Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 14
Văn bản gốc(Tây Tạng)
Trang 23 / 23 (50.000 ký tự/trang)
ས་གཅིག་ཏུ་འགྱུར་ཏེ་རླུང་དང་ལྷན་ཅིག་ཟླ་བ་དང་ཉི་མ་འགགས་ཤིང་སྒྲིབ་པ་མེད་པར་གྱུར་པ་ནའོ། །གང་མཆོག་ཏུ་མི་འགྱུར་བའི་བདེ་བ་བྱུང་བ་དེ་ནི་སྨྲ་བར་ མི་ནུས་པ་ཉིད་ཀྱི་ཕྱིར་དེ་ལྟར་ཉམས་སུ་མྱོང་བས་རྟོགས་པར་བྱ་བ་ཨེ་ཡིག་དང་ཝཾ་ཡིག་གི་བདག་ཉིད་དེ་བརྗོད་པ་ཅན་གསུམ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་བདེན་པ་ཉིད་གསུངས་སོ། །མཚན་མའི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། འཁོར་ལོ་ཞེས་པ་ལ་སོགས་པས་སོ། །སྲིད་གསུམ་ཞེས་པ་ཀུན་ ནས་རྨོངས་པ་རྣམས་སྨིན་པའི་ཆེད་དུ་རྣམ་པར་སྣང་མཛད་ཀྱི་འཁོར་ལོ་ཤིན་ཏུ་དང་བའོ། །སྲིད་པ་གསུམ་པོ་འདི་ཉིད་ཀྱི་བདེ་བའི་དོན་དུ་རིན་ཆེན་འབྱུང་ལྡན་གྱི་རིན་ཆེན་ནོ། །སྒྲིབ་པ་མེད་པའི་འདུ་ཤེས་ཀྱི་ཆོས་ཀྱིས་ཆགས་པ་ཅན་རྣམས་ཀྱི་ཆགས་པ་ཆེན་པོའི་རྒྱུར་འོད་དཔག་ཏུ་མེད་པའི་པདྨའོ། ། ཉོན་མོངས་ཟད་པ་ཞེས་པ་དོན་ཡོད་གྲུབ་པའི་རལ་གྲིའོ། །མི་ཕྱེད་པའི་ཡེ་ཤེས་སྐུ་ཞེས་པ་མི་བསྐྱོད་པའི་རྡོ་རྗེའོ། །མི་ཤེས་གཅོད་པ་ཞེས་པ་རིགས་དྲུག་པའི་གྲི་གུག་གོ། །རིགས་དྲུག་པོ་འདི་རྣམས་ཀྱིས་མཁའ་བཞིན་རོ་མཉམ་རྣམ་པར་འགྱུར་བ་མེད་པའི་གཟུགས་ལ་སོགས་པའི་རང་ བཞིན་རྣམས་སོ། །གསུངས་པ་ཡང་། རྡོ་རྗེ་སེམས་དཔའ་གཅིག་པུ་འདི་ནི་འཇིགས་པའི་སྤྲིན་དང་མཚུངས་པའི་ཧེ་རུ་ཀ་འདི་བྱུང་བར་གྱུར། གདུག་པ་རྣམས་ནི་སྨིན་པའི་དོན་དུའོ། །དེ་ཡང་། དམ་ཚིག་རྒྱལ་བ་རྨོངས་པ་རྣམས་ནི་བདེ་དོན་དུ། །རིན་ཆེན་དབང་པོ་སྡུག་བསྔལ་ལྡན་པ་ རྣམས་ཀྱིའོ། །དེ་ཡང་པད་འཛིན་ཆགས་ཅན་རྣམས་ཀྱི་ཆགས་པའི་རྒྱུར། །བགེགས་རྣམས་གཞིག་པའི་དོན་དུ་ཕྱག་གི་པདྨ་རལ་གྲི་ཅན་གྱི་དོན་ཡོད་གྲུབ་པར་བྱུང་བར་གྱུར། །ཞེ་སྡང་ལས་ནི་སྣ་ཚོགས་ཡུམ་གང་འཇིག་དུས་རྩེ་མོ་ཅན་མཚུངས་མཁའ་འགྲོ་མ་དེ་བྱུང་བར་གྱུར། །གཏི་མུག་ ལས་ནི་སྤྱན་མ་ཞེས་བྱའོ་མཆོག་གི་ཐུགས་རྗེས་མཱ་མ་ཀཱི་ནི་ང་རྒྱལ་རྒྱུ་ལས་སོ། །ཆགས་ལས་གོས་དཀར་ཅན་ཞེས་བྱ་སྟེ་མཐའ་དག་ཡོན་ཏན་གཏེར་གྱི་སྒྲོན་མ་དེ་ཡང་ཕྲག་དོག་ལས། །སྣ་ཚོགས་གཟུགས་ཅན་གཉིས་འདི་དག་དང་ཡུལ་དང་ཡུལ་ཅན་གཞན་རྣམས་ཐམས་ཅད་རྣམས་ཀྱང་ བྱུང་བར་གྱུར། །ཞེས་སོ། །རིགས་ཀྱི་གཟུགས་ནི་ཐ་མལ་པའི་གཟུགས་སོ། །འཁོར་བའི་སྡུག་བསྔལ་ལ་སོགས་པའི་ཚོར་བའོ། །དེ་བཞིན་དུ་ཕྱི་མ་ལ་ཡང་ངོ་། །མཐོང་དང་མ་མཐོང་བ་ནི་བར་ཆོད་པ་དང་མ་ཆོད་པའོ། །ཡིད་ཀྱི་ནམ་མཁའ་ལ་ནི་སེམས་མེད་པའི་སེམས་ལའོ། །བདེ་ མཉམ་ལ་ནི་མི་འགྱུར་བའི་བདེ་བ་ལའོ། །ཆོས་ནི་ཆོས་ཀྱི་དབྱིངས་ལའོ། །འདིས་ནི་འདི་སྐད་གསུངས་ཏེ། །ཀུན་ལ་ཕྱག་དང་ཞབས་ལ་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ཁྱབ་གནས་གནས་པའོ། །ཞེས་སོ། །གཟུགས་ལ་ནི་གཟུགས་ བརྙན་ལ་སྟེ་མི་འགྱུར་བའི་བདེ་བ་ལ་གཟུགས་ལ་སོགས་པ་རྣམས་མ་སྐྱེས་ཤིང་མ་འགགས་པ་རྣམས་སོ་ཞེས་པའོ། །རྙོག་མེད་ནི་ལུས་དང་སེམས་རྩུབ་པ་རྣམས་ཀྱིས་མ་དཀྲུགས་པའོ། །ཡེ་ཤེས་ཀྱིས་རྟོགས་བྱ་ནི་མཆོག་ཏུ་མི་འགྱུར་བའི་རིག་པའོ། །དབང་པོའི་སྒོས་རྟོགས་པར་བྱ་བའི་ གཟུང་བར་བྱ་བ་གཞན་ཡོད་པ་མིན་ནོ་ཞེས་པ་ལྷག་མའོ། །སངས་རྒྱས་རྣམས་ཀྱིས་རྟོགས་བྱ་མིན་པ་ནི་འདི་ཉིད་ཀྱིས་ཞེས་སོ་སོར་རྟོགས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཀྱི་སྟེ་རྡོ་རྗེ་འཛིན་པའི་སྤྲུལ་པ་སྒྱུ་མ་ལྟ་བུ་སྣ་ཚོགས་ཡུམ་ནི་སངས་རྒྱས་སྤྲུལ་པ་སྒྱུ་མའོ། །བརྒྱ་བྱིན་དྲ་བ་ནི་མིག་འཕྲུལ་ ལོ། །ཆུ་ལ་ནམ་མཁར་མཐོང་བའི་འཁྲུལ་པ་དེ་དང་འདྲ་བར་སྐྱེ་བ་ཁོ་ནར་འདིར་འཁྲུལ་པ་སྟེར་བའོ། །རོའི་རྡོ་རྗེ་རྣམས་ནི་དེ་བཞིན་གཤེགས་པ་དྲུག་རྣམས་སོ། །ས་གཞིའི་སྙིང་པོ་ལ་སོགས་པ་རྣམས་ནི་སའི་སྙིང་པོ་ལ་སོགས་པ་རྣམས་སོ། །གྲུབ་པའི་དུས་སུ་ནི་ཕྱག་རྒྱ་ཆེན་པོ་གྲུབ་པའི་དུས་སུའོ། །ཐོ་རངས་ལ་ ནི་སྐྱ་རེངས་འཆར་བའི་དུས་ལའོ། །མཚན་མོ་ཕྱེད་ལ་ཡང་སྟེ་དེ་ཡང་འགྲུབ་པའི་དུས་ཡིན་པ་ཉིད་ཀྱི་ཕྱིར་རོ། །རི་བོང་ཅན་གྱི་ཞག་ནི་ཟླ་བ་ཉ་བ་ལའོ། །འདོད་པའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །དུས་ཀྱི་སྦྱོར་བ་ལས་ནི་ཕྱོགས་གསུམ་དང་ལོ་གསུམ་གྱི་སྦྱོར་བ་ལས་སོ། །རྡོ་རྗེའི་ གནས་ནི་དེ་ཁོ་ན་ཉིད་ཀྱི་གནས་ཏེ་ལྷག་པར་གནས་པ་ཀུན་ནས་འབྱུང་བའི་མཚན་ཉིད་ཅན་ནོ། །དཔལ་དང་པོའི་སངས་རྒྱས་ལ་སོགས་པ་རྒྱུད་སྣ་ཚོགས་པ་རྣམས་ཀྱི་ཞེས་པ་ལ་སོགས་པའི་སྒྲས་ནི་དཔལ་འདུས་པ་དང་བདེ་མཆོག་དང་ཀྱེའི་རྡོ་རྗེ་དང་མཁའ་འགྲོ་མ་རྡོ་རྗེའི་གུར་རྣམས་བསྡུའོ། །གང་གི་བླ་མ་ལ་གུས་ ཕོངས་ལ་བརྩེ་དང་འཕགས་པ་འཇམ་པའི་དཔལ་གྱི་ནི། པདྨ་བསྟེན་ཞིང་རང་བཞིན་ངག་དག་ཆོས་ནི་ཉན་པར་བྱེད་ལ་ཤིན་ཏུ་ཆགས། །དཔལ་ལྡན་སྐྱོང་མཆོག་འདྲེན་པ་ཞེས་པར་གྲགས་པ་དེ་ཡིས་ཆོས་ལ་གནས་པ་ལ། །ཕྱི་ཕྱིར་གསོལ་བ་བཏབ་པས་ཡན་ལག་དྲུག་པོ་འགེངས་བྱེད་བརྗེད་བྱང་ བདག་གིས་སྤྲོས། །རྣལ་འབྱོར་ཡན་ལག་དྲུག་གི་བརྗེད་བྱང་ནི། །བདག་གིས་བྱས་ནས་གང་ཞིག་ཐོབ་པ་ཡི། །དགེ་བ་འདི་ཡིས་འཇིག་རྟེན་མ་ལུས་པ། །མཆོག་ཏུ་འགྱུར་བ་མེད་པ་ཐོབ་པར་ཤོག །མཁས་པ་ཆེན་པོ་གནས་བརྟན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་རྣལ་འབྱོར་ཡན་ལག་ དྲུག་གི་བརྗེད་བྱང་ཡོན་ཏན་གྱིས་འགེངས་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བི་བྷཱུ་ཏི་ཙནྡྲས་རུ་ལག་གི་སྙིང་པོ་འབྲིང་མཚམས་ཀྱི་སའི་ཆ་དཔལ་རྒྱ་རྟགས་ཀྱི་གཙུག་ལག་ཁང་དུ་བསྒྱུར་བའོ། །འདིའི་གཞུང་གི་ཚད་ནི་ཕྱེད་དང་བཅས་ པའི་བརྒྱ་ཕྲག་དྲུག་གོ། །སླར་ཡང་ལོ་ཙཱ་བའི་མིང་ཙམ་འཛིན་པ་སྙོམ་ལས་པ་དཔང་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས། དཔལ་དུས་ཀྱི་འཁོར་ལོའི་ཚུལ་ལ་མོས་ཤིང་བློའི་སྣང་བ་ཆེར་རྒྱས་པའི་སློབ་དཔོན་ཆེན་པོ་གྲགས་པ་དཔལ་བཟང་པོའི་བཀས་བསྐུལ་ཏེ་བསྒྱུར་ཅིང་ཞུས་ ཆེན་གྲུབ་པའོ། །པཎ་ཆེན་རྣལ་འབྱོར་ཟླ་བའི་རང་འགྱུར་ལ། །ཕྱེད་ཙམ་མ་བསྒྱུར་འོལ་བྱིར་མཛད་པ་ལས། །བློ་གྲོས་བརྟན་པས་སྒྲ་དོན་ཇི་བཞིན་བསྒྱུར། །དགེ་དེས་འགྲོ་ཀུན་ཀུན་མཁྱེན་མྱུར་ཐོབ་ཤོག །འདིས་འགྲོ་བ་ཤིན་ཏུ་མང་པོ་ལ་ཕན་པར་གྱུར་ཅིག། །།