Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 14
Văn bản gốc(Tây Tạng)
Trang 21 / 23 (50.000 ký tự/trang)
དབུས་མ་རིམ་པ་མ་ཡིན་པས་གསུངས་སོ། །མ་བརྗོད་པ་ཡན་ལག་སྔ་མ་དེ་ཉིད་ནི་སྔ་མ་དང་ཕྱི་མ་བརྗོད་པའི་ཡན་ལག་གི་ཤུགས་ཉིད་ལས་རྟོགས་པར་བྱ་སྟེ། དཔེར་ན་འདི་ཉིན་མོར་བྱེད་པའོ་ཞེས་བརྗོད་པ་ན་ གཞན་མཚན་མོར་བརྗོད་པ་ཞེས་མ་བརྗོད་ཀྱང་ཤུགས་ཉིད་ལས་ཉེ་བར་ཐོབ་པ་བཞིན་ནོ། །དེ་ལྟར་ཕན་ཚུན་ལྟོས་པའི་ཆོས་ནི་མ་བརྗོད་པའི་ཆོས་ལས་ཐོབ་པོ། །དེའི་ཕྱིར་རྒྱུད་འདིར་རེ་རེས་བར་བཅད་པའི་ཡན་ལག་ཕྱི་མ་གསུམ་བསྟན་ཏེ། དབུས་སུ་གསུངས་པའི་ཡན་ལག་སྔ་མར་བྱ་བ་ འདིར་བླ་མའི་གདམས་ངག་ལས་སོ་ཞེས་རིག་པར་བྱ་སྟེ། ཐམས་ཅད་དུ་དེ་ཡིས་རྟོགས་པར་བྱའོ། །ཡང་ན་བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཆེར་འགྲེལ་གྱིས་ཏེ། རྣམ་པ་གཞན་དུ་མཁས་པ་ཉིད་ཀྱི་མངོན་པའི་ང་རྒྱལ་དུ་གྱུར་པ་རྣམས་ཀྱིས་བྱས་པའི་འགྲེལ་པས་ནི་མ་ཡིན་ནོ་ཞེས་ པའོ། །དེའི་ཕྱིར་འདིར་ཡན་ལག་གསུམ་བསམ་གཏན་དང་ཞེས་པ་ལ་སོགས་པ་དེས་རྟོགས་པར་བྱའོ། །རྒྱུད་གཞན་དུ་གསུངས་པའི་ཡན་ལག་དྲུག་པོ་རྣམས་ཀྱིས་འདིར་ཡང་མདོར་བྱས་པའི་དོན་ཡན་ལག་གསུམ་གྱིས་རྟོགས་པར་བྱའོ། །འདིར་འདུས་པ་ཕྱི་མར་བཅོམ་ལྡན་ འདས་ཀྱིས་གསུངས་པ། སོ་སོར་སྡུད་དང་བསམ་གཏན་དང་། །དེ་བཞིན་སྲོག་རྩོལ་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་སོ། །དེའི་ཕྱིར་བསམ་གཏན་གྱི་སྔོན་དུ་སོ་སོར་སྡུད་པར་རིག་པར་བྱའོ། །སྔགས་བཟླས་པའི་སྔོན་ དུ་སྲོག་རྩོལ་བར་རིག་པར་བྱའོ། །འདིར་སྔགས་བཟླས་པའི་སྒྲས་མ་ནིང་གི་བཟླས་པའམ་རྡོ་རྗེའི་བཟླས་པ་སྟེ་སྲོག་རྩོལ་བར་བརྗོད་པར་བྱའོ། །བདེ་བའི་སྔོན་དུ་རྗེས་སུ་དྲན་པ་རིག་པར་བྱ་སྟེ། འདིར་བདེ་བའི་སྒྲས་ཏིང་ངེ་འཛིན་བརྗོད་པར་བྱའོ། །དེ་ལྟར་ཡན་ལག་དྲུག་པོ་འདི་རྣམས་ཀྱིས་ རྣལ་འབྱོར་པ་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་རོ། །ཐུན་མོང་གི་ཕྱི་རོལ་གྱི་རྣལ་འབྱོར་པ་ཉིད་འཇིག་རྟེན་པ་འགྲུབ་བོ། །ལས་དང་པོ་པ་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་སྔགས་བཟླས་པས་ཏེ་སོ་སོར་སྡུད་པའི་མིང་ཅན་གྱིས་དང་བསམ་གཏན་གྱིས་ཏེ་དཀྱིལ་འཁོར་གྱི་འཁོར་ ལོ་ལ་སོགས་པ་སྒོམ་པའི་སེམས་དང་བདེ་བ་ཡིས་ཏེ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་འགྱུར་བ་དང་གཡོ་བའི་བདེ་བས་འཇིག་རྟེན་པའི་བདེ་བས་འོག་མིན་གྱི་སྲིད་པའི་མཐར་ཐུག་པ་ཞེས་པའོ། །དེ་ལྟར་རིམ་པ་གཉིས་ཀྱིས་འཇིག་རྟེན་པ་དང་། འཇིག་རྟེན་པ་ལས་འདས་ པའི་རྣལ་འབྱོར་པ་ཉིད་འགྲུབ་བོ། །འདིར་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཉིད་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་འགྲུབ་པར་འགྱུར་བ་ཇི་ལྟ་བ་དེ་ལྟར་བརྗོད་པར་བྱའོ། །འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་མིག་ལ་སོགས་ པའི་དབང་པོ་རྣམས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་མི་འཇུག་པར་ནང་གི་ཡུལ་རྣམས་ལ་ལྷའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་འཇུག་པ་སྟེ། ནང་དུ་སྟོང་པ་ཉིད་ལ་དམིགས་པས་ནི་དངོས་པོ་ཐམས་ཅད་སྟོང་པ་ ལ་མཐོང་བ་མ་བརྟགས་པ་པྲ་ཕབ་པས་མེ་ལོང་ལ་གཞོན་ནུ་མས་མཐོང་བ་ལྟ་བུར་འགྱུར་རོ་ཞེས་པ་སོ་སོར་སྡུད་པའི་ཡན་ལག་ཏུ་བརྗོད་དེ། ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བའི་ཕྱིར་རོ། །དེ་ནས་བསམ་གཏན་ཞེས་བྱ་བ་ནི་སྟོང་པའི་ཆོས་ཐམས་ཅད་མཐོང་བར་ འགྱུར་བ་ལ་ཤེས་རབ་ཅེས་བྱ་བ་འདི་རྣམས་ལ་སེམས་འཇུག་པ་དང་། རྟོག་པ་ཞེས་བྱ་བ་སེམས་ཀྱི་དངོས་པོ་རྟོགས་པ་དང་། དགའ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལ་སེམས་གནས་པ་དང་། གཡོ་མེད་བདེ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལས་བདེ་བ་ ཀུན་ཕུན་སུམ་ཚོགས་པ་སྟེ། དེ་ལྟར་ལྔ་ནི་བསམ་གཏན་གྱི་ཡན་ལག་ཏུ་བརྗོད་དོ། །དེ་ནས་སྲོག་རྩོལ་ཞེས་བྱ་བ་ལ་ལ་ནཱ་དང་། ར་ས་ནཱ་གཡོན་པ་དང་གཡས་པའི་ལམ་འགགས་པས་དབུ་མ་ཨ་ཝ་དྷཱུ་ཏཱིའི་ལམ་དུ་སྲོག་གི་རླུང་རྟག་ཏུ་འཇུག་པ་སྟེ། དགང་བ་དང་བུམ་པ་ཅན་དང་། དབྱུང་བའི་སྦྱོར་བས་ཨ་ཝ་དྷཱུ་ཏཱི་རུ་ཨོཾ་ཡིག་གིས་འཇུག་པ་དང་། ཧཱུཾ་ཡིག་གིས་འགོག་པ་དང་། ཨཱཿཡིག་གིས་དབྱུང་བ་ཟླ་བ་དང་། སྒྲ་གཅན་དང་། ཉི་མའི་རང་བཞིན་གྱིས་རྣལ་འབྱོར་པས་བྱེད་དོ་ཞེས་པའོ། །དེ་ནས་འཛིན་པ་ཞེས་བྱ་བ་སྲོག་དབང་ཆེན་དང་། ཆུ་དང་མེ་ དང་རླུང་གི་དཀྱིལ་འཁོར་ལ་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བར་ཞུགས་པ་ཕྱི་རོལ་དུ་འགྲོ་བ་མེད་པར་ཐིག་ལེ་ལ་སྲོག་འཇུག་པ་ཞེས་བྱ་བ་འཛིན་པའི་ཡན་ལག་ཏུ་བརྗོད་པར་བྱའོ། །དེ་ནས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་མཐོང་བ་ གཟུགས་བརྙན་གྱི་རྣམ་པ་ཅན་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ལས་འོད་ཟེར་དུ་མ་འཕྲོ་བའི་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་ཏེ། དེ་ལས་རྣམ་པ་དུ་མའི་འོད་ཟེར་འཕྲོ་བའི་ངོ་བོ་ཅན་ཁམས་གསུམ་པ་སྤྲོ་བའོ་ཞེས་པ་རྗེས་སུ་དྲན་པའི་ཡན་ལག་ཏུ་བརྗོད་པར་བྱའོ། །དེ་ནས་ཏིང་ངེ་ འཛིན་ཞེས་བྱ་བ་ནི་འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས་གང་འགྱུར་བ་མེད་པའི་བདེ་བ་ཐོབ་པ་སྟེ། དེ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་གཟུང་བ་དང་། འཛིན་པ་དང་བྲལ་བའི་སེམས་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། །འདིར་ཡན་ལག་ དྲུག་གི་རྣལ་འབྱོར་མདོར་བསྡུས་པས་གསུངས་པ་སྟེ། རྒྱས་པར་མངོན་པར་བརྗོད་པ་འབུམ་པའམ་མཆོག་གི་དང་པོའི་སངས་རྒྱས་བླ་མ་དམ་པའི་མན་ངག་གིས་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆེད་དུ་རྟོགས་པར་བྱའོ། །འདིར་ཡན་ལག་དྲུག་གི་དང་པོའི་ལམ་སྒོམ་པའི་ མན་ངག་རྒྱུད་གཞན་རྣམས་སུ་ཡང་གསུངས་ཏེ། འདིར་དཔལ་འདུས་པ་ཕྱི་མར་བསྙེན་པ་དང་། སྒྲུབ་པ་དང་ཉེ་བའི་བསྒྲུབ་པ་དང་། བསྙེན་པའི་དུས་སུ་གཙུག་ཏོར་ཆེའི། །གཟུགས་བརྙན་འབད་པས་རྣམ་བསྒོམ་བྱ། །ཉེ་བའི་བསྒྲུབ་པའི་དུས་སུ་ནི། །བདུད་རྩི་འཁྱིལ་བའི་གཟུགས་ བརྙན་ནོ། །རྣལ་འབྱོར་བརྩོན་པས་སྒྲུབ་པ་ལ། །ལྷ་ཡི་གཟུགས་བརྙན་བསྒོམ་བྱ་སྟེ། །སྒྲུབ་པ་ཆེན་པོའི་དུས་སུ་ནི། །སངས་རྒྱས་ཁྱབ་བདག་གཟུགས་བརྙན་ནོ། །ཞེས་སོ། །དེ་ལ་དགོངས་པའི་སྐད་ཅིག་གཞན་གྱིས་གཙུག་ཏོར་ཆེན་པོའི་གཟུགས་བརྙན་ནི་ཁམས་གསུམ་པ་མ་ ལུས་པ་ནམ་མཁའ་ཆོས་འབྱུང་ལ་ཐུགས་རྡོ་རྗེ་རབ་ཏུ་བཞག་ནས་བསྙེན་པའི་དུས་སུ་སྟེ་ཐོག་མའི་དུས་སུ་སོ་སོར་སྡུད་པ་བསྒོམ་པར་བྱ་ཞིང་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ། །འདིར་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་ནི། བསམ་པ་ཐམས་ཅད་ཡོངས་ སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་བརྟག་བྱ། །གལ་ཏེ་ཡིད་ཆེས་མེད་པ་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་སོ། །འདིར་ཡིད་ཆེས་བྱེད་པ་ནི་དུ་བ་ལ་སོགས་པའི་མཚན་མ་སྟེ། གཞན་སྔགས་ལ་སོགས་པའི་ཉི་མ་གཅིག་གིས་བསྒྲུབ་པར་བྱ་བ་ནི་མ་ཡིན་ཏེ། གང་གི་ སྔགས་པ་རྣམས་ཀྱིས་ཡིད་ཆེས་པ་འབྱུང་བར་འགྱུར་བའོ། །དེས་ན་ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་ཏེ། རྟེན་མེད་པར་བྱས་ནས་ཟབ་མོ་སྟོང་པ་ལ་དམིགས་པ་མེད་པར་བསྒོམ་པར་བྱ་སྟེ། ཡིད་ཆེས་བྱེད་དུ་འགྱུར་རོ། །ཡིད་ཆེས་བྱེད་པ་དེ་ཡང་དུ་བ་ལ་སོགས་པ་རྣལ་འབྱོར་ པས་བསྒོམ་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་བཞིན་དུ། བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཞེས་བྱེད་པ་མིག་ལ་སོགས་པ་རྣམས་ཀྱིས་ས་གསུམ་སངས་རྒྱས་ཀྱི་གཟུགས་བརྙན་དུ་བསྒྲུབ་པར་བྱ་སྟེ། དེའི་མན་ངག་ནི་བླ་མའི་ ཞལ་ལས་རྟོགས་པར་བྱའོ། །དེ་ལ་བླ་མའི་མན་ངག་ཅེས་བྱ་བ་ནི་ནམ་མཁའ་ལ་རྣལ་འབྱོར་པས་དང་པོར་དུ་བ་མཐོང་སྟེ་སྨིག་རྒྱུ་ནི་མ་ཡིན་ཞེས་པ་རང་གཉིས་སུ་མཐོང་བ་ཤེས་པར་བྱེད་པར་འགྱུར་རོ། །ཕྱི་ནས་སྨིག་རྒྱུ་སྟེ་དུ་བ་ལ་སོགས་པ་ནི་རྟོག་པ་དང་བྲལ་བ་པྲ་ཕབ་པ་ལྟ་བུ་ཞེས་པའོ། །དེ་ ལྟར་ཐོག་མར་དུ་བའི་མཚན་མའོ། །སྨིག་རྒྱུ་ནི་མཚན་མ་གཉིས་པའོ། །མཚན་མ་གསུམ་པ་ནི་མཁའ་སྣང་ངོ་། །མར་མེ་ནི་མཚན་མ་བཞི་པའོ། །སྤྲིན་མེད་པའི་ནམ་མཁའ་ནི་མཚན་མ་ལྔ་པའོ་ཞེས་འདུས་པ་ཕྱི་མ་དང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་བཅོམ་ལྡན་ འདས་ཀྱིས་གསུངས་སོ། །དེ་ལས་སྟེང་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་འཇུག་བྱེད་པ། །ཕྱི་ནས་སྒྱུ་མའི་རྣམ་པ་སྟེ། །རྨི་ལམ་རྣམ་པ་སྐད་ཅིག་ལས། །ཞེས་པ་ལ་སོགས་པའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ གསུང་ལས་དུ་བ་ལ་སོགས་པའི་མཚན་མ་ནི་དང་པོར་བསྒོམ་པའི་ཡིད་ཆེས་བྱེད་དུ་འགྱུར་རོ། །ཁ་ཅིག་གྲུབ་པའི་དུས་སོ་ཞེས་སྨྲ་བར་འགྱུར་བ་དེ་རྣམས་ཐམས་ཅད་དེ་བཞིན་གཤེགས་པའི་དམ་བཅའ་བ་འཇིག་པར་བྱེད་པ་སྟེ། བསམ་པ་ཐམས་ཅད་ཡོངས་སྤངས་ནས། ཉིན་ཞག་གཅིག་ ནི་ཡོངས་སུ་བརྟག །ཡིད་ཆེས་བྱེད་ཅེས་པའི་བཅོམ་ལྡན་འདས་ཀྱི་གསུང་ལ་ཐོ་འཚམས་པའོ། །དེ་གྲུབ་པའི་དུས་སུ་འཇིག་རྟེན་གྱི་ཁམས་དུ་བ་ལ་སོགས་པ་གང་སྒྱུ་མ་དང་རྨི་ལམ་ལྟ་བུ་དེ་ནི་མཚན་མར་མི་འགྱུར་ཏེ། དངོས་སུ་དུ་བ་དང་འབར་བ་ལ་སོགས་པས་སྲེག་པའི་བྱ་བ་ནུས་པའི་ཕྱིར་རོ། །དེ་ བཞིན་དུ་གུར་ཀུམ་དང་མེ་ཏོག་དང་རིན་པོ་ཆེ་དང་གསེར་ལ་སོགས་པའི་ཆར་པ་ཡང་ངོ་། །དེའི་ཕྱིར་ཡན་ལག་དྲུག་གི་རྣལ་འབྱོར་ལས་དུ་བ་ལ་སོགས་པར་འགྱུར་རོ་ཞེས་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡན་ལག་དྲུག་བསྒོམས་དེ་ལས་ནི། །སླར་ཡང་རང་ བྱིན་བརླབ་པ་སྟེ། །བྱིན་རླབས་རྣམ་པའི་རིམ་པ་ཡིས། །ཕྱི་ནས་མཚན་མ་མཚོན་པར་བྱ། །ཞེས་པའོ། །འདིར་རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ་ནི་སོ་སོར་སྡུད་པས་ཀུན་རྫོབ་ཀྱི་བདེན་པ་མཐོང་བའོ། །མཚན་མ་ཞེས་བྱ་བ་ནི་སྤྲིན་དང་དུ་བ་ལ་སོགས་པ་དང་འདྲ་བར་སྣང་བ་སྟེ། དེ་ཡང་སྒྲོན་མའི་མཐར་ཐུག་པ་ཐོག་མར་མཐོང་ངོ་། །དེར་སྤྲིན་མེད་པའི་ནམ་མཁའ་དྲི་མ་མེད་པའོ། །རྒྱུད་རྣམས་སུ་གཞན་འབར་བ་ལ་སོགས་པའི་ཐིག་ལེའི་མཐར་ཐུག་པ་སྟེ། སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་གྱི་ལེའུར་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ནམ་མཁའ་ལས་ བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་ཚིགས་སུ་ བཅད་པ་གཉིས་ཀྱིས་མཚན་མ་ཡང་བཅོམ་ལྡན་འདས་ཀྱིས་དགོངས་པའི་སྐད་གཞན་གྱིས་གསུངས་སོ། །སྔར་བརྗོད་པའི་སྤྲིན་མེད་པའི་ནམ་མཁའ་ལ་སྣང་བརྙན་གང་ཡིན་པ་དེ་ནི་ནམ་མཁའ་ལས་བྱུང་རང་བྱུང་བའོ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ་སྟེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ པའི་སེམས་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །དེས་ན། ཤེས་རབ་ཡེ་ཤེས་མེ་ཞེས་པ་ནི་འབར་བ་ལྟར་སྣང་བའོ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཅེས་པ་ཟླ་བ་ལྟར་སྣང་བའོ། །དེ་ཁོ་ན། ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པའོ། །འགྲོ་བའི་མར་མེ་ཞེས་པ་ཉི་མ་ལྟར་སྣང་བའོ། ། གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པ་གློག་ལྟར་སྣང་བའོ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །ཞེས་ཐིག་ལེ་སྣང་བ་སྟེ། ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཅན་ནོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་ཁམས་གསུམ་པའི་ དངོས་པོ་རྣམ་པ་ཐམས་ཅད་ལ་ལྟར་སྣང་བ་སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་དང་མཚུངས་པའི་རྣམ་པས་སོ་སོར་སྡུད་པར་མཐོང་ངོ་། །མིག་གི་དབང་པོའི་བྱེད་པ་དང་། དེ་ནས་སྲོག་རྩོལ་བཅིང་བ་སྟེ་བྱེད་པ་འདི་རྣམས་ཀྱིས་དང་བཅིང་བའི་སྦྱོར་བས་ས་གསུམ་པོ་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་མཚན་ཉིད་ཅན་བརྟན་པ་དང་། གཡོ་བའི་རང་བཞིན་གྱིས་བདག་ཉིད་བསྒྲུབ་པར་བྱ་ཞེས་པའོ། །དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་ དང་ལྡན། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་ཏེ་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་པས་སོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་བཞིན་དུ་དཔལ་འདུས་པར་བཅོམ་ལྡན་འདས་ཀྱིས་གསུངས་པ། དངོས་པོ་མེད་ལ་སྒོམ་པ་མེད། ། སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་འགྱུར། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་སོ། །འདིར་དངོས་པོ་མེད་པ་སྒྲིབ་མེད་པའི་ནམ་མཁའ་ལ་སྒོམ་པ་ནི་སོ་སོར་སྡུད་པ་སྟེ་དེ་ཁོ་ན་དངོས་པོ་མེད་པ་ལ་བསྒོམ་པ་མེད་ཅེས་སོ། །སྒོམ་པ་སྒོམ་ པ་ཉིད་མ་ཡིན། །ཞེས་པ་འདིར་སོ་སོར་སྡུད་པ་སྒོམ་པའི་དངོས་པོ་མེད་པ་སྤྲིན་མེད་པའི་ནམ་མཁའ་ལ་གང་སྒོམ་པ་དེ་ནི་སྒོམ་པ་སྒོམ་པ་ཉིད་མ་ཡིན་པར་འགྱུར་ཏེ། རྣམ་པར་རྟོག་པ་བསྒོམ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དངོས་པོ་གང་ཞིག་སོ་སོར་སྡུད་པས་མཐོང་བ་དེ་ནི་ དངོས་པོ་དངོས་མིན་འགྱུར་ཏེ། རྣམ་པར་མ་བརྟགས་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་མཐོང་བའི་ཕྱིར་རོ་ཞེས་པའོ། །དེའི་ཕྱིར་སོ་སོར་སྡུད་པ་བསྒོམ་པ་ལ་རྣམ་པར་རྟོག་པའི་སྒོམ་པ་དམིགས་པར་མི་འགྱུར་རོ་ཞེས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། བསྒོམ་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་པ་འདི་ལྟ་སྟེ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་ དུ་བྱེད་པ་དེ་ཅི་ལྟར་རྣལ་འབྱོར་དུ་བྱེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ནི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པའོ། །ཀཽ་ཤི་ཀ་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པར་སེམས་པ་དེ་ནི་གང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བར་སེམས་པའོ་ཞེས་སྤྲིན་མེད་པའི་ནམ་མཁའ་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་པྲ་ཕབ་དང་མཚུངས་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་སོ་སོར་སྡུད་པ་དང་བསམ་གཏན་གྱིས་བསྙེན་པའི་ཡན་ལག་བརྗོད་དོ། །དེ་ནས་བདུད་རྩི་ འཁྱིལ་པའི་གཟུགས་བརྙན་གྱི་མིང་གིས་དགོངས་པའི་སྐད་གཞན་གྱིས་རླུང་གསུངས་སོ། །དེ་ཡང་རྣམ་པ་ལྔ་སྟེ། དེ་སྐད་དུ་འདུས་པ་ཕྱི་མར་བཅོམ་ལྡན་འདས་ཀྱིས་གསུངས་པ། རིན་ཆེན་ལྔ་ཡི་རང་བཞིན་དབུགས། །སངས་རྒྱས་ལྔ་ཡིས་བྱིན་རླབས་པ། །གོང་བུའི་ གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་བྱ། །ཞེས་སོ། །འདིར་རིན་ཆེན་ལྔའི་སྒྲ་ཡིས་ར་ས་ནཱའི་དཀྱིལ་འཁོར་ལྔ་ཡིས་ཆོས་ཅན་ས་ལ་སོགས་པའི་ཁམས་རྣམས་སོ། །དེའི་རང་བཞིན་གྱི་དབུགས་ནི་རིན་ཆེན་ལྔ་ཞེས་པ་སྟེ་སྣའི་བུ་ག་གཡས་སུའོ། །དེ་བཞིན་དུ་ སངས་རྒྱས་ལྔ་ནི་ལ་ལ་ནཱའི་དཀྱིལ་འཁོར་ལྔའི་ཆོས་ཅན་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་རྣམས་ཏེ། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དབུགས་ནི་སྣ་བུག་གཡོན་པར་རོ་ཞེས་པའོ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །ཞེས་པ་ལ་འདིར་གང་བུ་ནི་ གཡས་པ་དང་། ཅིག་ཤོས་ཀྱི་དཀྱིལ་འཁོར་རྣམས་ཀྱི་སྲོག་གི་རླུང་དབུ་མ་ཨ་ཝ་དྷཱུ་ཏཱིར་གཅིག་པ་ཉིད་དོ་ཞེས་པའོ། །སྲོག་གི་རླུང་དེ་ཡང་། གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་བྱ། །འདིར་སྣའི་སྒྲས་ནི་ལྟེ་བ་དང་། །སྙིང་ག་དང་། མགྲིན་པ་དང་ དཔྲལ་བ་དང་། གཙུག་ཏོར་གྱི་པདྨའི་ཟེ་འཔྲུར་བརྗོད་དེ་དེའི་རྩེ་མོར་རོ། །རྣམ་བསྒོམ་བྱ་ནི་ལྟེ་བ་དང་ལྟེ་བའི་དབུས་སུ་སྟེ་པདྨའི་འདབ་མ་ལ་ནི་མ་ཡིན་ནོ། །དེ་ལྟར་ཐིག་ལེའི་གནས་སུ་གོང་བུའི་གཟུགས་ཀྱིས་སྲོག་འགོག་པ་དེ་ཉིད་ཀྱིས་དེའི་འཛིན་པར་བརྗོད་དོ། །དེ་ལྟར་ ཡན་ལག་གཉིས་ཀྱིས་ཉེ་བའི་བསྒྲུབ་པ་སྟེ་བདུད་རྩི་འཁྱིལ་པའི་གཟུགས་བརྙན་གྱིས་ཞེས་པའོ། །ཉེ་བའི་བསྒྲུབ་པ་དེ་ཉིད་རྡོ་རྗེའི་བཟླས་པ་ཞེས་བརྗོད་པར་བྱ་སྟེ། དབུ་མ་དབྱེར་མེད་པའི་ཡན་ལག་གིས་བཟླས་པར་བྱའོ་ཞེས་པ་སྲོག་གཡོན་པ་དང་གཡས་པའི་རྩ་ལ་རྒྱུ་བ་ མེད་པས་སོ། །གཙུག་ཏོར་གཟུགས་བརྙན་མཐོང་བས་ན། །ཕྱི་ནས་སྔགས་པས་སྲོག་རྩོལ་བྱ། །བླ་མའི་མན་ངག་དང་དགོངས་པའི་སྐད་ཀྱིས་རྟོགས་པར་བྱའོ་ཞེས་པ་ནི། སྲོག་རྩོལ་བ་དང་འཛིན་པ་སྟེ་ཉེ་བའི་བསྒྲུབ་པ་བརྗོད་དོ། །དེ་ནས། བསྒྲུབ་པ་ལ་ནི་ལྷ་ཡི་གཟུགས། ། ཞེས་པ་འདིར་འཛིན་པའི་སྟོབས་ཀྱིས་ལྟེ་བར་གནས་པའི་གཏུམ་མོ་འབར་བ་རྣལ་འབྱོར་པས་མཐོང་སྟེ། སྒྲིབ་པ་ཐམས་ཅད་དང་བྲལ་བ་པྲ་ཕབ་པ་ལྟ་བུ་ཕྱག་རྒྱ་ཆེན་མོ་འོད་ཟེར་གྱི་སྤྲིན་མཐའ་ཡས་པ་སྤྲོ་བར་བྱེད་པ་འོད་ཟེར་གྱིས་དཀྱིལ་འཁོར་དུ་རྣམ་པར་གསལ་བ་ནི་རྗེས་སུ་དྲན་པ་ སྟེ་གྲུབ་པར་བརྗོད་དོ། །འཛིན་པའི་མཐར་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་པ་ངེས་པའོ། །དེར་དེ་ལྟར་ཡེ་ཤེས་ཀྱི་མེ་ལྕེས་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་བསྲེགས་པ་གཅིག་ཏུ་འདྲེས་པར་གྱུར་ཏེ། གཡོན་པ་དང་གཡས་པའི་རྩར་ སོན་པ་རྣམ་པར་ཤེས་པ་ལ་སོགས་པ་དང་ས་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་རྣམས་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་རབ་ཏུ་ཞུགས་པ་རྣམས་སོ། །དེ་ནས་གཏུམ་མོའི་ཡེ་ཤེས་ཀྱི་མེ་ལྕེས་ཟླ་བ་ཞུ་བར་གྱུར་པ་ནི་དེ་བྱང་ཆུབ་སེམས་ཐིག་ལེའི་གཟུགས་ཀྱིས་འོག་ཏུ་སོང་བ་ ནི་མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བའི་པདྨར་དགའ་བ་དང་། མཆོག་དགའ་དང་། ཁྱད་དགའི་དགའ་བའི་རང་བཞིན་དང་། དེ་ནས་རྡོ་རྗེ་ནོར་བུ་ཇི་སྲིད་པའི་བར་དུ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱིས་སོ་ཞེས་པའོ། །ཡང་རྣམ་པ་སྣ་ཚོགས་པ་ དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བའི་རང་བཞིན་གྱིས་སོ་ཞེས་སོ། །དེ་ལྟར་ཆ་བཅུ་དྲུག་གང་བ་ནོར་བུའི་ནང་ཇི་སྲིད་པར་སོན་པ་གང་གི་ཚེ་བསྒོམས་པའི་སྟོབས་ཀྱིས་བདེ་བ་འབྲེལ་ཏེ། འཛག་པའི་བདེ་བ་དང་འདྲ་བའོ་ཞེས་པ་ནི་དཔེ་ ཙམ་སྟེ་རང་གི་ངོ་བོས་ནི་དབང་པོ་གཉིས་ལས་སྐྱེས་པའི་བདེ་བས་མཆོག་ཏུ་མི་འགྱུར་བའི་བདེ་བའི་གནས་སྐབས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཅན་གྱིས་བྱེ་བ་སྟོང་གི་ཆར་ཡང་མི་ཕོད་དོ། །གནས་སྐབས་དེ་ནི་བྱིས་པའི་རྣལ་འབྱོར་པས་ཅི་ཡང་རྣམ་པར་ཤེས་པར་བྱ་བ་མ་ཡིན་པའོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོང་ཉིད་བྱང་ཆུབ་ཅེས་བརྗོད་དེ། འཇིག་རྟེན་ལ་གྲགས་པའི་མེད་པ་ཉིད་ཀྱི་རྗེས་སུ་འགྲོ་བ་ནི་མ་ཡིན་ནོ། །དེ་ལྟར་ཡན་ལག་དྲུག་གི་རྣལ་འབྱོར་གྱི་སྔགས་བཟླས་པ་དང་། བསམ་གཏན་དང་བས་རྣལ་འབྱོར་པ་རྣམས་སངས་རྒྱས་ཉིད་དུ་འགྲུབ་པར་ འགྱུར་ཏེ། བསོད་ནམས་མཆོག་ཏུ་དག་བྱེད་སྡིག་པ་འཇིག་བྱེད་པ། སྐྱེ་བ་འདི་ཉིད་ལ་ཞེས་པ་སྒྲུབ་པ་པོའི་ངེས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སླར་ཡང་དེ་ཉིད་དུ་འདིར་རྣམ་པ་ཐམས་ཅད་རྣམ་པ་མེད་ནི་རྒྱུ་སྟེ། སོ་སོར་སྡུད་པས་གང་ཞིག་མཐོང་བའི་དངོས་པོ་ བུམ་པ་དང་སྣམ་བུ་ལ་སོགས་པ་དང་པྲ་ཕབ་པ་དང་མཚུངས་པ་སོ་སོར་སྣང་བ་ལས་རྣམ་པ་ཐམས་ཅད་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་མངོན་སུམ་གྱིས་མཐོང་བའི་ཕྱིར་ཞེས་པའོ། །རྣམ་པ་མེད་ནི་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་མ་འདས་པ་སྟེ་རྟོག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། ། བཙུམས་ཤིང་མ་བཙུམས་པའི་མིག་གིས་རྟོགས་པར་བྱ་བ་གང་ཡིན་པ་དེའི་ཕྱིར་གཟུགས་མ་ཡིན། གཟུགས་ལས་གཞན་པ་ཡང་མ་ཡིན། མིག་གིས་དང་མིག་མེད་པར་རྟོགས་པར་བྱ་བ་ཡང་མ་ཡིན་ནོ། །དེ་ལྟར་རྣམ་པ་ཐམས་ཅད་རྣམ་པ་མེད་ནི་རྒྱུ་སྟེ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཆེན་པོ་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའོ་ཞེས་པ་ལ་སོགས་པའོ། །དོན་འདི་ཉིད་དཔལ་ཀྱེའི་རྡོ་རྗེའི་བཤད་པར་བྱང་ཆུབ་སེམས་དཔའ་ཆེན་པོ་དཔལ་རྡོ་རྗེ་སྙིང་པོ་ཞབས་ཀྱིས་གསུངས་པ་འདི་ལྟ་སྟེ། སྔར་བཤད་པའི་ཤེས་རབ་དང་ཐབས་དག་གི་དོན་ དམ་པའི་སྒོམ་པ་བརྗོད་པར་བྱ་སྟེ། དངོས་པོ་བསྒོམ་བྱ་ཞེས་པ་ལ་སོགས་པའོ། །འདིར་ནམ་མཁའ་ལ་དངོས་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུ་སྟེ། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ། །དེ་ཡོངས་ཤེས་པ་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། རྣམ་པར་རྟོག་པ་དང་བྲལ་ བའི་སེམས་ཀྱིས་སྣང་བརྙན་མཐོང་བའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ནི་མངོན་སུམ་ཞེས་བརྗོད་པར་བྱའོ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་རྒྱུད་ཕྱི་མར་ས་བཅུའི་དབང་ཕྱུག་འཇམ་དཔལ་ཞབས་ཀྱིས་གསུངས་པ། སྟོབས་བཅུའི་སྟོབས་དང་ལྡན་པས་སོ་སོར་སྡུད་ སོགས་དྲུག་པོ་རྣམས་ཀྱིས་སྟོང་པ་ཉིད་ནི་སྒོམ་པ་གསུངས། །མཚན་མོའི་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་མཁའ་ལ་འབར་བ་ལ་སོགས་རྣམས་ཀྱང་ངོ་། །སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ནམ་མཁའི་མཐིལ་དུ་སོན་པ་དུས་གསུམ་གཟུགས་རྣམས་མཐོང་བར་བྱེད། ། དེ་ལ་བསམ་གཏན་གྱིས་སེམས་བརྟེན་པར་ཡང་ནི་བྱེད་དེ་ཕྱི་རོལ་དངོས་པོ་རྣམས་ནི་རྣམ་པར་སྤོང་། །སྲོག་གི་རྩོལ་བས་རི་བོང་ཅན་དང་ཉི་མ་དང་བྲལ་མུན་པ་ཅན་དུ་སྲོག་རླུང་འབབ་པར་འགྱུར། །སླར་ཡང་འབྱུང་བ་དང་ནི་འཇུག་པས་དམན་པར་བྱེད་དེ་འཛིན་པའི་ཡན་ལག་གིས་ནི་ ཐིག་ལེར་རོ། །རྗེས་སུ་དྲན་པས་མཁའ་ལ་རི་བོང་ཅན་བཞིན་རང་གི་གཟུགས་ལས་འོད་ཟེར་ཆེན་པོར་རྒྱུ། །ཏིང་ངེ་འཛིན་གྱིས་ཁུ་བ་རྡོ་རྗེ་ལས་ནི་མགོ་བོར་བགྲོད་བྱེད་དྲི་མེད་བདེ་བས་རབ་གང་བའོ། །ནམ་མཁའི་ལྟ་བས་གཏི་མུག་མཐའ་ཉིད་དུ་ནི་བྱེད་པར་འགྱུར་ཏེ་ སྟོང་པ་ཉིད་ནི་མཐོང་བས་སོ། །ནང་གི་ལྟ་བས་འདོད་ཆགས་མཐའ་ཉིད་དུ་ནི་བྱེད་པར་འགྱུར་ཏེ་སྲོག་གི་རླུང་ནི་འགགས་པ་ནའོ། །ལུས་མེད་ལྟ་བས་ཞེ་སྡང་མཐའ་ཉིད་དུ་ནི་བྱེད་པར་འགྱུར་ཏེ་ཁུ་བ་དྲི་མེད་བདེ་བ་ལས། །སྲོག་གི་ལྟ་བས་ང་རྒྱལ་མཐའ་ཉིད་དུ་ནི་བྱེད་པར་འགྱུར་ཏེ་ གཞོམ་མེད་ཚངས་པའི་དབྱངས་ལས་སོ། །སྲོག་དང་རྩོལ་བ་འགགས་ན་སངས་རྒྱས་གཟུགས་ལས་དྲི་མ་དང་བྲལ་དཀྱིལ་འཁོར་དམ་པར་འགྱུར། །གསང་བ་ལྟེ་བ་སྙིང་གའི་ཆུ་སྐྱེས་མགྲིན་པ་མགོ་བོ་གཙུག་ཏུ་ས་ཟུང་རིམ་པས་སོ། །ཁུ་བ་སྟེང་དུ་སོན་དང་འོག་ཏུའང་རྡུལ་གྱིས་ གཞོམ་དུ་མེད་པའི་དབྱངས་ལས་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དྲི་མ་རྣམ་བྲལ་གང་གིས་སངས་རྒྱས་སྟོན་པ་པོ། །ཁྱི་ལ་སོགས་པའི་ཤ་ཡི་མིག་སྟེ་རང་བཞིན་ཡོན་ཏན་དབང་ལས་ལྷ་ལ་སོགས་པའི་ལྷ་ཡི་མིག །རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱི་མི་ཡི་སྙིང་ལ་སོན་པ་སངས་ རྒྱས་སྤྱན་ནི་གསུམ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲི་མ་དང་བྲལ་དག་པའི་ཤེས་རབ་སྤྱན་ནི་བཞི་པར་རབ་ཏུ་འགྱུར། །སངས་རྒྱས་རྣམས་ཀྱིས་ཐམས་ཅད་གཟིགས་ཤིང་དྲི་མ་གསུམ་དང་རྣམ་བྲལ་ཡེ་ཤེས་སྤྱན་ནི་ལྔ་པའོ། །འཛག་མེད་དགའ་བ་ཁུ་བ་རྡོ་རྗེ་ཡང་སྟེ་དེ་འཛིན་ པ་ལས་ངེས་པར་རྡོ་རྗེ་འཛིན་པའོ། །ས་བོན་ལུས་ཀྱི་ཐིག་ལེ་ཡབ་སྟེ་ལྟེ་བའི་འཁོར་ལོར་བདེ་བ་གང་ཞིག་ཛི་ན་ཛིག་ཅེས་སོ། །དེ་ནས་མཚོན་བྱ་མཚོན་པར་བྱེད་པ་སྙིང་གར་མཆོག་གི་བདེ་བ་མགོན་པོ་ཨཱ་རོ་ལྀ་ཀ་ཉིད་དོ། །དེ་ནི་རིག་བྱ་རིག་བྱེད་གང་གིས་མགྲིན་པར་གཡོ་མེད་བདེ་བ་ འཛིན་པ་དེ་ཡང་རཏྣ་དྷྲྀཀ །གང་གི་སྤྱི་བོའི་རྒྱུད་དུ་ཁུ་བ་དྲི་མ་མེད་པའི་བདེ་བ་འཛིན་པ་འདི་ནི་པྲཛྙཱ་དྷྲྀཀ །གཙུག་ཏོར་ཚངས་པའི་བུ་གར་འགྱུར་བ་མེད་པ་མཆོག་གི་བདེ་བ་དགའ་བ་བཅུ་དྲུག་གང་བ་ནི། །གང་ཞིག་ཤེས་རབ་རང་བཞིན་མེད་པ་མཆོག་གི་རི་བོང་ཅན་ཆ་བཅུ་དྲུག་པ་སྟེ་ཉ་ཡི་ མཐར། །གང་གི་རིག་མ་དགའ་བ་དེ་ནི་རྡོ་རྗེ་དང་བཅས་མགོ་བོར་དྲུག་པ་རྡོ་རྗེ་སེམས་དཔའོ། །ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉི་ག་ཡི་ཡང་སྲོག་གི་རླུང་ནི་རྟག་འགགས་ལ། །ཆུ་སྐྱེས་རྡོ་རྗེར་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཆེན་ལ་ནི་རབ་ཏུ་ཞུགས། །དངོས་དང་དངོས་མེད་ གཅིག་གྱུར་རྣམ་གསུམ་འཇིགས་པ་སྤོང་ཞིང་གཞོམ་མེད་ལེགས་པར་རབ་ཏུ་རྟོགས་པ་ན། །དེ་ཡི་དུས་ན་རྣལ་འབྱོར་པ་དེ་གང་ལ་གཉིས་ནི་ཅུང་ཟད་ཡོད་པ་མཆོག་གི་གོ་འཕང་འགྲོ། །སྲོག་དང་ཐུར་སེལ་འགགས་པར་གྱུར་ན་རི་བོང་འཛིན་པ་བསྐྱོད་པ་ཉི་མའི་གཟུགས་ལ་རབ་ཏུ་འགྲོ། །རྡོ་རྗེ་ པདྨར་རབ་ཏུ་སད་ན་སླར་ཡང་འདི་ནི་ཉི་མའི་གཟུགས་ཀྱིས་མེ་ལྕེས་ཞུ་བར་བྱེད། །རླུང་དང་ཟླ་བ་ཉི་མ་འགགས་པར་གྱུར་ན་རྣམ་པར་ཤེས་པ་དང་ནི་ཡེ་ཤེས་གཅིག་ཏུ་འགྱུར། །དེ་ལྟར་ཨེ་ཝཾ་དང་ནི་དེ་བཞིན་དེ་ལྟར་རྣམ་གསུམ་དུ་འགྱུར་གཞན་ནི་ཅུང་ཟད་ཡོད་མ་ཡིན། །འཁོར་ལོ་སྲིད་གསུམ་ ཀུན་ནས་དང་པ་ཞེས་པའོ་འདི་བདེ་བ་རིན་ཆེན་ཆགས་པ་ཉིད། །པདྨོའི་ཉོན་མོངས་ཟད་པ་རལ་གྲི་རྡོ་རྗེ་ཡེ་ཤེས་སྐུ་ནི་ཆེན་པོ་མི་ཕྱེད་པའོ། །མི་ཤེས་གཅོད་པ་གྲི་གུག་མཆོག་གི་རིགས་དྲུག་རྣམས་ཏེ་འདི་རྣམས་ཀྱིས་ནི་བསྐྱོད་པ་གང་། །ཕུང་པོ་ཁམས་དང་དབང་པོ་སོགས་རྣམས་མཁའ་ བཞིན་རོ་མཉམ་དེ་ཡང་དེ་བཞིན་རིག་པར་བྱ། །གོང་དུ་ངེས་པར་རིགས་ཀྱི་གཟུགས་ནི་ཉམས་པ་ཉིད་གྱུར་དེ་ནི་ཆེན་པོའི་གཟུགས་སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཚོར་བ་ཆེན་པོར་གསུངས། །གང་དུ་འཁོར་བའི་འདུ་ཤེས་མཐར་ བྱེད་ཉིད་གྱུར་དེ་ནི་རྡོ་རྗེའི་འདུ་ཤེས་ཆེན་པོའོ། །གང་དུ་འཁོར་བ་འཕེལ་བ་ཉམས་པ་ཉིད་གྱུར་དེ་ནི་རྡོ་རྗེ་འདུ་བྱེད་ཁོ་ནའོ། །གང་དུ་གཉིད་ལ་སོགས་པའི་གནས་སྐབས་ཉམས་པ་ཉིད་གྱུར་དེ་ཡང་རྣམ་པར་ཤེས་པར་གསུངས། །གང་དུ་མི་ཤེས་དངོས་པོ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ ཐུབ་པའི་ཡེ་ཤེས་ཉིད། །འདི་རྣམས་རྣམ་པར་སྣང་མཛོད་ལ་སོགས་དམ་པའི་རྒྱལ་བ་མཆོག་རྣམ་དྲུག་སྟེ་རིགས་དྲུག་རྣམས། །གཞན་ནི་ཁམས་དྲུག་དབྱེ་བ་རྣམས་ཏེ་ས་དང་མེ་དང་ཆུ་རླུང་ནམ་མཁའ་ཞི་བ་རྣམས། །གང་དུ་གཏི་མུག་མཐའ་དག་མཐར་བྱས་ཉིད་གྱུར་སྤྱན་མ་ ཡིན་ཏེ་དེ་ནི་འཛིན་མའོ། །གང་དུ་ང་རྒྱལ་མཐའ་དག་ཉམས་པ་ཉིད་གྱུར་མཱ་མ་ཀཱི་སྟེ་དེ་ནི་ཆུ་ཉིད་དོ། །གང་དུ་འདོད་ཆགས་མཐའ་དག་ཉམས་པ་ཉིད་གྱུར་གོས་དཀར་མོ་སྟེ་དེ་ནི་མེ་རུ་འགྱུར། །གང་དུ་ཕྲག་དོག་མཐའ་དག་ཉམས་པ་ཉིད་གྱུར་དེ་ནི་སྒྲོལ་མའོ་དེ་ནི་རླུང་ཡང་ངོ་། ། གང་དུ་ཞེ་སྡང་མཐའ་དག་ཉམས་པ་ཉིད་གྱུར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་མཁའ། །གང་དུ་སེར་སྣ་ཐམས་ཅད་ཉམས་པ་ཉིད་གྱུར་དེ་ནི་སྣ་ཚོགས་ཡུམ་སྟེ་དེ་ནི་འགྱུར་མེད་དོ། །མཐོང་ངམ་མ་མཐོང་གཟུགས་ནི་ཡིད་ཀྱི་ནམ་མཁའ་ལ་ཡང་ལྟ་བར་བྱེད་པ་གང་དེ་མིག །རིང་ནས་སྒྲ་ནི་རབ་ ཏུ་གསལ་བ་བཞིན་དུ་ཐོས་འདི་རྒྱལ་བའི་རྣ་བ་ཆེན་པོའོ། །མཆོག་གི་བདེ་བ་བྱེད་པའི་དྲི་ཀུན་འཛིན་པ་དེ་ནི་ཁྱབ་བདག་གི་ཡང་སྣ་བཟང་པོ། །རང་གི་ཟླ་བ་བདུད་རྩི་བདེ་བ་སྟེར་བའང་རྟག་ཏུ་མྱོང་བར་བྱེད་པ་གང་དེ་ལྕེ། །རྡོ་རྗེའི་རེག་བྱ་ཀུན་ནས་འཛིན་པ་གང་དེ་རྟག་ཏུ་རྡོ་རྗེ་ལུས་ཀྱི་དབང་པོ་སྟེ། ། ཤེས་རབ་ཐབས་དང་རབ་ཏུ་འགྲོགས་ལས་ཡིད་ནི་མཉམ་ལ་འཇུག་གང་དེ་ནི་འདི་ཡི་ཆོས། །དབྱེ་བ་དྲུག་གིས་ཕྱེ་བའི་ཡུལ་དང་ཡུལ་ཅན་འདི་རྣམས་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས། །གཟུགས་བརྙན་ལ་ནི་གཟུགས་སོགས་འདི་རྣམས་རྒྱལ་བ་མཆོག་གི་ཡུལ་རྣམས་རྣམ་དྲུག་ ཀུན་ནས་ནི། །དང་ཞིང་མ་སྐྱེས་མ་འགགས་མཆོག་གི་བདེ་བྱེད་རྙོག་མེད་ཡེ་ཤེས་ཀྱིས་ནི་རྟོགས་བྱ་སྟེ། །གཞན་གྱིས་གཟུང་བྱ་ཁམས་གསུམ་དུ་ནི་མཐའ་དག་འགྲོ་བའི་དབང་པོའི་སྒོ་ཡིས་རྟོགས་བྱ་མིན། །སངས་རྒྱས་རྣམས་ཀྱིའང་རྟོགས་བྱ་མིན་པ་དཔག་མེད་ཡོན་ཏན་དང་ལྡན་སངས་ རྒྱས་སྤྲུལ་པ་སྒྱུ་མ་ནི། །སྲིད་གསུམ་གནས་སུ་བདག་ཉིད་སྟོན་པར་བྱེད་དེ་བརྒྱ་བྱིན་དྲ་བ་ཉིད་བཞིན་ཉིད་དུའོ། །སྣ་ཚོགས་དངོས་རྣམས་ཀྱིས་ཕྱེ་རྒྱལ་བ་དང་བཅས་ལྷ་རྣམས་ཀྱི་རང་སེམས་ལ་རབ་ཞུགས་པ། །འདི་ནི་མ་སྐྱེས་ཆོས་ཏེ་ཆུ་ལ་ནམ་མཁའ་བཞིན་དུ་འདི་ལ་སྐྱེ་བར་འཁྲུལ་པ་སྟེར་ བའོ། །ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་གཞིའི་སྙིང་པོ་སོགས། །རབ་ཏུ་དགའ་བའི་ཐུགས་ཅན་རྣམས་ནི་རྣལ་འབྱོར་པ་ལ་འགྲུབ་པའི་དུས་སུ་མཁའ་ལ་མངོན་སུམ་འགྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཐོ་རངས་དང་ནི་མཚན་ མོའི་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་ཆར་པ་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འགྱུར། །དང་པོའི་སངས་རྒྱས་ལས་འདིར་རྡོ་རྗེའི་ཚིག་འདི་རབ་ཏུ་གསལ་བར་མདོར་བསྟན་པ་དང་རྒྱས་པར་བཤད་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་དོ། །འདི་ཉིད་ཀྱི་ སྒྲུབ་ཐབས་ཕྱག་རྒྱ་ཆེན་པོའི་སྒོམ་པ་དུ་བ་ལ་སོགས་པའི་མཚན་མ་ཅན་གྱི་ལམ་གསལ་བར་མཛད་དེ། སྟོང་པར་རྩེ་གཅིག་ཡིད་བྱས་ནས། །ཉི་མ་གཅིག་ནི་བརྟག་པར་བྱ། །ཞེས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་མཆོག་གི་དང་པོའི་སངས་རྒྱས་སུ་རྡོ་རྗེའི་ཚིག་ཕྱག་རྒྱ་ཆེན་ པོ་སྒོམ་པའི་ལམ་དུ་བ་ལ་སོགས་པ་རབ་ཏུ་གསལ་བ་སྟེ། བླ་མ་བརྒྱུད་པའི་རིམ་པས་འོངས་པ་སྟེ། བླ་མའི་བཀའ་ཡིས་བྱིན་གྱིས་བརླབས་པ་མ་ཡིན་ནོ་ཞེས་པའོ། །ལམ་འདིའི་རབ་ཏུ་གསལ་བ་ལ་ཉིན་དང་མཚན་མོར་ཡིད་ཆེས་པ་ཡོད་དེ། ཉིན་ཞག་གཅིག་ནི་བརྟག་པར་བྱ། །ཞེས་ བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །འདིར་དུ་བ་ལ་སོགས་པའི་མཚན་མ་བོར་ནས་གཞན་སྔགས་ལ་སོགས་པའི་སྒྲུབ་ཐབས་ཀྱིས་རྣལ་འབྱོར་པས་བརྟག་པར་བྱ་བ་མ་ཡིན་ནོ། །མཚན་མ་ཡང་རྣམ་པ་གསུམ་སྟེ། །དང་པོའི་མཚན་མ་དང་། མཐའི་མཚན་མའོ། །དང་ པོའི་མཚན་མ་ནི་དུ་བ་ལ་སོགས་པའི་ལམ་རྣལ་འབྱོར་ཡན་ལག་དྲུག་གི་གཟུགས་བརྙན་གྲུབ་པར་མི་འགྱུར་བའི་སྐད་ཅིག་ཐོབ་པའོ། །མཚན་མ་བར་མ་ནི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་རྣམས་ཀྱིས་ས་དང་པོ་ཐོབ་པ་དང་། མངོན་པར་ཤེས་པ་ལྔ་དང་། །མ་ མཐོང་བའི་དོན་ཡང་དག་པར་མཐོང་བ་དང་། འཇིག་རྟེན་པའི་དངོས་གྲུབ་འཐོབ་པའོ། །མཐའི་མཚན་མ་ནི། སངས་རྒྱས་ཉིད་དང་། རྡོ་རྗེ་འཆང་ཉིད་དེ་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དྲུག་བརྒྱས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་ཀྱིས་ས་བཅུ་གཉིས་ཐོབ་པ་ཕྱག་རྒྱ་ཆེན་ པོའི་དངོས་གྲུབ་ཐོབ་པོ་ཞེས་པའོ། །རྡོ་རྗེའི་ཚིག་ལ་སོགས་པ་མཚན་མ་སྔོན་མ་ཅན་འདི་རབ་ཏུ་གསལ་བར་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་སུ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ་ཞེས་པའོ། །དཔལ་ལྡན་མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པར་རྒྱུད་སྣ་ཚོགས་པ་ རྣམས་ཀྱི་རྣལ་འབྱོར་ཡན་ལག་དྲུག་རྫོགས་སོ།། །།འདི་ནི་མཁས་པ་དཔེ་མེད་པས་བསྲུངས་པའི་ཞབས་ཀྱིས་མཛད་པའོ། །ལ་སྟོད་དིང་རིའི་གླང་འཁོར་མཁན་པ་ཁྲོད་དུ་རྒྱ་གར་ཤར་ཕྱོགས་ཛ་གད་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲ་དང་། གཉལ་གྱི་ལོ་ ཙཱ་བ་མི་མཉམ་བཟང་པོས་བསྒྱུར་བའོ།། །།སླར་ཡང་ལོ་ཙཱ་བའི་མིང་ཙམ་འཛིན་པ་སྙོམ་ལས་བ་བསོད་སྙོམས་པ་དཔལ་ལྡན་བློ་གྲོས་བརྟན་པས། དཔལ་དུས་ཀྱི་འཁོར་ལོའི་ཚུལ་ལ་ལྷག་པར་མོས་ཤིང་བློ་གྲོས་ཀྱི་སྣང་བ་ཆེར་རྒྱས་པའི་སློབ་དཔོན་ཆེན་པོ་ཆོས་གྲགས་དཔལ་ བཟང་པོའི་བཀས་བསྐུལ་ཏེ། སྒྲ་དོན་ཇི་ལྟ་བ་བཞིན་དུ་བསྒྱུར་ཞིང་ཞུ་ཆེན་གྲུབ་པའོ། །འདིས་འགྲོ་བ་ཤིན་ཏུ་མང་པོ་ལ་ཕན་པར་གྱུར་ཅིག། ༄༅༅། །རྒྱ་གར་སྐད་དུ། གུ་ཎ་ཎཱ་པཱུར་ཎི་ནཱ་མ་ཥ་ཌཾ་ག་ཡོ་ག་ཌིཔྤ་ན། བོད་སྐད་དུ། རྣལ་འབྱོར་ཡན་ལག་དྲུག་གི་བརྗེད་ བྱང་ཡོན་ཏན་གྱིས་འགེངས་པ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དཔལ་དུས་འཁོར་ལོ་དབང་ཕྱུག་དང་ནི་ཡོན་ཏན་གྱིས། །ཆེ་བའི་བླ་མ་རྣམས་ལ་བདག་གིས་ཕྱག་འཚལ་ནས། །དཔལ་དང་ལྡན་པ་རྣལ་འབྱོར་ཡན་ལག་དྲུག་ལ་ནི། །ཡོན་ཏན་རྣམས་ ཀྱིས་འགེངས་པར་བྱེད་པའི་བརྗེད་བྱང་བྱ། །འདིར་ངེས་པར་ཕྱི་དང་ནང་གི་རིག་པ་ལ་བསྒོམ་པ་གོམས་པར་གྱུར་པའི་ཐུགས་རྒྱུད་ཅན་སློབ་དཔོན་དཔེ་མེད་འཚོ་དམིགས་པ་དང་རྟོག་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་བསྒོམས་པས། དཔལ་ཁརྶ་པཱ་ཎིའི་དྲུང་དུ་ལོ་བཅུ་གཉིས་བཞུགས་ པར་གྱུར་ཏོ། །དེར་ཡང་རྟོག་པའི་ཁྱད་པར་མ་བྱུང་བ་ལས་ཡིད་ཞུམ་ནས་ཡིད་ཀྱི་དབང་དུ་གྱུར་པ་དེ་ལ་རྡོ་རྗེ་རྣལ་འབྱོར་མས་བསྟན་པར་གྱུར་ཏེ། བུ་བི་ཀྲ་མའི་གྲོང་དུ་སོང་ཤིག །དེར་ཁྱེད་ལ་རྟོག་པའི་ཁྱད་པར་འབྱུང་བར་འགྱུར་རོ་ཞེས་སོ། །དེ་ཡང་བཀའ་དེ་སྤྱི་བོར་བཞག་ནས་དེའི་ དུས་ཀྱི་སློབ་མ་པཎྜི་ཏ་ཆེན་པོ་ལེགས་པའི་བུ་དཔལ་འཛིན་རྗེས་སུ་འབྲང་བཞིན་པས་བི་ཀྲ་མའི་གྲོང་དུ་གཤེགས་སོ། །དེར་ཡང་ཚིགས་མཚམས་ཀྱི་ཉིན་ཞག་འགའ་ཞིག་ལ་མཚན་ཕྱེད་ཀྱི་དུས་སུ་ཀུན་སྤངས་པའི་ཆ་ལུགས་ཅན། བཅོམ་ལྡན་འདས་ཀྱིས་དངོས་སུ་ཉེ་བར་བསྟན་ཏེ། ཀྱེ་ བུ་འདི་ནི་ཁོ་ན་ཉིད་དོ་ཞེས་སོ། །དེ་ཡང་མན་ངག་དེ་ཐོས་པ་ཙམ་གྱིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་ཡང་དེའི་ཚེ་མི་སྣང་བར་གྱུར་ཏོ། །དེའི་ཚེ་དེ་མ་ཐག་ཏུ་མཚན་མོ་འདས་ཤིང་དེ་ཡང་ཏིང་ངེ་འཛིན་ལས་ལངས་སོ། །དཔལ་ལྡན་བླ་མ་བདག་ཉིད་ ཆེན་པོ་དེས་ཀྱང་རྣམ་པ་ཐམས་ཅད་ཀྱང་དེར་དཀའ་བ་མཛད་ཅིང་། སྐལ་བ་དང་ལྡན་པའི་དཔལ་ལྡན་དཔལ་འཛིན་ལ་རང་གི་རྟོག་པ་ཉེ་བར་བསྟན་ཏོ། །དཔལ་ལྡན་བླ་མ་མཆོག་ཏུ་ཐུགས་རྗེ་ཅན་དེས་ཀྱང་རྣམ་པ་ཐམས་ཅད་དུ་སྣོད་དང་ལྡན་པར་རྟོགས་ནས་པཎྜི་ཏ་ཆེན་པོ་འོད་བྱེད་ལྷ་ལ་བཀའ་ དྲིན་དུ་མཛད་དོ། །དེས་ཀྱང་པཎྜི་ཏ་ཆེན་པོ་རྒྱལ་བའི་བླ་མ་སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཞི་བ་ལ་བཤད་དོ། །ཁ་ན་མ་ཐོ་བ་མེད་པའི་ཐུགས་རྗེ་ལ་སོགས་པའི་ཡོན་ཏན་བརྗོད་དུ་མེད་པའི་རིན་པོ་ཆེའི་འབྱུང་གནས་དཔལ་ལྡན་བླ་མ་དེ་ལས་ཀྱང་། དཔལ་ལྡན་ བླ་མའི་ཞབས་བསྟེན་པ་ལ་མཁས་པ་ཉི་མ་དཔལ་བདག་གིས་དེ་ཁོ་ན་ཉིད་ཡང་དག་པར་ཐོབ་པོ་ཞེས་པ་བླ་མའི་བརྒྱུད་པའོ། །དེ་ལྟར་སློབ་མ་དམ་པས་གསོལ་བ་བཏབ་པའི་དབང་ལས་སློབ་དཔོན་དཔེ་མེད་འཚོ་ཞེས་བྱ་བས་རྡོ་རྗེ་འཛིན་པའི་གོ་འཕང་འཐོབ་པའི་རྒྱུ་རྣལ་འབྱོར་ཡན་ལག་ དྲུག་མཛད་པར་བཞེད་པས། རང་གི་འདོད་པའི་ལྷ་ལ་བསྟོད་པའི་སྒོ་ནས་རྣལ་འབྱོར་ཡན་ལག་དྲུག་གསལ་བར་མཛད་དེ། ཀུན་ལ་ཞེས་པ་ལ་སོགས་པའོ། །ཐམས་ཅད་ལ་སྒྲིབ་པར་བྱེད་དོ་ཞེས་པ་ཀུན་ལ་སྒྲིབ་པའི་སྤྲིན་གྱི་དྲ་བ་སྟེ། སྤྲིན་གྱི་ཚོགས་རྣམས་གང་དུ་བསལ་ཞིང་ སྤངས་པ་དེ་ནི་སྐད་དེ་དེར་རོ། །གང་དུ་འཁྲུལ་བའི་ངང་ཚུལ་ཅན་ཉིད་ཀྱི་ཕྱིར་རྣམ་རྟོག་དང་། ཕྱོགས་ཅན་དང་མཚུངས་པའི་རླུང་སྟེ། དབུགས་རྣམས་གྲངས་མ་ལུས་པ་མཐའ་དག་ཉིད་ནུབ་སྟེ་ཞིག་པའོ། །དེའི་ཕྱིར་ཡང་རང་གི་ནམ་མཁའི་ཁམས་སུ་སྟེ། སྟོན་ཀའི་ནམ་ མཁའ་དྲི་མ་མེད་པའི་དཀྱིལ་དུ་ཤར་ཞིང་གསལ་བར་གྱུར་པ་འོད་བཟང་པོ་ཅན་ཏེ། དགེ་ཞིང་བདེ་བའི་འོད་ཅན་འཇིག་རྟེན་དབང་ཕྱུག་སངས་རྒྱས་སམ་པདྨའི་ཕྱག་ཅན་ནོ། །དེ་ཉིད་ནི་སྐྱེ་བོ་རྣམས་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་ཟླ་བ་གང་བའོ། །ཟླ་བ་ཡང་ཐམས་ཅད་སྦྱར་བར་ བྱའོ། །ནང་གི་དོན་དང་བཅས་པ་ནི་ཀུན་ལ་སྒྲིབ་པའི་སྤྲིན་གྱི་དྲ་བ་བསལ་བ་ལ་ནི་གཟུང་བ་དང་འཛིན་པ་ལ་སོགས་པར་སྒྲོ་བཏགས་དང་བྲལ་བ་ལ་སྟེ། འདིས་ནི་སོ་སོར་སྡུད་པ་དང་བསམ་གཏན་གྱི་ཡན་ལག་གསུངས་སོ། །འཆད་པར་འགྱུར་བའང་། སོ་སོར་ སྡུད་པ་ཡུལ་ལ་ཡུལ་དང་ཡུལ་ཅན་བཅུ་རྣམས་རབ་ཏུ་འཇུག་པ་མེད་པའོ། །བསམ་གཏན་ཡང་ནི་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བར་སེམས་རྩེ་གཅིག་པའོ། །ཞེས་པའོ། །རླུང་དང་རྣམ་པར་རྟོག་ཕྱིར་འགྲོ་བ་མེད་པའི་ཕྱིར་བག་ཆགས་དང་བཅས་པའི་ སེམས་ཀྱིས་སྐད་ཅིག་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་མཚན་ཉིད་ཅན་དང་། སྲོག་དང་ཐུར་སེལ་གྱི་རླུང་རྣམས་ཀྱང་གྲངས་མ་ལུས་པ་གང་གིས་སམ། གང་དུ་ནུབ་ཅིང་འགགས་པར་གྱུར་པ་སྟེ། འདིས་ཀྱང་སྲོག་རྩོལ་དང་འཛིན་པའི་ཡན་ལག་དག་གསུངས་སོ། །དེ་སྐད་དུ་ཡང་། སྲོག་ གི་རྩོལ་བ་ཡང་ནི་ལམ་ནི་གཉིས་པོ་སྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པར་འགྱུར། །ཐིག་ལེར་སྲོག་རབ་ཞུགས་ཤིང་གཉིས་ཀའི་བགྲོད་པ་སེམས་རྩེ་གཅིག་པ་འཛིན་པའོ། །ཞེས་པའོ། །རང་གི་བདག་ཉིད་ཀྱི་སེམས་སོ། །དེ་ཉིད་ནམ་མཁའི་ཁམས་ཡིན་ཞིང་རྣམ་པ་ཐམས་ ཅད་མཐོང་བ་སྣ་ཚོགས་པའི་གཟུགས་ནི་ཟླ་བ་སྟེ། འདིས་ཀྱང་རྗེས་སུ་དྲན་པའི་ཡན་ལག་གསུངས་སོ། །དེ་སྐད་དུ་ཡང་། གཏུམ་མོའི་སྣང་བ་གང་ཞིག་ལུས་དང་ནམ་མཁའ་ལ་ཡང་ངེས་པར་འགྱུར་བ་རྗེས་དྲན་འགྱུར། །ཞེས་སོ། །ཤར་བ་ནི་གཏུམ་མོས་རེག་པ་ལས་གཙུག་ ཏོར་གྱི་འཁོར་ལོ་ལས་འོངས་པ་སྟེ། སྣང་བ་མེད་པ་རབ་ཏུ་གསལ་བ་ཉིད་ཀྱི་ཕྱིར་འོད་བཟང་ཅན་ནོ། །དེ་འཇིག་རྟེན་ཐམས་ཅད་ཀྱི་རྟེན་ཉིད་ཀྱི་ཕྱིར་ན། སངས་རྒྱས་ཐམས་ཅད་ཀྱི་སྤྱི་བོར་དང་། རྡོ་རྗེའི་རྩེ་མོར་གཟུང་བ་ཉིད་ཀྱི་ཕྱིར་འཇིག་རྟེན་དབང་ཕྱུག་གོ། །དགའ་བ་བཅུ་དྲུག་གི་ཁུ་ བ་ཉིད་ཀྱི་ཕྱིར་གང་བའི་ཟླ་བ་སྟེ་ཕྱིན་ཚིག་སྡུད་དོ། །འདིས་ཀྱང་ཏིང་ངེ་འཛིན་གྱི་ཡན་ལག་གསུངས་ཏེ། ཤེས་རབ་ཐབས་ཀྱི་བདག་ཉིད་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ཞེས་འཆད་པར་འགྱུར་རོ། །གསལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ པའོ། །འདིས་ནི་ཕྱག་འཚལ་བ་ཡང་འཕངས་ཏེ། དེས་ནི་དེ་ལ་རབ་ཏུ་འདུད་དོ་ཞེས་མཚོན་པར་བྱའོ། །ད་ནི་རྣལ་འབྱོར་ཡན་ལག་དྲུག་པོ་འདི་གང་བརྗེད་པར་བྱ་བ་དེ་འགལ་བར་སྣང་བའི་སྒོ་ནས་རྟོགས་པར་བྱེད་པ་གསུངས་ཏེ། །གང་ཞེས་པ་ལ་སོགས་པའོ། །མགོན་པོ་གང་ཞིག་ འཁོར་བར་སྐྱེ་བ་དང་འཆི་བའི་ཀུན་རྫོབ་ཀྱི་བདེན་པ་དང་། ཞི་བ་དེ་ཆད་པ་དོན་དམ་པའི་བདེན་པ་སྟེ། དེ་དག་སོ་སོར་དམིགས་པ་ནི་ཀུན་ནས་དམིགས་པར་བྱེད་པ་སྟེ། དེ་དང་བྲལ་བ་ཉིད་ཀྱི་ཕྱིར་དེ་སྐད་དུའོ། །དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དེ་དག་ལས་ཐ་དད་མེད་ པར་གཉིས་སུ་མེད་པའི་ངོ་བོ་ཟུང་འཇུག་གོ། །འཇིག་རྟེན་གསུམ་དང་གཅིག་པའི་ངོ་བོ་ཉིད་ཀྱི་ཕྱིར་ཁྱབ་བདག་གོ། །སྟོང་པ་དང་ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། ཐམས་ཅད་སྟོང་པ་ཉིད་ཀྱིས་འོད་གསལ་བ་ཉིད་ཀྱི་ཕྱིར་སྟོང་པ་སྟེ། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་ ཞེས་པའི་དོན་ཏོ། །མེ་ལོང་གི་གཟུགས་བརྙན་ལྟ་བུའི་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་ཉིད་ཀྱི་ཕྱིར་བརྩེ་བའི་རང་བཞིན་ཏེ། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་པའི་དོན་ཏོ། །གནས་པ་ལས་འདས་པ་ནི་དམིགས་པ་ལ་ཆགས་པའི་སེམས་ཏེ། གནས་པ་མེད་པའི་ཚུལ་ གྱིས་ལེགས་པར་གནས་པ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་རབ་ཏུ་གྱུར་པའི་གནས་སྐབས་ཀྱི་ཁྱད་པར་ནི་ས་རྣམས་ཏེ། དེ་རྣམས་ཀྱི་དབང་ཕྱུག་ནི་ས་བཅུ་གཉིས་ཀྱི་དབང་ཕྱུག་གོ། །རྟོགས་ལྡན་རྣམས་ནི་རྟོག་མེད་ཀྱི་ཡེ་ཤེས་མན་ངག་ལ་མཁས་པ་རྣམས་ ཀྱིའོ། །ཉམས་མེད་བདེ་བ་ནི་མཆོག་ཏུ་མི་འགྱུར་བར་འདོད་པ་ལྔ་ལ་ལོངས་སྤྱོད་པའི་བདེ་བའོ། །རྒྱས་པར་བྱེད་པ་ནི་འཕྲོ་བར་བྱེད་པ་སྟེ། རྟོག་པ་སྤངས་པ་ནི་གཉིས་དང་བྲལ་བའོ། །འགྲོ་བ་མེད། མི་འགྱུར་བ་མེད་པ་ཉིད་ཀྱིས་ན་གཡོ་བ་མེད་པའི་ངོ་བོའོ། །འགྲོ་བས་ཉེ་ བར་བསྟེན་པར་བྱ་བ་ཉིད་ཀྱི་ཕྱིར་མགོན་པོའོ། །ངག་གི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ན་འགལ་ལོ། །བརྒྱན་པར་བྱེད་གྱུར་ཅིག་ནི་བྱིན་གྱིས་རློབས་ཤིག་པའོ། །འགྲོ་བའི་སེམས་ནི་འགྲོ་ཡིད་དོ། །སེམས་དང་བྲལ་བ་ནི་སེམས་མེད་པའི་སེམས་ཏེ། དེ་ཡིས་འཆར་རོ་ཞེས་པ་ སེམས་དང་བྲལ་བ་འཆར་བའོ། །འགལ་བའི་དོན་ནི་གོ་སླའོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན། །བླ་མ་ཉིད་ཀྱིས་འདིར་བྱེད་རྒྱུའོ། །ཞེས་པས་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་ པའི་དཔལ་ལྡན་བླ་མ་དམ་པར་གྱུར་པའི་ཡོན་ཏན་གསལ་བར་བྱེད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་བར་གསུངས་པ། ཅུང་ཟད་ཅེས་པའོ། །ཅུང་ཟད་རྟོག་པའི་ཡོངས་འཛིན་ནི་ཅུང་ཟད་ཀྱང་ཡོད་དོ་ཞེས་ཁས་ལེན་པ་སྟེ། ཡོད་དོ་ཞེས་དང་རྟག་པར་ལྟ་བའོ་ཞེས་པའི་དོན་ཏོ། །ཉམས་ པའི་ཆེད་དུ་སྟེ་འགྲོ་བ་སྡུག་བསྔལ་གྱིས་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་བའི་ཆེད་དུའོ། །ངེས་པར་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱི་ཕྱིར་འཛིན་པས་བཅིངས་པའོ། །རྣམ་པར་རྟོག་པའི་ཆ་དེ་ཡང་གཏོང་བ་ནི་དེ་གཏོང་སྟེ་ཆད་པར་ལྟ་བ་ཞེས་པའི་དོན་ཏོ། །བབ་ཅོལ་དུ་སྤངས་པར་ནི་ རྣམ་པར་མ་བཅད་པ་ཆད་པར་ལྟ་བའོ་ཞེས་པའི་བར་རོ། །བསྐལ་པ་མཐའ་ཡས་པར་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱི་ཕྱིར་ཤིན་ཏུ་རིང་བར་ཐར་པ་མེད་དེ། དེ་ཡང་འདི་ཡིན་ལ་ལྟུང་བ་ཡང་སྟེ་མནར་མེད་པ་ལ་སོགས་པའི་དམྱལ་བར་ལྟུང་བའོ། །དེ་སྐྱེ་བའི་ཕྱིར་རམ་དེ་གཉིས་རབ་ཏུ་སྐྱེ་ཞིང་ འཕེན་པར་བྱེད་པ་ནི་དེ་སྐད་དོ། །གསུངས་པ་ཡང་། གང་རྣམས་སྟོང་པ་ཉིད་ལྟ་བ། །དེ་རྣམས་བསྒྲུབ་ཏུ་མེད་པར་གསུངས། །ཞེས་སོ། །དེ་ལྟར་རྣམ་པ་འདི་ཡིས་དམ་པའི་ལམ་བསླད་པར་གྱུར་ཅིང་གྲོལ་བའི་ལམ་མི་མངོན་པར་གྱུར་པ་ལ་དཔལ་ལྡན་བླ་མ་གང་གིས་ནམ་མཁའི་གཟུགས་ བརྙན་དུ་བ་ལ་སོགས་པ་རྣམ་པ་ཐམས་ཅད་པ་སྣ་ཚོགས་པའི་གཟུགས་སེམས་ལས་ལས་རྣམས་འདས་ཏེ། སེམས་མེད་པའི་སེམས་ཀྱི་ངོ་བོ་ཅན་མཁའ་དང་བརྩེ་བའི་བདག་ཉིད་དེ་སྟོང་པ་ཉིད་དང་ཐུགས་རྗེ་ཐ་མི་དད་པ་སྟོན་པར་མཛད་ཅིང་། སྩོལ་བར་མཛད་དེ་སློབ་མ་དམ་པ་རྣམས་ལ་ ཞེས་པ་ལྷག་མའོ། །བླ་མ་མཆོག་དཔལ་ལྡན་བླ་མ་དེ་ལ་ཕྱག་འཚལ་ཞིང་ལུས་དང་ངག་དང་ཡིད་རྣམས་ཀྱིས་རབ་ཏུ་འདུད་དོ། །དགའ་བ་ནི་རངས་པས་སོ། །རྟག་ཏུ་ནི་དུས་གསུམ་དུའོ། །འོ་ན་གལ་ཏེ་དཔལ་ལྡན་བླ་མའི་དྲིན་ཁོ་ན་ལས་དམ་པའི་ལམ་ཉེ་བར་ཐོབ་པ་ཡིན་ན་དེའི་ཚེ་ བླ་མ་དམ་པའི་ཡོན་ཏན་སྒྲོགས་པ་ཁོ་ན་བྱ་བ་མ་ཡིན་ནམ། ཇི་ལྟར་རྣལ་འབྱོར་ཡན་ལག་དྲུག་པའི་རབ་ཏུ་བྱེད་པ་རྩོམ་པ་ཞུགས་ཤེ་ན། གསུངས་པ། དེ་ཕྱིར་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེ་ཕྱིར་ཏེ་དེའི་ཕྱིར་རང་གི་རྟོགས་པ་སྒྲོགས་པ་ཁོ་ན་ནི། དེ་ལྟ་བུར་གྱུར་ པའི་བླ་མ་ཡང་དག་པ་ཇི་ལྟ་བའི་ལམ་སྟོན་པ་པོའི་བདག་ཉིད་ཆེན་པོ་མཆོག་ཏུ་ཐུགས་བརྩེ་བའི་བདག་ཉིད་སྒྲོགས་ཤིང་ཡོན་ཏན་གསལ་བར་བྱེད་པ་སྟེ། བླ་མའི་དྲིན་གྱིས་ཐོབ་པའི་བདག་ཉིད་ཀྱི་ཤེས་པ་རབ་ཏུ་གསལ་བར་བྱེད་པ་ཁོ་ནས་སོ། །དོན་འདི་ཉིད་དེ་གཞན་བཀོད་པས་ གསུངས་པ། གང་གི་ཕྱིར་འབར་བའི་གཟུགས་ཅན་མེ་ནི་མེད་པ་ན་སྟེ་མེ་འབར་བ་མེད་ན་དུ་བའི་རྩེ་མོ་ཡང་དག་པར་འཕྱུར་ཞིང་གསལ་བར་འདྲིལ་བ་རྟོགས་པ་མེད་པས་སོ། །འདིས་ནི་དཔལ་ལྡན་བླ་མའི་དྲིན་ཁོ་ན་ལས་གཞུང་འདི་བྱེད་པ་ལ་བདག་མཁས་པ་ཉིད་དོ་ཞེས་བཤད་ པར་འགྱུར་རོ། །འོ་ན་ང་རྒྱལ་ཐམས་ཅད་དང་བྲལ་བས་དེ་ཁོ་ན་ཉིད་ཀྱི་ལམ་སྒྲུབ་པར་བྱེད་པ་ཁྱོད་ཀྱིས་ཇི་ལྟར་ང་དེ་ཁོ་ན་ཉིད་ཤེས་པ་ཐོབ་པའོ་ཞེས་སེམས་མཐོ་བར་འགྱུར་ཞེ་ན་ལན་གསུངས་པ། བདག་གི་རྟོག་པའི་ང་རྒྱལ་སྐྱོན་གྱི་རྒྱུར་འགྱུར་མིན་ཏེ་འགྱུར་བ་ཞེས་པ་ལྷག་མའོ། །གང་གི་ ཕྱིར་གྲོལ་བ་དོན་དུ་གཉེར་བ་རྣམས་རབ་ཏུ་འཇུག་བྱེད་ཉིད་ཀྱིས་གཞན་དོན་སྒྲུབ་པར་བྱེད་པས་སོ། །དོན་འདི་ཡིན་ཏེ་རྙེད་པ་ལ་སོགས་པ་རེ་བའི་བསམ་པས་བདག་གི་ཤེས་པ་གསལ་བར་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྲིད་པས་འཇིགས་པ་རྣམས་ལ་ཐབས་ཀྱི་དངོས་པོ་ཡང་ དག་པར་བསྟན་པས་རབ་ཏུ་འཇུག་པར་བྱེད་པའི་ཆེད་དུའོ། །དོན་གཞན་བཀོད་པ་གསུངས་པ། །རབ་ཏུ་འཇུག་པའི་རྒྱུའི་དོན་འགའ་ཞིག་བརྗོད་པ་ལ་སྟེ། བཤད་པ་ལ་རང་ཉིད་ཀྱིས་མ་ངེས་པའི་སྨྲ་བ་པོ་འཆད་པ་པོའི་སྐབས་ལས་ངེས་པ་མེད་ཅིང་ཐེ་ཚོམ་ཟ་བ་ན་དོན་དུ་གཉེར་བའི་སྐྱེ་བོ་ འདོད་པ་འགྲུབ་པའི་ཆེད་དུ་ཇི་ལྟར་འཇུག་སྟེ། མ་ཡིན་པ་ཁོ་ནའོ་ཞེས་པའི་དོན་ཏོ། །གང་ཡང་སྨྲ་བ་པོ་སྟེ་མངོན་པར་བརྗོད་པ་པོ་དང་འབྲེལ་པའི་བརྗོད་པའི་ཚིག་ལ་ནི་སོ་སོ་སྐྱེ་བོས་བྱས་པའི་རྒྱ་ཆེར་འགྲེལ་པ་ལ་སོགས་པ་རྣམས་ཀྱིས་རྒྱུད་དུ་མ་རྣམས་སུ་དྲང་བའི་དོན་རྟོགས་པས་ཁེངས་པའི་བློ་ ཅན་གྱི་སྔགས་པ་དམ་པ་རྣམས་དམྱལ་བར་འགྲོ་བ་ན་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་པའི་རྒྱ་ཆེར་འགྲེལ་གྱི་དཔལ་དུས་ཀྱི་འཁོར་ལོ་ཉུང་ངུའི་རྒྱུད་ཀྱི་རྒྱལ་པོར་དྲང་བ་དང་ངེས་པའི་དོན་རྣམ་པར་དབྱེ་བ་རབ་ཏུ་རྟོགས་སོ་ཞེས་རྒྱུད་ཀྱི་རྒྱལ་པོའི་ བདག་ཉིད་ཆེན་པོ་གསལ་བར་བྱེད་པ་གསུངས་པ། དྲང་བ་ཞེས་པའོ། །དྲང་བའི་དོན་ནི། དེ་ཁོ་ན་ཉིད་ཀྱི་དོན་སྤངས་ཏེ་གསུངས་པའོ། །ལམ་སྤངས་པ་རྣམས་ནི་ཀུན་རྫོབ་དང་དོན་དམ་པའི་རྣམ་པར་དབྱེ་བ་ལ་མི་མཁས་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར། ཤེས་རབ་དམན་པ་ཉིད་སྒྲུབ་པའི་ སྒོ་ནས་ཏེ། བསྒྲུབ་པའི་ཕྱོགས་ལས་དགག་པ་རྣམས་མི་རྟོགས་སོ་ཞེས་བྱ་བ་ནི། རྡོ་རྗེ་འཛིན་དཔལ་བཀའ་ཡིས་ནི། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་བཀའ་ཡིས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་ཆེན་པོས་དཔལ་དུས་ཀྱི་འཁོར་ལོ་ཉུང་ངུའི་རྒྱུད་ གསུངས་ཏེ། ཤམྦྷ་ལའི་ཡུལ་དུ་ཡང་དག་པར་བསྡུ་བ་མཛད་ནས་བསྟན་ཏོ། །འདིས་ནི་སྟོན་པ་པོ་དང་བསྡུ་བ་མཛད་པ་པོ་དག་གིས་དང་དོན་གྱིས་ན་གསོལ་བ་འདེབས་པ་པོ་དཔལ་ཕྱག་ན་རྡོ་རྗེའི་བདག་ཉིད་ཆེན་པོ་ཉིད་གསལ་བར་བྱས་པར་འགྱུར་རོ། །རྒྱུད་ཆེན་པོ་གང་ལ་འཇིག་ རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་དཔལ་པདྨ་དཀར་པོ་ཞེས་བྱ་བས་དོན་ཐམས་ཅད་གསལ་བར་བྱེད་པའི་ཕྱིར་ཐམས་ཅད་དོན་ཅན་དྲི་མ་དང་བྲལ་བའི་འོད་ཅེས་བྱ་བའི་རྒྱ་ཆེར་འགྲེལ་མཛད་དེ་བྱས་པར་གྱུར་ཏོ། །གསུངས་པ་ཡང་། རྒྱས་འགྲེལ་དོན་ཀུན་གསལ་བྱེད་པ། །ཞེས་སོ། །རྒྱ་ཆེར་ འགྲེལ་དེས་གསལ་བྱས་པའི། །སངས་རྒྱས་རིན་ཆེན་སྙིང་པོ་སྟེ། །ཡང་དག་པའི་གདམས་ངག་གི་ལམ་སྙིང་བོ་བསོད་ནམས་ལས་ཏེ། བླ་མ་དམ་པའི་སྐབས་ལས་ཐོབ་ནས་ངེས་པའི་དོན་གྱི་བདུད་རྩི་བསྟེན་པས་ཏེ། དོན་དམ་པ་དགའ་བ་བཞི་པའི་བདུད་རྩི་ཐོབ་པས་སྲིད་པའི་ དུག་སྟེ། སྐྱེ་ཞིང་སྐྱེ་བའི་དུག་ཆེན་པོ་གཅོད་པར་བྱེད་ཅིང་མཆོག་ཏུ་མི་འགྱུར་བ་འདྲེན་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར། །དགའ་བར་བྱེད་དེ་རྟག་ཏུ་ལྷུན་གྱིས་གྲུབ་པའི་བདེ་བ་རྒྱུན་མི་འཆད་པའི་ཕྱིར་རོ། །འདིས་ནི་རྒྱ་ཆེར་འགྲེལ་མཛད་པ་པོའི་ཡང་ཆེས་ཆེ་བ་ཉིད་གསལ་བར་བྱེད་དོ། །སླར་ ཡང་རྒྱུད་ཀྱི་ལྷག་པའི་རྒྱལ་པོའི་བདག་ཉིད་ཆེ་བ་ཉིད་སྟོན་པར་བྱེད་དེ། ཤེས་བྱ་ཤེས་སོ་ཞེས་བྱ་བའི་ཚོགས་རྣམས་ཀྱི་སྟེ། ཕྱི་དང་ནང་གི་རིག་པའི་གནས་ཀྱི་ཚོགས་མཐའ་དག་གི་གཞི་རྟེན་ཏེ་འབྱུང་གནས་སུའོ། །གསུངས་པ་ཡང་། དང་པོའི་སངས་རྒྱས་སུ་མ་གསུངས་པ་གང་དེ་ མེད་དོ་ཞེས་སོ། །རྒྱུད་ཀྱི་རྒྱལ་པོ་གང་དུ་བཅོམ་ལྡན་འདས་ཀྱི་སྟེ། སངས་རྒྱས་ཀྱིས་ཀུན་མཁྱེན་གྱི་མཚན་ཐམས་ཅད་མཁྱེན་པ་ཞེས་པའི་མངོན་བརྗོད་རྗེས་མཐུན་པ་སྟེ། དོན་གྱི་རྗེས་སུ་མཐུན་པར་གྱུར་པ་དང་། དེ་ཁོ་ན་ཉིད་རིན་པོ་ཆེའི་འབྱུང་གནས་དེར་དབང་ཕྱུག་ལ་སོགས་པས་ བཤད་པ་ནི་རྩྭ་དང་འདྲ་བ་སྟེ། གཡོ་བཞིན་པ་ཉིད་ཀྱིས་ན་སྙིང་པོ་མེད་པ་ཉིད་ཀྱི་ཕྱིར་རྩྭར་གྱུར་པའོ། །རྒྱུད་གང་དུ་ཤེས་རབ་ཕ་རོལ་ཕྱིན་པའང་སྟེ་ཆོས་ཐམས་ཅད་སྟོང་པ་ཉིད་རྟོགས་པར་བྱེད་པ་ཡང་ནི་གང་དུ་ཐལ་མཁའ་དག་ཀྱང་དེ་ཡིན་ལ། འདུ་ཤེས་མང་པོར་གྱུར་པ་གང་ཡིན་ པའི་རྣམ་པར་རྟོག་པའི་ལྗོན་པ་རྣམས་ཏེ། དེ་རྣམས་རབ་ཏུ་འཇིག་བྱེད་མཆོག་ཏུ་མི་འགྱུར་བ་རོ་མཉམ་པར་གྱུར་པ་ཡིན་པ་དེ་ནི་དེ་སྐད་དོ། །ནམ་མཁའ་ལས་བྱུང་ནི་སྣ་ཚོགས་གཟུགས་ལས་བྱུང་བའི་འོ། །དག་པའི་བདག་ཉིད་ནི་རྣམ་པར་རྟོག་པ་མཐའ་དག་གི་མཚན་མ་ མེད་པའི་སྐུ་ཅན་ཉིད་ཀྱི་ཕྱིར་རོ། །ད་ནི་དུ་བ་ལ་སོགས་པའི་མཚན་བྱུང་བའི་རྒྱུ་རྣལ་འབྱོར་ཡན་ལག་དྲུག་གི་རྟེན་དཔལ་ལྡན་བླ་མས་ཡང་དག་པར་རབ་ཏུ་བྱིན་པའི་མན་ངག་གསུངས་པ་དྲི་མེད་ཅེས་སོ། །དྲི་མ་མེད་པའི་ནམ་མཁའ་གང་ལ་སྟེ། སྤྲིན་ལ་སོགས་པའི་སྒྲིབ་པ་ དང་བྲལ་བའོ། །སྤྲུལ་པ་ལ་སྟེ་ནང་ལ་དམིགས་པའི་བྱ་བ་ཅན་ལའོ། །མིག་ཕྱེད་ལ་སྟེ་བཀབ་ཅིང་མ་བཀབ་པའི་མིག་ལའོ། །སྙིང་རྗེ་ཆེན་པོ་རྒྱས་པས་བརླན་ཅིང་སྣུམ་པར་བྱེད་པའི་བསམ་པ་ལས་ཏེ། སེམས་ལས་རྟེན་རྣམ་པར་རྟོག་པའི་སེམས་ཟ་ཞིང་རང་བཞིན་ མེད་པར་བྱེད་དོ་ཞེས་པ་དེ་ལས་སོ། །འདིས་ཡང་དག་པར་རབ་ཏུ་སྦྱིན་པ་གསུངས་སོ། །གསུངས་པ་ཡང་མུན་པ་ལ་ཅུང་ཟད་ཀྱང་སེམས་པ་མེད་པར་བྱའོ་ཞེས་ཉེ་བར་བསྟན་པའོ་ཞེས་སོ། །གཞན་དུ་ཡང་། ཡིད་ཀྱི་རྩ་བ་ཕྱུང་བྱས་ཏེ། །སྟོང་པ་ཉིད་ལ་གོམས་བྱེད་པ། །མ་རིག་ རབ་རིབ་ཀྱིས་ལྡོངས་ལ། །མིག་སྨན་འདི་ལས་གཞན་ཅི་ཡོད། །ཅེས་སོ། །ས་ར་ཧའི་ཞབས་ཀྱིས་ཀྱང་། །དངོས་ཀུན་མཁའ་དང་མཉམ་བྱས་ཤིང་། །ནམ་མཁའ་མཉམ་པར་སེམས་གཟུང་ན། །དེས་ནི་བླ་མེད་བྱང་ཆུབ་འཐོབ། །ཅེས་གསུངས་སོ། །འདིས་ནི་རྣམ་ པ་ཀུན་ལྡན་རྣམ་པ་མེད་པ་རྒྱུའོ་ཞེས་གསུངས་པར་འགྱུར་རོ། །ཡོད་དང་མེད་དང་གཉིས་ཀ་དངོས་པོ་དངོས་མེད་ངེས་པར་འཇིག་པ་སྟེ། ཡོད་པ་དང་མེད་པ་ལ་སོགས་པ་མཐའ་བཞི་ལས་རྣམ་པར་གྲོལ་བ་གློ་བུར་བ་སྟེ། རྣམ་པར་རྟོག་པའི་སྒྱུ་མ་ལ་ལྟོས་ཏེའོ། །རང་གིས་ཉམས་སུ་མྱོང་བར་ འགྱུར་རོ་ཞེས་པ་ལྷག་མའོ། །འཆར་ཞིང་རབ་ཏུ་སྐྱེ་སྟེ་དུ་བ་ལ་སོགས་མཚན་མ་བཅུ་པོ་མ་ལུས་པ་གང་སྟོང་པ་ཉིད་ཀྱི་རྗེས་འགྲོ་སྟེ་འབྲེལ་པ་ཅན་ནོ། །རྫོགས་པའི་རིམ་པ་གསལ་བར་བྱེད་པ་རྣམས་ནི་ཀུན་རྫོབ་དང་དོན་དམ་པ་གཅིག་ཉིད་དུ་རབ་ཏུ་གསལ་བར་བྱེད་པ་རྣམས་སོ། །དུས་གྱི་ འཁོར་ལོའི་ཡེ་ཤེས་ཀྱི་ལེའུའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་དྲུག་ལྷག་པའི་བརྒྱ་བའི་དེ་མ་ཐག་པའི་ཚིགས་སུ་བཅད་པས་གསུངས་པ། གང་ཕྱིར་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་འགྱུར་མེད་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་སྐུ་ལ་ཨ་ཕྲེང་དང་ཀ་ཕྲེང་དང་། པདྨ་དང་། ཟླ་བ་དང་། ཉི་ མའི་གདན་དང་། ཧཱུཾ་ཡིག་ཡོངས་སུ་གྱུར་པའི་མཚན་མ་ལས་སྐྱེས་པའི་གཟུགས་དང་། ཁ་དོག་དང་། ཕྱག་དང་དབྱིབས་ཡོངས་སུ་བརྟགས་པའི་ཆོས་བཀག་པ་དེའི་ཕྱིར། བཅོམ་ལྡན་འདས་ཀྱིས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་གསུངས་སོ། །ཨ་སོགས་ནི་ཨ་ཡིག་ལ་ སོགས་པ་དབྱངས་ཀྱི་ཚོགས་ཟླ་བ་སྟེ། ཀ་སོགས་ནི་ཀ་ཡིག་ལ་སོགས་པ་གསལ་བྱེད་ཀྱི་ཚོགས་ཉི་མའོ། །དེ་དག་གཅིག་ཉིད་ནི་གཅིག་ཏུ་བྱེད་པའོ། །གདན་ནི་རྟེན་ཏེ་པ་ཡིག་གསལ་བྱེད་ཀྱི་བདག་ཉིད་ཅན་པདྨ་དང་། ཨ་ཡིག་གི་བདག་ཉིད་ཅན་ཟླ་བའི་དཀྱིལ་འཁོར་དང་། རེ་ཕའི་བདག་ཉིད་ཅན་ ཉི་མའི་དཀྱིལ་འཁོར་རོ། །རྡོ་རྗེ་ཅན་གྱི་ནི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཅན་གྱིའོ། །མིང་ཞེས་པ་གསལ་བའོ། །དེ་བཞིན་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་རྡོ་རྗེའི་མཚན་མ་དང་། དེ་ཡོངས་སུ་གྱུར་པའི་ལྷའི་སྐུ་ཁ་དོག་དང་། ཕྱག་དང་ཞལ་དང་། དབྱིབས་ཡོངས་སུ་བརྟགས་པའི་ཆོས་ བརྟེན་པར་བྱ་བའི་མཚན་ཉིད་ཅན་མི་འདོད་དེ། མངོན་པར་ཞེན་པའི་མཚན་ཉིད་ཀྱིས་ན་འགྱུར་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འགྱུར་བ་མེད་པས་ཏེ་མཆོག་ཏུ་མི་འགྱུར་བའི་བདེ་བས་བསྐྱེད་ཅིང་དེའི་ཕྱིར་ཡང་འགྱུར་བ་མཐར་བྱེད་དེ་འགྱུར་བ་ཐ་མལ་པའི་སྐྱེ་བོས་ཡོངས་སུ་བརྟགས་པའི་ཨ་ ཡིག་ལ་སོགས་པའམ་མི་འགྱུར་བ་དང་བྲལ་བའམ། སྐྱེ་བ་དང་འགག་པ་དང་བྲལ་བ་མཆོག་གི་དབང་པོ་ཅན་ཕྱག་རྒྱ་ཆེན་པོའི་བདག་ཉིད་དུ་གྱུར་པ་རྣམ་ཀུན་པའི་སྟེ་འཇིག་རྟེན་གསུམ་གྱི་རྣམ་པའི་བདེ་བའི་ངོ་བོ་ཅན་གྱིའོ། །ཐིག་ལེའི་སྟེ་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་པའི་ཐིག་ལེའི་འོ། །རྒྱལ་ བའི་བདག་པོ་མཆོག་གི་སྟེ་རྡོ་རྗེ་སེམས་དཔའིའོ། །སྣ་ཚོགས་སྒྱུ་མ་འཛིན་པའི་སྟེ། སྣ་ཚོགས་སྒྱུ་མ་ནི་སྣ་ཚོགས་ཡུལ་ཕྱག་རྒྱ་ཆེན་པོ་སྟེ་དེ་འཛིན་པའི་འོ། །བླ་མ་དམ་པའི་མན་ངག་ཐོབ་པས་ནི་དཔལ་ལྡན་བླ་མའི་ཡང་དག་པར་རབ་ཏུ་སྦྱིན་པ་ཐོབ་པས་སོ། །གདུག་པའི་གྲོགས་ཡོངས་སུ་ སྤང་བ་ནི་སྡིག་པའི་གྲོགས་པོ་ཡོངས་སུ་དོར་བས་སོ། །དུ་བ་ལ་སོགས་པའི་མཚན་མ་བསྒོམ་པ་ནི་དུ་བ་ལ་སོགས་པའི་མཚན་མ་ཡོངས་སུ་སྒོམ་པ་ཉིད་ཀྱི་ཕྱིར་ཏེ། སེམས་བརྟན་པར་བྱེད་པས་སོ། །ཐོག་མར་ཞུགས་པ་ཉིད་ཀྱི་ཕྱིར་ལས་དང་པོ་པའོ། །སྦྱངས་བའི་དབུ་མ་འབབ་པའི་ཕྱིར་ དབུ་མ་རྣམ་པར་སྦྱངས་པའོ། །གསུངས་པ་ཡང་། དུ་བ་ལ་སོགས་བསྒོམ་བྱ་སྟེ། །སེམས་ནི་གཡོ་བ་མེད་བྱས་ནས། །དབུ་མ་སྦྱང་བ་བྱས་ནས་ནི། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །ཞེས་སོ། །ཚོགས་ཁང་ནི་གྲ་བ་ལ་སོགས་པའི་གནས་སོ། །གཙུག་ལག་ཁང་ནི་དགེ་སློང་གི་ དགེ་འདུན་གྱི་གནས་སོ། །ནམ་མཁའི་ཁམས་ནི་སྣ་ཚོགས་གཟུགས་བརྙན་ལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་མེ་ལོང་ལ་པྲ་ཕབ་པ་བཞིན་དུ་སྐྱེས་པ་མེད་པའི་ཆོས་མཐོང་བ་སྟེ། རྣམ་པར་མ་བརྟགས་པའི་ཆོས་མཐོང་བས་སོ། །བྱིས་པ་སྐྱེ་བོས་བརྟགས་པའི་ཕྱི་རོལ་གྱི་དོན་མེད་པའི་ ཕྱིར་རང་གི་སེམས་ཀྱི་སྤྲོས་པའི་སྣང་བརྙན་རྨི་ལམ་དང་མཚུངས་པའི་དོན་དུ་སེམས་པའོ། །བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། རྣལ་འབྱོར་པའི་ལུགས་ཀྱི་ནང་དུ་མ་ལྷུང་བའི་ཕྱིར་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པས་སྟོང་པའོ། །ཚུ་རོལ་མཛེས་པའི་ལུགས་ ལ་མི་འཇུག་པའི་ཕྱིར་ཆད་པར་སྨྲ་བ་རིང་དུ་བྱས་པ་ཉིད་ཀྱི་ཕྱིར་ན་ཆད་པའི་སྟོང་པ་ཉིད་རིང་དུ་བྱས་པས་སོ། །ནང་གི་བདག་ཉིད་ཀྱི་བདེ་བ་ཁོ་ན་མཆོག་གི་ཕྱག་རྒྱའི་བདེ་བ་སྟེ། དེ་ཉིད་རང་རིག་པར་བྱ་བའི་ཆོས་ཡིན་ཞིང་དེ་ལ་རྗེས་སུ་ཆགས་པའོ། །ལས་ཀྱི་བུད་མེད་དང་ཡེ་ཤེས་ཀྱི་ བུད་མེད་ལས་བྱུང་བའི་བདེ་བ་རྣམས་ལ་ཆགས་པ་མེད་པའི་ཕྱིར་ཕྱི་རོལ་གྱི་དབང་པོའི་རང་རིག་པར་བྱ་བའི་ཆོས་ཡོངས་སུ་སྤངས་པའོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱིས་ཏེ། དུ་བ་ལ་སོགས་པའི་མཚན་མ་འབྱུང་བའི་དེ་མ་ཐག་ཏུ་ཏིང་ངེ་འཛིན་གྱི་ཡན་ལག་གསལ་བར་འབྱུང་བར་བྱ་ བའི་ཆེད་དུ། ལེགས་པར་བསླབས་པའི་ལས་ཀྱི་ཕྱག་རྒྱ་ལ་རྗེས་སུ་ཆགས་པའི་རོ་ཅན་གྱིས་སོ། །གསུངས་པ་ཡང་། རྡོ་རྗེ་པདྨར་བཞག་བྱས་ནས། །སྲོག་ནི་ཐིག་ལེར་གཞུག་པར་བྱ། །འཁོར་ལོར་ཐིག་ལེ་ཐིག་ལེ་རྣམས། །གཡོ་བ་རྡོ་རྗེ་དགག་པར་བྱ། །ཞེས་སོ། །རྒྱུན་མི་འཆད་པར་ ཕྱག་རྒྱ་ཆེན་པོ་ལ་བརྟེན་པའི་སེམས་ཀྱིས་ཡང་ནའོ། །ད་ནི་ལམ་ཤེས་པའི་དེ་ཁོ་ན་ཉིད་མི་འཐོབ་པ་གསུངས་པ། ལམ་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པས་གང་གསུངས་པའི་བཞིའི་རབ་ཏུ་དབྱེ་བ་བཅུ་དྲུག་ཅན་གྱི་དེ་ཁོ་ན་ཉིད་བཞི་པ་དཔལ་ལྡན་བླ་མ་རྡོ་རྗེ་དེ་ནི་རྣལ་འབྱོར་པ་མ་ཡིན་ པས་འཐོབ་པ་མ་ཡིན་ནོ། །སྣ་ཚོགས་རྣམ་རྟོག་ནི་པདྨ་དང་ཉི་མ་དང་ཟླ་བ་དང་སྒྲ་གཅན་དང་དུས་མེ་དང་ས་བོན་དང་། མཚན་མ་ཡོངས་སུ་གྱུར་པའི་ཞལ་དང་ཕྱག་དང་། ཁ་དོག་དང་དབྱིབས་དང་དཔའ་བོའི་རིམ་པ་རང་བྱིན་གྱིས་བརླབས་པའི་རིགས་ལ་སོགས་པའོ། །སོགས་པའི་སྒྲས་ནི་ ཆོས་ཐམས་ཅད་ཆད་པའི་སྟོང་པ་ཉིད་སྨྲ་བ་ལ་སོགས་པའོ། །དེ་ཁོ་ན་ཉིད་འདི་རབ་ཏུ་གསལ་བར་དབང་བསྐུར་གྱི་ལེའུར་གསུངས་ཏེ། འདོད་དང་དགའ་བ་དག་དང་འདར་དང་འགྱུར་མེད་ཀྱང་སྟེ་བཞི་པོས་སྦྱོར་བ་དེ་གཅིག་སྟེ། །གང་བ་དང་ནི་ནུས་དང་སྐྱེ་བ་མཆོག་ཏུ་དགའ་བ་ཉིད་ནི་གཉིས་ པར་ངེས་པར་འགྱུར། །འབར་དང་ཐིག་ལེ་དང་ནི་གཉིད་ཡུར་སླར་ཡང་ཁྱད་དགའི་དགའ་བ་འདི་ལྟར་གསུམ་པའོ། །ཨོཊྚ་དང་ནི་ནཱ་ད་གཉིས་དང་ལྷན་ཅིག་སྐྱེས་པའི་དགའ་བ་འདི་ལྟར་བཞི་པར་འགྱུར། །ཞེས་སོ། །དེའི་ཕྱིར་རྣམ་པར་རྟོག་པའི་ལམ་གྱིས་དེ་ཁོ་ན་ཉིད་མ་ཡིན་ཞིང་། དེ་ ཁོ་ན་ཉིད་མ་ཡིན་ཞེས་བྱ་ཡང་དེ་ཁོ་ན་ཉིད་ཀྱི་སྒྲུབ་བྱེད་དུ་འགྱུར་བ་ཡང་མ་ཡིན་ནོ། །གལ་ཏེ་འདི་དེ་ཁོ་ན་ཉིད་ཀྱི་སྒྲུབ་བྱེད་དུ་མི་འགྱུར་རོ་ཞེས་པ་དེ་ཅི་ཞེ་ན། གསུངས་པ། བསྐྱེད་པའི་རིམ་པ་ཞེས་པ་ལ་སོགས་པ་སྟེ། དེ་ཁོ་ན་ཉིད་ཀྱི་སྟེ་བདེ་བ་ཆེན་པོའི་སྒྲུབ་བྱེད་དེ་འདི་ཡིས་བསྒྲུབ་པར་ བྱའོ་ཞེས་པ་སྒྲུབ་བྱེད་དེ་ཁོ་ན་ཉིད་དེ་ཁོ་ན་ཡིན་གྱི། གཞན་པདྨ་ལ་སོགས་པའི་ཀུན་དུ་རྟོག་པ་ནི་མ་ཡིན་ནོ། །དེ་ཁོ་ན་ཉིད་དེ་ཅི་ཞེ་ན། བསྐྱེད་པའི་རིམ་པ་ལས་གྲོལ་བ་སྟེ། མངལ་དུ་འཇུག་པའི་རིམ་པ་དང་བྲལ་བའོ། །ཧཱུཾ་དང་ཕཊ་ཡིད་ཅེས་སྔགས་སོ། །སོགས་པའི་ སྒྲས་ནི་ཕྱག་རྒྱ་ལ་སོགས་པའི་རྟོག་པ་སྟེ། དེ་དང་བྲལ་བ་ནི་དེ་ཁོ་ན་ཉིད་དོ། །དེ་ཅི་ཞེ་ན་གསུངས་པ། རྫོགས་པའི་རིམ་པའི་རྣལ་འབྱོར་ཞེས་པ་ལ་སོགས་པ་ནི་གྲུབ་པར་གྱུར་པ་སྟེ། ནམ་མཁའི་སྒོམ་པས་རྟོགས་པར་བྱ་བའོ། །དེའི་རིམ་པ་ནི་དུ་བ་ལ་སོགས་པའི་ལམ་སྟེ། དེའི་རྣལ་ འབྱོར་ནི་ཤེས་རབ་ཀྱི་གཟུགས་དང་ལྷན་ཅིག་མི་འགྱུར་བའི་ཡེ་ཤེས་ཆེན་པོ་སྐྱེ་བ་ལ་ཆགས་པའོ་ཞེས་པའོ། །ད་ནི་འཕགས་པའི་ཚིགས་སུ་བཤད་པ་གཉིས་ཀྱིས་དཔེ་དང་བཅས་པར་བྱང་ཆུབ་ཀྱི་སེམས་མཐོང་བའི་ཐབས་ནི་ཐབས་མ་ཡིན་པ་སྤངས་པས་གསུངས་པ། ཤིང་ལ་གནས་པ་ ཞེས་པ་ལ་སོགས་པའོ། །ཇི་ལྟར་ཏེ་གང་དང་འདྲ་བར་མེ་རྟེན་མེད་པར་རེ་ཞིག་མི་མཐོང་བ་ནི་ཤིང་ལ་གནས་ཀྱང་ཞེས་པའི་ཀྱང་གི་སྒྲའི་དོན་ཏོ། །བཅད་དང་དབྱེ་བའི་ཐབས་ཀྱིས་ཞེས་པ་བྱེད་པ་ལ་གསུམ་པའོ། །གཅོད་པ་ནི་སྟ་རེ་ལ་སོགས་པ་རྣམས་ཀྱིས་སོ། །དབྱེ་བ་ནི་ཤིང་འབྱེད་བྱེད་ ལ་སོགས་པ་རྣམས་ཀྱིས་སོ། །ཐབས་ནི་སྒོའོ། །གཙུབ་ཤིང་ནི་སྲུབ་ཤིང་སྟེ་དེ་དག་གིས་བསྲུབ་པ་ལས་སོ། །མེ་དེ་དེ་ལ་གནས་པ་ཡང་། །ཞེས་པ་དེ་ལ་སྟེ་བསྲུབ་པར་བྱ་བའི་ཤིང་དེ་ལ་གནས་པའོ། །དེ་བཞིན་དུ་སྟེ་དེ་དང་འདྲ་བར་སེམས་ཀྱི་སྣང་བ་ནི་སེམས་སྣང་སྟེ། ཁམས་ གསུམ་པ་མཐོང་བ་ཡིན་ལ། རྣམ་རྟོག་བསྒོམ་པའི་ཐབས་རྣམས་ཀྱིས་ཏེ་རྣམ་པར་རྟོག་པ་ཡང་ཡང་དུ་མངོན་དུ་ཕྱོགས་པར་བྱེད་པའི་སྒོ་རྣམས་ཀྱིས་མི་མཐོང་ངོ་། །འདི་ནི་སྟེ་སེམས་ཀྱི་སྣང་བ་ནི་བརྐྱང་མ་དང་རོ་མ་གཅིག་ཏུ་སྦྱོར་བས་མཐོང་སྟེ་ཞེས་པ་བྱེད་པ་ལ་གསུམ་པའོ། །གཅིག་ཏུ་སྦྱོར་ བ་ནི་གཉིས་སུ་མེད་པར་སྦྱོར་བའོ། །དེ་ཉིད་དུ་སྟེ་རང་གི་སེམས་ཁོ་ན་ལའོ། །དོན་དམ་བསྙེན་པར་ཡང་གསུངས་པ། །ཤིང་ལས་མེ་དང་ཟླ་བ་ཆུ་ཤེལ་ལས་ནི་ཆུ་ཡང་མེ། །ཞོ་ལས་མར་དང་རྡོ་བ་རྣམས་ལས་ལྕགས་རིགས་རྣམས། །བུད་མེད་སྐྱེ་གནས་འགྲོགས་ལས་ མ་ཉམས་བདེ་བ་ནི། །དེ་ཐབས་སྦྱོར་བས་སྐལ་ལྡན་རྣམས་ཀྱིས་གཟུང་བར་མཛོད། །ཁྱོད་ཀྱི་སེམས་ལ་བསལ་བར་བྱ་དང་གཞག་བྱ་བ། །ཅུང་ཟད་མེད་ཅིང་འགྲིབ་དང་འཕེལ་བ་དག་ཀྱང་མེད། །སེམས་ལ་རང་གི་སེམས་ནི་ཁམས་གསུམ་པ་ཉིད་དུ། །སོ་སོར་སྣང་བ་ཙམ་སྟེ་ཆུར་སོན་ཉི་མ་ བཞིན། །ཞེས་སོ། །སེམས་གཅིག་ཏུ་ཁོ་ན་ཤེས་རབ་ཀྱི་གཟུགས་བརྙན་དུ་གྱུར་པ་དུ་མའོ་ཞེས་དགོངས་པའོ། །འདི་ཉིད་སྟོན་པ་གསུངས་པ། དུ་བ་ཞེས་པ་ལ་སོགས་པའོ། །དུ་བ་ཁོ་ན་མཚན་གང་གི་དང་པོ་ཡིན་པ་དེ་ཡིས་ཏེ། མཚན་མ་ནི་ཡིད་ཆེས་པར་བྱེད་པ་སྟེ། གང་གིས་མངོན་ པར་འདོད་པ་གསལ་བར་བྱ་བ་དེ་ཞེས་སོ། །སྲོག་རྩོལ་ནི་བུམ་པ་ཅན་ཏེ་སྟེང་དང་འོག་གི་རྩ་གསུམ་འགོག་པའི་བདག་ཉིད་དོ། །དབུ་མར་འབབ་པ་སྟེ་སེམས་ཀྱི་རྩར་སྲོག་གི་རླུང་འབབ་ཅིང་རྗེས་སུ་འཇུག་པའོ། །རིག་མ་གཙོ་བོའི་བརྟུལ་ཞུགས་ནི་ཚངས་པར་སྤྱོད་པ་སྟེ། རིག་མ་ནི་རང་གི་ རྒྱལ་བའི་དབང་བསྐུར་ཞིང་ཡོན་ཏན་ལྷག་པ་གཟུང་བར་བྱའོ། །མངོན་པར་བརྗོད་པ་བླ་མར་ཡང་། །པུཀྐ་སཱི་ནི་མཆོག་མཛེས་མ། །གཟུགས་དང་ལང་ཚོས་བརྒྱན་བྱས་མ། །གཅིག་ཏུ་རྣལ་འབྱོར་གོམས་བྱས་མ། །དམ་ཚིག་ཤེས་ཤིང་བརྟུལ་ཤུགས་བརྟན། །བརྟན་མ་ཆགས་མེད་ངོ་ཚ་ མེད། །སྲེད་བྲལ་ང་རྒྱལ་མེད་ཐོབ་ནས། །དེ་དང་ལྷན་ཅིག་སྔགས་རིག་པ། །རང་གི་རིག་མའི་བརྟུལ་ཞུགས་སྤྱད། །ཅེས་སོ། །དེ་ལས་རྡོ་རྗེ་མ་ལྟུང་བ་སྟེ། རྡོ་རྗེ་མ་ལྷུང་བ་ནི་ངེས་པ་ཉིད་དེ་དེས་སོ། །སྟེང་དུ་ཁུ་བས་ཞེས་པ་ནོར་བུ་དང་པདྨ་ལས་གྱེན་དུ་འགྲོ་བས་དབྲལ་བར་སོན་པས་སོ། ། ལམ་འདི་ཡིས་ནི་སྟེང་དུ་བ་ལ་སོགས་པ་ཡན་ལག་དྲུག་གི་མཚན་ཉིད་ཅན་གྱིས་སོ། །རྣལ་འབྱོར་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་ཏེ་འདི་ལ་ཡོད་པས་སོ། །སངས་རྒྱས་ཀུན་གྱི་བདེ་བ་ནི་དབང་པོའི་མ་ཡིན་པ་སྟེ། མཆོག་ཏུ་འགྱུར་བ་མེད་པ་ནི། མངོན་པར་སྒྲུབ་པའམ་སྟེ་མཆོག་ཏུ་མི་ འགྱུར་བ། །ཞེས་པ་མངོན་པར་སྒྲུབ་པར་བྱེད་པ་སྟེ། གང་གིས་ཀུན་ནས་རྫོགས་པར་བྱེད་དོ་ཞེས་པའོ། །ཕོ་ཉ་ཀུན་གྱི་ལྷན་ཅིག་སྐྱེས་པ་འཐོབ་སྟེ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འགགས་པའི་རང་བཞིན་གྱི་མཁའ་འགྲོ་མ་རྣམས་ཀྱི་སྟོང་པ་ནི་ལྷན་ཅིག་སྐྱེས་པ་ཞེས་བརྗོད་ཅིང་སྲིད་པ་གསུམ་སྤངས་ པའི་གཞོམ་དུ་མེད་པ་ཡིན་གྱི། འཇིག་རྟེན་ལ་གྲགས་པའི་བཞི་པའི་སྒྲིབ་པའི་བདག་ཉིད་ཀྱི་ལྷན་ཅིག་སྐྱེས་པ་ནི་མ་ཡིན་ནོ། །སྟོང་པ་ནི་གཅིག་ཉིད་དུ་བརྗོད་པར་བྱ་སྟེ། སྒྲིབ་པ་ཀུན་དང་བྲལ་བའི་ཕྱིར་རོ་ཞེས་པའམ་གྱི་སྒྲའི་དོན་ཏོ། །འོ་ན་དེ་ལྟར་རྫོགས་པའི་རིམ་པའི་རྣལ་འབྱོར་ནི་དེ་ཁོ་ ན་ཉིད་དང་དེ་ཁོ་ན་ཉིད་ཀྱི་སྒྲུབ་པར་བྱེད་པ་ཡིན་ཞིང་གཞན་མ་ཡིན་ནོ་ཞེས་བཤད་ལ། དེའི་ཕྱིར་དེ་ཉིད་འགྱུར་མོད། ཉེ་བར་མི་མཁོ་བ་གཞན་གྱིས་ཅི་བྱ་ཞེ་ན། གསུངས་པ། གཟུགས་ཞེས་པ་ལ་སོགས་པའོ། །འཇིག་རྟེན་ནི་ཁམས་གསུམ་པ་སྟེ། །དེ་ལ་ཡོད་པ་ནི་འཇིག་རྟེན་པ་ཉིད་དོ། ། དེ་ཡང་འདི་ཡིན་ལ་དངོས་གྲུབ་ཀྱང་ངོ་ཞེས་པའོ། །དངོས་གྲུབ་ནི་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་དབང་ཕྱུག་ཉིད་དེ་འགྲུབ་བོ། །གཟུགས་ལ་སོགས་པའི་རྟོག་པ་ཞེས་པ་གཟུགས་སུ་ཡོད་ཅིང་གནོད་པར་བྱའོ་ཞེས་པ་གཟུགས་ཏེ་དེ་ཁོ་ན་གང་གི་དང་པོ་ཡིན་པའོ། །དེའི་རྟོག་པ་ནི་ཡིད་ ཀྱི་ལས་སོ་ཞེས་པ་སྟེ། དེ་ལ་གཟུགས་བསྒོམ་པ་ནི་ལས་ཀྱི་ཕྱག་རྒྱའོ། །སོགས་པའི་སྒྲས་ནི་ཡེ་ཤེས་ཏེ། དེ་སྒོམ་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དཀྱིལ་འཁོར་འཁོར་ལོ་ལ་སོགས་པ། སྒོམ་པ་གོམས་པ་ཡིས་ཞེས་པ་ལ་དཀྱིལ་ནི་རྟེན་གྱི་མཚན་ཉིད་ཅན་ནོ། །འཁོར་ལོ་ནི་ལྷའི་ ཚོགས་པ་བརྟེན་པའི་མཚན་ཉིད་ཅན་ནོ། །སོགས་པའི་སྒྲས་ནི་སྔགས་དང་ཕྱག་རྒྱ་དང་གདན་ལ་སོགས་པའོ། །དེ་རྣམས་ཀྱི་སྒོམ་པ་ནི་མངོན་དུ་ཕྱོགས་པར་བྱེད་པ་སྟེ། དེ་སྒོམ་པ་ནི་ཡང་ཡང་དུ་མངོན་པར་ཞེན་པ་ཡིན་ཞིང་དེ་རྣམས་ཀྱིས་སོ། །གལ་ཏེ་ད་ལྟ་ན་ལམ་འདི་ཁོ་ནས་ཐམས་ ཅད་དངོས་གྲུབ་འགྲུབ་པར་འགྱུར་མོད། །དུ་བ་ལ་སོགས་པའི་ལམ་གྱི་མན་ངག་གི་དགོས་པ་མེད་དོ་ཞེ་ན། གསུངས་པ། ག་ལ་ཞེས་སོ། །ཆེན་པོ་ཡང་འདི་ཡིན་ལ་དངོས་གྲུབ་ཀྱང་ངོ་ཞེས་པ་དངོས་གྲུབ་ཆེན་པོ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །འདོད་པ་ནི་འཇིག་རྟེན་ལས་འདས་པ་ པའོ། །གང་ལ་འགྲུབ་སྟེ་དུ་བ་ལ་སོགས་པའི་མན་ངག་ཅེས་པར་ཅིས་འགྲུབ་སྟེ། མ་ཡིན་པ་ཁོ་ནའོ་ཞེས་པའི་དོན་ཏོ། །འོ་ན་ལམ་གྱི་ཉེ་བར་བསྟན་པ་འདིས་ཅི་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་བརྩོན་པའི་བློ་ཅན་ཐམས་ཅད་ཀྱི་ཐམས་ཅད་ལས་འགྱུར་ རམ། འོ་ན་ཏེ་དག་པར་འགྲོ་བའི་དོན་བྱེད་པ་ལ་མཁས་པ་ལ་སྤྲོ་བ་འགའ་ཞིག་ཁོ་ན་རྣམས་ཀྱི་འགའ་ཞིག་ཁོ་ན་ལས་ཡིན་ཞེ་ན་གསུངས་པ། ལམ་ཞེས་པ་ལ་སོགས་པའོ། །བླ་མ་དམ་པ་ནི་དཔལ་ལྡན་བླ་མ་སྟེ། དེའི་མཚན་ཉིད་ནི་དོན་དམ་བསྙེན་པར་རྒྱས་པར་གསུངས་པ་ཇི་སྐད་དུ། བསམ་ལྡན་སྲིད་པའི་བསམ་གཏན་ཉམས་པ་ལ་ཆགས་པ། །འདོད་ལྡན་འདོད་པ་ཆེན་པོ་ལ་ནི་ཐུགས་བྲེལ་པ། །བརྟུལ་ཞུགས་ཆེ་ལྡན་དབང་པོ་གཉིས་ཀྱི་སྡེ་སྦྱོར་ལ། །ཕྱག་རྒྱ་རབ་ཏུ་འགྲོགས་ལའང་འདོད་ཆགས་མ་ཉམས་པ། །ཟླ་བ་ཉི་མའི་ལམ་ནི་རབ་ཉམས་རྣལ་འབྱོར་ཅན། ། ཤེས་རབ་མེ་ལ་རྣལ་འབྱོར་སྟོབས་ལས་རབ་ཏུ་ཞུགས། །མཐའ་ཡས་བདེ་བ་ཉིད་ཀྱིས་བདུད་རྩི་ཐོབ་འགྱུར་བ། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་སྡིག་འཇོམས་དེའི་ཞེས་རྒྱས་པར་རོ། །དེའི་བཀའ་དྲིན་ནི་དེ་ཁོ་ན་ཉིད་ཀྱི་མན་ངག་གིས་རྗེས་སུ་འཛིན་པའོ། །དེ་ལས་འབྱུང་སྟེ་སྐྱེའོ། །སུ་ རྣམས་ཀྱིས་ཤེ་ན། སློབ་མ་དག་པ་རྣམས་ཀྱིས་ཏེ། དག་པ་ནི་དབང་བསྐུར་བ་ལ་སོགས་པ་རྣམས་ཀྱིས་ཐ་མལ་པའི་ང་རྒྱལ་གྱི་དྲི་མ་སྤངས་པ་རྣམས་སོ། །སློབ་མ་དེ་རྣམས་ནི་གཞན་གྱི་དོན་བྱེད་པ་ལ་སོགས་པ་རྣམས་ཀྱིས་རྗེས་སུ་བསྟན་པར་བྱ་བ་ཡང་ངོ་ཞེས་པའོ། །ཕྱག་རྒྱ་ཆེན་པོའི་ ཐིག་ལེར་གསུངས་པ། ཇི་ལྟར་དུག་ནི་སྔགས་སོགས་ཀྱིས། །སྦྱངས་བཞིན་པ་ནི་བཅུད་ལེན་ཏེ། །དེ་བཞིན་དབང་བསྐུར་ལ་སོགས་ཀྱིས། །སློབ་མ་མ་དག་དག་ལྡན་འགྱུར། །ཞེས་སོ། །གང་རྣམས་གཞན་གྱི་བྱ་བ་དགེ་ལ་བརྩོན་པ་སྟེ། དགེ་བ་དེ་ལ་སྤྲོ་བའོ་ཞེས་པའོ། །ད་ནི་ ལམ་ཐོབ་པ་རྣམས་ཀྱི་བག་མེད་པ་རྣམས་ཀྱིས་ལམ་འཕྲོག་པའི་རྒྱུ་མཚན་གསུངས་པ། གཞན་ཞེས་པ་ལ་སོགས་པའོ། །སངས་རྒྱས་ཉིད་གང་གིས་བདེ་བ་ཚོལ་ཞིང་དོན་དུ་གཉེར་བར་བྱེད་པ་སྟེ། དེ་མ་ཐག་ཏུ་བརྗོད་པ་འདི་ནི་དགའ་བ་རྒྱས་པར་བྱེད་དོ་ཞེས་པས་རིན་ཆེན་ཏེ་ཡིད་ བཞིན་གྱི་རིན་པོ་ཆེ་དང་འདྲ་བས་རིན་པོ་ཆེ་སྟེ། རྙེད་དཀའ་བ་ཉིད་ཀྱི་ཕྱིར་དང་། བསམས་པའི་དོན་གྱི་འབྲས་བུ་སྟེར་བ་ཉིད་ཀྱི་ཕྱིར་ན་ལམ་བཟངས་རིན་ཆེན་ནོ། །ཕྱི་ནས་ཁྱད་པར་གྱི་བསྡུ་བའོ། །བག་མེད་ནི་བག་མེད་པའི་སྤྱོད་པ་ཅན་ཏེ། ཕན་པ་བདེ་བ་ལ་ལྟོས་པ་མེད་པའོ། ། འགྲོ་བ་དྲུག་པོ་རྣམས་སུ་ཉམས་པར་འགྱུར་བས་ན་སེམས་ཅན་ནོ། །གཞན་པ་ནི་གང་སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་བྲལ་བ་ཕ་རོལ་ལ་ཕན་པ་དང་བདེ་བ་ལ་མི་བརྩོན་པའོ། །རང་གི་ཁྱིམ་ནི་ཆུང་མའོ། །དེ་ཁོ་ན་དགོན་པ་སྟེ། གདུག་པའི་སེམས་ཅན་གྱི་གནས་ཏེ་ཞུགས་པ་ དེའོ། །འདི་རྣམས་སུ་དབང་པོ་རྣམས་འཆིང་ངོ་ཞེས་པ་ཡུལ་རྣམས་ཏེ། གཟུགས་ལ་སོགས་པས་ཕྱི་རོལ་གྱི་ལོངས་སྤྱོད་རྣམས་སོ། །དེ་རྣམས་ཀྱང་ངན་པ་སྟེ་རོ་བྲོ་བ་ཆུང་བ་ཉིད་ཀྱི་ཕྱིར་དང་། རྣམ་པར་སྨིན་པ་རྩུབ་པ་ཉིད་ཀྱི་ཕྱིར་དང་བརྒྱལ་བའི་སེམས་ཀྱིས་བསྟེན་པ་ཉིད་ཀྱི་ཕྱིར་རོ། ། དེ་རྣམས་ཁོ་ན་ཆོམ་རྐུན་པ་རྣམས་ཏེ། བྱིན་པའི་ལམ་བཟང་པོའི་རིན་པོ་ཆེ་ཡང་དེ་རྣམས་ཀྱིས་འཕྲོག་པར་བྱེད། རྐུ་བར་བྱེད་དོ་ཞེས་པའོ། །འདི་རྣམས་འབའ་ཞིག་གིས་ལམ་བཟང་པོ་རིན་པོ་ཆེའི་ནོར་ཁྱིམ་གྱི་དགོན་པར་ཞུགས་པ་འཕྲོག་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཉེན་ འདུན་འཐིབ་པོའི་ནང་དུ་ཞུགས་པའི་ཐེ་ཚོམ་ལ་སོགས་པའི་རྐུན་པོ་རྣམས་ཀྱིས་ཀྱང་ངོ་། །གཉེན་འདུན་ནི་ཆུང་མ་དང་བུ་དང་བུའི་བུ་ལ་སོགས་པ་གྲགས་པའོ། །ཐིབས་པོ་ནི་ནགས་སོ། །ཡིད་ཆེས་པ་རྣམ་གསུམ་གྱིས་ངེས་པའི་ལམ་བཟང་པོའི་རིན་པོ་ཆེ་ལ་ཡང་སོམ་ཉི་ ཟ་བ་ནི་ཐེ་ཚོམ་སྟེ། ཅི་སྟེ་འདི་ལམ་བཟང་པོ་ཡིན་ནམ་འོ་ན་ཏེ་མ་ཡིན་ཞེས་པའོ། །འགྱོད་པ་ནི་ལས་ངན་པ་བདག་གིས་བྱས་ཏེ། དེའི་ཕྱིར་བདག་གིས་ལམ་མངོན་དུ་མི་བྱའོ་ཞེས་པ་འདི་ལྟ་བུའི་རྣམ་པ་ཅན་ནོ། །གཉིད་ནི་གཉིས་པ་སྟེ། ལུས་དང་ཡིད་དག་ལས་སུ་མི་རུང་བ་ ཉིད་དུ་སྐྱེད་པར་བྱེད་པ་རྨུགས་པ་ཞེས་པའི་བར་རོ། །ལེ་ལོ་ནི་སྤྲོ་བ་ཞན་པའོ། །རྒོད་པ་ནི་སེམས་རྣམ་པར་གཡེངས་པ་ཉིད་དེ། གྲོང་ཁྱེར་ལ་སོགས་སུ་འཁྱམ་པ་ཞེས་པའི་བར་རོ། །དེ་ལྟར་འདི་རྣམས་ནི་ལམ་བསྒོམ་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་དྲི་མ་རྣམས་སུ་ འཕགས་པའི་ཚིགས་སུ་བཅད་པ་འདི་ཡིས་བཤད་དོ་ཞེས་པའོ། །ཏིང་ངེ་འཛིན་གྱི་དྲི་མ་འདི་རྣམས་ཀྱིས་འཕྲོག་པ་འབའ་ཞིག་ཏུ་མ་ཟད་ཀྱི། སྲོག་གཅོད་པ་ལ་སོགས་པ་རྣམས་ཀྱིས་ཀྱང་སྟེ། རིན་པོ་ཆེ་ཞེས་པ་ནི་ལམ་བཟང་པོའི་རིན་པོ་ཆེའོ། །རྟག་ཏུ་ནི་དུས་ གསུམ་དུའོ། །སྲོག་གཅོད་པ་སེམས་ཅན་གསོད་པའོ། །བརྫུན་ཞེས་པ་མི་བདེན་པ་སྨྲ་བའོ། །མ་བྱིན་པ་ཞེས་པ་གཞན་གྱི་རྫས་རྐུ་བའོ། །གཞན་གྱི་བུད་མེད་ཅེས་པ་ནི་འདོད་པ་ལོག་པར་སྤྱོད་པའོ། །ཚིག་རྩུབ་ནི་ཕ་རོལ་པོའི་ཞེ་འགེགས་པར་བྱེད་པའོ། །ཕྲ་མ་སྨྲ་བ་ནི་ཉོན་མོངས་པ་ཅན་གྱི་ སེམས་ཀྱིས་ཕ་རོལ་འབྱེད་པའི་ཚིག་གོ། །ཚིག་འཁྱལ་པ་ནི་འདོད་པ་ལ་སོགས་པས་ཉེ་བར་བཅོམ་པའི་ཧ་ཧ་ཧི་ཧི་ཞེས་པ་ལ་སོགས་འདོད་ཆགས་བསྐྱེད་པའི་ཚིག་གོ། །བརྣབ་སེམས་ནི་གཞན་གྱི་རྫས་ལ་ལོག་པར་ཆགས་པའོ། །གནོད་སེམས་ནི་གནོད་པར་བྱེད་པའི་སེམས་ཉིད་དོ། ། ལྟ་བ་ངན་པ་ནི་མེད་པའི་ལྟ་བའོ། །དེ་བཞིན་དུ་ཡོད་པའི་སྡིག་པ་ལྔ་ནི་འཚེ་བ་ལ་སོགས་པའོ། །ཉེ་བའི་སྡིག་པ་ལྔ་ནི་ཆོ་ལོ་ལ་སོགས་པའོ། །གསོད་ཅེས་པ་བ་ལང་ལ་སོགས་པ་གསོད་པ་ལྔའོ། །འཁུ་ཞེས་པ་གྲོགས་པོ་ལ་སོགས་པ་ལ་འཁུ་བ་ལྔའོ། །མིག་ལ་སོགས་པའི་དབང་པོ་ ཀུན་ནས་ཆགས་པ་ལྔའོ་ཞེས་པ་འདིའི་ཚད་ལྔ་ཡིན་པས་ལྔ་པ་རྣམས་ལྔ་སྟེ་ཆོམ་རྐུན་པ་དེ་རྣམས་ཁོ་ནའོ་ཞེས་པའོ། །དེ་སྐད་དུ། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤོངས་ཤིག་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེ་ཞགས་པ་ཡིན་ཏེ་རང་གི་དགེ་བ་མཐར་བྱེད་ སྡིག་པ་ལྔ་པོ་འདི་རྣམས་སོ། །ཆོ་ལོ་ཁ་ན་མ་ཐོ་བ་ཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ ཡང་། །དབང་པོ་རྣམས་ནི་ཀུན་ནས་ཆགས་པའོ་ཞེས་པ་མིའི་བདག་པོའི་བརྟུལ་ཞུགས་རྣམས་ནི་ཉི་ཤུ་ལྔ། །ཞེས་སོ། །སྡིག་པ་ཅན་གྱི་ལས་ཞེས་བྱ་བ་བར་དུ་གཅོད་པར་བྱེད་པས་ཏེ། མཚམས་མེད་པ་ལྔ་པོ་བྱེད་པ་རྣམས་ཀྱང་བསྡུས་པའོ་ཞེས་པའོ། །འདི་རྣམས་ཀྱིས་ལམ་བཟང་པོའི་རིན་ པོ་ཆེ་འཕྲོག་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཤིན་ཏུ་བཟའ་དང་བཏུང་བ་རྣམས་ཀྱིས་དང་སྣ་ཚོགས་པའི་ལོངས་སྤྱོད་རྣམས་ཀྱིས་ཀྱང་ཞེས་པའོ། །བཟའ་བ་ནི་ཤིན་ཏུ་ཤ་ལ་སོགས་པ་ཟ་བའོ། །བཏུང་བ་ནི་ཆང་འཐུང་བ་ལ་སོགས་པར་གྲགས་པའོ། །ཤིན་ཏུ་ནི་བརྒྱལ་བ་ལ་སོགས་པའི་ ཆོས་ཀྱིས་སོ། །ལོངས་སྤྱོད་པར་བྱ་བས་ན་ལོངས་སྤྱོད་དེ་མེ་ཏོག་ཕྲེང་བ་དང་ཙནྡན་དང་བུད་མེད་དང་མལ་སྟན་ལ་སོགས་པ་སྟེ་སྣ་ཚོགས་པ་རྣམ་པར་བཀྲ་བའོ། །བརྩོན་འགྲུས་ལྡན་པ་ལ་ཡང་སྟེ་ལམ་བསྒོམ་པ་ལ་སྤྲོ་བའི་འོ། །བརྗོད་མ་ཐག་པ་བརྩོན་འགྲུས་བརྟན་པ་ཅན་འབའ་ཞིག་ གིར་མ་ཟད་ཀྱི། བརྩོན་འགྲུས་བརྟན་པ་དང་མི་ལྡན་པའི་ཡང་ངོ་ཞེས་པ་ཡང་གི་སྒྲའི་དོན་ཏོ། །བག་མེད་པ་ནི་ཤིན་ཏུ་བཟའ་བ་དང་བཏུང་བ་ལ་སོགས་པ་དང་མི་དགེ་བའི་གྲོགས་པོ་དང་འགྲོགས་པའོ། །དེ་ལས་བརྒྱལ་བ་སྟེ་སེམས་དང་བྲལ་བ་ཉིད་དུ་གྱུར་པ་ལ་འཕྲོག་པར་བྱེད་པ་ཁོ་ནའོ་ ཞེས་བྱ་བའོ། །རྣམ་པ་སྣ་ཚོགས་པའི་སྲིད་པའི་ལོངས་སྤྱོད་ལ་མངོན་པར་དགའ་བ་ནི་དགེ་བ་བྱེད་པ་རྣམས་ཀྱི་ཡང་བར་དུ་གཅོད་པར་བྱེད་པའོ་ཞེས་པའོ། །འོ་ན་དེ་ལྟར་ལམ་རིན་པོ་ཆེ་ཡོངས་སུ་རྟོག་པ་པོ་ལ་མངོན་པར་དགོངས་ནས་བར་དུ་གཅོད་པར་བྱེད་པའི་སྐྱོན་རྣམས་རྗོད་པར་བྱེད་ པ་མ་ཡིན་ནམ། རང་ཉིད་ལམ་གྱི་ཡོངས་སུ་རྟོག་པ་པོ་མ་ཡིན་པ་ལ་བརྗོད་པ་ཅི་ཞིག་ཅེ་ན། གང་ཕྱིར་ཏེ་གང་གི་ཕྱིར་རང་ཉ