Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 14

Văn bản gốc(Tây Tạng)

Trang 5 / 23 (50.000 ký tự/trang)
ད་ལྟ་བུ་ཞེས་པ་ནི། སེམས་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བར་བྱས་ནས། ནམ་མཁའ་ལྟར་གནས་ན་ཟླ་བ་དང་འོད་ལྟར་དབྱེར་
མེད་པའི་རྟགས་མཁའ་སྣང་ལ་སོགས་པའམ། ཡང་ན་ཟླ་བ་དང་འོད་ལྟར་དབྱེར་མི་ཕྱེད་པའི་བདེ་བ་ཡིན་ལ། དབང་འདིར་གང་ཞིག་ཞུགས་པ་ཉིད། །ཅེས་པ་ནི་དེ་འདྲ་བར་རྟོགས་ཤིང་སྐྱེ་བར་འགྱུར་བའི་དབང་འདིར་ཞུགས་པ་སྟེ། གཟུང་བྱའི་ཡུལ་ལས་ལྡོག་པར་བྱེད་པ། ཡན་ལག་དྲུག་གི་སྦྱོར་བ་སྟེ། སོ་སོར་

སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་རྣམས། །ཞེས་བྱ་བར་ཞུགས་པའོ། །དེའི་སྟོབས་ཀྱིས་དེ་ནས་མི་འཛག་པའི་ལྷན་ཅིག་སྐྱེས་པ་མི་འགྱུར་ཞེས་བྱ་བ་སྟོང་པ་ཉིད་དང་། སྙིང་རྗེ་དབྱེར་མི་ཕྱེད་པའི་བདེ་བ་འཛག་པ་མི་མངའ་བའི་
ལྷན་ཅིག་སྐྱེས་པ་འབྱུང་ལ། སྟོང་ཉིད་སྙིང་རྗེ་ལ་མི་གནས་པ་གང་ཡིན་པ་དེ་ཁོ་ན་བཞི་པ་ཞེས་ཀྱང་བྱའོ། །གཞན་ཡང་བྱིས་པ་དང་དར་མ་དང་རྒན་པོར་གྱུར་པ་ནི། འགྱུར་བ་དང་བར་ཆད་ཅན་གྱི་བདེ་བ་དཔེར་བྱ་བ་ཡིན་ལ། བཞི་པ་གང་ཡིན་པ་དེ་ནི། འཇིག་རྟེན་གསུམ་གྱི་དཔེར་བྱ་བ་ལས་འདས་པ་ཡིན་ནོ། །
དེ་ཉིད་ཁམས་གསུམ་གྱི་སྤྲོས་པ་ལས་གྲོལ་བ་ཡིན་ནོ། །གང་ལ་སངས་རྒྱས་ཞལ་འདི་ཁ་དང་སྙིང་ག་ལ་གནས་ནས། །ཞེས་བྱ་བ་ནི། སངས་རྒྱས་ཀྱི་གསུང་སྟེ། གསུང་གི་ཡེ་ཤེས་འདི་ཞེས་བྱ་བའོ། །ཐུགས་ལ་གནས་ཞེས་བྱ་བ་ནི་བསྒོམས་ཤིང་ཉམས་སུ་མྱོང་བའོ། །གསུང་ལ་གནས་ཞེས་བྱ་བ་ནི།
སློབ་དཔོན་དེས་སློབ་མ་རྣམས་ལ་ལེགས་པར་སྟོན་པར་བྱེད་པའོ། །དེ་ཡང་དུས་ཐམས་ཅད་ཉམས་སུ་མྱོང་ཞིང་སྟོན་པར་འགྱུར་བ་རྣམས་གང་ཡིན་དེ་ལ། དཔལ་ལྡན་བླ་མ་དེ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་དང་མཚུངས་ཞེས་པའི་དོན་ཏོ། །ད་ནི་རང་གི་སེམས་སྣང་བ་ལ་འཇུག་པ་བརྗོད་པར་བྱ་བའི་ཕྱིར། ནམ་
མཁའ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སྤྱིར་སྦྱོར་བ་གོམས་པ་ནི་རྣམ་པ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། སྔགས་ཀྱི་ཐེག་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྦྱོར་བ་གོམས་པ་ནི་བླ་གབ་མེད་པའོ། །སྔགས་ཀྱི་ཐེག་པ་ནི་གང་ནམ་མཁའི་རྣལ་འབྱོར་དུ་བྱེད་པ་སྟེ། །དེ་ཉིད་ནམ་
མཁའ་ཀུན་ཞེས་བྱ་བ་ལ་སོགས་པས་བསྟན་ཅིང་། ནམ་མཁར་དུ་བ་ལ་སོགས་པའི་རྟགས་ལ་བལྟའོ། །མིས་མི་འཛུམས་པར་རྡོ་རྗེ་ལམ་ལ་རབ་ཏུ་ཞུགས། །ཞེས་བྱ་བ་ནི། མིག་མི་འཛུམས་པའི་ལྷའི་སྤྱན་གྱི་རྟགས་ཡིན་ལ། རྡོ་རྗེ་ལམ་ནི་ཨ་ཝ་དྷཱུ་ཏཱིར་སྲོག་འཇུག་པའོ། །དེ་བས་ནམ་མཁའ་
ཀུན་ཞེས་སེམས་ཀྱི་རྡོ་རྗེ་ལམ་ལ་རབ་ཏུ་ཞུགས། །ཞེས་བྱའོ། །སྟོང་ལ་དུ་བ་སྨིག་རྒྱུ་གསལ་བ་དྲི་མ་མེད་པའི་མེ་ཁྱེར་མར་མེ་ཉིད། །ཅེས་བྱ་བ་ནི། རྣལ་འབྱོར་པས་མཐོང་བར་འགྱུར་བའོ། །དེ་ནས་སྤྲིན་དང་བྲལ་བའི་ནམ་མཁའ་ལྟར་མཐོང་ངོ་། །ནམ་མཁའ་དེ་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །

ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་བྱ་བ་ལ། སྤྲིན་མེད་པའི་ནམ་མཁའ་དེ་ཉིད་ལ་འབར་བ་ལྟ་བུར་མཐོང་བ་དང་། དེ་བཞིན་དུ། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་བྱ་བ་ཟླ་བའི་སྣང་བ་དང་། འགྲོ་བའི་མར་མེ་ཞེས་བྱ་བ་ཉི་མའི་སྣང་བ་དང་། ཡེ་ཤེས་སྒྲོན་མ་ཞེས་བྱ་བ་སྒྲ་
གཅན་གྱི་སྣང་བ་དང་། གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་བྱ་བ་ནི་གློག་གི་སྣང་བ་དང་། སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ། །ཞེས་བྱ་བ་སྟེ། ཐིག་ལེར་སྣང་བ་སྟེ་མཚན་མ་བཅུའོ། །དེ་རྣམས་ནི་གསང་བ་འདུས་པ་དང་། མཚན་ཡང་དག་པར་བརྗོད་པ་ལས་ཀྱང་གསུངས་སོ། །དེའི་
རྗེས་ལ། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་བྱ་བ། བུམ་པ་དང་སྣམ་བུ་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་འདྲ་བ་ཡིན་ནོ། །དེ་དབུས་ཞེས་བྱ་བ་ནི་ཐིག་ལེ་དེའི་དབུས་སོ། །སངས་རྒྱས་གཟུགས་བརྙན་ཤིན་ཏུ་ཡུལ་བྲལ་ཞེས་བྱ་བ་ནི། རྫས་ཀྱི་ངོ་བོ་བརྟགས་པ་མེད་པའི་ཕྱིར་ཏེ།
དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་འདོད་པའི་ཡོན་ཏན་ལྔ་ལ་མི་སྨོན་པའོ། །དེ་ལྟར་གཟུགས་ཀྱི་སྦྱོར་བ་དེས་གཞོམ་དུ་མེད་པའི་སྒྲ་གང་ཡིན་པ་དེ་ཡང་ཡིན་ཏེ། དེ་གང་གཟུགས་རྣམས་མཐོང་བ་ནི་སྤྲུལ་སྐུ་ཡིན་ཏེ་གཟུགས་སུ་སྣང་བའི་ཕྱིར་རོ། །སྒྲ་གཞོམ་དུ་མེད་པར་སྣང་བ་ནི། ལོངས་སྤྱོད་རྫོགས་པའི་
སྐུ་ཞེས་བྱ་བའི་དོན་ཏོ། །དེ་ཡང་། རྣལ་འབྱོར་རྩེ་གཅིག་པ་ཡིས་ནམ་མཁའི་སྤྲིན་བྲལ་ལ་མི་ཁེབས་པས་བལྟ་བར་བྱ། །ཞེས་བྱ་སྟེ། རྟགས་མཐོང་བར་འདོད་པ་རྣམས་ཀྱིས་སྔ་དྲོའམ་ཕྱི་དྲོ་རྒྱབ་ཉི་མ་ལ་བསྟན་ཅིང་། གང་གིས་མིག་ལ་གནོད་པར་འགྱུར་བ་དེ་ལྟར་མི་བྱའོ། །ནང་དུ་ཕྱོགས་པ་
རྣམས་ཀྱིས་ནི། །ཇི་སྲིད་ངེས་པར་རི་མོ་ནག་པོ་དྲི་མེད་གསལ་བ་དུས་ཀྱི་རྩ་རུ་མཐོང་། །ཞེས་བྱ་བ་དུས་ཀྱི་རྩ་ནི་ཨ་ཝ་དྷཱུ་ཏཱི་ཡིན་ལ། དེའི་དབུས་སུ་རི་མོ་ནག་པོ་སྐྲའི་ཉག་མའི་ཚད་ཙམ་དྲི་མ་གཞན་གྱིས་མ་འདྲེས་པ། འོད་ཟེར་ལྔ་དང་ལྡན་པ་མཐོང་བ་སྟེ། བདེ་བར་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །
དེ་ལ་ཐམས་ཅད་མཁྱེན་པའི་གཟུགས་ཞེས་བྱ་བ་ནི། ཁམས་གསུམ་མ་ལུས་པ་སངས་རྒྱས་ཀྱི་གཟུགས་ཏེ། བདེ་བ་ཆེན་པོའི་གཟུགས་སུ་མཐོང་བའོ། །ཆུ་ནང་ཉི་མ་རྙོག་བྲལ་ཞེས་པ་ནི། བདེ་བ་ཆེན་པོའི་སྐུ་ཡིན་པས་ཉོན་མོངས་པ་མཐའ་དག་སྤངས་པའི་ཕྱིར་རོ། །སྣ་ཚོགས་མདོག་ཅེས་བྱ་བ་ནི་དེའི་

སྟོབས་ཀྱིས་དུ་བ་ལ་སོགས་པའི་མདོག་སྣ་ཚོགས་པ་མཐོང་བའོ། །རྣམ་པ་ཀུན་ལྡན་ཡུལ་བྲལ་བདག་གི་སེམས་ཏེ་གཞན་གྱི་སེམས་ནི་མིན་པ་ཉིད། །ཅེས་བྱ་བ་ནི། དེ་ལྟར་བུམ་པ་དང་ཤིང་རྟ་ལ་སོགས་པའི་རྣམ་པ་ཐམས་ཅད་སངས་རྒྱས་ཀྱི་སྐུ་ཞེས་བྱ་བ་དེ་ཀུན་དང་ལྡན་པ་མཐོང་བདེ་
ཡང་། གང་དང་གང་རྣལ་འབྱོར་སྤྱོད་པ་དེ་དང་ལྡན་པས་མཐོང་གི །རྣལ་འབྱོར་དང་བྲལ་བ་གཞན་གྱིས་ནི་མི་མཐོང་ཞེས་བྱ་བའམ། ཡང་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ལ་གནས་ནས་གཟུགས་ལ་སོགས་པ་མཐོང་བ་དེ་ནི་གཞན་ཏེ། བདག་ལ་སོགས་པའི་དངོས་པོ་མཐོང་བ་མཐའ་ཡིན་གྱི། བདག་ཉིད་སྣང་
བ་མཐོང་བ་ཞེས་བྱ་བའམ། ཡང་ན་གཞན་མ་མཐོང་སྟེ། རང་གིས་རང་གི་སེམས་རྟོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདིར་དང་པོར་ཤའི་མིག་གིས་རང་གི་སེམས་ཀྱི་སྣང་བ་སྟེ། དེ་བཞིན་གཤེགས་པ་ལྟ་བུ་མཐོང་ངོ་། །དེ་ནས་ལྷ་ལ་སོགས་པའི་མིག་གིས་བདག་གི་སེམས་ཤེས་པའམ་མཐོང་བ་ཞེས་བྱའོ། །
དེ་བས་ན་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་མིག་ལྔར་བཤད་དོ། །དེ་ལྟར་རིམ་པས་ཤའི་མིག་དང་། ལྷའི་མིག་དང་། སངས་རྒྱས་ཀྱི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཡེ་ཤེས་ཀྱི་སྤྱན་ཏེ། དེ་རྣམས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འབྱུང་ཞིང་། དེའི་རྗེས་ལ་ཐམས་ཅད་མཁྱེན་
པའི་རང་བཞིན་གྱིས་མི་ཤེས་པ་དང་མི་མཐོང་བའི་དངོས་པོ་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ནོ། །བདེ་བ་ཆེན་པོ་རྒྱས་པར་བྱ་བའི་ཕྱིར། སྲོག་དང་རྩོལ་བ་བསྟན་པ་ནི། གཟུགས་མཐོང་ནས་ནི་ཉིན་གཅིག་བཞིན་དུ་དུས་སུ་སྲོག་གི་རླུང་ན་དགག་པར་བྱ། །ཞེས་བྱ་བས་བསྟན་ཏོ། །སྲོག་དང་རྩོལ་བ་ཡང་བླ་མའི་མན་
ངག་ལས་རྟོགས་པར་བྱ་སྟེ། དེས་ནི་རླུང་དགག་པ་བསྟན་ཏོ། །ཚད་གསུངས་པ། ཇི་སྲིད་ངེས་པར་བདག་གི་ལུས་ལ་འོད་ཀྱི་འཁོར་ལོས་ཡོངས་བསྐོར་ཡིད་མཐོང་བ། །ཞེས་བྱ་བ་བདག་གི་ཤེས་པ་ལ་མགལ་མེའི་འཁོར་ལོ་བསྐོར་བ་ལྟ་བུ་མཐོང་བ་ན་སྤང་བར་བྱ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་དུས་མ་ཡིན་
པར་འཆི་བར་འགྱུར་རོ། །སྲོག་དང་རྩོལ་བའི་དུས་སུ་བདེ་བ་སྤེལ་བའི་ཕྱིར། ཛཱ་གཱ་ན་ཞེས་བྱ་བའི་བར་དུ། རྒྱལ་མཚན་རབ་ཏུ་བཀོད་བྱས་ལ། །ཡིད་འོང་ལྷ་མོ་རབ་གསལ་ཞིང་། །དེ་ལ་ཀུན་དུ་སྙོམས་འཇུག་བྱ། །ངེས་པར་བདེ་ཆེན་རྒྱས་པར་འགྱུར། །སོ་སོར་སྡུད་པ་གོམས་ཡིན་ན། །དེ་ནི་བྱ་བ་མ་ཡིན་

