོ། །འདི་ལྟར་དབང་སྔོན་མ་རྣམས་ནི་ཆུ་ལ་སོགས་པ་བདུན་ཡིན་ལ། དེ་ལས་བླང་བར་གྱུར་པའི་དབང་ནི། ལས་ཀྱི་ཕྱག་རྒྱ་ཐུན་མོང་བ་གང་ཡང་རུང་བ་གཅིག་གིས་བྱའོ། །བླ་མའི་ཡང་བླ་མའི་དབང་ནི། སྔོན་དུ་བརྗོད་པའི་
དམངས་རིགས་ལ་སོགས་པའི་ཕྱག་རྒྱ་བཅུས་བྱའོ། །དེར་ཡང་། དགེ་སློང་དང་ནི་དགེ་ཚུལ་དང་། །ཁྱིམ་པ་ཡིན་ཏེ་གསུམ་རྣམས་ལ། །རིམ་བཞིན་ཕྱག་རྒྱ་བཅུ་དང་དྲུག །གཅིག་སྟེ་ཁྱིམ་པ་རྣམས་ལའོ། །ཞེས་གསུངས་སོ། །དེ་ནས་བུམ་པའི་དབང་གི་དོན་དུ་ཕྱག་རྒྱ་དབུལ་བར་བྱ་སྟེ། དེ་ཡང་།
ཞུན་མ་གསེར་གྱི་མདོག་འདྲ་རྒྱན་རྣམས་དང་ལྡན་བཅུ་གཉིས་ལོ་ལོན་བུ་མོ་བཟང་། །ཞེས་བྱ་བ་ནི་ལས་ཀྱི་རྒྱལ་པོ་ལོ་བཅུ་གཉིས་ནས་བཟུང་ནས་ཉི་ཤུའི་མཐའ་ཞེས་བྱ་བར་སྟོན་ཏོ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཅེས་བྱ་བ་ནི། འཆད་བཞིན་པའི་ལྷའི་རྣལ་འབྱོར་རོ། །རང་གི་རྡོ་རྗེ་ནོར་བུས་ཞེས་པ་ནི་གསང་བའི་
རྡོ་རྗེས་སོ། །ཆགས་བཅས་འདོད་པ་ཞེས་པ་ནི། ཕྱག་རྒྱ་སྔོན་དུ་རྡུལ་དང་ལྡན་པ་ལས། གང་གི་ནུབ་མོ་རྡུལ་ལངས་པའི་ནུ་མོ་དེ་ལ་བརྩམ་ཞེས་བྱ་བའི་དོན་ཏོ། །སློབ་མ་དག་པར་ཤེས་བྱས་ཞེས་པ་ནི། བླ་མའི་ཡང་བླ་མར་གྱུར་པའི་དབང་ལའོ། །རང་གི་ས་བོན་རྡོ་རྗེ་ཡིས་ནི་ཁ་རུ་འཕང་། །ཞེས་པ་ནི། བྱང་ཆུབ་

སེམས་མྱང་བར་བྱ་བའི་དོན་དུའོ། །ཕྱི་ནས་ཡང་ནི་རང་གི་ཕྱག་རྒྱ་སྦྱིན་ཏེ་ཞེས་པ་ནི་བླ་མས་བདག་ཏུ་བྱས་པའམ། སློབ་མ་རང་གི་གང་ཡིན་པ་དེ་གཏད་པར་བྱའོ། །གཞན་ཡང་འདིར་བུམ་པའི་དབང་གི་སྐབས་སུ་སློབ་མའི་ཤེས་རབ་མ་གང་ཡིན་པ་དེ་ལ་བླ་མས་ནུ་མ་ལ་རེག་པར་བྱའོ། །གསང་བའི་དབང་
ལ་ཡང་སློབ་མས་ཤེས་རབ་ཀྱི་ཁ་རུ་སློབ་དཔོན་གྱི་རྡོ་རྗེ་དགོད་པར་བྱའོ། །དེ་ཡང་སློབ་མ་དང་གསང་བ་གཉིས་ཀའི་གདོང་གཡོགས་པར་བྱས་ལ། བླ་མས་ཤེས་རབ་མའི་སྣ་གཞིབ་པར་བྱ་སྟེ། དེའི་རྗེས་ལ་ཤེས་རབ་ཡེ་ཤེས་ལ་སློབ་མ་རང་གི་ཕྱག་རྒྱ་སློབ་དཔོན་ཆེན་པོའི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་སློབ་མ་ལ་བླ་
མས་གཏད་ཅིང་། དེ་ཡང་ཕྱག་རྒྱ་བཅུའི་ནང་ན། གང་འདོད་པ་དེ་བྱིན་ལ། མཚན་མོ་ཕྱེད་ན་ཆུ་ཚོད་གཉིས་འདས་པ་དང་། ཉི་མ་ཤར་ཁའི་བར་དུ་ཉམས་སུ་མྱོང་བར་བྱའོ། །དེ་ནས་ཚོགས་ཀྱི་འཁོར་ལོའི་བྱ་བ་བརྟུལ་ལ། སློབ་མ་ལ་བླ་མས་སྡོམ་པ་སྦྱིན་པར་བྱ་སྟེ། འདིར་གང་ཁྱད་པར་གྱི་དགའ་བའི་
མཐར་ལྷན་ཅིག་སྐྱེས་པའི་སྐད་ཅིག་འབྱུང་ངོ་ཞེས་གང་ངས་བརྗོད་པ་དེ་ནི་ཀུན་རྫོབ་པ་སྟེ། དོན་དམ་པར་མི་འགྱུར་བའི་དོན་དམ་པ་ནི་གང་མི་འགྱུར་བའི་བདེ་བ་དེ་ཉིད་ཡིན་པར་རྣལ་འབྱོར་པ་རྣམས་ལ་གསུངས་སོ། །དེའི་ཕྱིར་བདེ་བ་ཆེན་པོ་འདི་ཁྱོད་ཀྱིས་བསྲུང་བར་བྱས་ལ། དེ་བཞིན་དུ་དང་པོའི་སངས་རྒྱས་ལས་
ཀྱང་ཇི་སྐད་དུ། ལས་ཀྱི་ཕྱག་རྒྱ་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱ་རྗེས་ཆགས་ལ། །ཤིན་ཏུ་བརྟུལ་ཞུགས་བརྟན་པོ་ཡིས། །བདེ་ཆེན་བྱང་སེམས་བསྲུང་བར་བྱ། །བྷ་གར་མཚན་མ་རབ་བཀོད་དེ། །བྱང་ཆུབ་སེམས་ནི་མི་སྤྲོ་བར། །འཇིག་རྟེན་ཁམས་ནི་མ་ལུས་པར། །སངས་རྒྱས་གཟུགས་སུ་
བསྒོམ་པར་བྱ། །འདི་ཉིད་བསྲུང་བར་བྱས་པ་ཡིས། །སྐྱེ་བ་འདི་རུ་སངས་རྒྱས་འགྱུར། །བསོད་ནམས་ཡེ་ཤེས་དང་ལྡན་ཞིང་། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །ཕ་རོལ་ཕྱིན་པ་བཅུ་ཐོབ་ཅིང་། །ཡང་དག་སངས་རྒྱས་དུས་གསུམ་གཤེགས། །འདི་ཉིད་རྫོགས་པའི་སངས་རྒྱས་ཏེ། །ཆོས་