ཏེ། །ཉམས་པའི་གནས་སུ་འགྱུར་ཞེས་གསུངས། །ཞེས་གསུངས་པ་ཡིན་ཏེ། གང་ཡང་གདམས་ངག་དེ་ནི་བླ་མ་དམ་པ་ལས། དཔའ་བོའི་སྟོན་མོའམ་ཚོགས་ཀྱི་མཆོད་པ་ཆེན་པོ་སྔོན་དུ་འགྲོ་བར་བྱ་ཞིང་། གསང་བ་མ་ལོ་ཉི་ཤུ་མ་སྔོན་དུ་སྨིན་པར་བྱ་སྟེ། སློབ་དཔོན་ལ་ཕུལ་ཏེ་རྟོགས་པར་བྱའོ། །
ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །དེ་མ་གཏོགས་པ་གཞན་དུ་ཚིག་ཙམ་གྱིས་རྟོགས་པར་བྱེད་པ་གང་ཡིན་པའི་སློབ་མ་ཉམས་པའི་གནས་སུ་འགྱུར་ཞིང་དངོས་གྲུབ་འབྱུང་བར་མི་འགྱུར་ཏེ། བདུད་ལ་སོགས་པས་ཀྱང་བར་དུ་གཅོད་པར་འགྱུར་རོ། །རྩོལ་ལྡན་རྣམས་ལ་ཟླ་བ་དྲུག་གིས་རེག་
པ་དང་བྲལ་བ། ཞེས་བྱ་བ། ལོ་ཕྱེད་རྒྱུན་མ་ཆད་པར་གནས་ན་རེག་པ་དང་བྲལ་ཞེས་བྱ་བ། དབང་པོ་གཉིས་ཀྱི་སྤྲོད་པ་ལས་བྱུང་བ་དང་བྲལ་བ་སྟེ། མི་དགོས་ཞེས་བྱའོ། །བདེ་མཉམ་ཞེས་པ་ནི། མི་འགྱུར་བར་ཡང་གནས་ཞེས་བྱ་བ་ཡིན་ལ། དེ་ཡིས་ལམ་དུ་འགྱུར་ཞེས་བྱ་བ་སྟེ། དེ་ལྟར་བརྗོད་
པའི་ཏིང་ངེ་འཛིན་གྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལམ་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །རྩོལ་ལྡན་རྣམས་ལ་ཞེས་བྱ་བ་ནི། ལས་དང་པོ་པའི་ཚངས་པར་སྤྱོད་པ་རྣམས་ལའོ། །དེའི་རྗེས་ལ་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ནི། ཆགས་དང་ཆགས་བྲལ་མཐའ་
སོགས་པ། །ཞེས་བྱ་བ་གསུངས་ཏེ། དེ་ལ་ཆགས་པ་ནི་དཀར་པོའི་ཕྱོགས་ཡིན་ལ་དེའི་མཐའ་ནི་ཆ་བཅུ་དྲུག་པ་ཡིན་ནོ། །ཆགས་བྲལ་ནི་ནག་པོའི་ཕྱོགས་ཏེ། དེའི་ཐོག་མར་གནས་པ་ནག་པོའི་ཕྱོགས་ལ་ཞུགས་པ་ཉིད་མངོན་པར་བྱང་ཆུབ་པའི་དུས་ལ་མཚན་ཉིད་ཡིན་ཞིང་། དེ་ཡང་སྐད་ཅིག་ཅེས་པ་ནི་དབུགས་
ཡིན་ལ་གྲངས་སྤེལ་ཞེས་པ་ནི། བདེ་བའི་སྐད་ཅིག་ལ་སུམ་སྟོང་དྲུག་བརྒྱར་གནས་སུ་བཀག་པའི་གྲངས་སྤེལ་ཞེས་པའི་དོན་ཏོ། །དེ་ཡང་རྡོ་རྗེ་ནོར་བུའི་རྩེ་མོ་ནས་གསང་བའི་བར་དུ་སུམ་སྟོང་དྲུག་བརྒྱ་དང་། དེ་ནས་སྤྲུལ་པ་དང་། ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། བདེ་བ་ཆེན་པོ་དང་། གཙུག་ཏོར་དུ་སྟེ་
ས་བཞི་དང་། དྲུག་དང་། བརྒྱད་དང་། ས་བཅུར་འགྱུར་ཞིང་། གཙུག་ཏོར་དུ་ས་བཅུ་གཉིས་ཏེ་སྲོག་མ་ལུས་པར་ཟད་པའི་ཕྱིར་རོ། །དེ་བས་ན་ཨོཌྜ་འབར་བའི་དབུས་ཞེས་པ་ནི། གསང་བར་གནས་པའོ། །དགའ་བྲལ་ལྷན་ཅིག་སྐྱེས་པ་ཞེས་པ་ནི་ལྟེ་བར་རོ། །གཉིད་དང་རྒྱལ་བའི་དབུས་ཞེས་པ་ནི་སྙིང་གར་རོ། །ཤེས་

དང་རྣམ་ཤེས་དབུས་ཞེས་པ་ནི་མགྲིན་པར་རོ། །དེ་བས་ན་ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་ཐིག་ལེའི་གཟུགས་ཀྱི་འོང་བ་ནི། གང་ཡང་གཉིས་སྤྲོད་པ་ལ་སོགས་པ་ལ་དཔྲལ་བ་ནས། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་བདེ་བ་ནོར་བུར་འོངས་པ་འཕེལ་བར་བྱ་བ་སྟེ། སྟེང་དུ་གཏང་བར་བྱ་ཞེས་
བྱ་བའི་དོན་ཏོ། །བླ་མའི་ངེས་པའི་དབང་གིས་ཞེས་པ། སྔོན་དུ་གསུངས་པའི་སྲོག་འགོག་པས་འཕེལ་བར་འགྱུར་བ་སྟེ། བླ་མའི་དབང་གིས་སོ། །འཕེལ་བ་ནི་དཔྲལ་བའི་བར་དུའོ། །ཉོན་མོངས་བདུད་ནི་བཅོམ་ནས་རྒྱལ་བའི་གོ་འཕང་ལ་གནས་ཞེས་བྱ་བ་ནི། གཡས་པ་དང་གཡོན་གྱི་རྒྱུ་བ་བདུད་ཡིན་ལ། རྒྱུ་
བ་དེ་བཀག་པ་ལ་བཅོམ་པ་ཞེས་བྱའོ། །རྒྱལ་བའི་གོ་འཕང་ལ་གནས་ཞེས་བྱ་བ་ནི། སྟོང་པ་ཉིད་ལ་གནས་ནའོ། །ལོས་ཞེས་པ་ནི་ལོ་གསུམ་དང་། ཟླ་བ་ཕྱེད་དང་གཉིས་ཀྱི་རྣལ་འབྱོར་ཏེ། བྱེ་བ་ཕྲག་བཞི་དང་སུམ་འབུམ་གྱིས་ལྷག་པའི་ས་ཡ་ཕྲག་གཉིས་སྐྱེས་བུ་ཚེ་ལོ་བརྒྱ་པའི་རྩ་དབུ་མའི་དབུགས་སུ་ཤེས་པར་
བྱ་སྟེ། དེ་བས་ན་ལོ་ཞེས་བྱའོ། །དེ་བས་ན་བུམ་པ་ཅན་གྱི་སྦྱོར་བ་བདེ་བ་ཆེན་པོའི་སྐད་ཅིག་བསྐྱེད་ཅིང་འཕེལ་བར་བྱ་བ་ནི་ངེས་པའོ། །ད་ནི་གཟུགས་ཀྱི་མཚན་ཉིད་བརྗོད་པར་བྱ་བའི་ཕྱིར། ས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་སྟོང་པ་ཉིད་དུ་སྣང་བ་ནི། རྫས་སུ་མེད་པའི་ཕྱིར་རོ། །སའི་རྣམ་པར་སྣང་
ཡང་ཞེས་བྱ་བ་ནི། གཟུགས་བཅུ་ལ་སོགས་པའམ། ཡང་ན་གང་ཅུང་ཟད་སྣང་བ་དེས་ས་ཆུ་མེ་རླུང་གི་དངོས་པོ་གུད་ན་ཡོད་པ་མ་ཡིན་ཞེས་དགོངས་སོ། །དེ་བས་ན་རླན་པའི་ཆུའི་གཟུགས་ནི་སྨིག་རྒྱུ་སྟེ་ཆུ་མ་ཡིན་ནོ། །མེའི་རྣམ་པར་སྣང་ཡང་ཞེས་པ་ནི་ཉི་མའི་སྣང་བ་ལ་སོགས་པ་སྟེ། མེ་ལ་སོགས་པ་མ་
ཡིན་ནོ། །གཡོ་བ་རླུང་གི་སྐུ་ཡང་ཞེས་པ་ནི། དངོས་པོ་རྣམས་གཡོ་བར་མཐོང་ཡང་གཡོ་བ་རླུང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྫས་སུ་གྲུབ་པ་མེད་པའི་ཕྱིར་རོ། །འོ་ན་སྣང་བའི་དངོས་པོ་རྣམས་སྟོང་པ་ཡིན་ན་ཇི་ལྟར་མཐོང་ཞེ་ན། སྟོང་པ་ཡིན་ཡང་མཐོང་སྟེ་ཞེས་བྱ་བ། སྣང་བའི་དངོས་པོ་རྣམས་སྒྱུ་མའམ།
རྨི་ལམ་མམ། དྲི་ཟའི་གྲོང་ཁྱེར་ལྟར་མཐོང་གི །དངོས་པོ་རྣམས་སྙིང་པོ་དང་ལྡན་པར་ནི་འགའ་ཡང་མ་མཐོང་ངོ་། །དེ་བས་ན་དཀར་སྔོ་སྣ་ཚོགས་པར་ཡང་སྣང་། རྫས་སུ་མེད་པའི་ཕྱིར་ཁ་དོག་མ་ཡིན་ནོ། །དེ་ལྟར་ན་དངོས་པོ་རྣམས་གཟོད་མ་ནས་ངོ་བོ་ཉིད་ཀྱིས་སྟོང་པའི་སྙིང་པོ་དང་བྲལ་བའི་སྙིང་པོ་ཅན་རྣམ་པ་

ཀུན་གྱི་མཆོག་དང་ལྡན་པ་ཡིན་ན་ཡང་། ཐམས་ཅད་དུ་བྱིས་པའི་སྐྱེ་བོ་རྣམས་ཀྱིས་མཐོང་བ་མེད་དེ། གང་གི་ཕྱིར་ཞེ་ན། རང་སེམས་དྲི་མ་ཉོན་མོངས་བདུད་ཀྱི་སྟོབས། །ཞེས་བྱ་བ། གཡས་གཡོན་གྱི་རྩ་ནས་སྲོག་ཀུན་དུ་སྤྱོད་པ་མ་འགགས་པའི་བདུད་དེའི་སྟོབས་ཀྱིས་མི་མཐོང་བ་ནི་ངེས་པའོ། །ད་ནི་སྲོག་ལ་
སོགས་པ་འགྲོ་བའི་རྩའི་གནས་བརྗོད་པར་བྱ་སྟེ། སྒྲ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་སྒྲ་ཞེས་པ་ནི། སྙིང་གའི་སེམས་ཀྱི་ཐིག་ལེ་གཉིད་མཐུག་པོ་བསྐྱེད་པའི་ངོ་བོའོ། །ཐིག་ལེ་ཞེས་པ་ནི་དཔྲལ་བར་ལུས་ཀྱི་ཐིག་ལེ་སད་པའི་གནས་སྐབས་བསྐྱེད་པའོ། །ཆ་ཞེས་པ་ནི་མགྲིན་པར་ངག་གི་ཐིག་ལེ་རྨི་
ལམ་བསྐྱེད་པའོ། །ཡེ་ཤེས་ཞེས་པ་ནི་ལྟེ་བར་ཡེ་ཤེས་ཀྱི་ཐིག་ལེ་བཞི་པ་བསྐྱེད་པའོ། །བདུད་རྩི་གོ་འཕང་ལ་གནས་ལུ་གུ་རྒྱུད་བཅིངས་རྩ། །ཞེས་པ་ནི། བདུད་རྩི་གོ་འཕང་ནི་དཔྲལ་བ་ཡིན་ལ། གནས་ཞེས་པ་ནི་ལ་ལ་ནཱ་དང་། ར་ས་ནཱ་དང་། ཨ་ཝ་དྷཱུ་ཏཱིའོ། །ལུ་གུ་རྒྱུད་བཅིངས་ཞེས་པ་ནི་རྩ་གསུམ་
པོ་དེ་ལྟེ་བ་དང་སྙིང་གའི་དབུས་སུ་ལན་གསུམ་དུ་བྱས་ནས་ཏེ། སླར་ཡང་ཨ་ཝ་དྷཱུ་ཏཱིའི་སྙིང་ག་ལ་སོགས་པའི་ཟེ་འབྲུའི་གནས་ཕུག་ནས་འགྲོ་ལ། ལ་ལ་ནཱ་དང་ར་ས་ནཱ་ནི་གཡས་གཡོན་གྱི་པདྨའི་ཀུན་དུ་སྤྱོད་པའི་དབང་གིས་འགྲོའོ། །དེ་ནས་ཡང་སྙིང་ག་དང་། མགྲིན་པའི་དབུས་ནས་ལམ་གསུམ་ནས་འགྲོའོ། །
དེ་བཞིན་དུ་དཔྲལ་བ་དང་། མགྲིན་པའི་དབུས་དང་། གཙུག་ཏོར་དང་། དཔྲལ་བའི་དབུས་སུ་ལམ་གསུམ་དུ་བྱས་ནས། ལ་ལ་ནཱ་ནི་གཡོན་པའི་སྣ་བུག་ནས་འགྲོ་ལ། ར་ས་ནཱ་ནི་གཡས་པ་ནས་འགྲོ་ཞིང་། ཨ་ཝ་དྷཱུ་ཏཱི་ནི་ཅིག་ཅར་སྣ་བུག་གཉིས་ཀ་ནས་འབྱུང་བར་བྱེད་དོ། །ཐུར་སེལ་ཞེས་པ་ནི་ལྟེ་བའི་
འོག་ཏུ་ཡང་དེ་བཞིན་དུ་འགྲོ་ཞེས་བྱ་བའི་དོན་ཏོ། །སྲོག་དང་ཐུར་སེལ་ལམ་གསུམ་ཞེས་པ་ནི། སྟེང་དུ་གཡས་གཡོན་དབུས་དང་གསུམ་ཡིན་ལ། འོག་ཏུ་དྲི་ཆེན་དྲི་ཆུ་ས་བོན་གྱི་ལམ་གསུམ་མོ། །རྡོ་རྗེ་པདྨར་བཅས་ཞེས་པ་ནི། བུད་མེད་རྣམས་ཀྱི་སྐྱེ་གནས་དང་། རྒྱུ་མཐུན་པའི་རང་བཞིན་ཡིན་པའི་ཕྱིར་
རོ། །པདྨ་ཉིད་ནི་རྡོ་རྗེ་ལྡན། །ཞེས་པ་ནི་རང་བཞིན་གྱི་ཕྱིར་རོ། །རླུང་གཉིས་འདོམ་པ་དག་གི་དབུས་ཞེས་པ་ནི་ལྟེ་བར་སྲོག་དང་ཐུར་སེལ་འདོམ་པའི་དབུས་སུའོ། །ཡུལ་དང་ཡུལ་ཅན་རྣམས་ཞེས་པ་ནི། མིག་ལ་སོགས་པ་རྩ་རྣམས་ཀྱི་འབྱུང་འཇུག་སྟེ། དེ་ཡང་སྔོན་དུ་བརྗོད་པ་ཉིད་དོ། །དུ་བ་ལ་སོགས་པ་

མཚན་མ་འཛིན་པ་ཡང་ནི་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་སྒོ་ནས་སོ། །ཡང་གི་སྒྲ་དེ་ཉིད་ལྟེ་བར་རོ། །ཐམས་ཅད་གསང་ཆེན་ནོ་ཞེས་པ་ནི་བྱིས་པའི་སྐྱེ་བོ་རྣམས་ལ་གསང་བར་ངེས་པའོ། །དེ་ནི་རྣལ་འབྱོར་པའི་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། དབུས་སུ་སྲོག་ཞུགས་ཞེས་བྱ་བ་ལ་སོགས་པ་ལ། འདིར་
དང་པོ་རྣལ་འབྱོར་པས་དབུས་ཏེ། ཨ་ཝ་དྷཱུ་ཏཱིའི་སྲོག་བཅུག་པར་བྱས་ནས། མཚན་མ་གང་ཞིག་མཐོང་བར་འགྱུར་རོ། །དཔལ་ལྡན་བླ་མ་ཞེས་པ་ནི། སངས་རྒྱས་ཀྱི་རང་བཞིན་གྱི་སྐུའི་རྡོ་རྗེ་གཅིག་པུ་ཉིད་ཅེས་བྱ་བའི་དོན་ཏོ། །ཉི་མར་བཅས་པ་ལ་གནས་པ། །ཞེས་པ་ནི། གཡས་པའི་བགྲོད་པ་དང་བཅས་པའོ། །
རི་བོང་ལ་གནས་པ་ཞེས་པ་ནི། གཡོན་པའི་རྩར་གཡས་པའི་རླུང་སྟེ། སྲོག་དེ་བཅིང་བར་བྱ་བའི་ངེས་པ་ཡིན་ལ། དེ་བས་ན་སྲོག་ཞུགས་ཞེས་པ་ནི། གཉིས་པ་གསུང་གི་རྡོ་རྗེ་བརྗོད་དོ། །སེམས་ནི་ཕྱག་རྒྱས་རབ་སྦྱར་ཞེས་པ་ནི། གཟུགས་ལ་རྗེས་སུ་ཆགས་པས་བཞུ་བའི་བྱང་ཆུབ་ཀྱི་སེམས་གསུམ་པ་
ཐུགས་ཀྱི་རྡོ་རྗེའོ། །མཆོག་གི་བདེ་གནས་རྡོ་རྗེ་སྦྱར་བར་བྱ་བའི་ཕྱིར་ཞེས་པ་ནི། དེ་ནས་གལ་ཏེ་གཟུགས་ལ་ཆགས་པའི་དབང་གིས་དགའ་བ་སྐྱེ་བར་འགྱུར་བ་དེ་ལྟ་ན་ནི། པདྨར་རྡོ་རྗེའི་སྒྲ་ཞེས་བྱ་བ་སྐད་ཅིག་ཙམ་ཅིག་བྱ་བ་ཡིན་གྱི་གཉུག་མར་མ་ཡིན་ནོ། །གལ་ཏེ་ཤེས་རབ་མ་རྙེད་པ་དེ་ལྟ་ན་ནི། ཆུ་སྐྱེས་རང་
ལག་གིས་གསོར་བདེ་དོན་དུ། །ཞེས་བྱ་བ་ལག་པ་དངོས་ནི་མ་ཡིན་གྱི། སྔོན་དུ་བརྗོད་པའི་ཛཱ་གཱ་ན་ཡིས་སོ། །དེ་ཡང་མི་འཛག་པའི་བདེ་བའི་དོན་དུ་ཡིན་གྱི། འཛག་པའི་ཕྱིར་ནི་མ་གསུངས་སོ། །དེ་བས་དེའི་ཕྱིར། ས་བོན་མི་གཏོང་བ་ཡི་བདེ་དེས་འཆི་བའི་འཇིགས་འཇོམས་དཔལ་ལྡན་བླ་མའི་ཞལ། །ཞེས་
པ་ནི། དེ་ཉིད་བཞི་པ་ཡེ་ཤེས་ཀྱི་རྡོ་རྗེ་ཉིད་དེ་རྣལ་འབྱོར་གོམས་པ་རྣམས་ཀྱི་ངེས་པའོ། །ད་ནི་དཀྱིལ་འཁོར་མངའ་མཛད་ཅིང་ཐིམ་པར་བརྗོད་པར་བྱ་བའི་ཕྱིར་ས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པས་ཁྲོ་བོའི་ལྟ་བས་གཡས་པའམ་གཡོན་པ་ལ་རྒྱུ་བའི་དུས་སུ་སྟོང་པ་ལ་སེམས་གཞག་པར་གྱུར་ན་སྟེ།
དེ་ཡང་ས་ཞེས་བྱ་བ་གཡས་པ་རྒྱུ་བའི་དུས་སུ་སེམས་སྟོང་པ་ལ་གཞག་པ་རྣམས་ལ་གསུངས་ཀྱི། གཡོན་གྱི་རྩ་རྒྱུ་བའི་དུས་ནི་གསུངས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གཡོན་ནས་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་རྒྱུ་བ་དེའི་ཕྱིར་ས་ནི་ཆུར་འཇུག་ཅེས་བྱ་བ་མ་ཡིན་གྱི། གང་ཡང་ཚིག་དེ་ནི་གཡས་

ཀྱི་སྲོག་རྒྱུ་བ་ན། དང་པོ་ས་ནས་རྒྱུ་སྟེ། དེ་ཡང་ས་ནི་ཆུར་འཇུག་ཆུ་ཡང་མེ་སྟེ། མེ་ནི་རླུང་རྣམས་ལ་ཡང་འཇུག་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་ན་གཅིག་ལ་གཅིག་ཡེ་ཤེས་ཀྱི་ཁམས་ཀྱི་བར་དུ་འཇུག་གོ། །གཞན་ཡང་གཡོན་གྱི་རྩ་ལ་ནི། ནམ་མཁའ་ལ་
སོགས་པ་ལས་རྒྱུ་བའི་གནས་མ་ཡིན་ཏེ། འདི་ལྟར་གཡས་པ་ནས་ཐ་མ་སྟོང་པ་ལ་འཇུག་ཅིང་འགྲོ་བར་འགྱུར་རོ། །སྟོང་པ་མཚན་མ་རྣམ་པ་བཅུ། །ཞེས་བྱ་བ་སྟེ། དེའི་དབང་གིས་དུ་བ་ལྟ་བུ་ལ་སོགས་པ་རྣམ་པ་ཐམས་ཅད་པའི་གཟུགས་འབྱུང་བར་འགྱུར་རོ། །གཟུགས་ལས་མི་འགྱུར་བའི་བདེ་བ་འགྱུར་
ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་འཇུག་གོ། །ཡེ་ཤེས་དེ་ལས་རྫུ་འཕྲུལ་ཞེས་པ་ནི་ཡེ་ཤེས་དེ་ལས་ནམ་མཁར་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་ཏེ། ཁམས་གསུམ་གྱི་དབང་ཕྱུག་ཀྱང་སྐྱེ་བ་འདི་ཉིད་ལ་འགྲུབ་པར་འགྱུར་རོ། །ཀྱེ་མིའི་བདག་པོ་ཞེས་བྱ་བ་སྟེ། ལམ་ལ་འཇུག་པར་བྱེད་པའི་
ངེས་པའོ། །ད་ནི་སྐུ་བཞིའི་དབྱེ་བ་བཅུ་དྲུག་བརྗོད་པར་བྱ་བའི་ཕྱིར་འདོད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཀུན་འབྱུང་གི་བདེན་པའི་དབང་གིས་གང་ཡང་སྐུ་གཅིག་ལས་ཡང་སྐུ་གསུང་ཐུགས་ཡེ་ཤེས་དང་བཞི་བཞིར་འགྱུར་བ་དེ་བས་ན། འདོད་ལས་ཞེས་བྱ་བ་དེ་བས་ནི། སྐུའི་དགའ་བ་འགགས་ནས་
སངས་རྒྱས་རྣམས་ཀྱིས་སྤྲུལ་པའི་སྐུར་འགྱུར་རོ། །དེ་ནས་རྫོགས་པ་ངག་ཅེས་བྱ་བ་ནི། སྐུའི་མཆོག་གི་དགའ་བ་འགགས་པ་ལས་སྤྲུལ་པའི་སྐུའི་གསུང་དུ་འགྱུར་རོ། །འབར་བའི་དྲི་མེད་སེམས་ཏེ་ཞེས་བྱ་བ་ནི། སྐུའི་དགའ་བྲལ་འགགས་པ་ལས་སྤྲུལ་པའི་སྐུའི་ཐུགས་སུ་འགྱུར་རོ། །མཆོག་གི་བདེ་
བ་ཡེ་ཤེས་ལས་ཀྱང་ཨོཾ་ཌ་ཞེས་པ་ནི་སྐུའི་ལྷན་ཅིག་སྐྱེས་དགའ་འགགས་ནས་སྤྲུལ་པའི་སྐུའི་ཡེ་ཤེས་སུ་འགྱུར་ཏེ། དེའི་སྤྲུལ་པའི་སྐུ་ལ་རྣམ་པ་བཞིའོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་བཞི་ནི། དགའ་ལས་ལོངས་སྤྱོད་སྐུ་སྟེ་ཞེས་བྱ་བ་གསུང་གི་དགའ་བ་འགགས་པས་སངས་རྒྱས་རྣམས་ཀྱི་ལོངས་
སྤྱོད་རྫོགས་པའི་སྐུར་འགྱུར་རོ། །མཆོག་དགའ་དགའ་བྲལ་བཅས་པ་འདི་རིམ་བཞིན། །ཞེས་པ་ནི། གསུང་གི་མཆོག་དགའ་འགགས་པས་ལོངས་སྤྱོད་རྫོགས་པའི་གསུང་དུ་འགྱུར་རོ། །དགའ་བྲལ་ཞེས་བྱ་བ་ངག་གི་དགའ་བྲལ་འགགས་པས་ལོངས་སྤྱོད་རྫོགས་པའི་ཐུགས་སུ་འགྱུར་རོ། །ལྷན་ཅིག་སྐྱེས་པ་

ཞེས་པ་ནི་གསུང་གི་ལྷན་ཅིག་སྐྱེས་པ་འགགས་པས་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་སུ་འགྱུར་རོ། །དེ་ནས་ཆོས་ཀྱི་གཞི་ནི། འདར་དང་ཞེས་པ་ནི། ཐུགས་ཀྱི་དགའ་བ་འགགས་པས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུར་འགྱུར་རོ། །དེ་ལས་སྐྱེ་བར་འགྱུར་བ་གང་ཞེས་པ་ནི་ཐུགས་
ཀྱི་མཆོག་ཏུ་དགའ་བ་འགགས་པ་ལས་ཆོས་ཀྱི་སྐུའི་གསུང་དུ་འགྱུར་རོ། །བརྒྱལ་ལས་ངེས་པར་ཆོས་ཀྱི་སེམས་སོ་ཞེས་པ་ནི་ཐུགས་ཀྱི་དགའ་བྲལ་འགགས་པ་ལས་ཆོས་ཀྱི་སྐུའི་ཐུགས་སུ་འགྱུར་རོ། །གཉིས་ལ་ཡེ་ཤེས་འདི་ཞེས་བྱ་བ་ནི། ཐུགས་ཀྱི་ལྷན་ཅིག་སྐྱེས་པ་འགགས་པ་ལས་ཆོས་ཀྱི་སྐུའི་ཡེ་
ཤེས་སུ་འགྱུར་རོ། །ངེས་པར་ཁ་དོག་དག་པའི་སྐུ། །ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་སྐུའོ། །མི་འགྱུར་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དགའ་བ་འགགས་པས་ལྷན་ཅིག་སྐྱེས་པའི་སྐུར་འགྱུར་རོ། །དེ་ཉིད་དབྱིངས་དང་བྲལ་བ་སྟེ་བརྗོད་དུ་མེད་པ་དབྱིངས་བྲལ་ཞེས་ཀྱང་བྱའོ། །ཆ་དང་ཞེས་བྱ་བ་ནི་ཟླ་ཚེས་ལྟ་བུ་སྟེ།
ཡེ་ཤེས་ཀྱི་མཆོག་དགའ་འགགས་པས་ལྷན་ཅིག་སྐྱེས་པའི་གསུང་དུ་འགྱུར་རོ། །དེ་ཉིད་ནི་ནུས་པ་ཞེས་ཀྱང་བྱ་སྟེ་གཞན་དག་གི་སྐད་དོ། །ཐིག་ལེ་ཞེས་པ་ནི་ཡེ་ཤེས་ཀྱི་དགའ་བྲལ་འགགས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འགྱུར་རོ། །ནཱ་ད་ཞེས་བྱ་བ་ནི། སྒྲ་སྟེ་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པ་འགགས་
པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འགྱུར་རོ། །དེ་ལྟ་བས་ན་སྲིད་གསུམ་ལ་གནས་ངག་སེམས་ཡེ་ཤེས་རྡོ་རྗེ་བདེ་འབྱུང་དག་པའི་སྐུ་ལའོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དགའ་བ་བཅུ་དྲུག་གི་དབྱེ་བ་སྟེ། དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་གསུངས་པའི་ཕྱིར་རོ། །རྣམ་པ་བཅུ་དྲུག་གིས་དེ་ཁོ་ན་ཉིད་འདི་ནི་མི་
འགྱུར་བའི་བདེ་བ་ཆེན་པོ་དོན་དམ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་ནི་ལུགས་ལས་བྱུང་བའི་བདེན་དོན་རྣམ་པ་བཅུ་གཉིས་ཀྱི་དབང་གིས། དེ་ཉིད་རྣམ་པ་བཅུ་དྲུག་འཛག་པའི་རང་བཞིན་ཅན་ཡིན་ནོ། །སངས་རྒྱས་རྣམས་ལ་འཕོ་བ་བཅུ་གཉིས་ཀྱི་རླུང་ལུགས་ལས་བཟློག་པས་སྲོག་ཟད་པའི་ཕྱིར། རྡོ་རྗེ་ཉི་མ་སྣང་བ་
ཆེ། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་བྱ་བ་ནི། འཕོ་བ་བཅུ་གཉིས་ཀྱི་ཆོས་ཅན་གྱི་ཉི་མ་སྟེ། རྡུལ་ལམ་ཁྲག་འགགས་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ཆ་བཅུ་དྲུག་པ་ཟླ་བའི་ཆོས་ཅན་ཡང་འགགས་པས། རྡོ་རྗེ་ཟླ་བ་དྲི་མེད་འོད། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་བྱ་བ་སྟེ་དུས་ཀྱི་

འཁོར་ལོར་གྲུབ་པའོ། །ད་ནི་སད་པ་ལ་སོགས་པའི་གནས་སྐབས་བཞི་འགགས་པ་བརྗོད་པར་བྱ་སྟེ། སད་པ་དང་ཞེས་བྱ་བ་ལ་འདིར་འཁོར་བ་པ་རྣམས་ཀྱི་སད་པའི་གནས་སྐབས་སྐྱེད་པ་ནི། ལུས་གནས་ཞེས་བྱ་བ་སྤྱི་བོ་ན་གནས་པའི་བྱང་ཆུབ་ཀྱི་སེམས་སད་པ་སྐྱེད་པ་སྐུའི་ཐིག་ལེའོ། །རྨི་ལམ་ཞེས་པ་ནི་
འཁོར་བའི་རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པ་ནི། དབུགས་ཐིམ་ཞེས་བྱ་བ་མགྲིན་པ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྨི་ལམ་སྐྱེད་པ་ནི་གསུང་གི་ཐིག་ལེའོ། །རང་བཞིན་གཞན་ཡང་འདི་དག་ཉིད་དང་ཞེས་བྱ་བ་ནི། འཁོར་བའི་གཉིད་ཀྱི་གནས་སྐབས་སྐྱེད་པར་བྱེད་པ་ནི་མི་གཡོ་བའི་
སེམས་ནི་ཐིམ་པའོ་ཞེས་བྱ་བ་སྟེ། གནས་སྐབས་གཉིས་ཀའི་ཡུལ་ལ་མི་སྤྱོད་ཅིང་། སེམས་ཐིམ་པ་ཡིན་པས། ལུས་ཅན་རྣམས་ཀྱི་གཉིད་མཐུག་པོ་སྐྱེད་པར་བྱེད་པ། སྙིང་ག་ན་གནས་པ་ནི་ཐུགས་ཀྱི་ཐིག་ལེ་ཞེས་བྱའོ། །ཡེ་ཤེས་ལ་གནས་ཞེས་བྱ་བ་ནི་འདིར་འཁོར་བ་པ་རྣམས་ཀྱི་སྤྱོད་པ་ལས་
བྱུང་བའི་བདེ་བ་སྐྱེད་པར་བྱེད་པ་བུད་མེད་སྦྱར་ལས་ཤེས་པར་བྱ་བ་སྟེ། འཁོར་བ་པའི་ས་བོན་གྱི་བདེ་བ་བསྐྱེད་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི་སྤྲུལ་པའི་འཁོར་ལོར་གནས་པ་ནི་ཡེ་ཤེས་ཀྱི་ཐིག་ལེ་ཞེས་བྱའོ། །སྐད་ཅིག་ཀྱང་ནི་བྱང་ཆུབ་སེམས་ཞུར་འགྱུར། །ཞེས་བྱ་བ་ནི། དེ་ལྟར་བུད་མེད་རྣམས་དང་སྐད་
ཅིག་ཙམ་གྱི་སྦྱར་བ་ལས་ཀྱང་། ཐིག་ལེ་བཞི་རྣམས་འབོད་ཅིང་། འཁོར་བ་པའི་གནས་སྐབས་བཞི་སྐྱེད་པ་ཡིན་ནོ། །དེ་རྣམས་འགགས་ན་སྤྲུལ་པ་ལ་སོགས་པ་རྣམས་ཏེ། ངེས་པར་རིམ་བྱུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་བཞི། །ཞེས་བྱ་སྟེ། སངས་རྒྱས་རྣམས་ལའོ། །དེ་ལྟར་སྲིད་གསུམ་ལ་གནས་ཞེས་
པ་ནི། སད་པ་ལ་སོགས་པའི་གནས་སྐབས་བཞི་སྐྱེད་པ་པོའི་སེམས་བཞི་ནི། ལུས་ཅན་རྣམས་ཀྱི་ཐིག་ལེའི་དབུས་ན་བརྟེན་ཏོ་ཞེས་བྱ་བའི་དོན་ཏོ། །བདེ་སྙམ་འབྲས་སྟེར་ཁྱབ་བྱེད་ཐར་པའི་རྒྱུ་རུ་རྣལ་འབྱོར་དབང་པོ་ཡིས་ནི་བསྲུང་བར་བྱ། །ཞེས་བྱ་བ་ནི། གང་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམ་པ་བཞི་པོ་
བསྲུངས་ན་དེ་ཉིད་ཀྱིས་ཐར་པའི་འབྲས་བུ་སྟེར་ཞེས་བྱ་བའི་དོན་ཏོ། །གོ་འཕང་མཆོག་བདེ་ཞེས་བྱ་བ་ནི། རྡོ་རྗེ་འཆང་གི་གནས་ཡིན་ལ། དེ་ཐོབ་པར་བྱེད་པ་བསམ་གཏན་བཞིའི་རྩེ་མོ་བཟུང་ནའོ། །རྣལ་འབྱོར་སྐྱེ་བའི་ས་བོན་ཞེས་བྱ་བ་ནི། ལུས་ཅན་རྣམས་གཉིས་སུ་མེད་པའི་བྱང་ཆུབ་ཏུ་བསྐྱེད་པར་མཛད་པའི་