ཀྱི་འཁོར་ལོ་རབ་ཏུ་བསྐོར། །འཇིག་རྟེན་གསུམ་གྱི་དབང་ཕྱུག་ཀྱང་། །ཡེ་ཤེས་འདི་ལས་གཞན་ན་མེད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བདག་གཞན་དོན་ནི་རབ་བསྒྲུབ་ཕྱིར། །གལ་ཏེ་བུ་ཀྱེ་སྐྱོང་བྱེད་ན། །སྐྱོབ་པ་ཀུན་གྱིས་སྡོམ་པའི་བདག །སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ། །དེ་ནས་ཡང་

དག་བྱང་ཆུབ་ཐོབ། །འོན་ཏེ་འདོད་ཆགས་ཟད་བྱེད་ཅིང་། །གཙོ་བོའི་མདུན་དུ་བླངས་པ་ཡི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཕྱིར་ཁྱོད་ནི་ངུ་འབོད་འགྲོ། །དམན་པའི་ཡིད་ཀྱིས་སྐྱེ་གནས་སུ། །གལ་ཏེ་བྱང་ཆུབ་སེམས་ཟག་ན། །ཕྱག་རྒྱ་སེམས་ཤིང་རང་གི་ལྕེས། །དེ་ཡི་
པདྨའི་ཕྱི་རོལ་བླང་། །ཞེས་བདེ་བར་གཤེགས་པས་གསུངས་པ་འདིས་སློབ་མ་ལ་སློབ་དཔོན་གྱི་སྡོམ་པ་རྒྱས་པ་སྦྱིན་ནོ། །སློབ་མས་ཀྱང་བླ་མ་ལ་ཡོན་ཕུལ་ལ་བླ་མའི་དཀྱིལ་འཁོར་བྱས་ནས་གསོལ་བ་བཏབ་སྟེ། ཀྱེ་བཅོམ་ལྡན་འདས་དབང་གི་རབ་ཏུ་དབྱེ་བའི་བཀའ་དྲིན་བདག་ལ་གནང་བར་མཛོད་ཅེས་
བྱ་བས་གསོལ་བ་གདབ་བོ། །དེ་ནས་བླ་མས་སློབ་མ་ལ་བོས་ཏེ། སྐྱེས་བུ་ཁྱོད་ཉོན་ཅིག །དགའ་བ་བཅུ་དྲུག་གི་མཚན་ཉིད་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཐུན་མོང་བ་ཁྱོད་ལ་བསྟན་བར་བྱའོ། །དེ་ཡང་ཕྱག་རྒྱ་ཡོན་ཏན་དང་ལྡན་པ་ལས་རྟོགས་པར་འགྱུར་གྱི། །གཞན་ལས་མ་ཡིན་ནོ། །མཚན་
ངན་གྱི་ཕྱག་རྒྱ་མ་སྤང་བར་བྱ་བ་ནི། དངང་དང་འཁྲུལ་པའི་སེམས་ཞེས་པ་ནི། བླ་མ་དངང་ཞིང་འཇིགས་པའོ། །དོན་ལོག་པར་འཛིན་པ་ནི་འཁྲུལ་པའོ། །གཡོན་ནི་གྱ་གྱུ་བྱེད་པའོ། །གཞན་གྱི་དབང་བསྐུར་ཞེས་པ་ནི་སྐྱེས་བུ་གཞན་ལ་ཆགས་པའོ། །ནད་ཅན་ཞེས་པ་ནི་གཅོང་ཅན་ནོ། །བུ་བཅས་
ཞེས་པ་ནི་བུ་བཙས་པ་སྐྱེ་གནས་ཡངས་ཤིང་བདེ་བ་མི་འབྱུང་ལ་བདེ་བ་ཉམས་པའོ། །ཁྲོ་བ་ནི་སྤྲོ་ཐུང་བའོ། །ཁེངས་པ་ནི་རིགས་ལ་སོགས་པས་ང་རྒྱལ་བའོ། །རྫས་ལ་ཞེན་པས་རྔན་པ་འདོད་པ་སྟེ་སྨད་འཚོང་མའོ། །མི་བདེན་པ་ནི་བརྫུན་དུ་སྨྲ་བའོ། །རྩོད་སྨྲ་ནི་འཐབ་མོ་དུས་རྟག་ཏུ་བྱེད་པའོ། །མ་དག་པ་
ནི་མཚན་ཉིད་དང་མི་ལྡན་པའོ། །ཡན་ལག་དམན་པ་ནི་རྐང་ལག་དང་མིག་ལ་སོགས་པ་མ་ཚང་བའོ། །སྐྱོན་དེ་རྣམས་དང་ལྡན་པའི་ཕྱག་རྒྱ་ནི་ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ་སྤང་གི། གཞན་གྱི་གནས་སྐབས་སུ་མི་སྤང་སྟེ། རྩ་བའི་ལྟུང་བར་གསུངས་སོ། །དེ་བས་ན། འདི་ནི་བླ་མ་དམ་པས་སྤང་བྱ་མི་དབང་
ཀྱེ། །ཞེས་བྱའོ། །སངས་རྒྱས་བླ་མ་ལ་གུས་དམ་ཚིག་འཛིན་དང་སྔོན་དུ་ཇི་སྐད་གསུངས་བཞིན་མཆོད། །ཅེས་པ་ནི། ཕྱག་རྒྱའི་མཚན་ཉིད་སྐྱེ་བའི་ལོ་ཉི་ཤུ་མན་ཆད་པ་རིགས་བཙུན་ལ་ཁོ་མེད་པ་ལ། མཆོད་པ་རྣམ་པ་མང་པོས་མཆོད་པར་བྱ་ཞེས་དགོངས་སོ། །དེ་ལས་དགའ་བ་བཅུ་དྲུག་གི་མཚན་ཉིད་ཇི་ལྟ་བ་

བཞིན་སྐྱེ་བའོ། །འགྲོ་བ་བདག་གི་ཡིད་ལ་འདོད་ཆགས་འཁྲུག་པར་བྱེད་ཅིང་རྫོགས་པར་སོན་པའོ། །ཞེས་བྱ་བ་ལ། འདིར་འགྲོ་བ་རྣམས་མིག་གས་བལྟས་པས་འདོད་ཆགས་འཁྲུག་པ་ནི་དགའ་བ་དང་པོ་སྟེ། རྫོགས་པ་ཞེས་པ་ཚེས་ལྔའོ། །དེ་ནས་བགད་པས་ཞུ་བའི་གནས་སྐབས་ནི། དཔྲལ་བ་ན་གནས་
པའི་བྱང་ཆུབ་སེམས་ཞུ་བའི་གནས་སྐབས་ཏེ། ཤེས་རབ་མ་ལ་འཁྱུད་པ་ཡན་ཆད་བསྡུ་ཞིང་ཚེས་ནི་བཅུ་ཡན་ཆད་ཡིན་ལ། དགའ་བ་ནི་གཉིས་པ་སྟེ། རྫོགས་པ་གཉིས་ཡིན་ནོ། །རི་བོང་འཛིན་ལས་ཞུ་སྟེ་ལུས་མཆོག་ལས་ནི་རྫོགས་འབར་ཐིག་ལེ་བཟང་པོ་འཛག །ཅེས་བྱ་བ་ནི། རི་བོང་འཛིན་པ་ནི་བྱང་