ཕྱིར་རོ། །ཐིག་ལེ་བོར་ནས་ཐར་པ་གང་། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ས་བོན་ཟག་ན་གཉིས་སུ་མེད་པའི་ཡེ་ཤེས་གང་ལ་རྙེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བདེ་བའི་རྟེན་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེའི་ཕྱིར་འཁོར་བའི་བདེ་བ་སྐད་
ཅིག་རྣལ་འབྱོར་རྣམས་ཀྱིས་འདིར་ནི་རྣམ་སྤང་བྱ། །ཞེས་བྱ་བ་སྟེ། འགྱུར་ཞིང་འགྱུར་ཏེ་དེ་ནས་མཐུན། །ཞེས་བྱ་བའི་རང་བཞིན་ཅན་རྣམས་སྤང་བར་བྱ་བ་ཡིན་ཞིང་། རྒྱུ་མཐུན་པ་ཞེས་བྱ་བའི་རང་བཞིན་གྱིས། བྱང་ཆུབ་སེམས་སྟེང་དུ་བཏང་ཞིང་རྣལ་འབྱོར་པ་རྣམས་ཀྱིས་དྲི་མ་མེད་པའི་བར་དུ་གཏང་
བར་བྱ་བ་ནི། །དེ་བཞིན་གཤེགས་པའི་ངེས་པའོ། །དེ་བས་ན་དེ་བཞིན་གཤེགས་པ་ཞེས་བྱ་བའི་ངེས་པའི་ཚིག་ཀྱང་ཇི་ལྟར་བྱོན་པ་དེ་བཞིན་གཤེགས་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །སྐབས་སུ་བབ་པའི་སྤྱོད་ལམ་གྱི་རྣལ་འབྱོར་དང་། བཏུང་བ་དང་། བཟའ་བ་ལ་སོགས་པའི་རྣལ་འབྱོར་བསྟན་
པར་བྱ་བའི་ཕྱིར། ཨོཾ་ཨཱཿཧཱུྃ་ཧོ། རིམ་བཞིན་དང་པོ་འདིར་ནི་རྟག་ཏུ་སྦྱང་ཞིང་རྟོགས་པར་བྱ། །ཞེས་བྱ་བ་ནི། བཟའ་བ་དང་བཅའ་བ་ལ་སོགས་པ་ཀུན་ལ་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཆང་གི་བཏུང་བ་སྟེ། ཚོགས་ཀྱི་མཆོད་པ་ཆེན་པོའམ། དཔའ་བོའི་སྟོན་མོ་ལ་སོགས་པ་ལ། རྣལ་འབྱོར་པ་གང་གིས་
བཏུང་བ་ཉམས་སུ་ལེན་པ་དེའི་ཚེ། ཆང་ནི་འབར་བར་བྱས་ནས་ཟླ་བ་ཞུ་བ་ལྟ་བུར་རིམ་པར་བསྐོར་བྱ་ཞིང་། །ཞེས་བྱ་བ་རྣལ་འབྱོར་པ་རྣམས་ཆང་ལ་ལོངས་སྤྱོད་པ་ན། དང་པོ་བཏུང་བའི་སྣོད་ཐོད་པ་ཁྱད་པར་ཅན་གཟུང་ཞིང་དེ་མེད་ན་ན་ལི་ཀེ་ལར་གཟུང་ངོ་། །དེ་ཡང་མེད་ན་ཅི་ཡང་རུང་བའི་སྣོད་ཐོད་པར་བསྐྱེད་ལ་
དེའི་ནང་དུ་ཆང་བཟུང་སྟེ། རླུང་མེས་སྦར་ལ་བདུད་རྩིའི་རང་བཞིན་དུ་བྱས་ལ། སྟོང་པ་ཉིད་དང་སྙིང་རྗེའི་གནས་སའམ་ནམ་མཁའ་ལ་བྲིས་ཏེ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། དེ་ལ་ཚིམ་པར་བྱ་བ་དང་། ཤེས་རབ་གང་ཡིན་པ་ལ་ཡང་ཚིམ་པར་བྱས་ནས་བཏུང་བར་བྱ་བ་ཡིན་གྱི། གཞན་དུ་ན་བཏུང་
བར་བྱ་བར་མ་གསུངས་སོ། །དེ་ཡང་རྒྱས་པར་བསྟན་པ་ནི། དེ་ཡི་སྣོད་ལས་ཐིགས་པ་ཡིས་ཀྱང་ཟླ་བའི་ལག་པར་མིང་མེད་དག་གིས་ས་ལ་ནི། །ཞེས་བྱ་བ་ནི། ལག་པ་གཡོན་པ་ཟླ་བ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཆ་ཡིན་པའི་ཕྱིར་རོ། །ཕྱི་རོལ་ཟུར་གསུམ་སྟོང་བ་མཚོན་པར་བྱེད་པ་ཨེའོ། །ཉིན་མོ་བྱེད་པ་དང་

འདྲ་དེ་ཡི་དབུས་སུ་ཟླུམ་པོ་བྱ། །ཞེས་བྱ་བ་ནི། སྟོང་པ་དེའི་དབུས་སུ་སྙིང་རྗེ་མཚོན་པར་བྱེད་པའི་ཐིག་ལེ་ཟླུམ་པོར་བྱ་བ་སྟེ། ཨེ་ཝཾ་གྱི་དངོས་པོའོ། །དེ་ནི་རྒྱུད་ཐམས་ཅད་ཀྱི་ཐོག་མར། འདི་སྐད་ཅེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །དེ་དབུས་སྲིད་གསུམ་ལ་གནས་ཡེ་ཤེས་འཁོར་ལོ་ཞེས་བྱ་བ་ནི། ཨེ་ཝཾ་གང་ཡིན་པ་
དེའི་བར་ན་གནས་པའི་བདག་ཉིད་ཅན་སྲིད་པ་གསུམ་ཡོངས་སུ་གྱུར་པའི་བདག་ཉིད་ཡེ་ཤེས་ཀྱི་འཁོར་ལོ་དེར་སྤྱན་དྲངས་པའོ། །མཐེ་བོང་དང་མིང་མེད་གཉིས་ཀྱིས་ཉིན་བཞིན་དུས་སུ་ཚིམ་པར་བྱ། །ཞེས་པ་ནི་ཡེ་ཤེས་འཁོར་ལོ་དེ་ལ་མཐེ་བོང་དང་མིང་མེད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་ཚིམ་པར་བྱའོ། །ཡུལ་
དང་གྲོང་ཁྱེར་བདག་ཅེས་བྱ་བ་ནས་རིགས་དྲུག་གི་སྔགས་ཡན་ཆད་ནི་གོ་སླ་བས་འདིར་མ་བཀྲོལ་ལོ། །ད་ནི་དོན་དམ་པའི་བདེན་པ་ལ་ཞེས་བྱ་བ་ནི། དེ་ལྟར་བརྗོད་པའི་རིམ་པས་ཟས་དང་སྤྱོད་ལམ་གྱི་རྣལ་འབྱོར་པ་རྣམས་གོང་དུ་བསྟན་པ་དེ་རྣམས་ནི། ཀུན་རྫོབ་པའི་སྤྱོད་པ་བསྟན་པ་ཉིད་ཡིན་ལ། དེ་དང་
འགལ་ཞིང་མི་མཐུན་པར་གྱུར་པ་དོན་དམ་པ་སྟེ། བཞི་པ་ཡིན་ནོ། །དེ་བས་ན་གང་བཞི་པ་དེ་ནི་རྡོ་རྗེ་འཆང་གི་རྒྱུད་ཇི་སྙེད་ཅིག་གསུངས་པའི་སྙིང་པོའམ། འབྲས་བུ་ལྟ་བུར་གསུངས་པ་ཡང་ཡིན་ལ། དེ་ལས་གཞན་པའི་ཚིག་དང་ཡི་གེ་རྣམས་ནི་དེ་ཉིད་རྟོགས་པའི་རྒྱུའམ་ཐབས་སུ་གསུངས་པ་ཡིན་ཞིང་།
འཇིག་རྟེན་པའི་དངོས་གྲུབ་གཞན་དང་ལས་ཡོངས་སུ་བརྐྱང་བ་ཇི་སྙེད་པ་དེ་སྙེད་ཀྱང་། བརྒྱུད་པའི་སྒོ་ནས་བཞི་པ་ཉིད་ལེགས་པར་རྟོགས་པར་བྱ་བའི་ཕྱིར། གསུངས་པར་ཟད་ཀྱི། དེ་ལས་གཞན་པའི་དགོས་པའི་ཕྱིར་ཅུང་ཟད་ཀྱང་བསྟན་པ་མེད་དོ། །དེ་བས་ན་བདག་གིས་ཀྱང་བཞི་པ་ཉིད་ཅི་ནུས་ཀྱིས་བསྟན་
པར་བྱའོ། །དེ་ལ་གང་རྒྱུད་དེ་དང་དེ་ཐམས་ཅད་དུ། བཞི་པ་སླར་ཡང་དེ་བཞིན་ནོ་ཞེས་གང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་ཞེས་བྱ་བ་ལ། དེ་ལ་རྡོ་རྗེའི་ཚིག་གིས་ཀྱང་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་བཞི་པ་སླར་ཡང་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་
རྡོ་རྗེའི་ཚིག་ཏུ་རྟོགས་པར་བྱའོ། །བཞི་པ་ཞེས་པའི་ཚིག་གིས་ནི་རྒྱུ་མཐུན་པའི་བདེ་བ་བཞི་པའོ་ཞེས་བྱ་བ་རྒྱུ་མཐུན་པ་སྨོས་པས། འགྱུར་དང་འགྱུར་བའི་བར་ཆད་ཅན། །ཞེས་བྱ་བ་ལས་དཀར་བ་ཡིན་ཏེ། དེ་ལ་འགྱུར་བ་ནི་འཛག་པ་སྟེ། བུམ་པའོ། །ཡང་འགྱུར་བ་ནི་འཛག་པ་སྟེ་གསང་བའོ། །བར་ཆད་ཅན་ཞེས་

བྱ་བ་ཡང་འཛག་པ་སྟེ་ཤེས་རབ་ཡེ་ཤེས་སོ། །རྒྱུ་མཐུན་པའི་སྒྲ་ནི་མི་འཛག་པའོ། །དེ་བས་ན་བྱིས་པ་རྨོངས་པ་མི་མཁས་པ་མི་གསལ་བ་གང་དག་འཇིག་པ་མེད་པའི་བདེ་བ་འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པ་ཁ་ན་མ་ཐོ་བ་མེད་པ། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་དམན་
པ་རྣམ་པའི་མཆོག་མ་ལུས་པ་དང་ལྡན་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་གང་དག་ཡིན་པ་དེ་དག །འཇིག་རྟེན་པའི་ཤེས་རབ་ཡེ་ཤེས་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བ་ཐུར་དུ་འཛག་པ་ཕུང་པོ་དང་ཁམས་ལ་
སོགས་པ་མ་རུངས་པར་བྱེད་པ་འཇིག་རྟེན་པ་ཐམས་ཅད་དང་ཐུན་མོང་བ་ཁ་ན་མ་ཐོ་བ་དང་བཅས་པ། ཉོན་མོངས་པ་མ་ལུས་པས་གང་བའི་ལས་ཀྱི་ཕྱག་རྒྱ་ནུ་མ་དང་སྐྲར་ལྡན་པ་ལ་དམིགས་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འཇིག་པ་སྟེ། དེ་དག་གི་བྱེ་བྲག་དང་། དབྱེ་
བ་དང་། རང་བཞིན་དག་ནི་ཤིན་ཏུ་ཐ་དད་པར་གསུངས་ཀྱང་བྱིས་པ་དེ་དག་ནི་བདག་ཏུ་ལྟ་བ་ལ་ཆགས་ཤིང་། མ་རིག་པའི་ལིང་ཐོག་གིས་གཡོགས་པས། རྒྱུད་ཀྱི་དོན་ལོག་པར་སྟོན་ཅིང་། གསུམ་པ་སྐྱོན་དང་བཅས་པ་ལས་བཞི་པ་འབྱུང་བར་འདོད་དོ། །ཁ་ཅིག་གིས་ནི་བཞི་པ་ཞེས་བྱ་བའི་མིང་ཙམ་ཡང་
མི་ཤེས་ཤིང་མ་ཐོས་པ་ལ་ལས་ཀྱི་ཕྱག་རྒྱ་འབའ་ཞིག་ཉམས་སུ་བླངས་ནས། ཚེའི་དུས་བྱས་ནས་མནར་མེད་པར་འགྲོ་བར་འགྱུར་བ་དག་ཡོད་དོ། །ཁ་ཅིག་གིས་ནི་བཞི་པ་སུན་འདོན་ཅིང་བུམ་པ་ལ་སོགས་པ་ནས་སླར་ཞིང་བསྐྱར་བ་ཉིད་བཞི་པར་འདོད་པ་དག་ཀྱང་ཡོད་དོ། །ཁ་ཅིག་ཤེས་རབ་གང་ཡིན་ཞེ་ན།
མི་མོ་ཡིན་ཞེས་བརྗོད་ཅིང་དེ་ལས་བྱུང་བའི་བདེ་བ་བཞི་པར་འདོད་པ་དག་ཡོད་དོ། །ཁ་ཅིག་བཞི་པ་ཞེས་བྱ་བ་འབྲས་བུ་སྟེ། རྡོ་རྗེ་འཆང་གི་གནས་ལ་འདོད་པ་དག་ཡོད་དེ། དེ་དག་ཐམས་ཅད་ནི་བྱིས་པ་རྨོངས་པ་ལུང་དང་རིགས་པ་དང་བྲལ་བ་རྣམས་ཀྱི་བཙན་ཐབས་སུ་བཞག་པར་ཟད་དོ། །དེ་བས་ན་རྟོགས་པར་
དཀའ་ཞིང་རྙེད་པ་རབ་ཏུ་དཀའ་བས་རྡོ་རྗེའི་ཚིག་ཅེས་བྱའོ། །དེ་ཡང་འགལ་བའི་ཚིག་གི་སྦྱོར་བས་གསུངས་པ་ནི། སླར་ཡང་དེ་བཞིན་ནོ་ཞེས་གསུངས་པ་སྟེ། སླར་ཡང་ཞེས་གསུངས་པ་ནི་གསུམ་པ་ལ་སྙེག་པ་སྐད་དུ་གསུངས་པ་ཡིན་ལ། ཡང་དག་པར་ན་སླར་ཡང་དེ་བཞིན་ཞེས་པ་ནི། བྱང་ཆུབ་ཀྱི་

སེམས་བདེ་བ་འབྱུང་བ་ཙམ་ལ་དགོངས་པ་ཡིན་གྱི། གསུམ་པ་ནི་མ་ཡིན་ནོ། །དེ་བས་ན་བྱིས་པ་རྣམས་སླར་ཡང་དེ་བཞིན་ནོ་ཞེས་གསུངས་པའི་ཕྱིར་རོ། །རྣམ་པར་འཁྲུལ་ནས་དོན་དུ་མ་རྟོགས་པར་བྱེད་དོ། །ཤེས་རབ་ཡེ་ཤེས་དེ་ཉིད་དེ། །ཞེས་པ་ནི་ཤེས་རབ་ཆེན་པོ་དེ་ཞེས་བྱ་བར་སྦྱར་རོ། །ཅིས་མངོན་ཞེ་ན། འོག་ནས་
ཀྱང་དེ་ནི་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་བྲལ་བའོ་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་གསུམ་པ་དང་བཞི་པར་འགྱུར་བ་དང་མི་འགྱུར་བའི་བདེ་བདག་ནི་ཀ་བ་དང་བུམ་པ་ཙམ་གྱི་འབྲེལ་པ་ཡང་མེད་པར་རྟོགས་པར་བྱའོ། །དེ་ཅིས་མངོན་ཞེ་ན། རྒྱུ་མཐུན་པ་བདེ་བ་རང་བཞིན་གྱི་ཕྱིར་དང་ཞེས་སྨོས་པ་ཡིན་ཏེ། རྒྱུ་མཐུན་པའི་རང་
བཞིན་གྱི་བདེ་བ་ནི་འཛག་པ་མེད་པ་ཡིན་ལ། ལས་ཀྱི་ཕྱག་རྒྱ་ཡེ་ཤེས་ཀྱི་རང་བཞིན་ནི་འཛག་པ་ཡིན་པའི་ཕྱིར་རོ། །ཤེས་རབ་ཡེ་ཤེས་གང་ཡིན་པ་དེ་ནི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལས་ཡང་དག་པར་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་དུ་རྟོག་པ་མེད་པའི་ཏིང་ངེ་འཛིན་དེ་ལས་གང་བྱུང་བའི་བདེ་བ་དེ་ནི་འཛག་པ་
མེད་པའོ། །དེ་བས་ན་གང་འཛག་པ་མེད་པའི་བདེ་བ་དེ་ནི། ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་དང་། །ཞེས་བྱ་བ་མི་མོ་དང་ཕྲད་པ་ལས་བྱུང་བའི་འཛག་པའི་བདེ་བའོ། །ཡེ་ཤེས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཞེས་བྱ་བ་དང་། རྣམ་པར་རྟོག་པས་བསྐྱེད་པའི་བདེ་བ་འཛག་པའི་བདག་ཉིད་ཅན་ཏེ། དེ་ཕྱག་རྒྱ་ཆེན་པོ་མི་
འཛག་པའི་བདེ་བའི་ཡེ་ཤེས་མ་ཡིན་ཞེས་བྱ་བའི་དོན་ཏོ། །འཛག་པ་མེད་པ་ཅིས་མངོན་ཞེ་ན། དེ་ཡང་། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་རྩེ་མོ་འཛིན། །ཅེས་མཚན་ཡང་དག་པར་བརྗོད་པ་ལས་གསུངས་
ཞེས་བྱ་བ་ནི། འཇིག་རྟེན་པའི་དཔེར་བྱ་བའི་བྱིས་པ་ལ་སོགས་པའི་རྩིས་ལས་འདས་ནས། ཤེས་རབ་ཆེན་པོ་ལ་ཡན་ལག་དྲུག་གིས་བསྐྱེད་པར་བྱ་བ་ཡིན་པས། ཡན་ལག་དྲུག་གི་དང་པོ་སོ་སོར་སྡུད་པ་ནི་ཕྱིའི་དོན་བུམ་པ་ལ་སོགས་པའི་རྣམ་པ་ཀུན་ཡང་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རོ་གཅིག་
པར་རྟོགས་ལ། དུས་དེར་ཡང་དུ་བ་ལ་སོགས་པའི་རྟགས་ཀྱི་རྣམ་པ་རྣམས་ཀྱང་འབྱུང་སྟེ། རྟགས་དེ་དག་ཀྱང་རྫས་ལོག་པ་མེད་པའི་ཕྱིར་རྣམ་པ་མེད་དོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ནི་དགའ་བ་བཅུ་དྲུག་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དབྱེ་བས། བཅུ་དྲུག་ཏུ་ཕྱེ་བ་ཡིན་ལ། དེ་ཉིད་སྟོང་པ་ཉིད་ཀྱི་ཞགས་པ་དམ་

པོས་འཛིན་པ་ལ་དེ་སྐད་ཅེས་བྱའོ། །ཡན་ལག་མེད་པར་རྩིས་ལས་འདས་པ་ནི། ཡར་ངོ་དང་མར་ངོ་ལ་མི་གནས་པའོ། །བསམ་གཏན་བཞི་པའི་རྩེ་མོ་འཛིན་པ་ནི། དགའ་བ་བཅུ་དྲུག་ཡོངས་སུ་བསྡུས་པའི་ཐིག་ལེ་བཞི་པའི་མཐར་འཛིན་པ་ལ་རྩེ་མོ་འཛིན་པ་ཞེས་གསུངས་སོ། །དེ་
བས་ན་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི། སྟོང་པ་ཉིད་ལས་སྐྱེས་པའི་མི་འགྱུར་བའི་བདེ་བ་ཉིད་ལ་མི་འཁྲུལ་བར་གཟུང་བར་བྱའོ། །ཇི་ལྟར་སེམས་ཅན་ཕལ་པ་གཞན་ནི་ཐིག་ལེ་འཕོ་བ་སྟེ། །ཞེས་པ་ནི་མི་འཕོ་བ་ནི་མཆོག་ཏུ་བཤད་ཅིང་བཞི་པ་ཡིན་ལ། དེ་བས་མི་མཐུན་ཅིང་འགལ་བར་འགྱུར་བའི་
སེམས་ཅན་ཕལ་པ་སྟེ། འཇིག་རྟེན་པའི་དབང་བསྐུར་བ་འཛག་པ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་འདི་ནི་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་མངོན་པར་དབང་བསྐུར་བར་ཐོབ་པ་ནི། ཐིག་ལེ་འཕོ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདོད་ཆགས་ཆེན་པོ་ལ་ཐུག་པར་བཅིངས་པ་ཡིན་པའི་ཕྱིར་
རོ། །དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཁྱད་པར་དུ་དགའ་བ་དང་། ལྷན་ཅིག་སྐྱེས་པ་སྟེ། བསམ་གཏན་བཞི་པའི་རྩེ་མོ་འཛིན་ཏེ། ཟག་པ་མེད་པའི་འདོད་ཆགས་ཆེན་པོ་དེ་དང་མ་བྲལ་བའི་ཕྱིར་རོ་འཇིག་རྟེན་པའི་འཛག་པ་ལས་ཐ་དད་པར་གྱུར་པ་མི་འཛག་པ་བདེ་བ་ཆེན་པོ་རྡོ་རྗེ་འཆང་ཆེན་པོའི་གོ་
འཕང་སྟེར་བའི་ལུང་ནི། དེ་བཞིན་དུ་ཡང་། རྡོ་རྗེ་སྐྱིལ་ཀྲུང་སེམས་ཀྱིས་ནི། །ནོར་བུའི་ནང་དུ་གནས་པར་བལྟ། །རྒྱུ་མཐུན་ལ་སོགས་བདེས་གང་བ། །དེ་ནི་དྲི་མ་མེད་པ་རུ། །ལྟ་བ་རྒྱུ་མཐུན་ཉིད་དུ་བརྗོད། །རྣམ་པར་སྨིན་པ་སྙིང་གར་དྲན། །མགྲིན་པར་སྐྱེས་བུ་བྱེད་པ་ཉིད། །གཙོ་བོ་དྲི་མེད་སྤྱི་བོར་ཡིན། །
ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་ལ། རྡོ་རྗེ་ནི་ལས་ཀྱི་རྡོ་རྗེ་ཡིན་ལ། སྐྱིལ་ཀྲུང་ནི་གནས་སོ། །སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །སེམས་དེའི་ལས་ཀྱི་རྡོ་རྗེའི་ནོར་བུ་ཆུད་པར་བལྟའི་ཕྱིར་བྲལ་བས་ནི་མ་ཡིན་ནོ། །དེ་ཉིད་ཁོ་ན་རྒྱུ་མཐུན་ལ་སོགས་བདེ་གང་བ། །ཞེས་བྱ་བ་སྟེ། རྡོ་རྗེ་ནོར་བུ་
ནས་ལྟེ་བ་མན་ཆད་དུ་རྒྱུ་མཐུན་པ་ཞེས་བྱ་བ། མི་འཛག་པའི་གཙོ་བོར་བྱའི་གཞན་ལ་མ་ཡིན་ནོ། །དེ་ལ་བརྩམས་ནས། གཙོ་བོ་དྲི་མེད་སྤྱི་བོར་ཡིན། །ཞེས་པ་སྟེ། རྡོ་རྗེ་ནོར་བུ་ལ་གནས་པ་ཡང་སྤྱི་བོར་མ་ཡིན་པ་དེ་སྲིད་དུ་ཉོན་མོངས་པ་རྩད་ནས་འདོན་པར་མ་གསུངས་ན། འཛག་པ་དང་ལྡན་པའི་སྐྱེས་བུ་གང་ཡིན་

པ་དེ་ལ་ཐར་པའི་གོ་འཕང་མེད་པ་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་ནི། དེ་སྐད་ཅེས་གསུངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན། ཕྱི་ཡི་དགའ་བྲལ་འཕོ་བ་ཡིས། །སངས་རྒྱས་སྟེར་བ་མ་ཡིན་ཏེ། །ཞེས་བྱ་བ་ནི་གོང་དུ་བརྗོད་པའི་ཚུལ་དེ་ལྟར་ཏེ།
ཕྱིའི་དགའ་བྲལ་ཆེན་པོས་འཇིག་རྟེན་གསུམ་པོ་འཁྲུག་པར་བྱེད་པ་དེ་བས་ནའོ། །ཅིའི་ཕྱིར་འཁྲུག་ཅེ་ན། སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྲིད་པ་དང་མྱ་ངན་ལས་འདས་པ་དེ་གཉིས་ཀྱིས་འཁྲུག་ཅིང་འཁོར་བར་བྱེད་ལ། ཕུང་ཁྲོལ་ཆེན་པོ་སྐྱེད་པའི་ཕྱིར། །
ཞེས་བྱའོ། །བཅོམ་ལྡན་འདས་འདི་ནི་སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་ཞེས་བྱ་སྟེ། འཁོར་བ་སྐྱེད་པར་བྱེད་པའི་སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་གནས་སོ། །འོ་ན་ཅི་ཞེ་ན། འཕོ་བ་མེད་པའི་ཡེ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། འཛག་པ་ལས་གོ་བཟློག་པ་འཛག་པ་མེད་པའི་
བདེ་བའི་ཡེ་ཤེས་ལ་མངའ་བརྙེས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་སྲིད་པ་དང་མྱ་ངན་ལས་འདས་པའི་ཞེས་བྱ་བའི་ཐ་སྙད་ཀྱང་གང་ཞེ་ན། སྲིད་པ་ནི་དཔྲལ་བ་སྟེ་སྐྱེ་བའི་གནས་སོ་ཞེས་བྱ་བ་སྨོས་ཏེ། དཔྲལ་བ་བདེ་བ་ཆེན་པོའི་གནས་ནས་སྤྲུལ་པའི་མིང་ཅན་གྱི་བར་དུ་སྐྱེས་བུ་ཐ་མལ་པ་རྣམས་ལ་གནས་པའི་ཟླ་བའི་
རྒྱུན་གྱིས་ཡེ་ཤེས་མྱོང་བ་མེད་པ་གང་ཡིན་པ་དེ་སྲིད་པའམ། ཐབས་སམ་སྙིང་རྗེ་ཞེས་བརྗོད་དོ། །མྱ་ངན་ལས་འདས་པ་དང་ཆོས་མཐུན་པས་མྱ་ངན་ལས་འདས་པ་སྟེ། དེ་ཡང་རྡོ་རྗེ་ནོར་བུའི་མགྲིན་པ་ལས་ཞེས་བྱ་བ་གསང་བའི་རྡོ་རྗེའི་མགྲིན་པ་ལས་སོ། །ཐིག་ལེ་བཞི་རྣམས་འཕོ་བའོ། །ཞེས་བྱ་བ་ནི་ཟླ་བའི་
རྒྱུན་འབྱུང་བའི་གནས་གང་ཡིན་པ་དེར་གནས་ཤིང་ཟག་པར་བྱས་ཞེས་བྱ་བའི་དོན་ཏོ། །རབ་ཏུ་མི་གནས་པ་ཞེས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་བཤད་མ་ཐག་པའི་ཆོས་གཉིས་ལ་མི་གནས་པ་སྟེ། དེ་ཡང་དཔྲལ་བར་མི་གནས་པ་ནི་འཁོར་བའི་སྐྱོན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡིན་ལ། དེ་ནས་
གང་རྡོ་རྗེ་ནོར་བུའི་མཐའ་ལ་ཐུག་པའི་བྱང་ཆུབ་ཀྱི་སེམས་དེ་ཕྱིར་མི་འཕོ་བ་སྟེ། སྐྱོན་དང་བཅས་པའི་མྱ་ངན་ལས་འདས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་ཞེས་བྱ་བ་ནི། སངས་རྒྱས་རིན་པོ་ཆེའི་གབ་ཙེ་ན་གནས་པའི་བྱང་ཆུབ་ཀྱི་སྙིང་པོ་ཡིན་ལ། གང་ཡང་དེ་ལྟ་བུའི་བཅོམ་ལྡན་འདས་

ཀྱིས། འཁོར་བའི་སྐྱོན་ཐམས་ཅད་འཇོམས་ཤིང་། བདེ་བ་ཆེན་པོ་བསྐྱེད་པ་ཡིན་ཏེ། དེ་ཉིད་འཇིག་རྟེན་ལས་འདས་པའི་དབང་ཡིན་ནོ། །དེ་བཞིན་དུ་འབྱུང་འཇུག་དང་བྲལ་བས་འཁོར་བའི་སྐྱོན་འཇོམས་ཤིང་བདེ་བ་ཆེན་པོའི་འབྲས་བུ་སྟེར་བ་རྒྱུད་གཞན་ལས་ཀྱང་གསུངས་ཏེ། དེ་བཞིན་དུ་
ཡང་ཞེས་བྱ་བ་ནི་རྒྱུད་གཞན་སྟོན་པར་བྱེད་པའི་ཚིག་གོ། །ཐོག་མ་ཐ་མ་ཞི་བ་དང་། །ཞེས་པ་ནི། ཐོག་མ་ནི་དཔྲལ་བ་ལ་སོགས་པའོ། །ཐ་མ་ནི་རྩེ་མོ་ལ་སོགས་པའོ། །དངོས་དང་དངོས་མེད་ཟད་ཅེས་པ་ནི། གོང་དུ་བརྗོད་པ་ཉིད་དམ། ཡང་ན་ཐོག་མ་དང་ཐ་མར་རྟོགས་པ་སྟེ་ཟད་པའོ། །དེ་གང་
གིས་ཟད་པ་ནི་གཙོ་བོ་སྟེ། ཁམས་གསུམ་གྱི་མངའ་བདག་གོ། །དེ་ཉིད་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཞེས་ཀྱང་བྱ་སྟེ། གོང་དུ་བརྗོད་པའི་ཚུལ་གཉིས་ཀ་ལའོ། །བྱང་ཆུབ་སེམས་ཞེས་བརྗོད་པ་ཡིན། །ཞེས་བྱ་བ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། །དོན་དམ་པ་བྱང་ཆུབ་ཀྱི་སེམས་དག་གཉིས་
ཀ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་ནི། དཔལ་གསང་བ་འདུས་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་བས་ན་ཞེས་བྱའོ། །རྒྱུད་དེ་ཉིད་ཀྱི་དོན་དགྲོལ་བར་བྱ་བའི་ཕྱིར། ཐོག་མ་ཐ་མ་ཞེས་བྱ་བ་ནི་གོང་དུ་བཤད་པའོ། །
སྐྱེ་བ་དང་འཇིག་པ་དང་བྲལ་བའོ་ཞེས་བྱ་བ་ལ་ཐོག་མར་སྐྱེ་བ་ཡིན་ལ་ཐ་མ་འཇིག་པ་ཡིན་ཏེ། དེ་བཅོམ་ལྡན་འདས་འདི་ལ་བྲལ་ཞིང་མི་མངའ་ཞེས་བྱ་བའི་དོན་ཏོ། །ཞི་བ་ནི་ཞེས་བྱ་བ་ནི་ཐོག་མ་ཐ་མའི་མིང་ཅན་གང་ཡིན་པ་དེ་ནི་ཞི་བའོ། །དེ་གང་ཡིན་ཞེ་ན། བཤད་པ་དབང་པོ་འགྱུར་བ་དང་བྲལ་བའོ་ཞེས་བྱ་བ་སྟེ།
ཐོག་མ་ཐ་མ་ཞི་བ་དེའི་སྟོབས་ཀྱིས་མིག་ལ་སོགས་པའི་དབང་པོ་རྣམས་ཡུལ་ལས་མི་འབྲོས་པའམ། ཡང་ན་དབང་པོའི་འགྱུར་བའི་རླུང་ངམ་བྱང་ཆུབ་ཀྱི་སེམས་ལ་བྱ་ན། དེའི་ཕྱིར་མི་རྒྱུ་ཞིང་འཛག་པ་མེད་པ་ལ་བྲལ་བ་ཞེས་བྱའོ། །དངོས་དང་དངོས་མེད་ཟད་པ་ནི། །ཞེས་པ་ནི། དངོས་པོར་རྟོག་པ་དང་དངོས་པོ་
མེད་པར་རྟོག་པ་དང་བྲལ་བ་ཟད་པ་ཞེས་བརྗོད་དོ། །གང་རྟག་ཆད་དང་རྣམ་པར་བྲལ་བའོ་ཞེས་པ་ནི། དེ་ཉིད་དེའི་དངོས་པོ་ནི། རྟག་པར་ལྟ་བ་ཡིན་ཞིང་། དངོས་པོ་མེད་པ་ནི་ཆད་པར་ལྟ་བ་སྟེ། དེ་དང་བྲལ་བའོ། །དེ་ལྟར་བརྗོད་པ་དེས་ནི་ཡན་ལག་དྲུག་གི་དང་པོ་སོ་སོར་སྡུད་པ་ཞེས་བྱ་བ་བསྟན་པ་ཡིན་ལ། གང་

སོ་སོར་སྡུད་པ་དེ་ཡང་རྟོག་པའི་དྲ་བས་དབེན་པ་ཉིད་ལ་འདོད་དོ། །གང་ལ་རྟོག་པའི་དྲ་བ་མི་མངའ་བ་དེ་ལ། གཙོ་བོ་ནི་ཁམས་གསུམ་གྱི་མངའ་བདག་གོ་ཞེས་བྱ་བ་སྟེ། ཁམས་གསུམ་གྱི་སྤྱོད་པ་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་སྙིང་རྗེ་དབྱེར་མེད་པ་ནི་གཤེགས་ཀྱང་རུང་སྟེ། ཞེས་པ་ནི། གོང་
གི་སོ་སོར་སྡུད་པའི་འབྲས་བུ་བསྟན་པ་ཡིན་ཏེ། དེ་ཡང་སོ་སོར་སྡུད་པ་ཆེན་པོས་བསྡུས་པ་ལས། བྱང་ཆུབ་ཀྱི་སེམས་བྱུང་བ་རྡོ་རྗེ་སྟེ་ནོར་བུའི་མགྲིན་པ་ལ་གནས་པ་མ་ཟག་པ་ལ་སྟོང་པ་ཉིད་ཡིན་ཞིང་དགོངས་སོ། །དཔྲལ་བ་སྲིད་པའི་གནས་ནི་སྙིང་རྗེའོ། །ཞེས་བྱ་བ་ནི། དཔྲལ་བ་ན་སྙིང་རྗེ་བྱང་ཆུབ་ཀྱི་སེམས་
ཀྱི་ཟླ་བ་ཆ་ཤས་བཅུ་དྲུག་པའི་གནས་ཡིན་ཞེས་བྱ་བའོ། །འདི་ཉིད་ཀྱི་དབུས་སུ་ཞེས་པ་ནི་དཔྲལ་བ་དང་ནོར་བུའི་དབུས་སུའོ། །གང་ཞིག་རྣམ་པར་གནས་པ་ནི་ཞེས་པ་ནི། སྟོང་པ་ཉིད་ཀྱིས་བསྐྱེད་པའི་བྱང་ཆུབ་སེམས་གང་ཞིག་རྣམ་པར་གནས་པའོ། །ལྷན་ཅིག་སྐྱེས་པའི་ཞེས་པ་ནི། ཆོས་རྣམས་ཀྱིས་དེ་
བཞིན་ཉིད་གཟོད་མ་ནས་གནས་པ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་། གཤེགས་ཀྱང་རུང་། མི་འགྱུར་བ་གནས་པ་གང་ཡིན་པ་དེ་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་ལྷན་ཅིག་སྐྱེས་པ་ཡིན་ལ། དེ་དག་ན་བདེ་བ་མི་འཛག་པའི་ཡེ་ཤེས་ཆེན་པོ་འདིས་རྟོགས་ཤིང་ཁོང་དུ་ཆུད་པ་ཡིན་གྱི། གཞན་
དུ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །འབྲས་བུའི་མིང་རྒྱུ་ལ་བཏགས་པ་ཡིན་ནོ། །གོང་དུ་བསྟན་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་གང་ཡིན་པ་དེ་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་འཛག་པ་མེད་པས་བསྒྲུབ་པར་བྱ་བ་ཡིན་ལ། འཛག་པ་མེད་པ་གང་ཡིན་པ་དེ་ནི་བཞི་པ་སྟེ། འཇིག་རྟེན་ལས་འདས་
པའི་དབང་ཞེས་ཀྱང་བརྗོད་པར་བྱ་བ་ཡིན་ནོ། །དེ་ཉིད་བུམ་པ་དང་གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་མཐར་སྦྱིན་པར་བྱས་ལ། གསུམ་པ་ཤེས་རབ་ཡེ་ཤེས་ལ་སོགས་པ་ལ་བཞི་པར་མ་གསུངས་ཀྱི། བཞི་པ་ནི་གྲངས་ཁོ་ན་ཡིན་པའི་ལུང་བསྟན་པར་བྱ་བའི་ཆེད་དུ། དེ་ནི་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བ་
སྨོས་ཏེ། དེ་ནི་ཞེས་བྱ་བ་ནི། བཞི་པ་དེ་ནི་ཞེས་བྱ་བའོ། །མཁའ་འགྲོ་མ་ཞེས་བྱ་བ་ནི། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་བསྟན་པའོ། །རྡོ་རྗེ་གུར་ཞེས་པ་ནི་མི་ཕྱེད་པའི་གནས་ཏེ་རྡོ་རྗེའི་གནས་རྣམ་པར་རྟོག་པའི་དྲ་བ་ཐམས་ཅད་བསལ་བ་ལ་བྱའོ། །དེ་ནི་ཧེ་བཛྲའི་བཤད་པའི་རྒྱུད་དུ་བསྟན་ཏོ། །དང་པོ་ལ་ནི་