ཆུབ་སེམས་ཡིན་ལ་ཞུ་བ་ནི་གཡོ་བའོ། །གང་ནས་ཤེ་ན། ལུས་མཆོག་ཅེས་བྱ་བ་སྨོས་ཏེ། སྤྱི་བོ་ལས་འཁྲིག་པའི་གནས་སྐབས་འབར་བ་ཞེས་བྱ་བའི་དུས་སུ་འཛག་པ་ནི་དགའ་བ་གསུམ་པ་ཡིན་ཏེ། ཚེས་བཅོ་ལྔ་པའོ། །ཨོཾ་ཌས་སྤྱན་དྲངས་བྱས་ཏེ་ཟགས་པའི་ཐིག་ལེ་གསུམ་མཐར་མཆོག་གི་བདེ་བ་སྟེར། །
ཞེས་བྱ་བ་ནི། དེ་ལྟར་ཨོཾ་ཞེས་བྱ་བ་ཐིག་ལེ་འཛག་པའི་གནས་སྐབས་ཡིན་ལ། དེ་ཡང་ལུས་ངག་སེམས་ཀྱི་ཐིག་ལེ་འཛག་པའི་མཐར་ལྷན་ཅིག་སྐྱེས་པའི་བདེ་བ་འབའ་ཞིག་པ་ནི་དགའ་བ་བཞི་པ་ཡིན་ཏེ། ཆ་བཅུ་དྲུག་གི་བདག་ཉིད་ཅན་དུ་ཤེས་པར་བྱའོ། །དེ་ལྟར་ན་ཚེས་གཅིག་ལ་སོགས་པ་ནས་ཚེས་ལྔ་ལྔའི་
བར་ནི། ནམ་མཁའ་དང་། རླུང་དང་། མེ་དང་། ཆུ་དང་། སའི་རང་བཞིན་ནི་དགའ་བ་དང་། བཟང་པོ་དང་། རྒྱལ་བ་དང་། སྟོང་པ་དང་། རྫོགས་པའི་མིང་གིས་ཨ་ཨི་རྀ་ཨུ་ལྀ། ཨ་ཨེ། ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་ཞེས་བྱ་བའི་དབྱངས་རྣམས་ཀྱི་ཆོས་ཅན་རྣམས་སོ། །དེ་ལྟར་ལྔ་པའི་རྫོགས་པ་ནི་དགའ་
བའོ། །བཅུ་པའི་རྫོགས་པ་ནི་མཆོག་དགའོ། །ཉའི་རྫོགས་པ་ནི་དགའ་བྲལ་ལོ། །ཆ་བཅུ་དྲུག་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། རྫོགས་པ་ཐམས་ཅད་ཀྱི་ཁམས་ཡང་དག་པར་བསྡུས་པ་དང་། ཡང་དག་པར་ཚོགས་པ་དང་། མཉམ་པ་དང་། འདུས་པ་དང་། བསྡོམ་པ་ཡིན་ཏེ། འདི་ལྟར་བྱང་ཆུབ་ཀྱི་
སེམས་ཆགས་པ་ནི་དཀར་པའི་ཕྱོགས་ཡིན་ལ། ཆགས་བྲལ་ནི་ནག་པོའི་ཕྱོགས་སོ། །དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །ཞེས་གསུངས་ལ།

གཞན་ཡང་། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་རྩེ་མོ་འཛིན། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་དགའ་བ་བཅུ་དྲུག་ལ་སྦྱོར་བ་བཞི་བཞི་བརྗོད་པར་བྱ་སེ། འདོད་
དང་ཞེས་བྱ་བ་ལ་སོགས་པ་ལ། འདིར་སེམས་ཅན་ཐམས་ཅད་ལ། སད་པ་དང་། རྨི་ལམ་དང་། གཉིད་མཐུག་པོ་དང་། བཞི་པའི་དབྱེ་བས་ལུས་ངག་སེམས་དང་ཡེ་ཤེས་ཀྱི་སྦྱོར་བའོ། །དེ་དག་ཀྱང་དགའ་བ་ལ་སོགས་པའི་དབྱེ་བ་བཅུ་དྲུག་སྟེ། དེ་ལ་འདོད་པ་ཞེས་པ་ནི་སྐུའི་དགའ་བའོ། །དགའ་བ་ཞེས་པ་ནི་གསུང་
གི་དགའ་བའོ། །འདར་བ་ཞེས་པ་ནི་ཐུགས་ཀྱི་དགའ་བའོ། །མི་འགྱུར་བ་ཞེས་པ་ནི་ཡེ་ཤེས་ཀྱི་དགའ་བ་སྟེ། དེ་བས་ན་དེ་ལྟར་སྦྱོར་བ་བཞི་པོ་དེ་ནི་གཅིག་ཅེས་བྱ་བ་དགའ་བ་གཅིག་པ་སྟེ། དང་པོའོ། །དེ་བཞིན་དུ་རྫོགས་པ་ཞེས་པ་ནི་སྐུའི་མཆོག་དགའོ། །མཆོག་དགའ་ཞེས་པ་ནི་ངག་གི་མཆོག་དགའོ། །སྐྱེ་བ་
ཞེས་པ་ནི་སེམས་ཀྱི་མཆོག་དགའོ། །དགའ་བོ་ནུས་པ་ཞེས་པ་ནི་ཡེ་ཤེས་ཀྱི་མཆོག་དགའོ། །གཉིས་པའི་ཞེས་པ་ནི་མཆོག་དགའ་གཉིས་པ་ཡིན་པའི་ཕྱིར་རོ། །འབར་དང་ཞེས་པ་ནི་ལུས་ཀྱི་དགའ་བྲལ་ལོ། །དགའ་བྲལ་ཞེས་པ་ནི་ངག་གི་དགའ་བྲལ་ལོ། །རྒྱལ་ཞེས་པ་ནི་སེམས་ཀྱི་དགའ་བྲལ་ལོ། །ཐིག་ལེ་
ཞེས་པ་ནི་ཡེ་ཤེས་ཀྱི་དགའ་བྲལ་ཏེ། དགའ་བ་གསུམ་བ་ཡིན་པར་སྦྱོར་བ་གསུམ་པའོ། །ཨོཾ་ཌ་ཞེས་པ་ནི་ལུས་ཀྱི་ལྷན་ཅིག་སྐྱེས་པའོ། །ལྷན་ཅིག་སྐྱེས་དགའ་ཞེས་པ་ནི་ངག་གི་ལྷན་ཅིག་སྐྱེས་དགའོ། །གཉིས་ཞེས་པ་ནི། སེམས་ཀྱི་ལྷན་ཅིག་སྐྱེས་དགའོ། །ནཱ་ད་ཞེས་པ་ནི་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའོ། །དེ་ལྟར་
ན་སྤྲུལ་པ་དང་། ལོངས་སྤྱོད་རྫོགས་པ་དང་། ཆོས་དང་ངོ་བོ་ཉིད་ཀྱི་སྐུའི་དབྱེ་བས། ལུས་ངག་ཡིད་ཡེ་ཤེས་རྣམ་པ་བཞི་པོ་རེ་རེ་ལའང་བཞི་བཞིར་རྟོགས་པར་བྱ་སྟེ། དེ་ལྟར་ན་དགའ་བ་བཅུ་དྲུག་ཏུ་འགྱུར་རོ། །དགའ་བ་བཅུ་དྲུག་གི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ་བ་ནི་ངེས་པའོ། །ད་ནི་ལས་ཀྱི་ཕྱག་རྒྱའི་
དག་པ་བརྗོད་པར་བྱ་བའི་ཕྱིར། མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདིར་རྒྱུད་ཐམས་ཅད་དུ་མ་ལ་སོགས་པའི་ཕྱག་རྒྱ་རྣམས་རྣལ་འབྱོར་པ་རྣམས་ལ་ཆགས་པར་བྱ་བའི་དོན་དུ་ཐུན་མོང་དུ་གསུངས་ལ། དེ་ཡང་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པ་རྣམས་ལ་ཡིན་གྱི། གཞན་རྣམས་ལ་ནི་མ་ཡིན་ནོ། །གཞན་དག་

ལས་ནི་འཇིག་རྟེན་པའི་ཐ་སྙད་ཀྱི་བུད་མེད་རྣམས་གནས་སྐབས་ཀྱི་དབྱེ་བས་མ་ལ་སོགས་པར་བྱའོ། །དེ་ཡང་འདིར་གལ་ཏེ་རྣལ་འབྱོར་པ་དང་པོའི་སེམས་ཀྱིས་བསམས་པས་མར་འགྱུར་རོ། །རེག་པའི་དུས་ན་སྲིང་མོར་བསམས་ཏེ། ཆ་སྟེར་བའི་ཕྱིར་རོ། །རྡོ་རྗེ་ཞུགས་པའི་དུས་ན་བུ་མོར་བསམས་ཏེ་ཡོན་ཏན་འཇོ་
བས་སོ། །སྙིང་རྗེ་དང་བཅས་དགའ་བ་སྟེ། བདེ་བ་འཛག་པས་ན་ཚ་མོར་བསམས་ཏེ་སྙིང་རྗེ་ཆེན་པོ་གཡོ་བའི་ཕྱིར་རོ། །ཐིག་ལེ་ལྷུང་བ་ན་ཆུང་མར་བསམས་ཏེ། བདེ་བ་རང་ལས་འབྱུང་བའི་ཕྱིར་རོ། །རྣལ་འབྱོར་མ་ལ་ཆགས་བྲལ་གཞན་གྱི་རིགས། །ཞེས་བྱ་བ་ནི། གང་བྱང་ཆུབ་ཀྱི་སེམས་འཛག་ན་དེ་ནས་
བྱང་ཆུབ་སེམས་ཆགས་པ་བྲལ་བ་ཡིན་པས་ཁ་གཞན་དུ་ལྟ་ཞིང་རེག་པར་མི་བྱེད་པའི་ཕྱིར་རོ། །གཞན་གདོལ་པ་མོའི་རིགས་སུ་བསམ་མོ། །ས་ཆུ་མེ་རླུང་ནམ་མཁའ་སྟེ་ཆད་པའི་དངོས་པོ་ཞེས་བྱ་བ་ལ། འདིར་ལུས་ཅན་ཀུན་གྱི་རྒྱུད་ལ་བྱང་ཆུབ་སེམས་གཡོ་བ་ན། །དང་པོ་སའི་ཁམས་འཁྲུག་གོ། །དེ་ནས་ཆུ་
འཁྲུག་གོ། །དེ་ནས་མེ་འཁྲུག་གོ། །དེ་ནས་རླུང་འཁྲུག་གོ། །དེ་ནས་ནམ་མཁའི་ཁམས་འཁྲུག་གོ། །དེ་ནས་འཕོ་བར་འགྱུར་རོ། །འདི་དྲུག་རྣལ་འབྱོར་ཕྱག་རྒྱའོ། །ཞེས་པ་ནི། དེ་ལྟར་གཡས་གཡོན་གྱི་དཀྱིལ་འཁོར་ལྔ་ལྔར་མཛད་པ་སྟེ། འཕོ་བའི་དུས་སུ་ནི་མ་ལ་སོགས་པ་རྣམ་པར་དག་པར་ཤེས་
པར་བྱ་ཞིང་། དེ་ཉིད་འཁོར་ལོ་དང་། རྣ་ཆ་དང་། ནོར་བུ་དང་། ལག་གདུབ་དང་། སྐ་རགས་དང་། ཐལ་བ་སྟེ། རིགས་དྲུག་དག་པས་རྣལ་འབྱོར་མ་རྣམས་ལ་མཚན་མར་བརྒྱན་པར་བྱས་སོ། །དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་རྣམ་པར་དག་པར་ངེས་པའོ། །ད་ནི་སྐུ་ལ་སོགས་པའི་ཕྱག་རྒྱ་
གསུམ་པ་བརྗོད་པར་བྱ་བའི་ཕྱིར། པདྨོར་ཞེས་བྱ་བ་ལ་སགས་པ་སྨོས་ཏེ། འདིར་རྒྱུད་ཐམས་ཅད་དུ་གཞན་དྲང་བའི་ཕྱིར། དཔྲལ་བ་སྐུའི་ཕྱག་རྒྱའོ། །མགྲིན་པ་གསུང་གི་ཕྱག་རྒྱའོ། །སྙིང་ག་ཐུགས་ཀྱི་ཕྱག་རྒྱའོ། །ངེས་དོན་དུ་པདྨར་རྡོ་རྗེ་ཞུགས་ཞེས་བྱ་བ་ནི། རྟག་པར་རྡོ་རྗེ་ལས་སུ་རུང་བ་སྟེ། སྐུའི་ཕྱག་
རྒྱའོ། །མེ་ལ་རླུང་ཞེས་པ་ནི་རྩ་དབུ་མར་སྲོག་རླུང་ཞུགས་པ་གསུང་གི་ཕྱག་རྒྱའོ། །ཐིག་ལེ་མ་ལྷུང་བ་ནི་ཐུགས་ཀྱི་ཕྱག་རྒྱའོ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཞེས་པ་ནི་བསྟན་པ་དེ་རྣམས་སོ། །རྣལ་འབྱོར་གསུམ་པོ་འདི་ཞེས་པ་ནི། དེ་ལྟར་ཕྱག་རྒྱ་གསུམ་དུ་བསྟན་པ་དེ་དག་དབུ་མར་ཇི་ལྟ་བ་བཞིན་དུ་འདུས་པའོ། །

བསྟན་པ་ཞེས་པ་ནི་སློབ་མ་རྣམས་ལའོ། །དེའི་རྗེས་ལ་ཆགས་དང་ཆགས་མེད་ཐོག་མཐའ་ཞེས་བྱ་བ་སྟེ་ཆགས་པ་ནི་དཀར་པོའི་ཕྱོགས་ཏེ་དེའི་མཐར་གྱུར་པའོ། །ཆགས་བྲལ་ནི་ནག་པོ་སྟེ། དེའི་ཐོག་མར་རོ། །གང་དེ་དག་གི་མཐར་ཆ་བཅུ་དྲུག་པའི་གནས་སུ་ཤེས་པར་བྱས་ལ། དེ་ཡང་མི་
འཛག་པ་དེ་སྲིད་དུ་བརྗོད་དོ། །དེར་ནི་མཆོག་གི་དགའ་སྟེར་ཞེས་བྱ་བ་སྟེ་ཕུན་སུམ་ཚོགས་པ་ཐམས་ཅད་སྟེར་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་པས་བགྲོད་པ་བཞི་པ་ནི་ཞེས་པ་སྟེ། གང་ཡང་བཞི་པ་དེ་ནི་རྣལ་འབྱོར་པ་རྣམས་ཀྱི་རྫོགས་པའི་རྣལ་འབྱོར་པའི་ཡན་ལག་དྲུག་གིས་བགྲོད་པར་བྱ་བ་ཡིན་གྱི་གཞན་དུ་