བུམ་པའི་དབང་། །གཉིས་པ་གསང་བ་ཞེས་སུ་བརྗོད། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །ཞེས་བྱ་བ་ནི་འཇིག་རྟེན་པའི་དབང་བསྟན་ལ། དེ་ཡང་གསུམ་པ་མན་ཆད་འཇིག་རྟེན་པར་ངེས་ཤིང་། དེ་ལས་ཐ་དད་པར་གྱུར་པའི་འཇིག་རྟེན་ལས་འདས་པའི་དབང་ནི། ཇི་བཞིན་དེ་བཞིན་
གཤེགས་པ་མིན། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཞེས་པའི་ངེས་པ་ཡང་། ཇི་ལྟར་བྱོན་པ་དེ་ལྟར་གཤེགས་པའམ། །ཇི་ལྟར་གསུངས་པ་དེ་ལྟར་མཛད་པ་སྟེ། །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་གསུངས་པ་ཡིན་ལ། སྐབས་འདིར་དེ་བཞིན་
གཤེགས་པ་ཞེས་བྱ་བ་བྱང་ཆུབ་སེམས་ལ་བརྗོད་དོ། །དེ་ཡང་ཇི་ལྟར་ཕྱི་རོལ་དེ་ལྟར་ནང་། །ཞེས་གསུངས་པ་ཡིན་ལ། དེ་ནི་གསུམ་པ་ལ་ཡོད་པ་མ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཞེས་བྱ་བ་གསུམ་པ་ཡིན་པར་མ་གསུངས་སོ། །གཞན་ཡང་བཞི་པ་ལ་ནི་བྱང་ཆུབ་སེམས་ཇི་ལྟར་འོངས་པ་དེ་ལྟར་འགྲོ་
སྟེ། དེ་ལ་དེ་བཞིན་གཤེགས་པ་ཞེས་གསུངས་སོ། །གང་ཡང་དེ་ནི། ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་ཀྱང་བྱ་སྟེ། བླ་མས་ལུང་ཕོག་པའི་དུས་སུ་ཇི་སྐད་དུ། །ཁྱོད་ཀྱིས་འདོད་ལ་ཆགས་བྲལ་བར། །ནམ་དུ་ཡང་ནི་མི་བྱའོ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་གཞན་མེད། །
ཅེས་བསྒོ་བ་ནི། ཤུགས་ཀྱིས་དང་དུ་བླངས་པ་ཡིན་པས། ཇི་སྐད་དུ་སྨྲས་པ་ཡིན་ནོ། །རྗེས་སུ་གསུངས་ཤིང་བྱང་ཆུབ་ཀྱི་སེམས་ཇི་ལྟར་འཛག་པ་དེ་ལྟར་གྱེན་དུ་གཏོང་བས་ན་དེ་བཞིན་བྱེད་པ་ཡིན་ནོ། །ཇི་ལྟར་བརྗོད་པའི་རིམ་པས་གསུམ་པ་ལ་མི་འཛག་པའི་བདེ་བ་མེད་པར་ངེས་ཞེས་གསུངས་སོ་ཞེས་བྱ་བ་ནི། དེ་
བཞིན་གཤེགས་པའི་རྒྱུད་གཞན་ལས་ཀྱང་། དེ་སྐད་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཡང་ཞེས་པ་ནི། གཞན་ཡང་རྒྱུད་ཀྱི་ཁུངས་སྟོན་པར་བྱེད་པའོ། །དེ་གང་ཡིན་ཞེ་ན། རྩ་བའི་རྒྱུད་ལས་ཞེས་གསུངས་ཏེ། རྩ་བའི་རྒྱུད་ཅེས་བྱ་བ་ནི་མཆོག་གི་དང་པོའི་རྩ་བའི་རྒྱུད་ལས་སོ། །ཇི་སྐད་གསུངས་ཤེ་ན།
ལས་ཀྱི་ཕྱག་རྒྱ་དག་དང་ནི། །བརྟགས་པའི་ཕྱག་རྒྱ་ཡེ་ཤེས་སྤངས། །མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་པོ་ངེས་བསྟན་བྱ། །ཞེས་གསུངས་སོ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ནི་འཕོ་བ་འཁྲིད་པར་བྱེད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ཀུན་དུ་རྟོགས་པའི་བདག་ཉིད་ཡིན་ལ་ཀུན་དུ་རྟོགས་པ་

ཡིན་པས་དེ་བཞིན་ཉིད་ལ་རེག་པ་མེད་དོ། །དེ་བས་ན་དེ་ཉིད་སྤང་བར་གསུངས་སོ། །དེ་བས་ན་ལས་དང་། ཡེ་ཤེས་ལས་ཐ་དད་པར་གྱུར་པའི་ཕྱག་རྒྱ་ཆེན་མོ་ནི། །མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས། །ཞེས་བྱ་བ་གསུངས་ཏེ། མཆོག་ཏུ་མི་འགྱུར་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། གང་ཡང་དེ་མི་
འགྱུར་བར་བྱེད་པ་ནི་ཡུལ་ལ་རབ་ཏུ་རྒྱུག་པར་བྱེད་པའི་རྣམ་པར་ཤེས་པའི་རྟ་རླུང་རབ་ཏུ་གཟུང་བར་བསྟན་ཏོ། །རླུང་གང་ཡིན་པ་དེ་འཛིན་པ་ལ། ཇི་ལྟ་བའི་ཏིང་ངེ་འཛིན་ལས་གཞན་པ་གཟུང་བར་མ་གསུངས་སོ། །དེ་བས་ན་ཇི་ལྟ་བའི་ཏིང་ངེ་འཛིན་ལ་མཆོག་ཏུ་མི་འགྱུར་བའི་སྦྱོར་བ་ཞེས་བསྟན་ཏེ། མི་འགྱུར་
བར་བྱེད་པའི་ཕྱིར་རོ། །དེ་ལ་གདོང་ཕྱག་རྒྱ་ཆེན་མོ་ཞེས་བྱ་བ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་བདེ་བ། འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པ། ཁ་ན་མ་ཐོ་བ་མེད་པ། རྨད་དུ་བྱུང་བའི་བདེ་བ། བདག་དང་གཞན་གྱི་དོན་གྱི་རྒྱུར་གྱུར་པ་གང་ཡིན་པ་དེ་ལ། ཕྱག་རྒྱ་ཆེན་མོ་ངེས་བསྟན་བྱ། །ཞེས་དེ་
བཞིན་གཤེགས་པས་གསུངས་སོ་ཞེས་སྦྱར་རོ། །དེ་ལྟར་བརྗོད་པའི་རིམ་པས། སངས་རྒྱས་རྣམས་ཀྱི་བཀའ་འདི་ནི། །ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་
ཡང་དུ་གསུངས་པ་གང་། །ཞེས་དེ་བཞིན་གཤེགས་པས་གསུངས་པས་དེ་བས་ན། ཕྱུགས་བདག་ཚངས་པ་དང་ཞི་བ་ལ་སོགས་པས་བསྟན་པ་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས། །གང་ཞིག་ཐོག་མ་དང་། བར་
དང་། ཐ་མར་དགེ་བ་གང་ཡིན་པ་དེ་སངས་རྒྱས་རྣམས་ཀྱིས་གསུངས་པ་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་སོ། །དེ་སྐད་ཅེས་གསུངས་པ་དེ་བས་ན་དབང་ཕྱུག་ལ་སོགས་པ་བསད་པས་གྲོལ་བར་སྟོན་པ་དེ་ནི་ཤིན་ཏུ་ཡང་མཆོག་མ་ཡིན་ལ། དེ་ལས་གཞན་པའི་རྣལ་འབྱོར་པ་སངས་རྒྱས་པའི་མིང་གིས་
བསྡུས་པ་གང་དག་བདག་ཉིད་རྡོ་རྗེ་སེམས་དཔའ་མ་ཡིན་ལ། དེའི་ང་རྒྱལ་བྱས་པས་དེའི་རང་བཞིན་དུ་འགྱུར་བར་སྟོན་པ་དང་། མི་མོ་ལ་ཤེས་རབ་ཀྱི་མིང་དུ་བཏགས་ནས་དེ་ལ་སྙོམས་པར་ཞུགས་པ་ཙམ་གྱིས་ཐར་པ་ཐོབ་པར་སྟོན་པ་དེ་དག་ནི་ཡང་དག་པའི་ལམ་སྟོན་པ་མ་ཡིན་པར་ཤེས་པར་བྱའོ། །ཕྱག་རྒྱ་

ཆེན་པོ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཟག་པ་དང་བཅས་པས་མི་ཐོབ་པ་དེ་བས། རྟོག་པ་ཐམས་ཅད་སྤངས་པ། ཡིད་ནང་དུ་ཆུད་པས་བསྒོམ་པར་བྱ་བ་ངེས་པའོ། །འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་པའོ་ཞེས་བྱ་བ་ནི། འཇིག་རྟེན་པ་དང་མི་མཐུན་པའི་བདེ་བ་དང་སྤྱོད་པ་
སྟོན་པས་འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་པའི་དབང་བཅུའི་རྗེས་ལ་སྟོན་པས་བཅུ་གཅིག་པའོ། །དེ་ལྟར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དབང་ལེགས་པར་བསྟན་ནས། ད་ནི་ཟས་དང་བཏུང་བ་ལ་སོགས་པའི་སྤྱོད་ལམ་གྱི་རྣལ་འབྱོར་གོང་དུ་བསྟན་པ་རྣམས་རྒྱས་པར་བྱ་བའི་ཕྱིར་རོ། །
ཡི་གེ་ཨོཾ་གྱིས་སྦྱང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ལག་པ་གཡོན་པ་ཟླ་བའི་ཆ་ཡིན་པས་རྣལ་འབྱོར་པའི་ལག་པ་གཡོན་པའི་མཐིལ་དུ་ཨོཾ་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཨོཾ་དེ་ཉིད་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་
བསམས་ལ། དེ་ལས་འོད་ཟེར་བྱུང་ནས་གཙང་མའི་གནས་ཞེས་བྱ་བ་ནས། སྐུའི་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་ཆ་ལུགས་འཛིན་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ། དེ་རྣམས་ཀྱིས་བཟའ་བ་ལ་སོགས་པ་བྱིན་གྱིས་རློབ་ཅིང་མི་གཙང་བའི་སྐྱོན་གྱི་དྲི་མ་བསལ་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་རང་བཞིན་དུ་མཛད་
པར་བསམ་མོ། །ཡི་གེ་ཨཱཿས་སྤེལ་བར་བྱའོ་ཞེས་པ་ནི། ལག་པ་གཡས་པ་ཉི་མའི་ཆ་ཡིན་པས། རྣལ་འབྱོར་པའི་ལག་པ་གཡས་པའི་མཐིལ་དུ་ཨཱཿདམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཨཱཿདེ་ཉིད་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་བསམས་
ལ། དེ་ལས་འོད་ཟེར་བྱུང་བས་སྔོན་བཞིན་དུ་གཙང་མའི་གནས་ནས་གསུང་གི་རྡོ་རྗེ་འོད་དཔག་མེད་ཀྱི་ཆ་ལུགས་འཛིན་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ། དེ་རྣམས་ཀྱིས་བཟའ་བ་ལ་སོགས་པ་རྣམས་མང་བར་བྱིན་གྱིས་རློབ་པར་མཛད་ཅིང་། བདུད་རྩི་ཆགས་པའི་རོ་དང་ལྡན་པར་རྟོགས་ཤིང་ཁོང་དུ་ཆུད་པར་
མཛད་པར་བསམ་མོ། །ཡི་གེ་ཧཱུྃ་གིས་སྦར་བར་བྱའོ་ཞེས་པ་ནི་ཐལ་མོ་གཉིས་ཁ་སྦུབ་པ་སྒྲ་གཅན་གྱི་ཆ་ཡིན་པས། ལག་པ་གཉིས་ཀྱི་མཐིལ་དུ་ཧཱུཾ་ནག་པོ་ཡོངས་སུ་གྱུར་པ་ལས། སྒྲ་གཅན་གྱི་འཁོར་དང་། དེའི་སྟེང་དུ་ཧཱུྃ་དེ་ཉིད་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་བསམས་ལ། དེ་ལས་འོད་ཟེར་བྱུང་བས།

ཡང་གཙང་མའི་གནས་ནས་ཐུགས་ཀྱི་རྡོ་རྗེ་མི་བསྐྱོད་པའི་ཆ་ལུགས་འཛིན་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ། དེ་རྣམས་ཀྱིས་ཀྱང་བཟའ་བ་ལ་སོགས་པ་རྣམས་འབར་ཞིང་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབ་པར་བསམ་མོ། །ཡི་གེ་ཧོས་བདུད་རྩིར་བྱའོ་ཞེས་པ་ནི། ནམ་མཁའ་ལྡིང་གི་ཕྱག་རྒྱ་རྡོ་རྗེ་སེམས་དཔའི་རང་
བཞིན་ཡིན་པས། ནམ་མཁའ་ལྡིང་གི་ཕྱག་རྒྱ་ལ་ཧོ་ལྗང་གུ་ཡོངས་སུ་གྱུར་པ་ལས། ཁ་དོག་ཐམས་ཅད་པའི་དཀྱིལ་འཁོར་ཟླུམ་པོ་དང་། དེའི་སྟེང་དུ་ཧོ་དེ་ཉིད་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དང་དྲིལ་བུ་བསམས་ལ། དེ་ལས་འོད་བྱུང་བས་ཡང་གཙང་མའི་གནས་ནས་ཡེ་ཤེས་ཀྱི་དཔལ་རྡོ་རྗེ་སེམས་
དཔའི་ཆ་ལུགས་འཛིན་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ། དེ་རྣམས་ཀྱིས་ཡང་བཟའ་བ་ལ་སོགས་པ་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་རློབ་པར་མཛད་པར་བསམ་མོ། །ཡི་གེ་ཧཾ་གིས་སྤྱན་དྲང་བར་བྱའོ་ཞེས་པ་ནི། མཐེའུ་ཆུང་གཉིས་མདུད་པར་བྱས་པ་འགུགས་པའི་ཆ་ཡིན་པས་འཇིག་རྟེན་གསུམ་ལས་རྣམ་པར་
རྒྱལ་བའི་ཕྱག་རྒྱ་ལ། ཧཾ་བསམ་ཞིང་དེ་ཡོངས་སུ་གྱུར་པ་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཧཾ་ངམ་ཧཱུྃ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་རྩེ་ལྔ་པ་ལས། འོད་ཟེར་བྱུང་བས་མགྲོན་གང་ཡིན་པ་སྤྱན་དྲང་བར་བསམ་མོ། །ཡི་གེ་ཀྵས་གཤེགས་སུ་གསོལ་ལོ་ཞེས་བྱ་བ་ནི། ཀྵ་ནི་ཟད་ཅིང་
མཐར་གཏུགས་པ་ཞེས་བྱ་བའི་དོན་ཡིན་པས། ལག་པ་གཡོན་གྱི་རྒྱབ་ཀྱིས་གཤེགས་སུ་གསོལ་བའི་བརྡ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་གཡོན་གྱིས་སྦྱང་བར་བྱ་ཞེས་བྱ་བ་ནས། ལག་པ་གཡོན་གྱིས་ནི་གཤེགས་སུ་གསོལ་ལོ་ཞེས་བྱ་བ་ཡན་ཆད་ཀྱི་དོན་ཡིན་ནོ། །ཆང་ལ་ཟླ་བ་ཞུ་བ་ལྟ་བུའི་གཟུགས་སུ་
བསྒོམས་ལ་ཞེས་པ་ལ་ཆང་གིས་མཚོན་པ་ཙམ་ཡིན་གྱི། གང་དང་གང་བཟའ་ཞིང་འཐུང་བ་དེ་དང་དེའི་བྱང་ཆུབ་སེམས་ཀྱི་བདུད་རྩིར་བསམ་ཞེས་བྱ་བའི་དོན་ཏོ། །དེ་ནས་ལག་པ་གཡོན་གྱི་མིང་མེད་ཀྱིས་ཞེས་བྱ་བ་ནི་གཡོན་གྱི་སྲིན་ལག་གིས་སོ། །ཆང་གི་ཐིགས་པ་བླངས་ལ་ཞེས་བྱ་བ་ནི་མཚོན་པ་ཙམ་མོ། །
གང་དང་གང་ཟ་ཞིང་འཐུང་བ་དེ་ཤེས་རབ་སྟོང་པ་ཉིད་མཚོན་པར་བྱེད་པའི་གྲུ་གསུམ་པ་ཡིད་ཀྱིས་བསམས་ལ་མངོན་དུ་བྱའོ་ཞེས་བྱའོ། །དེའི་དབུས་སུ་ཐིག་ལེའི་གཟུགས་ཟླུམ་པོ་བྱའོ་ཞེས་པ་ནི་མཚོན་པར་བྱེད་པ་ཡིན་ཏེ། དེ་ལྟར་བསྟན་པའི་རིམ་པས་དུས་གསུམ་ན་བཞུགས་པའི་རྡོ་རྗེ་འཆང་རྣམས་སྟོང་པ་

དང་སྙིང་རྗེ་དབྱེར་མི་ཕྱེད་པ་ལ་བཞུགས་པ་སྟོན་པ་ཡིན་ལ། དེ་ཡང་ཕྱི་དང་ནང་དང་གཞན་ཀུན་ལས་གྲུབ་པར་གནས་སོ་ཞེས་བྱ་བ་ཡང་ཡིན་ནོ། །མེ་ལོང་གི་གཟུགས་བརྙན་དང་མཚུངས་པར་དཀྱིལ་འཁོར་གྱི་འཁོར་ལོ་བསམས་ལ་ཞེས་བྱ་བ་ནི། གང་ཡང་རུང་བའི་དཀྱིལ་འཁོར་གྱི་ལྷ་
རྣམས་གཟུང་འཛིན་དང་བྲལ་ཞིང་རྣམ་པར་རྟོག་པའི་དྲི་མ་མཐའ་དག་སྤངས་པའི་རང་བཞིན་དུ་བསམ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཨེ་དང་ཝཾ་གྱི་དབུས་ན་བཞུགས་པར་བསམས་ལ། ངོ་བོ་ཉིད་ཀྱིས་འཁོར་བའི་དྲི་མ་དང་བྲལ་ཞིང་དབེན་པས་ན་ཝཾ་ཞེས་སྨོས་སོ། །ཚིམ་པར་བྱ་བ་ནི་ཞེས་པ་ནི་རྣལ་འབྱོར་པ་བདག་གིས་
རྟོགས་པས་རྡོ་རྗེ་འཆང་དེ་རྣམས་ཚིམ་ཞིང་དགྱེས་པ་ལྟ་བུར་བསམ་པར་བྱའོ། །ཚིམ་བྱེད་ཀྱི་སྔགས་རྣམས་བསྟན་པ། ཨོཾ་ཨཱཿཧཱུྃ་ཧོ། ཞེས་བྱ་བ་ཡིན་ལ། དེ་ཉིད་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེའི་རིག་སྔགས་ཡིན་པས། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ལྷ་རྣམས་ལ་མཆོད་པའི་སྔགས་ཀྱི་ཚིག་དེ་
རྣམས་ཀྱིས་སོ། །དེ་ནས་དེའི་རྗེས་ལ་ཨ་ཨཱ། ཨི་ཨཱི། རྀ་རཱྀ། ཨུ་ཨཱུ། ལྀ་ལཱྀ། ཞེས་པའི་སྔགས་རྣམས་ནམ་མཁའ་དང་མཉམ་པའི་བར་བརྗོད་པར་བྱ་བའི་ཕྱིར། རླུང་དང་མེ་དང་། ཆུ་དང་ས་ཡིས་ཡོངས་སུ་བསྡུས་པའི་ཆོས་ཅན་ཏེ། རྣམ་པར་ཤེས་པ་ནམ་མཁའི་ཁམས་ཀྱི་རིགས་ཞེས་བྱ་བ་ལ་སོགས་
པ། ཕུང་པོ་ལྔའི་ཆོས་ཅན་དང་། ནམ་མཁའི་ཁམས་ལ་སོགས་པའི་ཁམས་ལྔ་སྟེ། དེ་རྣམས་ལ་མཆོད་པར་བྱ་བའི་སྔགས་ཀྱི་ཚིག་རྣམས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་། ཨ་ཨཱ། ཨེ་ཨཻ། ཨར་ཨཱར། ཨོ་ཨཽ། ཨལ་ཨཱལ། ཨཾ་ཨཱ། ཞེས་པའི་འཕེལ་བའི་ཡི་གེ་རྣམས་ཀྱིས་
མིག་ལ་སོགས་པའི་དབང་པོ་དྲུག་དང་། གཟུགས་ལ་སོགས་པའི་ཡུལ་དྲུག་སྟེ། ཐབས་དང་ཤེས་རབ་ཀྱི་དངོས་པོ་རྣམས་མཆོད་པར་བྱེད་པའི་སྔགས་ཀྱི་ཚིག་རྣམས་ཡིན་ནོ་ཞེས་བྱའོ། །གཞན་ཡང་། ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཞེས་པ་རྣམས་ཡང་ན་ནའི་རྐྱེན་བསྒྱུར་བའི་ཡི་གེ་རྣམས་
ཀྱིས་ཐབས་དང་ཤེས་རབ་ཀྱི་རིགས་ཅན་གྱི་སྐུ་ཁྲོ་བོ་ཁྲོ་མོ་བཅུའོ། །ཞེ་སྡང་རྡོ་རྗེ་ལ་སོགས་པའི་རང་བཞིན་ལས་ཀྱི་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བར་གྱུར་པ་རྣམས་མཆོད་པའི་སྔགས་སོ། །གཞན་ཡང་། ཀ་ཀཱ། ཁ་ཁཱ། ག་གཱ། གྷ་གྷཱ། ང་ངཱ། ཙ་ཙཱ། ཚ་ཚཱ། ཛ་ཛཱ། ཛྷ་ཛྷཱ། ཉ་ཉཱ། ཊ་ཊཱ། ཋ་ཋཱ།

ཌ་ཌཱ། ཌྷ་ཌྷཱ། ཎ་ཎཱ། ཏ་ཏཱ། ཐ་ཐཱ། ད་དཱ། དྷ་དྷཱ། ན་ནཱ། པ་པཱ། ཕ་ཕཱ། བ་བཱ། བྷ་བྷཱ། མ་མཱ། ས་སཱ། ཧ་ཧཱ། ཥ་ཥཱ། ཤ་ཤཱ། ྈྐ་ྈྐཱ། ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཀྵ་ཀྵཱ། ཞེས་བྱ་བ་རྣམས་ནི་རྡོ་རྗེ་ཀ་ཞེས་བྱ་བ་ལ་སོགས་པའི་རྒྱུད་སྟོན་པར་བྱེད་པའི་རྗོད་བྱེད་ཀྱི་སྔགས་
ཀྱི་ཚིག་སུམ་ཅུ་རྩ་དྲུག་སྟེ། ཐབས་དང་ཤེས་རབ་ཀྱི་རིགས་སུམ་ཅུ་རྩ་དྲུག་ཅེས་བྱ་བ། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དུ་གཏོགས་པ་ཐམས་ཅད་ཀྱི་ལྷའི་རིགས་མཆོད་པར་བྱེད་པའི་སྔགས་ཚིག་གི་ཆོ་གའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གསལ་བྱེད་གཅིག་དང་ལྡན་པ་ནི་ཐབས་མཚོན་པར་བྱེད་པའོ། །གོང་དུ་
གསལ་བྱེད་ཉིད་དང་ལྡན་པར་བྱེད་པ་ནི་ཤེས་རབ་མཚོན་པར་བྱེད་པའོ། །དེ་བཞིན་དུ་ཐུང་ངུ་ཐམས་ཅད་ནི་ཐབས་ཡིན་ལ། རིང་པོ་ཐམས་ཅད་ནི་ཤེས་རབ་ཡིན་ནོ། །དེ་བཞིན་དུ་ཨཱ་ལི་ནི་ཐབས་ཀཱ་ལི་ནི་ཤེས་རབ། ཐིག་ལེ་ནི་ཐབས། ཚེག་དྲག་ན་ཤེས་རབ། ཅེས་རྩ་བའི་རྒྱུད་ཆེན་པོ་ལས་གསུངས་པ་ཡིན་
ལ། གཞན་དུ་ཡང་ཅི་རིགས་པར་སྦྱར་རོ། །རྐང་གཉིས་གཙོ་བོས་དང་པོའི་སངས་རྒྱས་རྒྱུད་ཆེན་གསུངས། །གནོད་སྦྱིན་སྡེ་དཔོན་གྱིས་ཀྱང་དེ་ཡི་འགྲེལ་པ་མཛད་པར་གྱུར། །ཐུགས་རྗེ་མངའ་བའི་རྐང་གཉིས་གཙོ་བོས་ལུང་བསྟན་པས། །དེ་རྗེས་འཇམ་པའི་དབྱངས་ཀྱིས་བསྡུས་པའི་རྒྱུད་འདི་བསྟན། །འགྲོ་རྣམས་
ངོ་མཚར་བསྐྱེད་ཕྱིར་སྤྱན་རས་གཟིགས་དབང་གིས། །འཇམ་པའི་དབྱངས་དང་སྒྲོལ་མའི་སྲས་སུ་འགྱུར་ཞེས་བསྒྲགས། །དེས་ཀྱང་སྔོན་གྱི་དམ་བཅས་བཤོལ་བ་མི་མངའ་བས། །བསྡུས་རྒྱུད་མེ་ཏོག་ཕྲེང་འགྲེལ་དྲི་མ་མེད་འདི་མཛད། །རབ་འབྱེད་དབང་གི་འགྲེལ་པ་རྡོ་རྗེའི་ཚིག །ལེགས་པར་འབྱེད་བྱེད་
བདག་བརྩམས་དགེ་བ་གང་། །ཆུ་བོའི་རྒྱུན་ལྟར་རབ་འབབ་དགེ་བ་དེས། །ཆོས་འབྱུང་དྲི་མེད་གྲོང་ཁྱེར་མཆོག་ཐོབ་ཤོག། །།དབང་གི་རབ་ཏུ་བྱེད་པའི་འགྲེལ་པ། རྡོ་རྗེའི་ཚིག་འབྱེད་པ་ཞེས་བྱ་བ། དགེ་སློང་མཁས་པ་ཆེན་པོ་དཱ་རི་ཀ་པས་མཛད་པ། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤེས་རབ་གྲགས་
པས་བླ་མ་ལས་མཉན་ནས་བསྒྱུར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ཙ་ཏུར་ཨཾ་ག་སཱ་དྷ་ནོ་པི་ཀཱ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་ཡན་ལག་བཞི་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་

གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཆོག་གི་སྙིང་རྗེ་དག་གིས་ནི། །འཁོར་བ་མི་བཟད་སྡུག་བསྔལ་ལས། །གདོན་ཕྱིར་ཡེ་ཤེས་ལམ་ལ་ནི། །སྟོན་པ་ཁྱོད་ནི་ཉིད་ཀྱིས་བཞུགས། །ཁྱོད་ནི་རྒན་ཡང་གཞོན་ནུ་མ། །རྒྱལ་བ་མཐའ་དག་གི་ནི་སྲས། །དང་པོ་སངས་
རྒྱས་ཀྱི་དང་པོ། །བུད་མེད་སྦྱོར་ལ་ཚངས་པར་སྤྱོད། །མཆོག་གི་སྙིང་རྗེ་དག་གིས་ནི། །འཇིག་རྟེན་གཉེན་ནི་གཤིན་རྗེའི་དགྲ། །ཁྱོད་ནི་ཁོ་ནའི་རྡོ་རྗེ་ཉིད། །སྲིད་པ་ཡིས་ནི་འཇིགས་སེལ་བ། །ཁྱོད་ནི་རྟག་ཏུ་བདུད་ཀྱི་བདུད། །སྲིད་པ་ལས་ནི་རྣམ་གྲོལ་ཁྱོད། །འགྲོ་བ་སྨིན་པའི་དོན་དུ་ནི། །འཇུག་པ་ཡི་ནི་
གཤིན་རྗེ་ཁྱོད། །ཐུབ་པ་ཡིས་ནི་རིགས་འདུད་པ། །བྲམ་ཟེའི་རིགས་ཀྱི་ཉི་མ་བདག །ཞབས་ཀྱི་པདྨ་ལ་བཏུད་པ། །སེམས་ཅན་རྣམས་ནི་གྲོལ་དོན་དུ། །དུས་ཀྱི་འཁོར་ལོ་མཐའ་དག་ནི། །ས་ཡི་སྟེང་དུ་གསལ་བྱེད་པ། །སྙིགས་མ་ཅན་གྱི་རིགས་ནི་ཁྱོད། །ས་ཡི་བདག་པོས་ཕྱག་བྱས་པ། །ཀ་ལཱ་པ་རུ་དཔལ་
གྲགས་པ། །ཁྱོད་ཀྱི་ཞབས་ཀྱི་པདྨ་ལ། །ལག་པའི་ཐལ་མོ་སྦྱར་ནས་སུ། །ཡན་ལག་མཆོག་ལ་བཞག་ནས་སུ། །སྤྱི་བོ་ཡིས་ནི་ཕྱག་འཚལ་ནས། །མཐའ་དག་མ་ཚང་མེད་པ་ཡི། །སྒྲུབ་པའི་ཐབས་ནི་བཤད་པར་བྱ། །སྐྱེད་མོས་ཚལ་དང་རི་བྲགས་དང་། །རྒྱལ་བ་དམ་པ་ཡི་ནི་གནས། །ཁང་སྟོང་
ལྷ་ཡི་གནས་དང་ནི། །གྲུབ་པའི་གནས་དང་དུར་ཁྲོད་དང་། །མཚོ་ཡི་གནས་དང་གབ་པའི་ས། །གང་དུ་ཡིད་ནི་དགའ་བར་ནི། །དེ་རུ་བསྒྲུབ་པ་བྱ་བ་རུ། །འགྱུར་རོ་མི་ཡི་བདག་པོ་ཀྱེ། །ཟབ་ཅིང་རྒྱ་ཆེ་བ་ཡི་སེམས། །བླ་མའི་ངེས་པ་ལ་དགའ་ཞིང་། །གཏོང་བའི་སེམས་དང་ཡོན་ཏན་ཤེས། །ཐར་པ་འདོད་
ཅིང་རྒྱུད་ལ་དད། །སེམས་ནི་གཡོ་བ་མེད་པ་དང་། །དེ་ཉིད་རྙེད་པ་དང་གསང་ཞིང་། །གདུག་པ་རྣམས་ཀྱི་ཚོགས་བྲལ་བ། །དཔལ་ལྡན་དུས་འཁོར་དཀྱིལ་འཁོར་དུ། །དབང་བསྐུར་རིམ་པ་བཞིན་ཐོབ་གང་། །འཇམ་པ་ཉིད་ཀྱིས་མལ་ཆ་འམ། །སྟན་བདེ་བ་ལ་འདུག་པར་བྱ། །མཎྜལ་སྐྱང་ནུལ་མཛེས་
བྱས་ནས། །རྫས་བཅུར་ལྡན་པའི་མཆོད་པ་བཤམས། །ཕྱག་རྒྱ་བཟང་པོའི་རྗེས་ཕྱེ་བའི། །དག་པ་རྣམ་གསུམ་དྲན་པར་བྱ། །རྡོ་རྗེ་གསུམ་གྱི་ས་ཕྱོགས་སུ། །དང་པོ་ཁོ་ནར་ཆོས་སྐྱོང་བ། །གཏོར་མ་དག་ནི་སྦྱིན་པར་བྱ། །ཕྱི་ནས་རྡོ་རྗེ་བཞི་ཡིས་ནི། །ཕྱོགས་དང་མཚམས་སུ་སོང་བ་ནི། །བདུད་