མ་ཡིན་ཞེས་པའི་དོན་ཏོ། །ཕྱག་རྒྱ་ཞེས་པ་ནི། རྒྱུད་སྔ་ཕྱི་ཀུན་དུ་འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཡན་ལག་དྲུག་གིས་རྟོགས་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡུམ་མཆོག་ཅེས་པ་ནི་ལུས་ཅན་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་སུ་བསྒྲུབ་པར་མཛད་པའི་ཕྱིར་རོ། །རྣམ་བཅུར་འགྱུར་ཞེས་པ་ནི་དུ་བ་ལ་
སོགས་པའི་དབྱེ་བས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །དཔལ་ལྡན་བླ་མའི་ཞེས་པ་ནི་དེ་ལྟ་བུའི་བཞི་པའི་ཡོན་ཏན་ཀུན་གྱི་འབྱུང་གནས་བླ་མ་རྡོ་རྗེ་སེམས་དཔའི་ཞལ་ནས་རྟོགས་པར་བྱའོ། །གཞན་ཡང་བཞི་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་ཆོས་ཅན་མ་ལ་ཞེས་བྱ་སྟེ་ངེས་པའི་དོན་ཏོ། །དེ་ལྟར་སློབ་
མ་ལ་དབང་དང་ཕྱག་རྒྱའི་མཚན་ཉིད་ལེགས་པར་བསྟན་ནས། ཚོགས་ཀྱི་འཁོར་ལོ་གྱིས་ཤིག་པའི་ངེས་པ་བྱིན་ལ། རིགས་ཀྱི་ལྷ་མོ་སུམ་ཅུ་རྩ་དྲུག་སྤྱན་དྲངས་ཤིང་། དེ་ཉིད་ཀྱི་ཉིན་པར་གཞོན་ནུ་མ་རྡོ་རྗེའི་མདས་མ་སྨས་པ་བཅུ་ལ། འོ་ཐུག་དང་ཟས་མངར་བ་ལ་སོགས་པས་ཚིམ་པར་བྱས་ལ་ཡོན་
ཕུལ་ཏེ་བཏང་ངོ་། །དེ་ནས་ཆུ་ཚོད་བདུན་ལ་བབ་པ་ན། སངས་རྒྱས་གཙོར་བྱས་པའི་དགེ་སློང་གི་དགེ་འདུན་སྡེ་གཉིས་སྤྱན་དྲངས་ལ། ཁ་ན་མ་ཐོ་བ་མེད་པའི་མངར་བའི་གསོལ་ཟས་ཀྱིས་མཉེས་པར་བྱས་ལ། ཡོན་ཕུལ་ཏེ་སླར་འཕགས་པའི་དགེ་འདུན་གཙུག་ལག་ཁང་དུ་གཤེགས་སུ་གསོལ་ལོ། །དེ་
ནས་སྐྱེ་བོ་མེད་ཅིང་བུག་པ་མེད་པའི་ཁྱིམ་དུ་ཚོགས་ཀྱི་འཁོར་ལོའི་ཆོ་ག་ལ། དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་གནས་བརྩམ་པར་བྱ་སྟེ། འདིར་ཇི་ལྟར་ནུས་པ་རྗེས་སུ་མཐུན་པར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་བླ་མ་གཙོ་བོའི་དབུས་སུ་བཞུགས་སུ་གསོལ་ལོ། །ཕྱོགས་ཀྱི་མཚམས་བཞི་ལ་རྣལ་

འབྱོར་མ་བཞི་པོ་དབུས་སུ་གདོལ་པ་མོའོ། །ཤར་དུ་དམངས་རིགས་མའོ། །ལྷོར་རྒྱལ་རིགས་མའོ། །ནུབ་ཏུ་རྗེའུ་རིགས་མའོ། །བྱང་དུ་བྲམ་ཟེ་མའོ། །ཚོགས་ཀྱི་གཙོ་བོ་ལྔའི་བདག་ཉིད་དོ། །འདི་རྣམས་ཀྱི་གདན་ནི་མིའི་པགས་པ་དང་། ཁྱིའི་པགས་པ་དང་། རྟའི་པགས་པ་དང་། བ་ལང་གི་པགས་པ་དང་། གླང་པོ་ཆེའི་པགས་པའོ། །
དེ་ནས་ཕྱོགས་མ་ཡིན་པ་ལ་གཉིས་ནི་དབང་ལྡན་དུ་དྲི་ཆུའི་སྣོད། རླུང་དུ་དྲི་ཆེན་གྱི་སྣོད། བདེན་བྲལ་དུ་ཁྲག་གི་སྣོད། མེར་ཀླད་པའི་སྣོད་དོ། །དེ་ནས་གཉིས་པ་ཐུགས་ཀྱི་འཁོར་ལོའི་གནས་ནི་ཡོངས་སུ་བསྐོར་བ་ཡིན་ལ། དེའི་ཤར་དུ་འཁར་བ་མཁན་མ། ལྷོར་ཤིང་འཛེག་མ། བྱང་དུ་ནོར་བུ་མཁན་མ། ནུབ་ཏུ་
དྲག་སྤྱན་མ། མེར་ཕྲེང་མཁན་མ། བདེན་བྲལ་དུ་ཆང་འཚོང་མ། དབང་ལྡན་དུ་གསེར་མཁན་མ། རླུང་དུ་ཕྲེང་རྒྱུད་མ་སྟེ། རྣལ་འབྱོར་མ་བརྒྱད་དོ། །འདི་རྣམས་ཀྱི་གདན་ནི་གྲངས་ཇི་ལྟ་བས། ལུག་གི་པགས་པ་དང་། འབྲོག་གི་ཁྱིའི་པགས་པ་དང་། རྔ་མོའི་པགས་པ་དང་། སེང་གེའི་པགས་པ་དང་། རའི་
པགས་པ་དང་། རི་དགས་ཀྱི་པགས་པ་དང་། བོང་བུའི་པགས་པ་དང་། ཕག་གི་པགས་པའོ། །དེ་ནས་གསུམ་པ་གསུང་གི་འཁོར་ལོའི་ཀུན་ནས་བསྐོར་བ་ལ་ཤར་དུ་ཤ་འཚོང་མ། མེར་རྫ་མཁན་མ། ལྷོར་གཡོས་མཁན་མ། བདེན་བྲལ་དུ་སྨད་འཚོང་མ། ནུབ་ཏུ་བསྲུབ་མཁན་མ། རླུང་དུ་ཉ་བ་མ། བྱང་
དུ་སྐར་རྩིས་མཁན་མ། དབང་ལྡན་དུ་ཚོས་མཁན་མ་སྟེ། རྣལ་འབྱོར་མ་བརྒྱད་དོ། །འདི་རྣམས་ཀྱི་གདན་ནི་ཆུ་སྲིན་གྱི་པགས་པ་དང་། འགྲོན་བུའི་གཞུག་མ་དང་། སྦལ་པའི་གཞུག་མ་དང་། ཉ་ལྤགས་དང་། ཆུ་སྲིན་བྱིས་པ་གསོད་ཀྱི་པགས་པ་དང་། སྦལ་པའི་པགས་པ་དང་། རུས་སྦལ་གྱི་ཁོག་པ་དང་། དུང་སྟེ་
གྲངས་ཇི་ལྟ་བས་སོ། །དེ་ནས་བཞི་པ་སྐུའི་དཀྱིལ་འཁོར་གྱི་ཤར་དུ་ལྕགས་མཁན་མ། ལྷོར་རྒྱ་སྐེགས་བྱེད་མ། ནུབ་ཏུ་སྲིན་བལ་མཁན་མ། བྱང་དུ་ཏིལ་མཁན་མ། མེར་སྨྱུག་མ་མཁན་མ། བདེན་བྲལ་དུ་ཤིང་མཁན་མ། རླུང་དུ་ཀོ་ལྤགས་མཁན་མ། དབང་ལྡན་དུ་འབྲེག་མཁན་མ་སྟེ། རྣལ་འབྱོར་མ་བརྒྱད་
དོ། །འདི་རྣམས་ཀྱི་གདན་ནི། བསེའི་པགས་པ་དང་། སྟག་ལྤགས་དང་། དོམ་ལྤགས་དང་། ནེའུ་ལེའི་པགས་པ་དང་། གཡག་གི་པགས་པ་དང་། ཅེ་སྤྱང་གི་པགས་པ་དང་། སྲམ་ལྤགས་དང་། བྱི་ལའི་པགས་པའོ། །དེ་ནས་ལྔ་པོ་དུར་ཁྲོད་ཀྱིས་ཀུན་ནས་འཁོར་བའི་ཤར་དུ་ཀླ་ཀློ་མ། ལྷོར་ལྷག་ཟན་མ།

ནུབ་ཏུ་གཏུམ་མོ། །བྱང་དུ་སྟག་གཟིག་མ། མེ་རུ་སྨྱོན་ཐབས་མ། བདེན་བྲལ་དུ་རོ་སྲེག་མ། རླུང་དུ་བ་ལང་རྫི་མ། དབང་ལྡན་དུ་རི་ཁྲོད་མ་སྟེ་བརྒྱད་དོ། །འདི་རྣམས་ཀྱི་གདན་ནི། སྤྲུལ་གྱི་པགས་པ་དང་། བྱི་ལའི་པགས་པ་དང་། མགོ་དཀར་གྱི་པགས་པ་དང་། སྤྲེའུའི་པགས་པ་དང་།
རི་བོང་གི་པགས་པ་དང་། ཤ་ཁྱིའི་པགས་པ་དང་། ཨེ་ཤུ་ཀའི་པགས་པ་དང་། རྩངས་པའི་པགས་པའོ། །པགས་པ་འདི་རྣམས་མེད་ན། ཤར་ནས་མེར་ཁྱི་ལྤགས། ལྷོ་ནས་བདེན་བྲལ་དུ་རྟ་ལྤགས། ནུབ་ནས་རླུང་དུ་གླང་པོ་ཆེའི་པགས་པ། བྱང་དང་དབང་ལྡན་དུ་བ་ལང་གི་པགས་པ་དང་། དབུས་སུ་མིའི་
པགས་པའོ། །དེ་ལྟར་གདན་རྣམས་ཕུལ་ནས་རྣལ་འབྱོར་མ་རྣམས་བཞུགས་སུ་གསོལ། པགས་པ་འདི་རྣམས་ཀྱང་དབུལ་ཏེ། དེ་བཞིན་དུ་སྡེར་རྣམས་ནི་ཤར་དང་མེར་ཉ་ཕྱིས་སོ། །ལྷོ་དང་བདེན་བྲལ་དུ་ན་ལི་ཀེ་རའོ། །ནུབ་དང་རླུང་དུ་ཁམ་ཕོར་རོ། །བྱང་དང་དབང་ལྡན་དུ་མི་ཐོད་དོ། །དབུས་སུ་ཤིང་གི་
སྣོད་དོ། །དེ་ནས་ཆང་ལ་སོགས་པ་དང་། བཟའ་བཅའ་དང་མར་མེ་ལ་སོགས་པ་འཆད་བཞིན་པ་རྣམ་པ་བཅུ་ཕུལ་ལ། དེ་ནས་མཎྜལ་བྱས་ལ་ཡོན་ཆབ་ལ་སོགས་པ་བྱིན་ཏེ། ལས་ཀྱི་རྡོ་རྗེ་དང་བཅས་པའི་སློབ་མས་དེ་ལྟར་མཆོད་རྫས་རྣམས་བསོགས་ཏེ། ཚོགས་ཀྱི་འཁོར་ལོའི་གནས་དང་རིགས་ཀྱི་ངེས་པའོ། །
དེ་ནས་མེ་ཐུ་ནའི་སྦྱོར་ཐབས་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །འཇིག་རྟེན་ཀུན་རྫོབ་ཀྱི་དབང་བདུན་པ་དང་ཞེས་པ་ནི། ཆུ་ནས་རྗེས་སུ་གནང་བའོ། །གསུམ་པ་སྟེ་ཞེས་པ་ནི། བུམ་པ་དང་གསང་བ་དང་། ཤེས་རབ་ཡེ་ཤེས་སོ། །དེ་བས་ན་བཅུ་པའོ། །བཞི་པ་ནི་བཞི་པ་སླར་ཡང་དེ་བཞིན་ཏེ་ཞེས་པ་ནི་
བུམ་པ་དང་གསང་བ་དང་། ཤེས་རབ་ཡེ་ཤེས་དང་། དེའི་རྗེས་སུ་སྦྱིན་པར་བྱ་བ་ཡིན་པས་བཞི་པ་སྟེ། དེ་བས་ན་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཞེས་བྱའོ། །བཞི་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གསུམ་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན། གསུམ་པ་ལས་ཐ་དད་པར་བཞི་པ་ཞེས་གསུངས་པའི་
ཕྱིར་རོ། །བཞི་བ་ནི་ཤེས་རབ་ཡེ་ཤེས་ཡིན་ཏེ་ཞེས་བྱ་བ་ནི། ཤེས་རབ་ཡེ་ཤེས་ཆེན་པོ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །སླར་ཡང་དེ་བཞིན་ཏེ་ཞེས་གསུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་གསུམ་པ་ནུ་མ་དང་སྐྲར་ལྡན་པ་ལ་བརྟེན་པ་བཞིན་དུ། བཞི་པ་འདི་ཡང་སླར་ཕྱག་རྒྱ་ཆེན་མོ་ལ་བརྟེན་པའམ། ཡང་ན་གསུམ་པ་ཡོངས་