ཀྱི་ཚོགས་རྣམས་ངེས་པར་བསྲེག །དཔལ་གྱི་རྡོ་རྗེའི་ས་ཕྱོགས་ན། །གནས་པ་ཡི་ནི་བདུད་ཀྱི་ཚོགས། །མ་ལུས་པར་ནི་ངེས་པར་བསྲེག །ཕྱི་ནས་འཁོར་ལོ་རྩིབས་བཅུ་ལ། །ཕྱོགས་དང་མཚམས་སུ་སོང་བ་ཡི། །ཁྲོ་བོའི་ཚོགས་ནི་བསྒོམ་པར་བྱ། །ས་ཡི་མཚམས་གྱི་མཐར་ཐུག་པར། །རིང་པོ་རུ་ནི་
མཐོང་གི་བར། །རྡོ་རྗེ་གསུམ་གྱི་ར་བ་གསུམ། །ས་ཡི་འཁོར་བར་སོང་བ་ནི། །ས་འོག་གནས་དང་ནམ་མཁར་རོ། །རྡོ་རྗེ་ཁང་པར་བརྩེགས་པར་ནི། །དབུས་སུ་འདབ་སྐྱེས་ཉི་མའི་ཁྲུ། །ལྟེ་བ་དང་ནི་གདན་ལ་ནི། །དུས་དང་ལག་པའི་ཁྲུར་གྱུར་པ། །དེ་ཡི་སྟེང་དུ་བདག་ཉིད་ནི། །དྲི་མ་དང་ནི་བྲལ་བ་
ཉིད། །འཁོར་ལོའི་དབུས་སུ་ཁྲོ་དབང་པོ། །ཕྱག་ནི་རྒྱལ་བ་གཉིས་ལྷག་པ། །དུས་ཀྱི་ཞལ་ཏེ་རྡོ་རྗེ་ཤུགས། །རྣལ་འབྱོར་མ་ཡིས་བསྒོམ་པར་བྱའོ། །དང་པོ་སྙིང་གའི་ཟླ་དབུས་སུ། །ཕྱོགས་བཅུ་རུ་ནི་སྣ་ཚོགས་ལ། །དེ་ཁོ་ན་ཡི་འོད་ཟེར་བསྒོམ། །ཁ་ལ་སོགས་པ་དག་བྱས་ཏེ། །སླར་ལ་ཡང་
ནི་ནམ་མཁའ་རུ། །འོད་ཟེར་སྤྲོས་པས་རྒྱལ་བ་དགུག །མཆོད་པ་སྣ་ཚོགས་བྱས་ནས་སུ། །སྲིད་པའི་སྡིག་པ་མང་པོ་ནི། །བསགས་པ་དེ་ནི་བཤགས་པར་བྱ། །གསུམ་ལ་སྐྱབས་སུ་འགྲོ་བ་དང་། །ལུས་དང་ངག་དག་སེམས་དག་པས། །སྒྲུབ་པ་པོ་ཡིས་བྱ་བ་ཡིན། །རྫོགས་སངས་རྒྱས་དང་བྱང་ཆུབ་
སེམས། །འཕགས་པའི་དགེ་འདུན་གང་མཛད་པའི། །དགེ་བ་རྣམ་པ་མང་པོ་ཡི། །མ་ལུས་དེ་ལ་རྗེས་ཡི་རང་། །ཉོན་མོངས་པ་དང་བྲལ་བ་ཡི། །བྱང་ཆུབ་སྤྱོད་པ་རྗེས་སུ་གནས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྲིད་པ་ཡི་ནི་འཇིགས་སེལ་བ། །བྱང་ཆུབ་ཐར་པར་སྐྱབས་སུ་མཆིའོ། །རྫོགས་
སངས་རྒྱས་སུ་བདག་གྱུར་ཅིག །ཅེས་པའི་སྨོན་ལམ་འདེབས་པ་ཡི། །འདི་ནི་སེམས་ཅན་དོན་གྱི་ཕྱིར། །འགྲོ་བ་མ་ལུས་འདི་དག་ནི། །དངོས་པོའི་ངོ་བོའི་རང་བཞིན་ནོ། །དངོས་དང་བྲལ་བ་སྟོང་པའོ། །དེ་ཕྱིར་སངས་རྒྱས་བྱང་ཆུབ་མེད། །གཞན་ལ་ཕན་པའི་སྙིང་རྗེ་ཡི། །མཚན་མ་མེད་པར་དམ་བཅས་
པའི། །དེ་ལྟར་མཐའ་དག་ཤེས་བྱས་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །བྱང་ཆུབ་སེམས་དཔའ་བསྒོམ་པར་བྱ། །དཔག་ཏུ་མེད་པའི་ཡོན་ཏན་ལྡན། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་གཙོ། །དང་པོར་འདི་ནི་སྡོམ་བརྩོན་གྱིས། །ཆུ་ཡིས་མེ་ནི་འཇིག་པ་ནི། །ལུས་ཀྱི་དབུས་སུ་བྱ་བ་ཡིན། །ཕྱིས་ནི་ས་ནི་

ཆུ་རུ་འགྱུར། །ཚྭ་བཞིན་ཆུ་ཡི་དབུས་སུ་ཞུགས། །རླུང་གིས་ཆུ་ནི་སྐམས་ནས་སུ། །ནམ་མཁའ་རུ་ནི་མི་སྣང་བར། །མྱུར་དུ་འགྲོའོ་དེ་ནས་ནི། །སེམས་དང་མེ་ནི་མུན་པའི་མཐར། །ཡུལ་དང་རྣམ་པར་བྲལ་བ་ནི། །དབུས་ཀྱི་ས་རུ་གཞག་པར་བྱ། །སྟོང་པ་རླུང་དང་མེ་དང་ཆུ། །ས་དང་རྒྱ་
མཚོ་རི་པདྨ། །ཟླ་བ་ཉི་མ་དང་ནི་མེ། །ཁང་པ་བརྩེགས་མ་ཀུན་ནས་ནི། །དྲི་མེད་འོད་ཟེར་འཕྲོ་བ་ཡི། །རྡོ་རྗེ་ལས་ནི་སྐྱེས་པའི་གུར། །དེ་ནང་རྡོ་རྗེའི་ས་གཞི་ལ། །སྣ་ཚོགས་ནོར་བུའི་འོད་ལྟ་བུ། །དཀྱིལ་འཁོར་ལ་ནི་རྣམ་འཕྲོ་བ། །ཨོཾ་གྱི་ཡེ་ཤེས་ལས་སྐྱེས་པ། །རྒྱལ་བ་དམ་པའི་པདྨ་ལ། །ཟླ་བ་ཉི་མ་དག་གི་
གདན། །ནང་དུ་བརྒྱད་གཉིས་ཀ་བ་ནི། །རིགས་གཙོ་ཡི་ནི་རང་བཞིན་ཏེ། །རྒྱལ་བའི་ལོངས་སྤྱོད་འཁོར་ལོ་ནི། །རྒྱལ་པོ་རིག་བྱེད་སྒོམ་རྣམས་ལ། །ནོར་བུ་གསེར་གྱི་རང་བཞིན་གྱི། །རྟ་བབས་དུར་ཁྲོད་རྣམས་ཀྱིས་བརྒྱན། །ཨ་སོགས་ཀ་སོགས་ཉི་མ་ཟླ། །རིགས་ཀྱི་གཙོ་དང་ལྷན་ཅིག་པ། །མེ་ལོང་ལྟ་བུ་ལ་
སོགས་པའང་། །དྲི་མ་མེད་པའི་འོད་འཕྲོ་བ། །འོད་ཟེར་ལྔ་ནི་འབྱེད་མཛད་པ། །དུས་ཀྱི་འཁོར་ལོ་བསྒོམ་པར་བྱ། །རྡོ་རྗེའི་རྒྱན་དང་ལྡན་པའི་ལུས། །རྒྱལ་བ་ཡི་ནི་ཕྱག་པདྨ། །ཉི་མའི་དཔུང་པ་དུས་ཀྱི་ཞལ། །མགྲིན་གསུམ་ཉི་མ་ཡི་ནི་སྤྱན། །ཞལ་གདངས་མཆེ་བ་གཙིགས་པ་ཡི། །དཔལ་ལྡན་ཨོཾ་ལས་
སྐྱེས་པའོ། །ནོར་གྱི་པདྨའི་འདབ་མ་ལ། །ཟླ་བ་ཉི་མ་མེ་ཡི་སྟེང་། །དྲག་པོ་འདོད་ལྷ་གཉིས་ཀྱི་ནི། །སྙིང་གར་ཤིན་ཏུ་རོལ་བའི་ཞབས། །རྒྱལ་བའི་དབང་པོ་གཡས་བརྐྱང་ཞབས། །མཆོག་གི་ཞབས་ཀྱི་འོག་ཏུ་ནི། །བདུད་ནི་དམར་པོ་གཡས་ཀྱིས་ཏེ། །དྲག་པོ་དཀར་པོ་གཡོན་གྱིས་སོ། །མགྲིན་པ་དབུས་དང་
གཡོན་དང་གཡས། །དཔུང་པ་ཉི་མ་ཟླ་བའི་མདོག །དེ་བཞིན་དུ་ནི་བརྒྱད་གསུམ་གྱི། །གཡས་པ་དང་ནི་གཡོན་པ་ཡི། །ཕྲག་པ་སྔོ་དང་དམར་པོ་དང་། །རི་བོང་འཛིན་པ་ལྟར་དཀར་བ། །གཡས་དང་གཡོན་དུ་གཉིས་ཀྱི་ཞབས། །དཔུང་པ་རྣམས་ནི་དཀར་མིན་དང་། །ཉི་མའི་མདོག་དང་ཟླ་བའི་མདོག །དེ་བཞིན་
དུ་ནི་བརྒྱད་གསུམ་གྱིས། །མཚོན་ཆ་རྣམས་དང་ལྷན་ཅིག་ཏུ། །ལག་པ་རྣམས་ནི་རིམ་པ་བཞིན། །སོར་མོ་ལ་ནི་ཚིགས་གསུམ་གསུམ། །རི་བོང་ཅན་ལག་པདྨ་ལ། །ཁ་དོག་ལྔ་ནི་འཕྲོ་བའོ། །ནག་པོ་དཀར་པོ་དམར་པོ་ཡི། །རབ་མཆོག་ལག་པའི་མཐིལ་དུ་ནི། །མཚོན་ཆའི་ཚོགས་ནི་ཡང་དག་གནས། །རྡོ་རྗེ་

རལ་གྲི་རྩེ་གསུམ་དང་། །སྲིད་པ་གསུམ་ནི་འཇིགས་པ་ཡི། །གྲི་གུག་དང་ནི་མེ་ཡི་མདའ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ཉིད། །སྒྲ་དང་བཅས་པའི་ཅང་ཏེའུ། །ཐོ་བ་དང་ནི་འཁོར་ལོ་ཉིད། །མདུང་དང་དབྱུག་པ་དགྲ་སྟ་ཉིད། །རྡོ་རྗེ་ཅན་གྱི་གཡས་པ་ཡི། །ཉི་མའི་ཕྱག་གིས་པདྨ་ལའོ། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ག །
ཁ་ནི་རྣམ་པར་ཕྱེ་བ་དང་། །ཁྲག་གིས་གང་བའི་ཐོད་པ་དང་། །གཞུ་དང་ཞགས་པ་རིན་ཆེན་དང་། །པདྨ་དང་ནི་ཆུ་ལ་སྤྱོད། །མེ་ལོང་དང་ནི་ལྕགས་སྒྲོག་དང་། །ཚངས་པ་རིག་བྱེད་གདོང་གིས་ནི། །མགོ་བོ་དང་ནི་པདྨ་ནི། །རྒྱལ་བའི་ཕྱག་ནི་གཡོན་པས་འཛིན། །དམན་པའི་གདོང་དུ་བྱེད་པ་ཡི། །ཞབས་ཀྱི་
འོག་ཏུ་མནན་པ་ནི། །བདུད་དང་དྲག་པོ་རང་ལྷ་མོ། །རིག་བྱེད་ཞལ་ཏེ་གསེར་ལྟ་བུ། །ནོར་གྱི་ཕྱག་ནི་པདྨ་ཡིས། །འཁྱུད་པ་སྣ་ཚོགས་ཡུམ་ཡིན་ནོ། །གཡས་ནི་གྲི་གུག་ལྕགས་ཀྱུ་དང་། །འཁྲོལ་བ་ཡི་ནི་ཅང་ཏེའུ། །བགྲང་ཕྲེང་རིམ་པ་བཞིན་དུའོ། །གཡོན་ན་ཉ་ཕྱིས་ཞགས་པ་དང་། །འདབ་མ་བརྒྱ་པའི་པདྨ་
དང་། །ནོར་བུ་བཟང་པོ་དེ་བཞིན་ཏེ། །གཡོན་བརྐྱང་བ་ལ་ཉི་མའི་སྤྱན། །རྒྱལ་བའི་བདག་པོའི་ཅོད་པན་ཅན། །ཕྱག་རྒྱ་རྣམས་ཀྱིས་རྒྱས་བཏབ་བོ། །ཕྱོགས་ཀྱི་པདྨར་སངས་རྒྱས་བཞི། །ངེས་པ་ཁོ་ནར་སྤྱན་ནི་དགུ། །དེ་ཡི་སྤྱན་དང་དུས་ཀྱི་ཕྱག །མཚམས་སུ་སྒྲོལ་མ་སོགས་ལྷ་མོ། །གཞན་ཡང་སླར་ཡང་འདི་
དག་གི །མཚམས་བརྒྱད་དུ་ནི་བུམ་པ་བརྒྱད། །ནག་པོ་དམར་པོ་སེར་པོ་དང་། །རི་བོང་འཛིན་པ་དཀར་པོ་ནི། །ལྷ་དང་ལྷ་མོ་རྣམས་ཀྱིའོ། །ནག་པོ་དམར་པོ་ཟླ་བ་ནི། །གཞན་ཡང་ཕྱོགས་བྲལ་དུ་སོང་བ། །དམར་པོ་སེར་པོ་ཉི་མའི་སྟེ། །རྩིག་པའི་ཕྱོགས་མཚམས་སོང་བ་ལ། །ནམ་མཁའི་སྙིང་པོ་ལ་སོགས་དང་། །
རེག་བྱའི་རྡོ་རྗེ་མ་ལ་སོགས། །ཤར་གྱི་གཡས་དང་གཡོན་པ་དང་། །ཕྱོགས་གཞན་གྱི་ནི་པདྨ་ལ། །ཀུན་དུ་བཟང་པོ་དེ་བཞིན་དུ། །དཔལ་ལྡན་ཕྱག་ན་རྡོ་རྗེ་དང་། །སྒྲ་ཡི་རྡོ་རྗེ་ཉིད་དང་ནི། །ཆོས་ཀྱི་དབྱིངས་ནི་རིམ་པ་བཞིན། །ལྐུགས་དང་རེངས་དང་ང་རྒྱལ་ཅན། །རབ་སྟོབས་ཞེས་པ་འདི་དག་ནི། །སྒོ་སྐྱོང་ཤར་ལ་
སོགས་པར་རོ། །རི་བོང་འཛིན་པའི་པདྨ་ལ། །ཤེས་རབ་དང་ནི་ཐབས་བྱུང་བ། །ལྷ་རྣམས་དང་ནི་ལྷ་མོ་རྣམས། །ཕན་ཚུན་དུ་ནི་འཁྱུད་པ་གཉིས། །རང་གི་ལག་པ་ཆུ་སྐྱེས་ནི། །རང་རང་མཚན་མ་རྣམས་དང་ལྡན། །གང་གི་གཡས་སུ་མཚན་མ་གང་། །དང་པོ་ཡི་ནི་ལག་པ་ལ། །དེ་ཕྱིར་ཕྱག་རྒྱ་དང་བྲལ་བའོ། །ཤེས་

རབ་ཐབས་ཀྱི་འཁོར་ལོ་ཡིས། །མཆོག་ཏུ་བདེ་བ་ཡི་ནི་གནས། །པདྨ་རྡོ་རྗེའི་གདན་ལ་སོགས། །ནག་པོ་རྣམས་ཀྱིས་རལ་གྲི་གུག །གནས་རྣམས་འཇིགས་པར་བྱེད་པ་དང་། །གཡས་ཀྱི་ལག་ན་རྩེ་གསུམ་མོ། །གཡོན་ན་ཕུབ་དང་ཐོད་པ་དང་། །ཁ་ཊྭཱཾ་ག་ནི་དཀར་པོ་ནི། །ལག་པའི་མཐིལ་ན་
ཡོད་གྱུར་ཏེ། །དམར་པོ་རྣམས་ཀྱི་དེ་བཞིན་དུ། །མདའ་དང་རྡོ་རྗེ་ལྕགས་ཀྱུ་དང་། །སྒྲ་དང་བཅས་པའི་ཅང་ཏེའུ། །གཡས་ཀྱི་ཕྱག་ན་རིམ་པ་བཞིན། །གཡོན་ནི་གཞུ་དང་ཞགས་པ་དང་། །ནོར་བུ་དྲི་མ་མེད་འཕྲོ་བ། །སེར་པོ་རྣམས་ཀྱི་འཁོར་ལོ་དབྱུག །འཇིགས་པར་བྱེད་པའི་རྡོ་རྗེ་ནི། །གཡས་ཀྱི་ལག་པར་
རིམ་པ་བཞིན། །གཡོན་ན་དཔལ་ལྡན་ལུ་གུ་རྒྱུད། །དྲིལ་བུའི་སྒྲ་དང་བཅས་པར་འགྱུར། །རི་བོང་འཛིན་པ་དཀར་རྣམས་ཀྱི། །གཡས་ན་དཔལ་གྱི་ཐོ་བ་དང་། །མདུང་དང་རྩེ་གསུམ་པ་ནི་ཉིད། །གཡོན་ན་པདྨ་དཀར་པོ་ཉིད། །འདབ་མ་བརྒྱད་དང་བཅས་པ་དང་། །མེ་ལོང་དང་ནི་བགྲང་ཕྲེང་ངོ་། །ལྗང་གུ་
རྣམས་ཀྱི་གཡས་པ་ལ། །རྡོ་རྗེ་གྲི་གུག་དགྲ་སྟ་ནི། །རིམ་པ་བཞིན་དུ་འགྱུར་བ་ཡིན། །གཡོན་ན་དྲིལ་བུ་ཐོད་པ་དང