སུ་རྫོགས་ནས། བཞི་པ་ཡོངས་སུ་རྫོགས་པར་འདོད་པ་དེའི་ཚེ། སྔོན་གྱི་གསུམ་པ་ལ་སོགས་པ་ཡང་སླར་བཟླ་སྟེ། དེའི་རྗེས་ལ་གནང་བ་སྦྱིན་པར་བྱ་བ་ཡིན་པས། དེའི་ཕྱིར་གསུངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་གསུམ་པ་ཉིད་ནི་བཞི་པ་མ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་བསྡུས་
པའི་རྒྱུད་འདི་ཉིད་ལས་གསུངས་པ། གཞན་ཡང་བདུད་རྩི་མྱང་དང་རྣམ་པར་ལྟ་བ་གང་། ཤེས་རབ་སྦྱར་ལས་སྐད་ཅིག་བཞི་པར་བདུད་རྩི་འཕོ་སྟེ་བྱང་ཆུབ་སེམས་ཞུ་གང་། །ཞེས་གསུངས་ཏེ། འདིར་ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། གང་བལྟ་བ་དང་། དགོད་པ་དང་། ལག་བཅངས་དང་གཉིས་གཉིས་
འཁྱུད་པ་ཞེས་བྱ་བ་དང་། དབང་རྣམ་པ་བཞི་སྟེ། སློབ་དཔོན་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པ་སླར་ཡང་དེ་བཞིན་ནོ་ཞེས་གསུངས་པ་ལ། དེ་བཞིན་དུ་གསང་བ་འདུས་པ་ལ་སོགས་པར་ཡང་། བུམ་པ་ལ་སོགས་པའི་དབང་སློབ་དཔོན་དུ་གསུངས་པ་དེ་ནི། ཀུན་རྫོབ་པ་སྟེ་དེ་ཁོ་ན་ཉིད་མ་
ཡིན་ནོ། །དེ་ཡང་། དབང་བསྐུར་ནས་ནི་དེ་ཉིད་བཤད། །ཅེས་གསུངས་པའི་ཕྱིར་ཡང་། དགོད་པ་དང་། ལྟ་བ་དང་། ལག་བཅངས་དང་། གཉིས་གཉིས་སྦྱོར་བ་ཞེས་བྱ་བའི་རྣམ་པ་བཞི་ནི་གཉིས་སུ་མེད་པར་མི་འགྱུར་ཏེ། འདིར་དེ་ཁོ་ན་ཉིད་དེ་གཉིས་སུ་མེད་པ་སྟེ། ལས་ཀྱི་ཕྱག་རྒྱའི་རྒྱུས་འབྱུང་བ་ནི་
གཉིས་སུ་མེད་པའི་ཡེ་ཤེས་སུ་མི་འགྱུར་རོ། །དེ་བས་ན་ཤེས་རབ་ནུ་མ་གང་ལ་རེག་པ་དེ་ནི་བུམ་པའི་དབང་ངོ་། །གཞན་ཡང་བདུད་རྩི་མྱོང་བ་དང་རྣམ་པར་བལྟ་བ་ནི་གསང་བའི་དབང་ངོ་། །སྐད་ཅིག་བཞི་པར་བདུད་རྩི་འཕོ་སྟེ། བྱང་ཆུབ་སེམས་ཞུ་བ་ནི་ཤེས་རབ་ཡེ་ཤེས་སུ་གང་གསུངས་པ་དེ་ནི་བྱིས་པ་རྣམས་
གཞུག་པ་ཡིན་པ་དེ་བས་ན། དེ་དག་ཐམས་ཅད་འཇིག་རྟེན་པར་ངེས་ཐུགས་རྗེ་མཆོག་གི་ལམ་གྱི་རྒྱུ་རུ་བསྟན། །ཞེས་གསུངས་སོ། །གཞན་ཡང་འཇིག་རྟེན་ལས་འདས་པའི་དབང་ནི། རྒྱལ་བ་མཆོག་གི་ཕྱག་རྒྱ་བཟང་ལ་སྦྱར་བ་གང་ནི་འཇིག་རྟེན་ལས་འདས་དབང་། །ཞེས་གསུངས་ཏེ། རྒྱལ་བ་མཆོག་ནི་མི་
བསྐྱོད་པ་ལ་སོགས་པ་ཡིན་ལ། དེ་རྣམས་ཀྱི་བདག་པོ་ནི་རྡོ་རྗེ་སེམས་དཔའོ། །དེའི་ཕྱག་རྒྱ་བཟང་མོ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐྱེད་པར་མཛད་མ་ཡིན་ལ། དེ་ཉིད་ལ་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པའི་དབང་ཞེས་བྱ་སྟེ།

འཇིག་རྟེན་ལས་འདས་པའི་དབང་གང་ཡིན་པ་དེ་ནི། སེམས་ནི་དྲི་མ་དང་བཅས་ལས་ཀྱི་ཕྱག་རྒྱ་དང་བརྟགས་པའི་ཡེ་ཤེས་ཕྱག་རྒྱ་ལ་བརྟན་པ་མི་འཐོབ་པའི་ཕྱིར་སྤངས་པ་ཞེས་གསུངས་སོ། །རྫོགས་པའི་བྱང་ཆུབ་རྒྱུ་རུ་ཞེས་པ་ནི་ཉན་ཐོས་དང་རང་རྒྱལ་བའི་བྱང་ཆུབ་མ་ཡིན་པ་གཉིས་སུ་མེད་པའི་བདེ་
བ་ཆེན་པོས་བརྒྱན་པ་རྡོ་རྗེ་ལྟ་བུའི་སྐུའི་ཆེད་དུའོ། །མཆོག་གི་རྒྱལ་བ་ཞེས་བྱ་བ་ནི། ཉན་ཐོས་དང་རང་རྒྱལ་བ་ལས་གཞན་པ་གང་ཡིན་པ་དེ་ཉིད་ཡིན་ལ། དེ་ཡང་མི་བསྐྱོད་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་ནོ། །སྐྱེད་མ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་སྐྱེད་པར་མཛད་པ་གང་ཡིན་པའོ། །དེ་ཉིད་ཕྱག་རྒྱ་བཟང་
མོ་སྟེ། རྫོགས་པའི་བྱང་ཆུབ་རྒྱུ་རུ་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཉོན་མོངས་པ་མཐའ་དག་རྩད་ནས་འདོན་ཞིང་གཡོ་བ་མེད་པར་མཛད་པ་དང་། འགྱུར་བ་མེད་པར་མཛད་པ་དང་། མ་རིག་པའི་མུན་པའི་མུན་ནག་སྨག་ཏུ་གྱུར་པ་ཐམས་ཅད་འཇོམས་ཤིང་། གཞན་ཡང་དེ་ཉིད་ནི་ནམ་མཁའ་ལྟ་བུར་
ཀུན་དུ་ཁྱབ་པ་ཡིན་ཏེ། སྐྱེ་བོ་རྣམས་ཀྱི་རང་དབང་དུ་གནས་པ་ཞེས་བྱའོ། །ཡང་ནམ་མཁའ་ལྟར་གོས་པ་མི་མངའ་བའི་ཚུལ་དུ་འགྲོ་བ་ཀུན་ལ་གནས་པས་མཁའ་མཉམ་ཞེས་བྱའོ། །དེ་ཉིད་ཁོ་ན་ཐར་པ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བ་ཡིན་པས། རྣལ་འབྱོར་གྱིས་ནི་བགྲོད་ཅེས་བྱ་བའོ། །
གཞན་ཡང་ལུས་ལ་གནས་ཞེས་བྱ་བ་ནི་ཐིག་ལེ་བཞི་ལ་སོགས་པར་ལུས་ཅན་ཐམས་ཅད་གྱི་ལུས་ལ་གནས་པའོ། །ཡེ་ཤེས་གཟི་བརྗིད་ཅེས་པ་ན་དེ་ལྟར་གནས་པའི་ཐིག་ལེ་བཞི་ལ་སོགས་པ་ཡང་། ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་བྱ་བའི་མེས་བཞུ་ཞིང་བསྲེགས་ན། སྲིད་པའི་སྡིག་
འཕྲོག་ཅེས་བྱ་སྟེ། སྲིད་པའི་སྡིག་པ་ནི་ཐིག་ལེ་བཞི་ཕྱིར་འཕོ་བ་ཡིན་ལ། ནམ་མཁའ་ལས་བྱུང་རང་བྱུང་མེས། ཕྱིས་འཕོ་བ་རྒྱུན་བཅད་པ་ནི་སྡིག་པ་འཕྲོག་པ་ཞེས་བྱའོ། །དུས་ཀྱི་འཁོར་ལོས་རིག་ཅེས་བྱ་བ་ནི། དུས་ཀྱི་འཁོར་ལོས་རྣལ་འབྱོར་རྗེས་སུ་རིག་པས་སོ། །སེམས་ཀྱི་སྣང་བ་ཙམ་སྟེ་ཞེས་བྱ་བ་
ནི། གང་གི་དུས་སུ་དུ་བ་ལ་སོགས་པ་ལྟ་བུར་མཐོང་བ་དེ་དག་སེམས་ཡོངས་སུ་གྱུར་པའི་སྣང་བར་རྟོགས་པར་བྱའོ། །དེ་བས་ན་རང་གི་ཡིད་ལས་སྐྱེས་ཤེས་ཀྱང་བྱའོ། །གཞན་ཡང་དངོས་པོ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དམ། བཅུ་གཉིས་ལྟར་རྟོགས་ཤིང་། ཤེས་པར་བྱ་བ་སྟེ། སྤྱོད་ལམ་ལ་སོགས་པའི་དུས་

སོ། །གཞན་དུ་ནི་གཞན་དུ་རྟོགས་པར་བྱ་ཞེས་པའི་དོན་ཏོ། །རྒྱལ་བའི་སྲས་རྣམས་དང་ནི་སངས་རྒྱས་ཀྱིས་བརྟེན་རྣལ་འབྱོར་དབང་པོས་བསྟེན་པར་བྱ། །ཞེས་པ་ནི། འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རྒྱལ་བའི་སྲས་ཏེ་དུས་གསུམ་གྱི་བྱང་ཆུབ་
སེམས་དཔའ་རྣམས་དང་། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བསྟེན་ཅིང་རིམ་གྲོ་མཛད་པ་སྟེ། རྣལ་འབྱོར་དབད་པོ་ཁྱོད་ཀྱིས་ཀྱང་། །འབད་པ་ཀུན་གྱིས་དུས་ཐམས་ཅད་དུ་བསྟེན་ཅིག་ཅེས་གདམས་པའོ། །ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པས་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་མེ་རབ་ཏུ་རྒྱས་ནའོ། །བདུད་
དཔུང་ཡུལ་བཅས་མ་ལུས་ཞེས་པ་ནི། ལྷའི་བུ་ལ་སོགས་པ་བཞི་ཡིན་ཏེ། དེ་ཡང་ངེས་པའི་དོན་དུ་ཐིག་ལེ་བཞི་ཕྱིར་དོར་བ་བདུད་དུ་རྟོགས་པར་བྱ་ཞིང་བདུད་དེ་དག་སྲེག་པ་ནི། ནམ་མཁའ་ལས་བྱུང་རང་བྱུང་བའི་ཚངས་པའི་མེས་སྲེག་པར་སྤྱོད་ལ། བརྟགས་པ་དང་བཅས་པའི་མེས་སྲེག་པར་ནུས་པར་མ་
གསུངས་སོ། །འདོད་ཆགས་ལ་སོགས་མཉམ་པ་དེ། །ཞེས་བྱ་བ་ནི། མི་འགྱུར་བའི་ཐིག་ལེ་བདེ་བ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱས་དམན་པའི་བདེ་བའོ། །རྣལ་འབྱོར་པ་ལ་ཞེས་པ་ནི། ཤེས་རབ་ཆེན་པོ་དང་སྙོམས་པར་ཞུགས་པའི་རྣལ་འབྱོར་པ་ལའོ། །སྟེར་བ་ནི་ཐོབ་པར་འགྱུར་
བའོ། །རྣལ་འབྱོར་ལོས་ཞེས་བྱ་བ་ནི། ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་ཀྱིས་རླུང་གི་རྒྱུ་བ་རྒྱུན་གཅོད་པར་བྱེད་ཅིང་མི་འགྱུར་བ་སྟེར་ཞེས་བྱའོ། །ཤེས་རབ་ཡེ་ཤེས་དེ་ཉིད་གང་ཇི་ལྟ་བུ་ཞིག་སྙམ་པ་ལ། ཤེས་རབ་ཡེ་ཤེས་དེ་ནི་རྣམ་བཅུར་འགྱུར་བའི་སེམས་ཏེ་དེ་ནི་སྣང་བའོ། །ཞེས་བྱ་བ་སྨོས་ཏེ། འདིར་
ཤེས་རབ་ཡེ་ཤེས་ནི་འཛིན་པའི་སེམས་ཡིན་ལ། རྣམ་བཅུར་འགྱུར་ཞེས་པ་ནི་གཟུང་བྱ་དུ་བ་ལ་སོགས་པའོ། །སྣང་བ་ནི་འཛིན་པའི་སེམས་ལ་དུ་བ་ལ་སོགས་པར་སྣང་བའོ། །དྲི་བྲལ་ཟླ་འོ