Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 14
Văn bản gốc(Tây Tạng)
Trang 15 / 23 (50.000 ký tự/trang)
འབྱུང་སྟེ། མཚན་མོའི་སྦྱོར་བ་རྣམ་པ་བཞི་དང་། ཉིན་མོའི་སྦྱོར་བ་རྣམ་པ་དྲུག་གོ། །དེ་བས་གཟུགས་བརྙན་གྱི་བར་སོ་སོར་རྟོག་པ་དང་བསམ་གཏན་གྱི་བསྙེན་པའི་ཡན་ལག་ཡིན་ནོ། །བདུད་རྩིའི་ལམ་ལ་སོགས་པ་ལ་བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་པ་སྟེ། དེའི་བལྟ་བ་ནི་བདུད་རྩིའི་གནས་དཔྲལ་ བ་སྟེ། དེར་བཏང་བས་དེར་ཉེ་བའི་སྒྲུབ་པ་ལ་ཡན་ལག་དྲུག་གོ། །གཟུགས་བརྙན་མཐོང་བ་ནི་སྲོག་རྩོལ་དང་སྲོག་རླུང་འཛིན་པར་བྱའོ་ཞེས་ཉེ་བའི་སྒྲུབ་པའོ། །ཤེས་རབ་སྦྱོར་བྱུང་ཐིག་ལེ་ནི་ཤེས་རབ་མའི་ཆགས་པ་ལས་བྱུང་བའི་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པའོ། །མ་ཉམས་པ་གསུམ་ནི་གསང་བ་དང་། ལྟེ་བ་དང་། སྙིང་གར་རོ། །དེ་ལྟར་བསྒྲུབ་པའི་ཡན་ལག་བྱའོ། །མ་ཉམས་བདེ་གཅིག་ཞི་བ་ནི་བྱང་ཆུབ་སེམས་ཀྱི་མ་ཉམས་པའི་སྐད་ཅིག་ནི་ཞི་བར་བརྗོད་དོ། །ལྷན་སྐྱེས་ཡེ་ཤེས་སྒྲུབ་ཆེན་ནི་མ་ཉམས་བདེ་བ་དང་བྱང་སེམས་ལྷན་ཅིག་ཏུ་གྱུར་པ་ཆེན་པོའི་ཡན་ལག་བཞི་པའོ། །སྒྱུ་མ་ལྟ་བུ་ཕྱག་རྒྱ་ཆེ། །ནམ་ མཁར་སེམས་སུ་མེད་སེམས་ལ། །མེ་ལོང་གཟུགས་བརྙན་ལྟ་བུར་སྣང་། །ཁམས་གསུམ་ན་ནི་སྣང་བར་བྱེད། །གློག་ལྟར་འོད་ཟེར་དུ་མ་སྤྲོ། །སྒྱུ་མའི་སྐུ་ལས་ཐ་མི་དད། །ཡུལ་དང་དབང་པོའི་དབྱེ་བ་མེད། །སྣང་བ་ཙམ་སྟེ་ནམ་མཁར་གནས། །སེམས་སུ་མེད་སེམས་གཅིག་པུ་ཡང་། །འགྲོ་བ་ སྣ་ཚོགས་སེམས་ལ་འཁྱུད། །རང་སེམས་ལས་བྱུང་སེམས་སྣང་ཙམ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །རྣལ་འབྱོར་ཀུན་གྱིས་བསྟེན་བྱ་བ། །སངས་རྒྱས་སྲས་བཅས་ཀྱིས་བསྟེན་བྱ། །ཡེ་ཤེས་མེ་དེ་འབར་བ་ན། །ཕུང་པོ་ལ་སོགས་དང་བཅས་པའི། །རྟོག་པའི་དྲ་བ་སྲེག་པར་བྱེད། །རྣལ་ འབྱོར་ཀུན་ལ་ལོ་གཅིག་གིས། །ལྷན་ཅིག་སྐྱེས་བདེ་ཐོབ་པར་བྱེད། །ཤེས་རབ་འཛིན་པའི་སེམས་ཡིན་ཉིད། །ཡེ་ཤེས་དེ་ཡི་གཟུང་བྱ་སྟེ། །སྣང་ཙམ་དུ་བ་ལ་སོགས་བཅུ། །ཕྱི་ཡུལ་དང་བྲལ་འཛིན་པ་དེ། །གཟུང་ཡུལ་ལ་ཐིམ་དབང་སྐུར་ཡིན། །དེ་ལས་མ་ཉམས་ལྷན་སྐྱེས་དང་། །མྱ་ངན་ལས་ འདས་བདེ་བ་ནི། །བཞི་པ་དཔེ་མེད་འཇིག་རྟེན་འདས། །སངས་རྒྱས་གསུང་འདི་གང་སྙིང་ལ། །ཞལ་ན་ཡོད་དེ་བླ་མའི་མཆོག །འདིར་ཤེས་རབ་ནི་འཛིན་པའི་སེམས་ཡིན་ཏེ། དེའི་སྣང་བ་དུ་བ་ལ་སོགས་པ་རྣམ་པ་བཅུ་གཟུང་བར་བྱ་བ་པྲ་ཕབ་པ་དང་། མེ་ལོང་གི་གཟུགས་བརྙན་ལྟ་བུའི་གཟུང་བྱ་ནི་ ཡེ་ཤེས་སོ། །མེ་ལོང་ལ་རང་གི་མིག་གི་གཟུགས་བརྙན་ནི་རང་གི་མིག་གི་གཟུང་བྱ་ཡིན་ནོ། །གཟུང་ཡུལ་ལ་ཐིམ་དབང་བསྐུར་ཡིན་པ་ནི་གཟུང་ཆའི་ཡེ་ཤེས་ལ་འཛིན་པའི་ཤེས་རབ་རབ་ཏུ་འཇུག་པ་ཕྱིའི་ཡུལ་ལ་མི་འཇུག་པ་ནི་སོ་སོར་རྟོག་པ་དང་བསམ་གཏན་དང་སྲོག་རྩོལ་དང་འཛིན་པ་ཀུན་ནི་ཐིམ་པར་ བརྗོད་དེ་ཡན་ལག་དྲུག་ལའོ། །དེ་ལས་ནི་ཐིམ་པ་ལས་ཏེ་མ་ཉམས་ལྷན་སྐྱེས་དང་མྱ་ངན་ལས་འདས་པའི་བདེ་བ་ནི་བཞི་པའི་བདེ་བ་སྟེ། བྱིས་པ་དང་དར་ལ་བབ་པ་དང་། འཛག་པའི་བདེ་བ་མཆོག་འཇིག་རྟེན་གྱི་དཔེ་ལས་འདས་པ་ཁམས་གསུམ་གྱི་སྤྱོད་པ་ལས་གྲོལ་བའི་དོན་ཏོ། །དགོད་པ་དང་། ལྟ་བ་དང་། རེག་པ་དང་། འཁྱུད་པ་དང་། ལག་པས་གཟུང་བ་དང་། འཁྲིག་པ་དང་བྲལ་བ། ལས་ཀྱི་ཕྱག་རྒྱ་དང་ཡིད་ཀྱི་ཕྱག་རྒྱའི་རྒྱུ་ལས་མ་བྱུང་བ། སྟོང་པ་ཉིད་རྣམ་པ་ཐམས་ཅད་སོ་སོར་སྣང་བའི་མཚན་ཉིད་ཅན་ནོ། །སངས་རྒྱས་ཀྱི་གསུང་འདི་ཡེ་ཤེས་ཀྱི་ཐབས་ཡིན་ཏེ། སློབ་དཔོན་གང་གི་སྙིང་ལ་གནས་པ་རང་ གིས་མྱོང་བའི་ཕྱིར་ཞལ་ལ་ཡོད་པ་སློབ་མ་རྣམས་ལ་སྟོན་པའི་ཕྱིར་དུས་རྟག་ཏུ་ཡོད་པ་དེ་ནི་བླ་མའི་མཆོག་སྟེ་རྡོ་རྗེ་འཛིན་པའི་དོན་ཏོ། །དབང་པོ་གཉིས་ཀྱི་བདེ་བ་རྟོགས་པ་གཞན་ནི་མ་ཡིན་ནོ། །ནམ་མཁར་སེམས་ཆགས་མིག་མི་འཛུམས། །རྡོ་རྗེ་ལམ་ཞུགས་པདྨ་ལས། །དུ་བ་སྨིག་རྒྱུ་སྲིན་མེ་ཁྱེར། །མར་ མེ་འབར་བ་ཟླ་ཉི་མ། །རཱ་ཧུ་ལ་གློག་ཐིག་ལེ་སྣང་། །དེ་ནང་གཟུགས་བརྙན་ཡུལ་མེད་པ། །ལོངས་སྤྱོད་རྫོགས་སྐུ་དུ་མ་སྣང་། །ད་ནི་རང་སེམས་ཀྱི་སྣང་བ་ལ་རབ་ཏུ་འཇུག་པར་བརྗོད་དེ། སྔགས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པ་འདིར་རྣལ་འབྱོར་བསྒོམ་པ་གཉིས་ཏེ། ནམ་མཁའ་ལ་རྣལ་འབྱོར་བསྒོམ་པ་ དང་། བླ་གབ་མེད་པར་རོ། །ནམ་མཁའ་ལ་རྣལ་འབྱོར་བྱེད་པ་ནི་མཚན་མོ་བུ་ག་མེད་པའི་ཁང་པ་རུ་མུན་པ་ནག་པོ་ལ་ནམ་མཁའ་ལ་སེམས་ཆགས་པས་དུ་བ་ལ་སོགས་པའི་མཚན་མ་མཐོང་བའོ། །རྡོ་རྗེ་ལམ་ཞུགས་ནི་རྩ་དབུ་མར་སྲོག་རླུང་འཇུག་པའོ། །མིག་མི་འཛུམས་པའི་ ནམ་མཁའ་ལས། དུ་བ། སྨིག་རྒྱུ། སྲིན་བུ་མེ་ཁྱེར། མར་མེ་ཞེས་བྱ་བ་བཞི་མཚན་མོའི་སྦྱོར་བས་མཐོང་ངོ་། །དེ་ནས་སྤྲིན་མེད་པའི་ནམ་མཁའ་མཐོང་སྟེ། ནམ་མཁའ་དེ་ལས་ཉིན་མོའི་སྦྱོར་བས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་བྱ་བ་སྤྲིན་མེད་པའི་ ནམ་མཁའ་འབར་བར་མཐོང་ངོ་། །དེ་ནས། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ་ནི་ཟླ་བའི་སྣང་བའོ། །འགྲོ་བའི་མར་མེ་ནི་ཉི་མའོ། །ཡེ་ཤེས་སྒྲོན་མ་ནི་རཱ་ཧུ་ལའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་གོ། །སྔགས་དྲག་མངའ་བདག་རིག་སྔགས་རྒྱལ་ནི་ཐིག་ལེའོ་ ཞེས་པ་ནི་མཚན་མ་ནི་བཅུའོ། །གསང་བ་འདུས་པ་ལ་སོགས་པས་མཚན་མོའི་སྦྱོར་བས་ནི། མཚན་བརྗོད་ལས་ཉིན་མོའི་སྦྱོར་བས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་བྱ་བ་བུམ་པ་དང་རས་ལ་སོགས་པའི་རྣམ་པ་ཐམས་ཅད་དང་ལྡན་པའི་ གཟུགས་བརྙན་མཐོང་བའོ། །དེ་ནང་གི་ནི་ཐིག་ལེའི་དབུས་སུ་གཟུགས་བརྙན་ཡུལ་མེད་པ་དེའི་དངོས་པོ་མེད་པས་སོ། །ལོངས་སྤྱོད་རྫོགས་སྐུ་དུ་མ་ནི་གཟུགས་བརྙན་གྱི་སྦྱོར་བས་རང་སྒྲ་གང་ཡིན་པ་དེ་ཐོས་པར་འགྱུར་རོ། །དེ་ལྟར་རྟོག་པ་མེད་ཅིང་གཟུགས་ཀྱི་སྣང་བ་ནི་སྤྲུལ་པའི་སྐུའོ། །སྒྲའི་སྣང་ བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྤྲིན་མེད་ནམ་མཁའ་རྣལ་འབྱོར་གྱིས། །མིག་གཉིས་བརྟན་པས་བལྟ་བར་བྱ། །ཐིག་ལེར་དྲི་མེད་འོད་འཕྲོ་ཅན། །རི་མོ་ཕྲ་ནག་མཐོང་བའི་བར། །རི་མོ་ནག་དེར་ཀུན་མཁྱེན་སྐུ། །རྙོག་མེད་ཆུ་ལ་ཉི་མ་ལྟར། །རང་བསམ་རྣམ་པ་ཀུན་དང་ལྡན། །ཡུལ་ མེད་སྣ་ཚོགས་སྣང་བར་འགྱུར། །ཉིན་མོའི་སྦྱོར་བ་འདིར་སྤྲིན་མེད་པའི་ནམ་མཁའ་ལ་རྣལ་འབྱོར་པས་མིག་བརྟན་པར་བལྟ་བར་བྱ་སྟེ། སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ནས་སོ། །གཞན་དུ་ན་རབ་རིབ་འབྱུང་སྟེ་དེས་དེ་ལ་གནོད་པའོ། །ཞག་རེ་རེ་ཞིང་བལྟ་བར་བྱ་སྟེ། ཐིག་ལེའི་ནང་དུ་རི་མོ་ནག་པོ་སྐུའི་ ཚད་དྲི་མེད་འོད་འཕྲོ་བ་མཐོང་བའི་བར་དུའོ། །ཨ་བ་དྷཱུ་ཏཱིར་རི་མོ་ནག་པོ་དེའི་ནང་དུ་ཀུན་མཁྱེན་གྱི་སྐུ་ཡིན་པའི་ཁམས་གསུམ་ཆུ་ལ་ཉི་མ་ལྟར་མདོག་སྣ་ཚོགས་རྙོག་པ་མེད་པ། རང་གི་སེམས་རྣམ་པ་ཀུན་དང་ལྡན་པ། ཡུལ་དང་བྲལ་བ། སེམས་གཞན་མ་ཡིན་ཏེ། གཞན་གྱི་སེམས་ཤེས་པ་མེད་པས་ སོ། །འདིར་དང་པོར་རང་སེམས་ཀྱི་སྣང་བ་འདི་རྣལ་འབྱོར་པའི་ཤའི་མིག་གིས་མཐོང་སྟེ། ལྷའི་མིག་ལ་སོགས་པས་གཞན་གྱི་སེམས་ཤེས་པ་མཐོང་། ཆོས་བསྡུས་པ་ལས་བཅོམ་ལྡན་འདས་ཀྱིས་མིག་ལྔར་བཤད་དེ། ཤའི་མིག །ལྷའི་མིག །སངས་རྒྱས་ཀྱི་སྤྱན། ཤེས་རབ་ཀྱི་སྤྱན། ཡེ་ ཤེས་ཀྱི་སྤྱན་ནི་གོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །དེ་བས་ན་ཐམས་ཅད་མཁྱེན་པས་མ་གཟིགས་པ་མི་སྲིད་དོ། །ས་ཡི་རྣམ་པ་སྲ་བ་མིན། །ཆུ་སྣང་དེ་མིན་ཆུ་མིན་ཕྱིར། །མེ་ལྟར་དེ་མིན་དྲོད་མེད་པས། །རླུང་སྣང་དེ་མིན་མི་གཡོའི་ཕྱིར། །མཁའ་ལྟར་དེ་མིན་མཐོང་ཕྱིར་རོ། ། མདོག་སྣ་ཚོགས་སྣང་མདོག་མ་ཡིན། །རྣམ་པ་ཀུན་ལྡན་ཡང་མི་མཐོང་། །བྱིས་པས་མ་རིག་མུན་ཕྱིར་རོ། །ས་རླུང་ཆུ་ཡི་རླུང་ལ་ཐིམ། །ཆུ་ནི་མེ་ལ་མེ་རླུང་ལ། །རླུང་མཁར་ནམ་མཁས་མཚན་མ་བཅུ། །དེ་ཡང་སྣ་ཚོགས་གཟུགས་བརྙན་འགྱུར། །དེ་ཡང་མ་ཉམས་བདེ་བའི་མཆོག །རང་ སྒྲ་ཡེ་ཤེས་སྐུ་རུ་འགྱུར། །ཡེ་ཤེས་ལས་བྱུང་རྫུ་འཕྲུལ་སྐུ། །སྒྲུབ་པ་སྐྱེ་བ་འདི་ཉིད་དུ། །དབུ་མར་སྲོག་རླུང་འཇུག་པ་དང་། །གཡས་གཡོན་ཉི་ཟླའི་རྒྱུ་བ་སྡོམ། །སེམས་ནི་སྣ་ཚོགས་སྐུ་ལ་ཆགས། །བདེ་བ་མཆོག་གི་རྡོ་རྗེ་བསླང་། །ཡང་ན་པདྨར་རྡོ་རྗེའི་སྒྲ། །རྡོ་རྗེ་གསོར་བ་རང་ལག་གིས། ། བདེ་ཕྱིར་ས་བོན་འདོར་མི་བྱ། །འཆི་འཇིགས་འཕྲོག་གི་བླ་མའི་ཞལ། །འདི་ནི་ཕྱག་རྒྱ་ཆེན་པོའི་གདམས་ངག །དང་པོའི་སངས་རྒྱས་ལས་ཀྱང་གསུངས། །འདི་ཁོ་ན་ནི་བསྒྲུབ་པར་བྱ། །བསམ་དུ་མེད་པའི་སྣང་བ་དང་། །དུ་བ་ལ་སོགས་མཚན་མ་དང་། །ཤེས་རབ་གཟུགས་བརྙན་མཁའ་ དང་མཉམ། །ཡོད་དང་མེད་པ་ལས་འདས་པའི། །རང་སེམས་ཀྱིས་ནི་མྱོང་བའི་དོན། །རྡུལ་ཕྲ་རབ་ཀྱི་ཚོགས་པས་ནི། །ཀུན་ནས་ཡོངས་སུ་སྤངས་པ་ཡི། །དུ་བ་སྨིག་རྒྱུ་སྲིན་མེ་ཁྱེར། །མར་མེ་འབར་བ་ཟླ་ཉི་མ། །རཱ་ཧུ་ལ་གློག་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། ། བཙུམས་དང་མ་བཙུམས་མིག་དག་གིས། །སྟོང་པར་གང་ནི་མ་བརྟགས་པ། །གཟུགས་བརྙན་གང་མཐོང་རྨི་ལམ་ལྟར། །དེ་ནི་རྟག་ཏུ་བསྒོམ་པར་བྱ། །བསྒོམ་པའི་གཟུགས་བརྙན་དངོས་མེད་ལ། །རྣལ་འབྱོར་པ་ཡི་བསྒོམ་མ་ཡིན། །སེམས་ངོ་དངོས་པོ་མེད་པ་མིན། །སྐུ་ ལ་རྟོག་མེད་མཐོང་ཕྱིར་རོ། །པྲ་ཕབ་ལྟར་ནི་མེ་ལོང་ལ། །དངོས་མེད་ལས་བྱུང་གཞོན་ནུས་མཐོང་། །འདས་དང་མ་འོངས་པ་ཡི་ཆོས། །དེ་ཉིད་རྣལ་འབྱོར་ནམ་མཁའ་མཐོང་། །དེ་མེད་པས་ནི་དངོས་པོ་མིན། །དངོས་པོ་སྟོང་པའི་དོན་མཐོང་ཕྱིར། །དངོས་པོ་མེད་ལས་དོན་ཡོད་མིན། །སྒྱུ་མའི་དྲ་བ་རྨི་ ལམ་བཞིན། །ཆོས་ཅན་མེད་པའི་ཆོས་ཀྱིས་འདིར། །སྐྱེ་བར་འདིར་ནི་རབ་ཏུ་བསྟན། །མཐའ་ཡས་སེམས་ཅན་སེམས་ཚིམ་པའི། །ཡིད་བཞིན་ནོར་བུ་ཇི་བཞིན་ནོ། །སྔར་མ་མཐོང་བའི་གཞོན་ནུ་མས། །པྲ་ཕབ་པས་ནི་རྐུན་པོ་མཐོང་། །ཕྱོགས་གཅིག་གི་ནི་མིག་དག་གིས། །སྒྲུབ་པ་པོས་ནི་ཕྱི་ནང་ མཐོང་། །གལ་ཏེ་ཡོད་པའི་གཟུགས་མཐོང་ན། །རང་གི་གདོང་པ་ཅིས་མི་མཐོང་། །གལ་ཏེ་མེད་པའི་གཟུགས་མཐོང་ན། །ཅི་སྟེ་རི་བོང་རྭ་མི་མཐོང་། །གཞན་གྱི་མིག་གིས་མི་མཐོང་ལ། །རང་གི་མིག་གིས་ཀྱང་མི་མཐོང་། །ཇི་ལྟར་གཞོན་ནུ་མ་ཡི་བུ། །མ་སྐྱེས་པ་ཡང་མཐོང་འགྱུར་རོ། །གསང་ འདུས་ཀྱི་རྒྱུད་ཕྱི་མ་ལས་ཀྱང་། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །འདིར་སོ་སོར་སྡུད་ནི་ཕྱིའི་གཟུགས་ལ་སོགས་པ་ལ་མིག་གི། དབང་པོས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མི་འཇུག་པར་ནང་གི་ ཡུལ་དུ་བ་ལ་སོགས་པ་རྣམས་ལ་ལྷའི་མིག་ལ་སོགས་པས་ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རབ་ཏུ་འཇུག་པ་སྟེ། ནང་གི་སྟོང་པ་ཉིད་ལ་དམིགས་པས་པྲ་ཕབ་པའི་གཞོན་ནུ་མས་མཐོང་བ་ལྟར་སྟོང་པ་ལ་མ་བརྟགས་པའི་དངོས་པོ་ཐམས་ཅད་མཐོང་བ་ནི་སོ་སོར་རྟོགས་པར་བརྗོད་དེ། ཁམས་གསུམ་ གྱི་སྐུ་མཐོང་བའི་ཕྱིར་རོ། །བསམ་གཏན་ནི་ཆོས་ཐམས་ཅད་སྟོང་པར་མཐོང་བ་སྟེ། ཤེས་རབ་ནི་དེ་དག་ལ་སེམས་རབ་ཏུ་འཇུག་པའོ། །རྟོག་པ་ནི་སེམས་ཀྱི་དངོས་པོ་གཟུང་བའོ། །དཔྱོད་པ་ནི་དངོས་པོ་སོ་སོར་རྟོག་པའོ། །དགའ་བ་ནི་དངོས་པོ་ཐམས་ཅད་ལ་སེམས་གནས་པའོ། །མི་གཡོ་བའི་བདེ་ བ་ནི་དངོས་པོ་ཐམས་ཅད་ལས་བདེ་བ་ཐམས་ཅད་ཕུན་སུམ་ཚོགས་པའོ། །དེ་ལྟར་བསམ་གཏན་ཡན་ལག་ལྔ་ལྡན་ནོ། །དེ་ནས་སྲོག་རྩོལ་རླུང་ནི་རྐྱང་མ་དང་། རོ་མ་གཡོན་པ་དང་གཡས་པའི་ལམ་འགགས་ཏེ། ཨ་བ་དྷཱུ་ཏཱི་དབུ་མའི་ལམ་ལ་སྲོག་རླུང་རྟག་ཏུ་འཇུག་པ་སྟེ། དགའ་བ་དང་། བུམ་པ་ཅན་དང་། འཕང་པའི་སྦྱོར་བས་དབུ་མ་ལ་ཨོཾ་ཡིག་གིས་འཇུག་པ་དང་། ཧཱུྃ་ཡིག་གིས་འགོག་པ་དང་། ཨཱཿཡིག་གིས་ཕྱིར་འབྱུང་བ་སྟེ། ཟླ་བ་དང་། རཱ་ཧུ་ལ་དང་། ཉི་མའི་ཚུལ་གྱིས་རྣལ་འབྱོར་གྱིས་བྱེད་དོ། །དེ་ནས་འཛིན་པ་ནི་སྲོག་གི་ས་དང་། ཆུ་དང་། མེ་དང་། རླུང་གི་དཀྱིལ་འཁོར་ལྟེ་བ་དང་། སྙིང་ག་དང་། མགུལ་ པ་དང་། དཔྲལ་བར་འཇུག་ཅིང་ཕྱི་རོལ་དུ་མི་འབྱུང་ཞིང་། ཐིག་ལེར་སྲོག་རླུང་འཇུག་པ་ནི་འཛིན་པའི་ཡན་ལག་ཏུ་བརྗོད་དོ། །རྗེས་སུ་དྲན་པ་ནི་རང་གི་ཡི་དམ་གྱི་ལྷའི་གཟུགས་བརྙན་རྟོག་པ་མེད་པར་མཐོང་བ་དང་། དེ་ལས་འོད་ཟེར་རྣམ་པ་སྣ་ཚོགས་པའི་འོད་ཀོར་དང་ཁམས་གསུམ་གྱི་སྤྲོ་བ་རྣམ་པ་དུ་མ་ ནི་རྗེས་སུ་དྲན་པར་བརྗོད་དོ། །དེ་ནས་ཏིང་ངེ་འཛིན་ནི་ཡི་དམ་གྱི་ལྷ་ལ་རྗེས་སུ་ཆགས་པས་མ་ཉམས་པའི་བདེ་བ་ཐོབ་པ་གང་ཡིན་པ་དེ་དང་སེམས་གཅིག་ཏུ་གྱུར་ཅིང་གཟུང་འཛིན་དང་བྲལ་བ་ཏིང་ངེ་འཛིན་དུ་བརྗོད་དོ། །བསྙེན་པའི་དུས་སུ་ནམ་མཁའ་ཆོས་འབྱུང་ལ་སེམས་ཀྱི་རྡོ་རྗེ་རབ་ཏུ་བཞག་ལ་སོ་སོར་རྟོག་ གིས་བསྒོམས་ཏེ། བསམ་གཏན་གྱིས་བརྟན་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་དམ་བཅས་པ། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །གང་ཞིག་ཡོངས་སུ་བརྟག་པར་བྱ། །གལ་ཏེ་ཡིད་ཆེས་མ་བྱུང་ན། །དེ་ཚེ་དེ་ཚིག་བདག་གི་བརྫུན། །ཞེས་བྱའོ། །འདིར་ཡིད་ཆེས་པ་ནི་དུ་བ་ལ་སོགས་ པའི་མཚན་མ་ཡིན་ཏེ། སྔགས་ལ་སོགས་པ་གཞན་ནི་ཉིན་གཅིག་གིས་མི་འགྲུབ་པས་ཅི་སྟེ་ཡིད་ཆེས་པར་འགྱུར། དེ་བས་ཐེ་ཚོམ་མ་བྱས་པར་བློ་རྟེན་མེད་པར་བྱས་ལ་སྟོང་པ་ཉིད་ཟབ་མོ་ལ་དམིགས་པ་མེད་པའི་ཡེ་ཤེས་འབྱུང་ངོ་། །ཁྱི་སོགས་པ་ལ་ཤ་ཡི་མིག །ལྷ་ཡི་མིག་ནི་ལྷ་སོགས་ལ། །རང་སངས་ རྒྱས་དང་ཉན་ཐོས་དང་། །སངས་རྒྱས་སྤྱན་ནི་གསུམ་པ་འབྱུང་། །བྱང་སེམས་ལ་ནི་ཤེས་རབ་སྤྱན། །སྒྲིབ་པ་མེད་ཅིང་ཀུན་དུ་གཟིགས། །ཡེ་ཤེས་སྤྱན་ནི་སངས་རྒྱས་ལ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་པ་སྣ་ཚོགས་ཀྱི་གཟུགས་རྫོགས་པས་མ་ཉམས་པའི་སྐད་ཅིག་ཐོབ་པའོ། །མཚན་མ་བར་ མ་ནི་མ་ཉམས་པའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་དང་པོ་ཐོབ་པ་དང་། མངོན་ཤེས་ལྔ་དང་མ་མཐོང་བའི་དོན་མཐོང་བ་དང་། འཇིག་རྟེན་གྱི་གྲུབ་པ་ཐོབ་པའོ། །ཐ་མའི་མཚན་མ་ནི་ཉམས་པའི་སྐད་ཅིག་སྟོང་ཕྲག་ཉི་ཤུ་གཅིག་དང་། དྲུག་བརྒྱས་ས་བཅུ་གཉིས་ཐོབ་པ་སངས་རྒྱས་ཉིད་ རྡོ་རྗེ་འཛིན་པའོ། །ཕྱག་རྒྱ་ཆེན་པོ་འགྲུབ་བོ་ཞེས་བྱ་བ་ཐོག་མའི་དང་པོའི་སངས་རྒྱས་ཀྱི་རྒྱུད་ལ་སོགས་པར་གསུངས་པ་སྦྱོར་བ་ཡན་ལག་དྲུག་པ་རྫོགས་སོ།། །།གྲུབ་པ་ཐོབ་པའི་པཎྜི་ཏ་ཆེན་པོ་ཤྲཱི་ཨ་ནུ་པཱ་མ་རཀྵི་ཏ་པཱ་ད་ནཾ་གིས་མཛད་པ་ལ་སྟོད་དིང་རིའི་གླང་སྐོར་མཁན་པ་ཁྲོད་དུ། རྒྱ་གར་ཤར་ ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲ་དང་། གཉལ་གྱི་ལོ་ཙཱ་བ་མི་མཉམ་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཥ་ཌངྒ་ཡོ་ག་ཊཱི་ཀཱ། བོད་སྐད་དུ། སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དུས་ཀྱི་འཁོར་ ལོའི་དབང་ཕྱུག་དང་། །ཡོན་ཏན་ཆེ་བའི་བླ་མ་ལ། །བཏུད་དེ་སྦྱོར་བ་དྲུག་པ་ཡི། །ཡོན་ཏན་རྫོགས་བྱེད་འགྲེལ་པ་བརྩམ། །འདིར་ཕྱི་ནང་གི་རིམ་པ་ལ་སྦྱངས་པའི་ཐུགས་དང་ལྡན་པའི་སློབ་དཔོན་དཔེ་མེད་འཚོ་དམིགས་པའི་དེ་ཁོ་ན་ཉིད་བསྒོམ་ཞིང་། དཔལ་ཁཪྶ་པ་ཎིའི་དྲུང་དུ་ལོ་བཅུ་གཉིས་བཞུགས་ ཀྱང་རྟོགས་པའི་ཁྱད་པར་མ་ཐོབ་པས་ཡི་ཆད་ནས་གཉིད་དུ་སོང་བ་ལ་རྡོ་རྗེ་རྣལ་འབྱོར་མས་གསུང་བྱུང་སྟེ། བུ་བི་ཀྲ་མ་པཱུ་ར་ར་སོང་ཤིག །དེར་ཁྱོད་ལ་རྟོགས་པའི་ཁྱད་པར་འབྱུང་བར་འགྱུར་ཞེས་སོ། །དེས་དེའི་བཀའ་སྤྱི་བོར་བཞག་ནས། སློབ་མ་ཚོང་དཔོན་གྱི་བུ་པཎྜི་ཏ་ཆེན་པོ་དཔལ་འཛིན་དང་བི་ཀྲ་མ་ པཱུ་རར་གཤེགས་སོ། །དེར་དུས་བཟང་པོར་དགེ་སྦྱོར་ལ་བཞུགས་པ་ལ་ནམ་ཕྱེད་ལ་ཨ་བ་དྷཱུ་ཏཱིའི་ཚུལ་གྱི་རྡོ་རྗེ་འཆང་གིས་དངོས་སུ་གདམས། དེའི་གདམས་པ་ཐོབ་པ་ཙམ་གྱིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་དུ་མི་སྣང་བར་གྱུར། ནམ་ལངས་པ་དང་དེ་འང་ཏིང་ངེ་འཛིན་ ལས་ལངས་ནས་བདག་ཉིད་ཆེན་པོ་བླ་མ་དེའི་གྲོགས་མཛད་པའི་དཔལ་འཛིན་པ་ལ་གདམས་པ་གནང་ངོ་། །དེས་ཀྱང་ཐུགས་རྗེ་དང་སྐལ་པར་ལྡན་པར་པཎྜི་ཏ་ཆེན་པོ་འོད་བྱེད་ལྷ་ལ་གནང་། དེས་ཀྱང་པཎྜི་ཏ་ཆེན་པོའི་བླ་མ་སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཞི་བ་ལ་བཤད། དེས་ཀྱང་བརྗོད་དུ་ མེད་པའི་ཡོན་ཏན་གྱི་འབྱུང་གནས་ཀྱི་བླ་མ་མཉེས་པར་བྱེད་པ་ལ་བརྩོན་པ་ཉི་མ་དཔལ་བདག་གིས་དེ་ཁོ་ན་ཉིད་ཐོབ་བོ། །འདི་ནི་བླ་མའི་བརྒྱུད་པའོ། །དེ་ལྟར་སློབ་མས་གསོལ་བ་བཏབ་པའི་དབང་གིས་སློབ་དཔོན་དཔེ་མེད་འཚོ་དེས་རྡོ་རྗེ་འཛིན་པའི་ས་གོ་འཕང་ཐོབ་པའི་རྒྱུ་སྦྱོར་བ་ཡན་ལག་དྲུག་པ་བྱེད་པར་འདོད་པས་ རང་གི་ཡི་དམ་ལ་བསྟོད་པ་བྱེད་པའི་སྒོ་ནས་ཡན་ལག་དྲུག་པ་བརྗོད་དེ། སྒྲིབ་པ་ལ་སོགས་པའོ། །དེ་ཁོ་ན་ཉིད་ལ་བསྒྲིབས་པས་སྒྲིབ་པ་ཉིད་ཁོ་ན་སྤྲིན་གྱི་ཚོགས་ཏེ་དེ་དང་བྲལ་བས་གྲངས་མ་ལུས་པ་རྟོགས་པ་དང་། དབུགས་རླུང་འགགས་པས་མཐར་ཐུག་པའི་བར་སྣང་ལ་འཆར་བ་སྤྱན་རས་གཟིགས་ནི་སངས་ རྒྱས་ཏེ། དེ་ཁོ་ན་གང་བའི་ཟླ་བ་ཡིན་པས་སྐྱེ་བོ་རྣམས་དགའ་བར་བྱེད་པས་མཛེས་པའོ། །ངེས་དོན་གྱི་གཟུང་འཛིན་གྱི་སྒྲོ་བཏགས་པ་དང་བྲལ་བ་སྟེ། འདིས་སོ་སོར་རྟོག་པ་དང་བསམ་གཏན་གྱི་ཡན་ལག་བཤད་དོ། །གྲངས་མ་ལུས་པའི་རྟོག་པ་ནི་ཆགས་པ་དང་བཅས་པའི་སེམས་ཀྱི་སྐད་ཅིག་སྟོང་ཕྲག་བརྒྱད་ཅུ་ རྩ་བཞིའི་མཚན་ཉིད་ཅན་དང་། འབྱུང་བ་དང་། རྔུབ་པའི་རླུང་འགགས་པའི་བར་སྣང་དུ་རྣམ་པ་ཐམས་ཅད་དུ་མཐོང་བའི་སྣ་ཚོགས་གཟུགས་འདིས་སྲོག་རྩོལ་དང་། འཛིན་པ་དང་། རྗེས་སུ་དྲན་པ་བཤད་དེ། འཆར་བའི་གཏུམ་མོ་ལ་རེག་པས་བདེ་བ་ཆེན་པོའི་འཁོར་ལོ་ལས་སོ། །སངས་རྒྱས་ཐམས་ ཅད་ཀྱི་སྤྱི་གཙུག་དང་རྡོ་རྗེའི་རྩེ་མོས་འཛིན་པས་འཇིག་རྟེན་དབང་ཕྱུག །དགའ་བ་བཅུ་དྲུག་གིས་གང་བའི་ཟླ་བ་དེ་ལྟ་བུར་མཛེས་པའོ། །འདིས་ཏིང་ངེ་འཛིན་གྱི་ཡན་ལག་བཤད་དོ། །ད་ནི་ཡན་ལག་དྲུག་པའི་བྱ་བ་འགལ་ཚབས་ཅན་དུ་བཤད་དོ། །སྲིད་ཞི་ལ་སོགས་པའོ། །སྲིད་པ་ནི་སྐྱེ་བ་དང་། འཆི་བའི་ རྒྱུན་ཀུན་རྫོབ་དང་། ཞི་བ་ནི་དོན་དམ་པའི་བདེན་པ་སྟེ། དེ་གཉིས་ཀྱི་དམིགས་པ་དང་བྲལ་ཡང་དེ་གཉིས་ལས་ཐ་མི་དད་པས་ཟུང་དུ་འཇུག་པའོ། །ཁམས་གསུམ་ལ་ཁྱབ་པས་ཁྱབ་བྱེད། སྟོང་པ། ཤིན་ཏུ་སྟོང་པ། སྟོང་ཉིད་ཆེན་པོ། ཐམས་ཅད་སྟོང་པས་སྟོང་པའོ། །མེ་ལོང་གི་གཟུགས་བརྙན་ལྟ་བུའི་ རྣམ་པ་ཐམས་ཅད་དང་ལྡན་པའོ། །རྟོག་པ་མེད་པའི་ཡེ་ཤེས་མཐར་ཐུག་གི་གནས་སྐབས་པ་སྟེ། དེའི་དབང་ཕྱུག་ས་བཅུ་གཉིས་པའོ། །རབ་ཏུ་མི་གནས་ནི་དམིགས་པ་ལ་མི་ཆགས་པས་སོ། །གཡོ་མེད་ནི་མ་ཉམས་པས་སོ། །གཉིས་དང་བྲལ་བས་རྟོག་མེད། མཁས་པ་ནི་རྟོག་མེད་ཀྱི་ཡེ་ཤེས་ རྟོགས་པ་ལ་འདོད་པའི་ཡོན་ཏན་ལྔའི་བདེ་བ་མ་ཉམས་པ་སྟོན་པའོ། །སེམས་མིན་ནི་རྟོག་པ་འགག་པའི་སེམས་སོ། །དེ་ལས་འཆར་བས་འགྲོ་བས་བསྟེན་པར་བྱ་བས་མགོན་ཏེ། དེས་འགྲོ་བ་དག་གི་སེམས་བྱིན་གྱིས་རློབ་པར་སྨོན་པའོ། །ཡོད་པའི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་ བས་བླ་མ་ལ་ཕྱག་འཚལ་བ་བཤད་དེ་ཡོད་རྟོག་ལ་སོགས་པའོ། །ཅུང་ཟད་ཀྱང་ཡོད་པར་རྟོག་ན་རྟག་པའི་མཐར་འགྱུར་ཏེ། དེ་ཡང་མ་བརྟགས་པར་དོར་ན་ཆད་པའི་མཐའ་སྟེ་བསྐལ་པ་དུ་མར་མནར་མེད་དུ་སྡུག་བསྔལ་མྱོང་བའི་རྒྱུའོ། །དེ་ལྟར་དམ་པའི་ལམ་སུབས་པར་གྱུར་པ་ལས་དཔལ་ལྡན་བླ་མ་གང་ གིས་སེམས་ལས་འདས་པ་སེམས་མ་ཡིན་པའི་སེམས་ཀྱི་རང་བཞིན་སྟོང་པར་སྡུག་བསྔལ་ལ་སོགས་པའི་རྣམ་པ་ཐམས་ཅད་དང་ལྡན་པ། ནམ་མཁའི་གཟུགས་བརྙན་ནི་སྣ་ཚོགས་པའི་གཟུགས་སློབ་མ་དམ་པ་ལ་སྟོན་པར་བྱེད་པའི་བླ་མ་དེ་ལ་རབ་ཏུ་དགའ་བར་བྱེད་པས་ལུས་ངག་ཡིད་ཀྱི་སྒོ་ནས་ཕྱག་འཚལ་ལོ། ། འོ་ན་བླ་མའི་དྲིན་ཁོ་ནས་ལམ་དམ་པ་ཐོབ་ན་དེ་རང་ལ་བསྔགས་པས་མཆོག་གི་ཡན་ལག་དྲུག་པ་བརྗོད་པས་ཅི་བྱ་ཞེ་ན། སྨྲས་པ། དེ་ལྟ་ལ་སོགས་པའོ། །ཇི་ལྟ་བའི་ལམ་སྟོན་པ་པོའི་བླ་མའི་ཡོན་ཏན་བརྗོད་པ་ནི་རང་གི་རྟོག་པ་བརྗོད་པ་ཁོ་ན་སྟེ། གང་གི་ཕྱིར་འབར་བའི་མེ་མེད་ན་དུ་བ་འབྱུང་བ་གསལ་བར་ མཐོང་བ་མི་སྲིད་པ་བཞིན་ནོ། །འོ་ན་ང་རྒྱལ་ཞི་བའི་རྒྱུ་དེ་ཁོ་ན་ཉིད་ཀྱི་ལམ་རྟོགས་པ་ཉིད་ལ་བདག་དེ་ཁོ་ན་ཉིད་རིག་པའོ་ཞེས་ང་རྒྱལ་མི་རིགས་ཤེ་ན། སྨྲས་པ། རྟོགས་བརྗོད་ལ་སོགས་པའོ། །བདག་གི་རྟོག་པའི་ང་རྒྱལ་འདི་སྐྱོན་དུ་མི་འགྱུར་ཏེ། གང་གི་ཕྱི་ཐར་པ་འདོད་པ་རྣམས་འཇུག་པར་བྱེད་པས་ གཞན་དོན་གྱི་རྒྱུ། རྙེད་པ་ལ་སོགས་པའི་ཕྱིར་ནི་མ་ཡིན་ནོ། །གང་གི་ཕྱིར་སྟོན་པ་པོས་མ་ངེས་པའི་དངོས་པོ་ལ་འདོད་པའི་དོན་བསྒྲུབ་པའི་ཕྱིར་སྐྱེ་བོ་རྣམས་མི་འཇུག་པའོ། །ད་ནི་རྒྱུད་ཀྱི་བྱུང་ཚུལ་བཤད་དེ། སོ་སོ་སྐྱེ་བོས་བྱས་པའི་འགྲེལ་པས་རྒྱུད་ཀུན་གྱི་དྲང་དོན་རྟོགས་པས་ཁེངས་པའི་སྔགས་པ་རྣམས་ ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་མི་ཤེས་པས་ལམ་ལ་འཁྲུལ་པ། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་ཡིན་ཞེས་པ་ལ་སོགས་པས་འཇུག་པ་རྣམ་པར་སྣང་མཛད་ཀྱི་ཚིག་གིས་གཟུགས་ཀྱི་ཕུང་པོ་སྟོང་པར་བསྟན་པས་གཟུགས་བཀག་པར་མི་རྟོག་པ་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར་དཔལ་རྡོ་རྗེ་འཆང་ གི་བཀས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱི་སྤྲུལ་པ་ཤམྦྷ་ལའི་རྒྱལ་པོས་བཀའ་བསྡུས་པའི་སྒོ་ནས་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་གསུངས། འདིས་སྟོན་པ་བོ་དང་། བཀའ་སྡུད་པ་པོ་དང་། དོན་གྱི་ཞུ་བ་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱལ་པོ་ཟླ་བཟངས་ཡིན་པས། རྒྱུད་ཀྱི་ཆེ་བ་བརྗོད་དོ། །རྒྱུད་ གང་ལ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་པདྨ་དཀར་པོས་དོན་ཐམས་ཅད་གསལ་བར་བྱེད་པའི་དྲི་མ་མེད་པའི་འོད་ཅེས་བྱ་བའི་འགྲེལ་པ་མཛད། དེས་གསལ་བར་བྱས་པ་སངས་རྒྱས་རིན་པོ་ཆེའི་ཐུགས་དམ་པའི་ལམ་གྱི་དམ་པ་བསོད་ནམས་བསགས་པ་རྣམས་ཀྱིས་བླ་མ་ལས་ཐོབ་ནས་ངེས་དོན་བདུད་རྩི་སྟོན་པས་དགའ་ བ་བཞིའི་བདུད་རྩིས་སྲིད་པའི་དུག་སེལ་ཞིང་། མ་ཉམས་པའི་བདེ་བས་རོལ་པ་འདིས་བཤད་པ་པོའི་ཆེ་བ་བརྗོད་དོ། །སླར་ཡང་རྒྱུད་ཀྱི་རྒྱལ་པོའི་བསྔགས་པ་བརྗོད་དེ། གང་དུ་ལ་སོགས་པའོ། །ཤེས་བྱའི་ཚོགས་ཐམས་ཅད་ཕྱི་ནང་གི་རིག་པའི་གནས་ཀྱི་རྟེན་ལ། དང་པོའི་སངས་རྒྱས་ལས་མ་གསུངས་ པ་གང་ཡིན་པ་དེ་ནི་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །རྒྱུད་ཀྱི་རྒྱལ་པོ་གང་ལ་སངས་རྒྱས་བཅོམ་ལྡན་འདས་ལ་ཐམས་ཅད་མཁྱེན་པ་ཞེས་མཚན་དོན་དང་ལྡན་པར་བསྟན། །ཡང་དེ་ཁོ་ན་ཉིད་རིན་པོ་ཆེའི་འབྱུང་གནས་གང་ལ་དབང་ཕྱུག་ལ་སོགས་པའི་ཚིག་སྙིང་པོ་མེད་པས་རྩྭ་དང་འདྲའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཆོས་སྟོང་པ་རྟོགས་པས་ནམ་མཁའ་ལས་བྱུང་བ་ནི་སྣ་ཚོགས་གཟུགས་ལས་བྱུང་བའི་སངས་རྒྱས་ཀྱི་ཡུམ་གྱིས་སྐྱེ་བར་འགྱུར་བ་ནི་རྟོགས་པའི་ཚོགས་མ་ལུས་པ་སླར་མི་འབྱུང་བའི་ཚུལ་དུ་འཇོམས་པར་མཛད་དོ། །ད་ནི་དུ་བ་ལ་སོགས་པའི་མཚན་མ་སྐྱེ་བའི་རྒྱུ་ཡན་ལག་དྲུག་པའི་རྟེན་བླ་མའི་གདམས་པ་ བཤད་དེ། །གང་དུ་ལ་སོགས་པའོ། །རྒྱུད་གང་ལ་དྲི་མ་སྟེ་སྤྲིན་ལ་སོགས་པ་མེད་པའི་ནམ་མཁའི་བར་སྣང་ལ། དམིགས་པས་མིག་ཕྱེད་བརྟན་པར་གཏད་པ་ན་སྙིང་རྗེས་བརླན་པ་རྟོག་པ་དང་བྲལ་བའི་སེམས་ལས་མུ་བཞི་དང་བྲལ་བ་དུ་བ་ལ་སོགས་པའི་རྟགས་འབྱུང་ངོ་། །མུན་པ་གནག་པ་ལ་ཅི་ ཡང་བསམ་པར་མི་བྱའོ་ཞེས་པ་ནི་གདམས་པའོ། །གཞན་དུ་ཡང་། ཡིད་ཀྱི་རྩ་བ་ཕྱུང་བྱས་ཏེ། །སྟོང་པ་ཉིད་ལ་གོམས་བྱས་ན། །མ་རིག་རབ་རིབ་ཀྱིས་ལྡོངས་པའི། །མིག་སྨན་འདི་ལས་གཞན་ཅི་ཡོད། །ཅེས་སོ། །ས་ར་ཧ་པས་ཀྱང་། ཆོས་ཀུན་མཁའ་དང་མཉམ་བྱས་ཤིང་། །ནམ་མཁའ་ མཉམ་པར་སེམས་བཟུང་ནས། །སེམས་དེ་སེམས་མ་ཡིན་བྱས་ན། །དེས་ནི་བླ་མེད་བྱང་ཆུབ་འཐོབ། །ཅེས་གསུངས་སོ། །ད་ནི་རྫོགས་པའི་རིམ་པ་གསལ་བར་བྱེད་པ་ནི་ཀུན་རྫོབ་དང་དོན་དམ་རོ་གཅིག་པར་སོན་པའོ། །དུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་ལེའུ་ཚིགས་སུ་བཅད་པ་བརྒྱ་ དང་ཉི་ཤུ་རྩ་དྲུག་གི་རྗེས་ལ་ཉམས་མེད་ལ་སོགས་པའོ། །ཉམས་པ་མེད་པའི་ལྷན་ཅིག་སྐྱེས་པའི་སྐུའི་ཨཱ་ལི་དང་ཀཱ་ལི་པདྨ་དང་ཟླ་བ་ཉི་མའི་གདན་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཕྱག་མཚན་ལས་བྱུང་བའི་གཟུགས་དང་དབྱིབས་དང་ཕྱག་དང་དབྱིབས་སུ་རྟོག་པའི་ཆོས་འགོག་པས་བཅོམ་ལྡན་འདས་མ་ཉམས་ པའི་ཡེ་ཤེས་ཀྱི་བསྒྲུབ་པ་བརྗོད་དེ། ཨཱ་ལི་ནི་ཨ་ལ་སོགས་ཏེ་དབྱངས་ཀྱི་ཚོགས་ཟླ་བའོ། །ཀཱ་ལི་ནི་ཀ་ལ་སོགས་པ་གསལ་བྱེད་ཀྱི་ཚོགས་ཉི་མའོ། །དེ་གཉིས་གཅིག་ཏུ་གྱུར་པའི་གདན་དང་། པཾ་ལས་པདྨ་དང་། ཨ་ལས་ཟླ་བ། རཾ་ལས་ཉི་མ། མ་ཉམས་པའི་ཡེ་ཤེས་དང་ལྡན་པའི་རྡོ་རྗེ་འཆང་གི་གདན་མ་ ཡིན་ནོ། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ལྷའི་སྐུ་རྟེན་པ་མི་འདོད་དོ། །མངོན་པར་ཞེན་པའི་མཚན་ཉིད་ཅན་ཡིན་པས་ཉམས་པའི་ཕྱིར་རོ། །མ་ཉམས་པའི་བདེ་བ་སྐྱེད་ཅིང་ཉམས་པ་འཇོམས་པས་ཐ་མལ་པས་བརྟགས་པའི་ཨ་ལ་སོགས་པའི་ཡི་གེར་དང་བྲལ་བ་ལྷའི་དབང་པོ་དང་ལྡན་པའོ། །དེ་ བས་ན་ལ་སོགས་པ་གོ་སླའོ། །ཆོས་ཀྱི་དབྱིངས་ནི་མཁའ་ལ་སྣ་ཚོགས་གཟུགས་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པའི་མེ་ལོང་ལ་པྲ་ཕབ་པ་ནི་སྒྲུབ་པ་པོས་བསམས་པ་བཞིན་ནོ། །དེར་མེད་པའི་ཆོམ་རྐུན་ལ་སོགས་པ་གཞོན་ནུ་མས་མཐོང་བཞིན་དུ་རྟོག་པ་མེད་པར་མ་སྐྱེས་པའི་ཆོས་མཐོང་བའོ། ། བྱིས་པས་བརྟགས་པས་ཕྱི་རོལ་གྱི་དངོས་པོ་མེད་པས་མིག་ཡོད་ན་རྨི་ལམ་ལྟ་བུར་སྣང་བས་སོ། །བེམས་པོ་མེད་པས་རྡུལ་ཕྲ་རབ་མེད་པའོ། །རྒྱང་ཕན་པའི་ལུགས་ལ་མ་ཞུགས་པས་ཆད་པའི་སྟོང་ཉིད་རིང་དུ་བྱས་པའོ། །ནང་གི་བདེ་བ་རང་ཉིད་ཀྱི་རིག་པ་ལ་ཆགས་པས་སོ། །ལས་ཀྱི་ཕྱག་རྒྱ་ མི་བསྟེན་པས་ཕྱིའི་ལ་སོགས་པས་སོ། །མན་ངག་ནི་འཆད་པར་འགྱུར་བས་སོ། །རྒྱལ་བ་ལ་སོགས་པ་ནི་ལམ་མ་ཐོབ་པས་བསྡུ་ན་བཞི། ཕྱེ་ན་བཅུ་དྲུག་འཆད་པར་འགྱུར་བ་ནི་རྟོག་པའི་ལམ་གྱིས་མི་འཐོབ་བོ། །ཧཱུྃ་ཕཊ་ལ་སོགས་པ་ནི་སོགས་པའི་སྒྲས་ཕྱག་རྒྱ་ལ་སོགས་པ་དང་བྲལ་བ་བསྐྱེད་ པའི་རིམ་པ་ལམ་དུ་ཞུགས་པ་སྟེ། དེ་དེ་ལས་འདས་པ་རྫོགས་པའི་རིམ་པ་ནི་ནམ་མཁའ་ལ་བསྒོམས་པས་རྟོགས་པར་བྱ་བ་དེའི་རིམ་པ་ནི་དུ་བ་ལ་སོགས་པའི་སྦྱོར་བ་དེ་ཁོ་ན་ཉིད་ཀྱི་རྒྱུ་ཡིན་གྱི་པདྨ་ལ་སོགས་པའི་རྟོག་པ་གཞན་མ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་མཐོང་བའི་ཐབས་བཤད་དེ། མེ་ནི་ལ་སོགས་ པའོ། །རྟེན་མེད་པ་ལྟ་ཞོག་གི་ཤིང་ལ་གནས་པ་ཡང་སྟ་རེ་ལ་སོགས་པས་གཅོད་པ་དང་སོག་ལེས་གཤགས་ཀྱང་མི་མཐོང་ལ་གཙུབ་ཤིང་ལ་སོགས་པའི་སྦྱོར་བས་མཐོང་བ་ལྟར་དེ་བཞིན་དུ་རྣམ་རྟོག་ཡང་དང་ཡང་དུ་གོམས་པས་སེམས་ཀྱི་སྣང་ཚུལ་མི་མཐོང་གི་འོན་ཀྱང་རོ་མ་དང་རྐྱང་མ་དབུ་མ་གཉིས་ སུ་མེད་པའི་སྦྱོར་བས་རང་སེམས་དེ་ཉིད་དུ་སྣང་བར་འགྱུར། དོན་དམ་པ་བསྙེན་པ་ལས་དེ་བཤད་པ། ཤིང་ལས་མེ་བྱུང་ཆུ་ནི་ཆུ་ཤེལ་ལས། །ཞོ་ལས་མར་དང་རྡོ་ལས་གསེར་སོགས་ལྟར། །བུད་མེད་བསྟན་པས་མ་ཉམས་བདེ་བ་ནི། །དེ་ཐབས་སྦྱོར་བས་སྐལ་ལྡན་གྱིས་གཟུང་བྱ། །ཁྱོད་ཀྱི་སེམས་ ལ་ཅུང་ཟད་བསགས་པ་མིན། །གཞག་བྱ་མེད་ལ་འཕེལ་ཞིང་འགྲིབ་པ་མེད། །རང་གི་སེམས་ལ་སེམས་ཉིད་སྣང་བ་ཙམ། །དཔེར་ན་ཁམས་གསུམ་ཆུ་ལ་ཉི་མ་བཞིན། །ཞེས་སོ། །སེམས་གཅིག་པུ་ཉིད་ཤེས་རབ་ཀྱི་གཟུགས་བརྙན་ལས་དུ་མར་འགྱུར་ཞེས་དགོངས་པའོ། །དེ་ཉིད་བཤད་ དེ། དུ་བ་ལ་སོགས་པའོ། །དུ་བ་ཉིད་ཐོག་མར་གང་གི་ཡིན་པ་དེ་ནི་སྨིག་རྒྱུ་ལ་སོགས་པའོ། །རྟགས་ནི་ཡིད་ཆེས་པའོ། །སྲོག་རྩོལ་ནི་བུམ་པ་ཅན་དེ་གོང་དང་འོག་ཏུ་རྩ་གསུམ་འགོག་པའི་བདག་ཉིད་ཅན་ནོ། །དབུ་མར་རྒྱུ་བ་ནི་སེམས་ཀྱི་རྩ་ལ་སྲོག་རླུང་ཞུགས་ནས་རྒྱུ་བའོ། །རིག་མའི་བརྟུལ་ ཞུགས་ནི་རིག་མ་གཙོ་བོར་བྱས་པ་ཚངས་པར་སྤྱོད་པའོ། །མ་ཉམས་པ་ནི་འགྲེང་བའོ། །གྱེན་དུ་རྒྱུ་བ་ནི་ནོར་བུ་དང་པདྨ་ལ་སོགས་ཏེ་ལམ་འདིས་ནི་དུ་བ་ལ་སོགས་པ་ལ་ཡན་ལག་དྲུག་པའི་མཚན་ཉིད་ཅན་གྱིས་སོ། །སངས་རྒྱས་ཐམས་ཅད་ཀྱི་དབང་པོ་དང་བྲལ་བའི་བདེ་བ་ནི་མ་ཉམས་པའི་ མཆོག་ཡིན་ནོ། །ཕོ་ཉ་ཀུན་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འགོག་པའི་རང་བཞིན་མཁའ་འགྲོ་མ་རྣམས་ཀྱི་ལྷན་སྐྱེས་སོ། །གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས་པ་ལ་གཟུགས་བསྒོམས་པ་ནི་ལས་ཀྱི་ཕྱག་རྒྱའོ། །སོགས་པའི་སྒྲས་ཡིད་ཀྱི་ཕྱག་རྒྱའོ། །དཀྱིལ་འཁོར་ནི་རྟེན་ཡིན་ལ། འཁོར་ལོ་ནི་བརྟེན་པ་ལྷའི་ཚོགས་སོ། །སོགས་པའི་སྒྲས་སྔགས་དང་ཕྱག་རྒྱའོ། །དེ་དག་བསྒོམས་པས་འཇིག་རྟེན་ནི་ཁམས་གསུམ་སྟེ་དེའི་གྲུབ་པ་ནི་འོག་མིན་གྱི་བར་གྱི་དབང་ཕྱུག་གྲུབ་ཀྱི་ཕྱག་རྒྱ་ཆེན་པོ་གྲུབ་པ་འཇིག་རྟེན་ལས་འདས་པ་གང་ལ་གྲུབ། འོ་ན་ ལམ་གྱི་གདམས་པ་འདི་ཐམས་ཅད་ལས་འབྱུང་ངམ་མ་ཡིན་ཏེ་འོན་ཀྱང་སེམས་ཅན་ལ་སོགས་པའོ། །ལམ་འདི་བླ་མ་དམ་པའི་དྲིན་གྱིས་དབང་ལ་སོགས་པས་ཐ་མལ་པའི་ང་རྒྱལ་གྱི་དྲི་མ་དག་པས་རྣམ་པར་དག་པའི་སློབ་མ་ལ་སྐྱེའོ། །ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་གསུངས་ པ། ཇི་ལྟར་དུག་ནི་སྔགས་སོགས་ཀྱིས། །སྦྱངས་པ་ཡིས་ནི་བཅུད་ལེན་འགྱུར། །དེ་ལྟར་དབང་ལ་སོགས་པ་ཡིས། །མ་དག་སློབ་མ་དག་པར་འགྱུར། །ཞེས་སོ། །གང་གི་སེམས་ཅན་སྙིང་རྗེ་གཞན་དོན་དང་རྟག་ཏུ་དགེ་བ་ལ་བརྩོན་པའོ། །ད་ནི་ལམ་ཐོབ་ནའང་བག་མེད་པས་ མེ་དང་འབྲལ་བའི་རྒྱུ་བཤད་དེ། ལམ་མཆོག་ལ་སོགས་པའོ། །སངས་རྒྱས་ཉིད་དཀའ་ཚེགས་མེད་པར་གང་གིས་ཐོབ་པ་དེ་ནི་ལམ་སྟེ། དེ་ཉིད་དགའ་བ་འཕེལ་བར་བྱེད་པས་རིན་པོ་ཆེ། རྙེད་པར་དཀའ་བ་དང་འདོད་པའི་དོན་ཕུན་སུམ་ཚོགས་པ་སྟེར་བས་ཡིད་བཞིན་ ནོར་བུ་ལྟ་བུའོ། །བག་མེད་ནི་ཕན་པ་དང་བདེ་བ་ལ་ལྟོས་པ་མེད་པ། འཁོར་བར་རིགས་དྲུག་ཏུ་འཁྱམས་པ། སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་བྲལ་བ། གཞན་ལ་ཕན་པ་དང་བདེ་བ་ལ་མི་བརྩོན་པ་ལ་བྱིན་ན་རང་གི་ཁྱིམ་ནི་ཆུང་མ་སྟེ་དེ་ཉིད་ནགས་ཡིན་ཏེ། མ་རུངས་པའི་ སེམས་ཅན་གྱི་རྟེན་ཡིན་པས་སོ། །དེར་འདི་ལ་དབང་པོ་རྣམས་ཆགས་པས་ཡུལ་ཏེ། གཟུགས་ལ་སོགས་པ་ཕྱིའི་ཡུལ་ལོངས་སྤྱོད་དེ་ནི་དམན་པ་སྟེ། ལམ་གྱི་མི་མཐུན་ཕྱོགས་ཡིན་པ་དེ་རྨོངས་པས་བསྟེན་པའོ། །དེ་ཉིད་ཆོམ་རྐུན་ཏེ་དེ་དག་གིས་ཕྲོགས་པར་འགྱུར། འདི་ དག་འབའ་ཞིག་གིས་མ་ཡིན་གྱི་འོན་ཀྱང་བླ་མ་དང་ལུང་དང་རང་ཉིད་ཡིད་ཆེས་པའི་ལམ་རིན་པོ་ཆེ་ལ་ཐེ་ཚོམ་དང་ལེ་ལོ་ནི་དགེ་བ་ལ་མ་སྤྲོ་བའོ། །གཉིད་ནི་ལུས་དང་ཡིད་ལས་སུ་མི་རུང་བའོ། །འགྱོད་པ་ནི་ལས་དམན་པ་བདག་གིས་བྱས་པས་ལམ་མངོན་སུམ་བདག་གིས་བྱ་བར་མི་ ནུས་སོ་ཞེས་བྱ་བའི་རྣམ་པ་ཅན་ནོ། །ཆོམ་རྐུན་འདི་དག་གི་ཉེ་དུ་ནི་བུ་དང་ཆུང་མ་ལ་སོགས་པ་དེ་ཉིད་ནགས་ཏེ་དེར་ཞུགས་པའི་གྲོལ་ལམ་མཆོག་ནི་འཕྲོག་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་སྒྲིབ་པ་འདི་དག་འབའ་ཞིག་པ་མ་ཡིན་གྱི། འོན་ཀྱང་སྲོག་གཅོད་པ་དང་། མ་བྱིན་པར་ ལེན་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། འདོད་པས་ལོག་པར་གཡེམ་པ་དང་། ངག་འཁྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་ལྟ་སྟེ་འདི་དག་གིས་ཀྱང་ལམ་རིན་པོ་ཆེ་འཕྲོག་པར་འགྱུར་རོ། །དེ་དག་འབའ་ཞིག་གིས་མ་ ཡིན་གྱི་འོན་ཀྱང་བཟའ་བཏུང་ཤིན་ཏུ་ཚད་མེད་པས་ཀྱང་འཕྲོག་སྟེ་དེ་ལ་བཟའ་བ་ནི་ཤ་ལ་སོགས་པའོ། །བཏུང་བ་ནི་ཆང་ལ་སོགས་པའོ། །ཤིན་ཏུ་ནི་རྒྱལ་བའི་ཆོས་ཀྱིས་སོ། །ལོངས་སྤྱོད་ནི་ཕྲེང་བ་ཙནྡན་བུད་མེད་ལ་སོགས་པ་སྣ་ཚོགས་པའོ། །དེས་བརྩོན་འགྲུས་དང་ལྡན་པའི་ ཡང་འཕྲོག་ན་བརྩོན་འགྲུས་མེད་པའི་ལྟ་ཅི་ཞིག་དགོས། བག་མེད་ནི་གྲོགས་ངན་པ་དང་འགྲོགས་པ་ལ་སོགས་ཏེ། དེས་བརྒྱལ་བ་བཞིན་ནོ། །ལམ་རིན་ཆེན་བརྟག་པ་བཤད་དེ། རིན་ཆེན་ལ་སོགས་པའོ། །རང་གིས་རིན་ཆེན་ཡིན་མིན་མི་ཤེས་པས་གཞན་སྡིག་ཅན་མི་ མཁས་པ་ལ་རིན་ཆེན་ཡིན་ནམ་མ་ཡིན་ཞེས་སྟོན་ན། དེས་མ་ཡིན་ཞེས་སྨྲས། དེས་ཚིག་གིས་སྐལ་བ་མེད་པས་དེ་འདོར་བར་བྱེད་དོ། །དེས་སྡིག་པའི་གྲོགས་དང་འགྲོགས་པའི་སྐྱོན་བཤད་དོ། །འོ་ན་རང་གིས་བརྟག་པས་མི་ཤེས་པ་ལམ་རིན་ཆེན་ཇི་ལྟར་ཤེས་ཤེ་ན་སྨྲས་པ། རིན་ཆེན་ལ་སོགས་པའོ། །རིན་ཆེན་བརྟག་དཔྱད་མཁས་པ་ཁོ་ན་ལ་བརྟེན་པར་བྱ་སྟེ་དེའི་མི་སླུ་བའི་ཚིག་གིས་རིན་ཐང་མེད་པར་ཤེས་པར་བྱ། དེས་དགེ་བའི་བཤེས་གཉེན་བསྟེན་པ་བཤད་དོ། །ལམ་ལ་ཞུགས་པ་ལ་བདུད་བྱུང་ན་སྤང་བར་བཤད་དོ། །ཕ་ལ་སོགས་པའོ། །གང་ གི་ཕྱིར་ལམ་འཕྲོག་པ་ཡོད་པ་དེ་བས་བདུད་སྡིག་ཅན་སངས་རྒྱས་ལ་སོགས་པའི་གཟུགས་ཀྱིས་བར་ཆད་བྱེད་དེ་འདིས་འཚང་རྒྱ་བའི་ལམ་ཡིན་ཞེས་བྱ་བ་ལ་སོགས་པ་བདུད་ཀྱི་ལས་ཀྱི་ལེའུ་ལས་བཤད་པ་བཞིན་ནོ། །ཉེ་བར་བསྡུས་ཤིང་བཤད་དེ་ཆོམ་རྐུན་ལ་སོགས་པའོ། །གང་ གི་ཕྱིར་ལམ་འཕྲོག་པ་ཡོད་པ་དེ་བས་ཉེ་དུ་དང་ཐེ་ཚོམ་ལ་སོགས་པ་སྤངས་ནས་འབད་དེ་བླ་མས་གནང་བའི་ལམ་རིན་པོ་ཆེ་ཤིན་ཏུ་གསལ་བར་བྱ། ཐར་པ་ཐོབ་པའི་ལམ་གཞན་ཡང་ཡོད་ཅེ་ན། སྨྲས་པ། བདག་ལ་སོགས་པའོ། །བདག་བྱིན་གྱིས་བརླབ་པའི་ རིམ་པ་ནི་ཞི་བའི་ལྷ་ལ་དམིགས་པའོ། །དཔའ་བོའི་རིམ་པ་ནི་དྲག་པོའི་ལྷ་ལ་དམིགས་པའོ། །དེ་ནི་ཐར་པའི་སླད་དུ་སངས་རྒྱས་ཀྱིས་བསྟན་པ་མ་ཡིན་གྱིས་འོན་ཀྱང་ཤིན་ཏུ་རྣམ་པར་དག་པའི་རིམ་པ་ཉིད་རྫོགས་པའི་རིམ་པ་འབའ་ཞིག་པའོ། །དེ་ཅིས་ཤེས་ཤེ་ན། སྨྲས་པ། གང་ གིས་མ་ལ་སོགས་པའོ། །རྒྱུ་མཚན་གང་གིས་ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་མཚམས་མེད་པ་ལྔ་བྱས་པ་རྣམས་ཀྱང་བདེ་བས་འབད་རྩོལ་མེད་པར་རྣམ་དག་གི་རིམ་པ་ དབང་གི་དོན་གྱིས་བསྡུས་པར་བྱས་པ་ལས་གཞན་དུ་ན་མཚམས་མེད་པ་བྱས་པ་རྣམས་དཔའ་བོའི་རིམ་པས་དྲག་པོའི་ལས་ལས་ལྡོག་པར་མི་འགྱུར་རོ། །བདག་བྱིན་གྱིས་བརླབས་པས་ཀྱང་འཁོར་བའི་བདེ་བ་ལས་ཐར་པ་མི་ཐོབ་བོ། །འོ་ན་རིམ་པ་གཉིས་པོ་འདི་ལམ་མ་ཡིན་ན་ བཅོམ་ལྡན་འདས་ཀྱིས་ཅི་སྟེ་གསུངས་ཤེ་ན། སྨྲས་པ། དཔའ་བོ་ཞེས་བྱ་བ་ལ་སོགས་པའོ། །དཔའ་བོའི་རིམ་པ་ནི་ཕྱི་རོལ་དུ་མ་ཡིན་གྱི་གང་གི་ཕྱིར་ལུས་ལ་སྲོག་རླུང་ཟད་པར་བྱེད་པ་འདི་ཡིན་ནོ། །བདག་བྱིན་གྱིས་བརླབ་པ་ནི་རང་སེམས་ཀྱི་སྣང་བ་སྟེ། དེ་ཡང་ནམ་མཁའ་ ལ་ཁམས་གསུམ་གྱི་སྣང་བའོ། །བདག་བྱིན་གྱིས་བརླབ་པ་ནི་རང་གི་སེམས་ཀྱི་སྣང་བ་སྟེ། ཁམས་གསུམ་གྱི་སྣང་བ་ཡིན་པས་བྱུང་ནས་དེ་མི་ལྡོག་པས་འཁོར་བ་མི་ལྡོག་པར་འགྱུར་རོ། །ཇི་ལྟར་སངས་རྒྱས་ཤེ་ན། སྨྲས་པ། འཁོར་བ་ལ་སོགས་པའོ། །ཁམས་གསུམ་ སྙིང་པོ་མེད་པ་བརྫུན་པ་ཟད་པའི་རྗེས་སུ་སངས་རྒྱས་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཡོན་ཏན་ཅན་འབྲས་བུ་འབྱུང་ངོ་། །དཔེར་ན་ཆུ་ཤིང་སྙིང་པོ་མེད་པ་ལ་འབྲས་བུ་སྨིན་པ་ནི་དེ་ཟད་ནས་འབྱུང་བ་བཞིན་ནོ། །འོ་ན་སྒྱུ་མ་ལྟར་སྣང་བ་འདི་མ་རིག་པ་ཡིན་པས་དེ་ལས་བྱུང་བའི་བྱང་ ཆུབ་ཀྱི་སེམས་ཇི་ལྟར་འཚང་རྒྱ་བའི་རྒྱུ་ཡིན་ཞེ་ན། སྨྲས་པ། རྟ་བླ་མོ་ལ་སོགས་པའོ། །རྟ་བླ་མོ་དང་སྡིག་སྲིན་ལ་སོགས་པ་རྣམས་ནི་མ་གང་ལས་སྐྱེས་པ་དེ་གསོད་པར་བྱེད། དེ་ལྟར་ཐབས་དང་ཤེས་རབ་རྣལ་འབྱོར་གྱི་སེམས་དེའང་བཞི་པ་ཀུན་རྫོབ་ཀྱིས་གང་ལས་བྱུང་བ་དེས་ སྒྱུ་མ་དེ་གསོད་པར་བྱེད། རྣལ་འབྱོར་གྱི་སེམས་འདིའི་མ་ཉམས་ཚུལ་གྱིས་དབྱེ་བ་བཞི་དང་བཅུ་དྲུག་བཤད་དེ། གཉིས་མེད་ལ་སོགས་པའོ། །གཉིས་མེད་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དེ་གང་ལ་མེད་པའོ། །ནོར་བུ་དང་པདྨ་ལས་མི་གཡོ་བས་མི་གཡོ་བའོ། །ཐབས་ སམ་ཤེས་རབ་ཀྱི་རྒྱུ་མེད་པས་རྒྱུ་མེད་དོ། །བླ་ན་མེད་པའི་བདེ་བ་སྟེར་བས་ཡི་དམ་སྟེ་རྣལ་འབྱོར་བཞི་པའོ། །དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགོག་པས་མ་ཉམས་སོ། །ཆགས་པ་དང་ཆགས་པ་དང་བྲལ་བའི་བར་དུ་གནས་པས་ཆགས་པ་ཆེན་པོའོ། །རྣམ་པ་དང་བཅས་པ་དང་རྣམ་པ་ མེད་པའི་བར་ལས་གྲོལ་བས་དངོས་པོ་དང་དངོས་མིན་མ་ཡིན་པའོ། །ཤེས་བྱ་མ་ལུས་པ་མཐོང་བས་ཡེ་ཤེས་དེ་རྣལ་འབྱོར་གསུམ་པའོ། །འགྲོ་བ་དགའ་བར་བྱེད་པ་སྔོན་དུ་འགྲོ་བ་སེམས་ཅན་གྱི་དོན་ལ་ཞེན་པས་སེམས་དཔའོ། །ཐོག་མཐའ་བར་དུ་དགེ་བས་ཀུན་དུ་བཟང་པོའོ། ། བདུད་དང་ཉོན་མོངས་པ་ལ་རྟོག་པ་སྤངས་པས་ཕྱི་ནང་དུ་བརྗོད་པའི་སྒྲ་མེད་པས་སྒྲ་མེད་དོ། །རང་སྒྲའི་རང་བཞིན་མེད་པས་སྒྲ་ཆེན་དེ་རྣལ་འབྱོར་གཉིས་པའོ། །མངལ་ལས་སྐྱེ་བ་སྤངས་པས་ལྷན་སྐྱེས་སོ། །སྐུ་བཞིའི་སྒྲིབ་པ་ཟད་པས་བྱང་ཆུབ་སེམས་ཀྱི་ཐིག་ལེ་འཛིན་ནོ། །སྟོང་ཉིད་ དང་སྙིང་རྗེ་ཐ་མི་དད་པས་དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེ། ཚུལ་ཁྲིམས་ཀྱི་ཚོགས་རྫོགས་པས་ཐབས་དང་ཤེས་རབ་དང་ལྡན་པའི་རྣལ་འབྱོར་ཏེ་རྣལ་འབྱོར་དང་པོའོ། །བསྟན་པའི་ཕྱིར་བླ་མའི་མཚན་ཉིད་བཤད་དེ། དེ་ལྟར་ལ་སོགས་པའོ། །རྡོ་རྗེའི་ཐེག་པ་ལ་འཇུག་པ་མ་ཉམས་པའི་ ཡེ་ཤེས་བསྒོམས་པས་དེ་ཁོ་ན་ཉིད་བསྒོམ་ལ། བྱང་སེམས་བསྲུང་བས་དམ་ཚིག་དང་ལྡན་པ། འདོད་ཆགས་ལ་སོགས་མེད་པས་རྙོག་མ་མེད་པ། བུ་དང་ཆུང་མ་དང་རང་ལུས་ལ་སོགས་པ་ལྟོས་པ་མེད་པས་འདོད་པ་མེད་པ། བཟོད་པ་དང་ལྡན་པའི་སངས་རྒྱས་པའི་ལམ་ལ་ གནས་པའི་བླ་མ་མཉེས་པར་བྱས་པ། དམྱལ་བའི་འཇིགས་པ་ལས་སྐྱོབ་པའི་ལམ་སྟོན་པ། མ་ཉམས་པའི་བདེ་བ་ཐོབ་པས་དེ་ཉིད་དུ་ཚངས་པར་སྤྱོད་པ། བདུད་བཞི་འཇོམས་པར་བྱེད་པའི་བླ་མ་དེ་ནི་རྡོ་རྗེ་འཛིན་པས་བྱིན་གྱིས་བརླབས་པས་དེའི་སྤྲུལ་པ་ཡིན་ པས་རྡོ་རྗེ་སེམས་དཔའ་ཡིན་ནོ། །ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་བསྒྲུབ་པའི་ཕྱིར་ལྷའི་དམིགས་པ་བཤད་དེ། ལྷའི་ལ་སོགས་པའོ། །དེ་ཉིད་ཀྱི་སྦྱོར་བ་ནི་སྣ་ཚོགས་གཟུགས་སྒོམ་པའི་སྦྱོར་བས་སོ། །སྐར་མའི་འཁོར་ལོ་བཞིན་ནི་ནོར་བུ་སྔོན་པོ་ཟླ་བའི་དཀྱིལ་འཁོར་ གྱི་རྣམ་པ་ཅན་ཐིག་ལེའི་ནང་དུ་མཐའ་ཡས་པའི་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་མཐོང་བ་སྔོན་དུ་འགྲོ་བ་དཔག་ཚད་བརྒྱར་རིང་བའི་དངོས་པོ་མཐོང་བའི་ཤའི་མིག་གིས་ཁམས་གསུམ་གྱི་བུམ་པ་ལ་སོགས་པ་མཐོང་བ་དང་། སངས་རྒྱས་ཀྱི་སྤྱན་དང་། གཞན་སེམས་ རིག་པ་དང་། ཆོས་ཐམས་ཅད་མི་རྟོག་པའི་མཚན་ཉིད་ཅན་ཤེས་རབ་ཀྱི་སྤྱན་དང་ཡེ་ཤེས་ཀྱི་སྤྱན་གྱིས་དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཐོང་བའོ། །ཐ་མལ་པ་གཞན་གྱི་ས་ལ་སོགས་པ་ལ་བྱས་པ་དང་། ར་གན་ལ་སོགས་པ་བླུགས་པ། སྤྲོ་བ་ལ་སོགས་པ་མེད་པས་ཤི་ བའི་རོ་ལྟར་མཐོང་ངོ་། །བདུད་རྩི་ལྔ་ནི་བཤང་བ་དང་། གཅི་བ་དང་། རྐང་མར་དང་། ཁྲག་དང་། ས་བོན་ནོ། །སོགས་པའི་སྒྲས་སྒྲོན་མ་ལྔ་སྟེ་བ་ལང་དང་། ཁྱི་དང་། གླང་པོ་ཆེ་དང་། རྟ་དང་། མིའི་ཤའོ། །ནང་གི་བདུད་རྩི་ལྔ་ནི་ཕུང་པོ་ལྔ་སྟེ། སྒྲོན་མ་ལྔ་ནི་དབང་པོ་ལྔའོ། དེ་ལ་ ལྟོས་པ་མེད་པའོ། །ཟས་ནི་མངོན་པར་ཕྱོགས་པ་སྟེ། ཐ་མལ་པའི་གཟུགས་ལ་སོགས་པ་མངོན་དུ་ཕྱོགས་པ་ལས་ལོག་པ་ནི་སོ་སོར་རྟོག་པའོ། །གཟུགས་ལ་སོགས་གཞན་ནི་རྡུལ་ཕྲན་མ་ཡིན་པས་འཇིག་རྟེན་ལས་འདས་པའི་གཟུགས་ལ་སོགས་པའོ། །རྡོ་རྗེའི་པདྨ་ནི་ སྤྱི་གཙུག་གི་པདྨ་སྟེ་དེར་འཆར་བ་སྟེ། བདུད་རྩིས་ནི་མ་ཉམས་པའི་བྱང་ཆུབ་ཀྱི་སེམས་སོ། །ཟླ་བ་བདུན་གྱིས་ནི་ཉེ་བར་མཚོན་པས་ཟླ་བ་དགུའོ། །ཕུང་པོ་དྲུག་གིས་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་དང་། ཡེ་ཤེས་ཀྱི་ཕུང་པོས་སོ། །ཆུང་ངུ་ ལ་སོགས་པའི་དབྱེ་བས་ས་ཐོབ་པ་ནི་ཆུང་ངུ་ལ་སོགས་པ་བཞི་པ་གསུམ་ལ་སྦྱར་བས་སོ། །རབ་ཏུ་དགའ་བ་ནས་ཡེ་ཤེས་སྤྱན་གྱི་བར་ས་བཅུ་གཉིས་སོ། །བདེན་པ་རྣམ་པ་བཅུ་གཉིས་ཀྱི་དོན་ནི་ལུག་དང་གླང་ལ་སོགས་པའི་ཁྱིམ་བཅུ་གཉིས་ཀྱི་དག་པ་སྣ་བུག་ཏུ་འཕོ་བ་བཅུ་གཉིས་འགོག་པའོ། ། དེ་ཉིད་རྣམ་པ་བཅུ་དྲུག་རིག་ནི་འཁོར་བའི་ཆ་བཅུ་དྲུག་ཟླ་བའི་ཆ་ཟད་པས་མ་ཉམས་པའོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ་ནི་སྦྱོར་དྲུག་བསྒོམས་པས་དག་པའི་དབུ་མས་སྦྱངས་པ་ཕུང་པོ་ལྔ་དང་། ཁམས་ལྔ་དང་། དབང་པོ་ལྔ་དང་། སྐྱེ་མཆེད་ལྔ་དག་པའི་རྣམ་པར་རྟོག་པས་སོ། རྣམ་ པར་སངས་རྒྱས་ནི་མ་རིག་པ་འགོག་པས་སོ། །ཀུན་རིག་ནི་དངོས་པོ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་རྟོགས་པས་སོ། །དེ་ཉིད་ཀྱི་ཕྱིར་མཆོག་ཡིན་ནོ། །ཞག་འགའ་ཞིག་གིས་ནི་ལོ་ག་སུམ་དང་། ཟླ་བ་ཕྱེད་དང་གཉིས་དུས་ཀྱི་འཁོར་ལོའི་ཞག་གིས་ཕྱག་རྒྱ་ཆེན་པོའི་གྲུབ་པ་ཐོབ་ པར་འགྱུར་རོ། །ད་ནི་ཚིགས་བཅད་རྡོ་རྗེ་སེམས་ལ་སོགས་པས་སྦྱོར་བ་དྲུག་བཤད་དོ། སོ་སོར་རྟོག་ནི་དུ་བ་ལ་སོགས་པ་མཚན་མའི་དབྱེ་བས་རྣམ་པ་བཅུའོ། །བསམ་གཏན་ནི་སྣ་ཚོགས་གཟུགས་ལ་ཡུལ་དང་ཡུལ་ཅན་བཅུ་གཅིག་ཏུ་འགྱུར་བས་སོ། །སྲོག་རྩོལ་ནི་གཡོན་དང་ གཡས་ཀྱི་དཀྱིལ་འཁོར་བཅུ་གཅིག་ཏུ་གྱུར་པས་སོ། །འཛིན་པ་ནི་ལྟེ་བ་སྙིང་ག་མགུལ་བ་དཔྲལ་བ་སྤྱི་གཙུག་ཏུ་སྲོག་རླུང་འགྲོ་བ་དང་འོང་བ་མེད་པས་རྣམ་པ་བཅུའོ། །རྗེས་སུ་དྲན་པ་ལ་འདོད་པའི་གནས་སྐབས་བཅུའི་དབྱེ་བས་ནི། སེམས་པ་འདོད་དང་ལུས་ཚད་འབྱུང་། །ཁ་ སྐམས་པ་དང་ཟ་མི་འདོད། །འདར་དང་མྱོས་པ་ལུས་འཁོར་དང་། །སེམས་འཁྲུལ་བ་དང་ཤིན་ཏུ་བརྒྱལ། །སེམས་ཅན་ལུས་ལ་གནས་སྐབས་འདི། །རྡོ་རྗེ་འཆང་གི་གནས་སྐབས་ཡིན། །ཏིང་འཛིན་རླུང་བཅུ་འགོག་པ་ནི། །སྲོག་དང་ཐུར་སེལ་མཉམ་པ་ཉིད། །གྱེན་ དུ་རྒྱུ་དང་ཁྱབ་བྱེད་དང་། །ཀླུ་དང་རུས་སྦལ་ཀྲི་ཀ་ར། །ལྷ་སྦྱིན་ནོར་ལས་རྒྱལ་བའོ། །ཆགས་པ་དང་ཆགས་པ་དང་བྲལ་བས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་སོ། །མིག་ལ་སོགས་པ་ལྔ་གཞན་གྱིས་ནི་ཤའི་མིག་ལ་སོགས་པ་སྣ་ཚོགས་གཟུགས་མཐོང་བའོ། །ངེས་ པ་ནི་སྟོང་པ་ཉིད་དུ་ངེས་པའོ། །སྣ་ཚོགས་གཟུགས་ལ་ཞེན་པ་ནི་ཡུལ་ལ་སོགས་པའི་ཡིད་ཙམ་གྱིས་བླ་ན་མེད་པ་ཤེས་རབ་དང་ཐབས་རོ་གཅིག་ཏུ་གྱུར་པའི་དེ་ཁོ་ན་ཉིད་ལ་འཇུག་པས་ཡིད་བདེ་བ་གང་ཡིན་པ་དེ་ནི་དགའ་བའོ། །བདེ་བ་མི་གཡོ་བ་ནི་ལུས་སྦྱངས་པ་ལ་ སོགས་པའི་བདེ་བས་སོ། །ལམ་གཉིས་དབུ་མར་འཇུག་པ་ནི་སྣ་བུག་གཡོན་པར་ནམ་མཁའ་ལ་སོགས་ལྔ་དང་། གཡས་སུ་ས་ལ་སོགས་པ་ལྔ་མི་རྒྱུ་བས་རོ་མ་རྐྱང་མ་འགགས་ནས་དབུ་མའི་ལམ་ཁོ་ན་ལ་འཇུག་པ་དང་གནས་པ་དང་འབྱུང་བའི་མཚན་ཉིད་ཅན་ཕྲ་བ་ནི་སྲོག་རྩོལ་ཡིན་ ནོ། །རྒྱུ་བ་གཉིས་བྲལ་ནི་ལྟེ་བ་སྙིང་དང་མགུལ་པ་སྤྱི་གཙུག་ལ་འགྲོ་བ་དང་འོང་བ་མེད་པས་སོ། །རྣམ་པ་བཅུར་སྔར་བཤད་པ་ནི་སེམས་འཛིན་པ་ལ་གནས་པས་ན་རང་གི་ངང་གིས་དུ་བ་ལ་སོགས་པའི་མཚན་མ་རྣམ་པ་བཅུའི་སྣང་བ་སྔོན་དུ་འགྲོ་བས་རྫོགས་པའི་དཀྱིལ་འཁོར་གྱི་ལྷའི་སྣང་ བ་གཟུགས་བརྙན་ལྟ་བུ་རྟོག་པ་མེད་པ། དེ་ནས་འོད་དུ་མ་འཕྲོ་བ། དེ་ནས་ཁམས་གསུམ་དུ་ལྷའི་དཀྱིལ་འཁོར་སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བ་སེམས་པ་ལ་སོགས་པ་འདོད་པའི་གནས་སྐབས་བཅུའི་མཚན་ཉིད་ཅན་རྗེས་སུ་དྲན་པའོ། །སྲོག་རླུང་ལ་སོགས་པ་རྒྱུ་བ་མེད་པས་ནི་ གཏུམ་མོ་འབར་བས་རྡོ་རྗེའི་ནོར་བུའི་རྩེ་མོར་གནས་པ་མ་ཉམས་པའི་བྱང་སེམས་ཡིན་པས་རིམ་གྱིས་འཁོར་ལོ་དྲུག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་རླུང་འགོག་པས་རྟོག་མེད་མ་ཉམས་པའི་བདེ་བའི་རང་བཞིན་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་རྡོ་རྗེ་འཆང་གི་རང་བཞིན་ཏིང་ངེ་འཛིན་ཡིན་ནོ། ། བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་པ་ནི་མྱ་ངན་ལས་འདས་པའི་སེམས་སྐྱེ་བ་དང་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་མི་མཛད་པ་སྟེ། དེ་མཛད་པ་ན་སངས་རྒྱས་ཀྱི་ཞིང་ཁམས་སུ་རྫོགས་པའི་སངས་རྒྱས་ཁོ་ནར་གྲགས་པར་འགྱུར་རོ་ཞེས་དགོངས་པའོ། །དབང་བཅུ་ནི་ ཚེ་དང་། ལས་དང་། མོས་པ་དང་། ཡོ་བྱད་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། ཆོས་དང་། སེམས་དང་། སྐྱེ་བ་དང་། ཡེ་ཤེས་ལ་དབང་བ་ལ་སོགས་པའོ། །ནཱ་ད་ལ་གོམས་པས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དགའ་བ་ལ་གོམས་པས་སོ། །ཇི་ལྟར་བཤད་པའི་གཞོན་ནུ་ མའི་པདྨར་རྡོ་རྗེ་བཅུག་ཅིང་གཡོ་བ་མེད་པར་ངལ་སོ་ལ་དེའི་པདྨར་རྡོ་རྗེའི་ནོར་བུས་མནན་ལ་དགའ་བ་དང་མཆོག་ཏུ་དགའ་བས་ཡུད་ཙམ་མི་གཡོ་ཞིང་གཉིས་ཀ་ལ་ཉམས་པའི་དགའ་བ་འཆར་བ་ན་ཧཱུཾ་ཞེས་བརྗོད་པ་སྔོན་དུ་འགྲོ་བས་བླ་མ་དམ་པའི་དྲིན་ལ་མངོན་དུ་ཕྱོགས་ཤིང་། ལྷན་ཅིག་སྐྱེས་པའི་དགའ་ བ་བཞི་པ་མྱོང་བས་བྱང་ཆུབ་ཀྱི་སེམས་བཀག་སྟེ་མ་ཉམས་པའི་སྐད་ཅིག་ཐོབ་པའོ། །དམིགས་པ་མེད་པའི་གནས་སུ་འགྲོ། །བཅུ་གཉིས་ཀྱི་མཐར་ནི་སྣ་བུག་གཡོན་པ་ན་ནམ་མཁའ་ནས་སའི་དཀྱིལ་འཁོར་གྱི་བར་དུ་སོར་བཅུ་དྲུག་ནས་བཅུ་གཉིས་ཀྱི་མཐར་རོ། །བཅུ་དྲུག་མཐར་ནི་སྣ་བུག་ གཡས་པ་ནས་སའི་དཀྱིལ་འཁོར་ནས་ནམ་མཁའི་བར་དུ་སོར་བཅུ་གཉིས་ནས་བཅུ་དྲུག་གི་མཐར་རོ། །ཧཱུཾ་གི་སྒྲས་བརྗོད་པས་སྲོག་དང་ཐུར་སེལ་གཉིས་སྦྱར་བས་ལྟེ་བར་ཐིམ་པར་བྱས་ནས་དབུ་མར་བཅུག་སྟེ་གློག་གི་མེ་དང་མཚུངས་པ་གྱེན་དུ་བསྐུལ་བས་ཁ་བ་ལྟ་བུའོ། །གྲོང་འཇུག་ མི་ནུས་ན་འཕོ་བ་བྱས་ཏེ་རྡོ་རྗེ་ལངས་པ་ནི་བདེ་བའི་ཡེ་ཤེས་ཀྱི་མཆོག་བསྐྱེད་ནས་སོ། །མཁའ་ལ་སྤྱོད་པ་ནི་འོག་མིན་གྱི་བར་དུ་དབང་བྱེད་པའོ། །མངོན་ཤེས་ལྔ་ནི་རྫུ་འཕྲུལ་དང་། ལྷའི་མིག་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་ དྲན་པ་སྟེ་མངོན་ཤེས་ལྔའི་རང་བཞིན་དུ་སྣ་ཚོགས་ཡུམ་གྱུར་ཏེ་ཕྱག་རྒྱ་ཆེན་པོ་ལ་ཆགས་པས་རྟོག་མེད་གཏུམ་མོ་འབར་བས་སོ། །མ་ཉམས་གསུམ་ནི་སེམས་ཀྱི་ཐིག་ལེ་ནི་གསང་གནས་སུ་འགོག་པ་དང་། །ངག་གི་ཐིག་ལེ་ལྟེ་བར་འགོག་པ་དང་། ལུས་ཀྱི་ཐིག་ལེ་སྙིང་གར་འགོག་ པའོ། །མ་ཉམས་པའི་བདེ་བས་ནི་རྡོ་རྗེའི་རྩེ་མོར་ཐིག་ལེའི་ཚོགས་མ་ཉམས་པས་ཡེ་ཤེས་ཀྱི་ཐིག་ལེ་འགོག་པའོ། །རླུང་གཉིས་འགོག་པ་ཞེས་བྱ་བའི་བར་གྱིས་མཁའ་སྤྱོད་ཀྱི་བསྒྲུབ་པ་བསྟན། སྣ་ཚོགས་ཡུམ་ཞེས་བྱ་བའི་བར་གྱིས་ཕྱག་རྒྱ་ཆེན་པོའི་སྒྲུབ་པ་བསྟན་ཏོ། །ཕྱག་རྒྱ་ ཆེན་པོ་སྒྱུ་མ་ལྟ་བུ་ནི་མེ་ལོང་དངས་པའི་གཟུགས་བརྙན་ལྟ་བུའོ། །ནམ་མཁར་སེམས་སུ་མེད་པ་ནི་སེམས་མ་ཡིན་པའི་སེམས་ལའོ། །ཤེས་རབ་དང་ཡེ་ཤེས་ཀྱི་གོ་རིམས་བཞིན་དུ་ནི་ཆོས་ཐམས་ཅད་སྟོང་པར་རྟོགས་པ་ནི་ཤེས་རབ་བོ། །ཡེ་ཤེས་ནི་འཛིན་པའི་སེམས་སོ། ། དུ་བ་ལ་སོགས་པའི་སྣང་བ་ནི་དེའི་གཟུང་བྱ་ཡིན་ནོ། །ཇི་ལྟར་མེ་ལོང་གི་གཟུགས་བརྙན་མིག་རང་གི་མིག་གིས་མཐོང་བ་དེ་བཞིན་དུ་སྟོང་པ་ཉིད་ཀྱི་རང་བཞིན་རང་སེམས་ཀྱིས་སྟོང་པ་ཉིད་ཀྱི་རང་བཞིན་རྣམ་པ་ཐམས་ཅད་དང་ལྡན་པའི་རང་སེམས་མཐོང་ངོ་། །གཟུང་བྱའི་ སེམས་དུ་བ་དང་ལྡན་པའི་མཚན་ཉིད་འདི་ལ་རྣལ་འབྱོར་པས་དབུ་མ་ལ་སྲོག་རླུང་གཞུག་དགོས། དེས་མཚན་མ་མཐོང་བའོ། །འདི་ནི་བླ་མའི་ཞལ་དང་པོ་སྐུའི་རྡོ་རྗེའོ། །དེ་བས་ཉི་མ་དང་ཟླ་བར་འགྲོ་བའི་སྲོག་རླུང་བསྡམས་པས་གཉིས་པ་སྲོག་རྩོལ་གསུང་གི་རྡོ་རྗེའོ། །བྱང་སེམས་ ནི་བྱང་སེམས་སྣ་ཚོགས་གཟུགས་བརྙན་ལ་ཆགས་པ་གསུམ་པ་ཐུགས་ཀྱི་རྡོ་རྗེའོ། །བདེ་བའི་མཆོག་གིས་རྡོ་རྗེ་བསླང་། །སྣ་ཚོགས་གཟུགས་ཀྱི་སྒོ་ནས་དགའ་བ་མ་སྐྱེས་ན་དེའི་ཚེ་བུལ་བར་རྡོ་རྗེའི་སྒྲ་བྱའོ། གལ་ཏེ་ཤེས་རབ་མ་མ་རྙེད་ན་དེའི་ཚེ་རང་གི་ལག་གིས་རྡོ་རྗེ་གསོར་བ་བདེ་བ་ འཕེལ་བའི་ཕྱིར་ཏེ་ལྟུང་བའི་ཕྱིར་མ་ཡིན་ནོ། །དེ་ལྟར་བྱང་སེམས་མི་འདོར་ཞིང་བདེ་བ་དང་ལྡན་པ་འཆི་བའི་འཇིགས་པ་ལས་སྐྱོབ་པ་བཞི་པ་ཡེ་ཤེས་རྡོ་རྗེ་འདིའོ། །འདི་ནི་རྣལ་འབྱོར་པས་བསྒོམ་པའི་ངེས་པའོ། །དང་པོ་སངས་རྒྱས་ནི་དབང་མདོར་བསྡུས་པའི་སྐབས་སུ་སྟེ། འདི་ཁོ་ ན་ལ་སོགས་པའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བུད་ཤིང་ཅན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མེ་དུ་བ་ལ་སོགས་པས་འདི་ཁོ་ན་རྣལ་འབྱོར་པས་བསྒྲུབ་པར་བྱ་སྟེ། ཇི་ལྟ་བུས་ཤེ་ན། རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སོགས་པ་ངེས་དོན་གྱི་མདོ་ལས་གྲགས་པ། སྟོང་པ་ཉིད་ལ་སྣང་བ་རྟོག་པ་ཐམས་ཅད་དང་བྲལ་བས་བསམ་དུ་མེད་པ་དེ་ཁོ་ན་ཉིད་ཀྱི་འབྲས་བུ་མངོན་དུ་འབྱུང་བས་མཚན་མ་སོགས་གཟུང་འཛིན་དང་བྲལ་བས་རང་བཞིན་གྱིས་སྟོང་པའི་ཤེས་རབ་ཀྱི་གཟུགས་བརྙན། ཕྱི་ནང་གི་སྒྲིབ་ བས་མ་གཡོགས་པས་ནམ་མཁའ་དང་མཉམ་པ། ཡོད་མེད་ལ་སོགས་པའི་རྟོག་པ་མེད་པས། ཡོད་མེད་ལས་འདས་པ། རང་རིག་ཡིན་པས་རང་སེམས་ཀྱིས་མྱོང་བའི་དོན་མ་བྱས་པས་ངོ་མཚར་བ། རང་བཞིན་མེད་པས་རྡུལ་ཕྲ་རབ་ཀྱི་ཚོགས་པས་སྟོང་པ། མོ་གཤམ་གྱི་བུ་ མོ་དང་ཕྲད་པས་བདེ་བ་རྨི་ལམ་དུ་འབྱུང་བ་ལྟར། ནམ་མཁའ་ལས་བྱུང་གཟུགས་བརྙན་ལ། །བརྟེན་པས་རང་ལ་དེ་བཞིན་ནོ། །ས་ཡི་རྣམ་པ་ལ་སོགས་པ་ནི་གཟུགས་བརྙན་གྱི་མཚན་ཉིད་དོ། །འདིར་སྟོང་པ་ཉིད་ཀྱི་སྣང་བ་དངོས་པོ་མ་ཡིན་པ་ལ་སོགས་པར་སྣང་བ་སྲ་བ་མིན། ཁུ་བའི་ རྣམ་པ་ཅན་སྨིག་རྒྱུའི་ཆུ་བཞིན་དུ་ཆུ་མ་ཡིན་ཏེ། དངོས་པོ་མ་ཡིན་པས་སོ། །མེའི་རྣམ་པ་ཅན་མེ་མ་ཡིན་ཏེ། མི་སྲེག་པས་སོ། །གཡོ་བ་རླུང་ལྟར་སྣང་། རླུང་མིན་དངོས་པོ་མིན་པས་སོ། །ནམ་མཁའ་ལྟ་བུ་དེ་མི་མཐོང་བའི་ཕྱིར་རོ། །སྒྱུ་མའི་གྲོང་ཁྱེར་ལྟར་དཀར་པོ་ལ་སོགས་ པའི་ཁ་དོག་དང་ལྡན་ཀྱང་དངོས་པོ་མ་ཡིན་པས་མདོག་མ་ཡིན་ནོ། །རྣམ་པ་ཐམས་ཅད་དང་ལྡན་ཡང་བྱིས་པ་རྣམས་ཀྱིས་མཐོང་བྱ་མ་ཡིན་ཏེ། ཉོན་མོངས་པ་དང་བདུད་ཀྱི་མཐུ་སྟེ། གཡོན་དང་གཡས་སུ་སྲོག་རླུང་རྒྱུ་བས་སོ། །ད་ནི་དཀྱིལ་འཁོར་ལྔ་ཐིམ་ཚུལ་བཤད་དེ། ས་ རླུང་ལ་སོགས་པའོ། །གང་གི་ཚེ་རྣལ་འབྱོར་པ་མིག་བརྟན་ཅིང་ཁྲོ་བོའི་སྟངས་ཀྱིས་སྟོང་པ་ལ་སེམས་གཏད་པ་དེའི་ཚེ་སྣ་བུག་གཡོན་ནམ་གཡས་ལ་ནམ་མཁའ་ལ་སོགས་པའམ། ས་ལ་སོགས་པ་རྒྱུ་བས་སའི་རླུང་ཆུ་རླུང་ལ་ཐིམ། དེ་ལྟར་གཡོན་ནས་ནམ་མཁའ་ལ་སོགས་ པ་རྣམ་ཤེས་ཀྱི་དཀྱིལ་འཁོར་གྱི་བར་རོ། །དེ་ལྟར་སྟོང་པ་ཉིད་དུ་བ་ལ་སོགས་པ་རྟགས་བཅུར་འགྱུར། རྟགས་ཀྱང་རྣམ་པ་ཐམས་ཅད་དང་ལྡན་པའི་གཟུགས་བརྙན་དུ་འགྲོ། གཟུགས་བརྙན་དེ་མ་ཉམས་པའི་བདེ་བར་འགྲོ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཡིན། ཡེ་ཤེས་ལས་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་དང་ཁམས་གསུམ་གྱི་དབང་ཕྱུག་གི་སྒྲུབ་པ་སྐྱེ་བ་འདི་ཉིད་དུ་གྲུབ་པར་འགྱུར་རོ། །རྣལ་འབྱོར་ཉེ་བར་བསྡུས་ཤིང་བཤད་དེ་དབུ་མ་ལ་སོགས་པའོ། །འདིར་དང་པོ་འཛིན་པའི་སེམས་སྟོང་པར་ཐིམ་པ་ནི་རོ་གཅིག་ཏུ་གྱུར་ པའོ། །བྱིས་པ་དང་དར་ལ་བབ་པ་དང་འཛག་པ་ནི་ཐབས་ཀྱི་ཉམས་པའི་བདེ་བ་གཉིས་འགྱུར་བ་དང་བུལ་བའོ། །ཤེས་རབ་མི་འཛག་པ་སྟེ་མྱུར་དུ་མ་ཉམས་པས་སོ། །དེ་དག་གི་མཆོག་འཇིག་རྟེན་ལས་འདས་པ་གང་གི་མི་འཛག་པ་དེ་བཞིན་པ་ཕྱག་རྒྱ་ཆེན་པོ་ལས་བྱུང་ བའོ། །ད་ནི་རང་གི་སེམས་སྣང་བ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ལ་འཇུག་པར་བཤད་དེ། ནམ་མཁའ་ལ་སོགས་པའོ། །མཚན་མོ་ནི་མུན་པ་ཉེ་བར་མཚོན་པའོ། །ཆགས་པ་ནི་ནམ་མཁའ་ལ་སེམས་ཐིམ་པའོ། །གཟུགས་ཀྱི་སྣང་བ་ནི་མེ་ལོང་གི་གཟུགས་བརྙན་ ལྟ་བུ་དེ་རྙོག་པ་དང་བྲལ་བ་ཐོགས་པ་མེད་པར་སྣང་བས་སོ། །སྒྲའི་སྣང་བ་ནི་མགུལ་པ་དང་རྐན་ལ་སོགས་པའི་རྩོལ་བ་ལས་བྱུང་བ་མ་ཡིན། བདེ་བ་ཆེན་པོའི་སྟོབས་ཀྱིས་རང་སྒྲ་ཙམ་མྱོང་བས་སོ། །ཚིགས་བཅད་འདིས་སྐུ་གཉིས་བཤད་དོ། །གཞན་གྱི་སེམས་ཤེས་པ་མེད་པ་ནི་རང་གི་ སེམས་ལས་ཐ་དད་པ་གཞན་གྱི་སེམས་ཤེས་པར་བྱར་མེད་པས་སོ། །གསུངས་པ། མ་སྐྱེས་པ་དང་མ་འགགས་པ། །འདིར་ནི་ཤེས་བྱ་གང་མཐོང་བ། །དེ་ནི་རང་སེམས་གཞན་མ་ཡིན། །ཕྱི་ཡི་ཤེས་བྱ་ལས་གཞན་ཕྱིར། །དེ་བས་རང་གིས་རང་ཉིད་ལ། །རྒྱས་འདེབས་པ་ནི་གར་ ཡང་མེད། །རལ་གྲི་ཆེན་པོས་རང་ཉིད་ཀྱི། །རང་སོ་གཅོད་པར་མི་ནུས་བཞིན། །ཚིགས་བཅད་འདིས་ཆོས་ཀྱི་སྐུ་སྒྲུབ་པར་བཤད་དོ། །ཕྱི་ནང་ཁྱབ་པའི་དུ་བའི་རྣམ་པ་སྤྲིན་གྱི་སྣང་བའི་རྗེས་སུ་འབྱུང་ངོ་། །དེ་གསུངས་པ། དང་པོ་ཉིད་དུ་སྤྲིན་བཞིན་སྣང་། །དུ་བར་སྣང་བ་གཉིས་ པའོ། །ཞེས་སོ། །སྨིག་རྒྱུ་ནི་གཡོ་བའི་ཆུ་བཞིན་ནོ། །སྲིན་བུ་མེ་ཁྱེར་དང་མར་མེའི་རྣམ་པ་གྲགས་པ་བཞིན་ནོ། །མཚན་མ་བཞི་པོ་འདི་དག་ནི་བུ་ག་མེད་པའི་ཁྱིམ་དུ་མུན་པ་ལས་འབྱུང་བས། མཚན་མོའི་སྦྱོར་བ་དང་ནམ་མཁའི་སྦྱོར་བའོ། །གསང་བ་འདུས་པ་ལས་དང་པོ་ དང་གཉིས་པ་བཟློག་པར་གསུངས་པ། སེམས་འགོག་རྡོ་རྗེར་གྱུར་པ་ན། །མཚན་མ་དག་ནི་འབྱུང་བར་འགྱུར། །མཚན་མ་དེ་ཡང་རྣམ་པ་ལྔ། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །ཐོག་མར་སྨིག་རྒྱུའི་རྣམ་པ་ཅན། །དུ་བ་ལྟ་བུ་གཉིས་པའོ། །སྲིན་བུ་མེ་ཁྱེར་གསུམ་པ་ སྟེ། །མར་མེ་ལྟ་བུ་བཞི་པ་ཡིན། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་སོ། །སྤྲིན་མེད་ནམ་མཁའ་སྣང་བ་སྔོན་དུ་འགྲོ་བ་མེའི་རྣམ་པ་ཅན་འབར་བ་དང་ཟླ་བ་དང་ཉི་མའི་སྣང་བ་གྲགས་པ་བཞིན། སྒྲ་གཅན་ནི་རིན་ཆེན་ནག་པོ་ལྟར་སྣང་། གློག་ དང་ཐིག་ལེ་ཆེན་པོ་ནི་བརྟན་པ་དང་གཡོ་བ་གསལ་བར་བྱེད་པ་མདོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ལྟར་སྣང་། མཚན་མ་དྲུག་པོ་འདི་དག་ནི་སྤྲིན་མེད་པའི་ནམ་མཁའི་སྣང་བ་ལས་བྱུང་བ་ཉིན་མོའི་རྣལ་འབྱོར་དང་བླ་གབ་མེད་པའི་རྣལ་འབྱོར་རོ། །དེ་ནས་དེའི་དབུས་སུ་ལོངས་ སྤྱོད་རྫོགས་པའི་སྐུའི་བདག་ཉིད་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བ་སྔོན་དུ་འགྲོ་བ་སྐད་ཅིག་གཅིག་ལ་ལག་མཐིལ་ན་ཡོད་པའི་ཆུ་བཞིན་དུ་དང་བ་རྣམ་པ་ཐམས་ཅད་དང་ལྡན་པའི་བུམ་པ་དང་རས་ལ་སོགས་པའི་སྣ་ཚོགས་གཟུགས་འོད་གསལ་བ་མཐོང་བའོ། །བཙུམས་པ་ལ་ སོགས་པ་ནི་བར་སྣང་ལ་ཕྱེད་ཕྱེ་བའི་མིག་གཉིས་ཀྱིས་སྟོང་པ་ནི་གཟུང་འཛིན་དང་བྲལ་བ་ལས་ཏེ། མ་བརྟགས་པའི་རྣལ་འབྱོར་གྱི་མངོན་སུམ་དུ་གཟུགས་བརྙན་དུ་བ་ལ་སོགས་པ་རྟག་ཏུ་བསྒོམ་པར་བྱའོ། །རྣལ་འབྱོར་གཉི་ག་ནམ་མཁའ་ལ་ཆགས་པ་ལ་སོགས་པས་དུས་ཀྱི་ འཁོར་ལོར་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་པ། རིན་པོ་ཆེ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་པོ་ཆེ་སྒྲོན་མ་ཞེས་བྱ་བ་དང་། ཟླ་བའི་སྣང་བ་ཞེས་བྱ་བ་དང་། །ཉི་མའི་སྒྲོན་མ་ཞེས་བྱ་བ་དང་། རྣམ་པ་ཐམས་ཅད་མཐོང་བ་ཞེས་བྱ་བ་ལ་སོགས་ པའོ། །དེ་བས་ཐེ་ཚོམ་མེད་པར་དུ་བ་ལ་སོགས་པའི་ལམ་འཚང་རྒྱ་བར་འདོད་པས་བསྒོམ་པར་བྱའོ། །འོ་ན་རྟོག་པ་དང་བྲལ་བ་ཕྱག་རྒྱ་ཆེན་པོ་ཡིན་ལ། སྒོམ་པ་ནི་སྒྲོ་བཏགས་པ་སྟེ་ཇི་ལྟར་བསྒོམ་པར་བྱ་ཞེས་བཤད་ཅེ་ན། སྨྲས་པ། སྒོམ་པ་ལ་སོགས་པའོ། །གདམས་ པ་ཇི་ལྟ་བ་བཞིན་དུ་ཕྱི་ནང་མེད་པ་ལ་སྒོམ་པའི་གཟུགས་བརྙན་དེ་ཉིད་ལ། རྣལ་འབྱོར་པའི་བསྒོམ་པ་གང་ཡིན་པ་དེ་དངོས་པོ་མ་ཡིན་པའི་ཕྱིར་བསྒོམ་པ་མ་ཡིན་ནོ། །འོ་ན་དངོས་པོའི་ཡིན་རུང་དངོས་པོ་མ་ཡིན་པའི་ཡིན་རུང་རྟོག་པ་ལ་ཁྱད་མེད་པས་ཇི་ལྟར་དངོས་མིན་སྒོམ་ ཞེ་ན་སྨྲས་པ། སེམས་ལ་སོགས་པའོ། །གང་གི་ཕྱིར་སྟོང་ཉིད་ཀྱི་གཟུགས་བརྙན་ལ་རྣལ་འབྱོར་པའི་དངོས་དང་དངོས་མིན་གྱི་རྟོག་པ་མེད་དེ། སྟོང་ཉིད་ཀྱི་གཟུགས་བརྙན་མ་བརྟགས་པའི་དུ་བ་ལ་སོགས་པ་ལ་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །དགོངས་པ་འདི་ལྟ་ སྟེ་གལ་ཏེ་བརྟག་པ་ཡིན་ན་དངོས་པོར་འགྱུར་ཏེ་ལུགས་མ་ལ་སོགས་པ་བཞིན་ནོ། །མཐོང་བ་མེད་ན་དངོས་པོ་མ་ཡིན་པར་འགྱུར་ཏེ་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །འདིར་ནི་མ་བརྟགས་པར་མངོན་སུམ་དུ་མཐོང་བས་ཐམས་ཅད་ལེགས་པར་གནས་སོ། །མཐོང་ བའི་དཔེ་བཤད་དེ་པྲ་ཕབ་པ་ལ་སོགས་པའོ། །པྲ་ཕབ་པ་ནི་སྒྲུབ་པ་པོས་བྱེད་པ་སྟེ། མེ་ལོང་དང་རལ་གྲི་དང་མཐེ་བོང་དང་མར་མེ་དང་ཟླ་བ་དང་ཉི་མ་དང་ཆུ་ལ་མིག་གི་སྤྱོད་ཡུལ་དངོས་པོ་ལས་མ་བྱུང་བ། ཆོམ་རྐུན་ལ་སོགས་པ་བེམས་པོའི་ཆོས་ལས་མ་བྱུང་བ། མ་བརྟགས་ པར་མཐོང་བ་འདི་ལ་དངོས་པོ་དང་དངོས་མིན་མེད་དོ། །དངོས་པོ་མེད་པར་དོན་བྱེད་ནུས་པ་ཙམ་དམིགས་པས་སོ། །འཇིག་རྟེན་ཁོ་ན་ལ་དངོས་པོ་མེད་པར་དངོས་པོར་མཐོང་སྟེ། དཔེར་ན་སྒྱུ་མ་དང་རྨི་ལམ་ལ་སོགས་པའོ། །ཆོས་ཅན་ལ་སོགས་པ་ནི་རྟོག་པ་མེད་པའི་ཡེ་ཤེས་ འབྱུང་བ་དེ་ནི་རྣམ་པ་ཐམས་ཅད་དུ་འགྲོ་བའི་དོན་སྒྲུབ་པར་བྱེད་པས་ཡིད་བཞིན་ནོར་བུ་ལྟ་བུའོ། །དཔེ་བཤད་དེ་སྔར་ལ་སོགས་པའོ། །སྔར་མ་མཐོང་བའི་ཆོམ་རྐུན་ལ་སོགས་པ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མིག་གིས་གཞོན་ནུ་མས་པྲ་ཕབ་ན་མཐོང་། སྒྲུབ་པ་པོས་ནི་ གཞོན་ནུ་མས་བཤད་པ་དེར་སོང་ལ་ཉི་ཚེ་བའི་མིག་གིས་མཐོང་ངོ་། །བསམ་པ་འདི་ལྟ་སྟེ་སྒྲུབ་པའི་མན་ངག་སྔགས་ཀྱིས་བྱིན་གྱིས་བརླབས་པའི་བློའི་སྤྱན་གྱིས་རྣལ་འབྱོར་པ་གཞོན་ནུ་མ་བཞིན་བྱང་སེམས་མ་ཉམས་པས་མ་བསྟན་པ། ཐ་མལ་པའི་བགྲོད་བྱ་མ་ཡིན་པ་ནམ་མཁའ་ ལ་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་མཐོང་ངོ་། །དེའང་སྤྲོས་པ་མཐའ་དག་དང་བྲལ་བར་བཤད་དེ་གཞན་གྱིས་ལ་སོགས་པའོ། །གཞན་གྱི་མིག་གིས་མི་མཐོང་སྟེ་དུ་བ་གཞན་དུ་མི་མཐོང་བའི་ཕྱིར་རོ། །རང་གི་མིག་གིས་མི་མཐོང་སྟེ་མིག་རས་ཀྱིས་བཀབ་པའི་ཕྱིར་རོ། །པྲ་ ཕབ་པའི་དཔེ་འདིས་རྣལ་འབྱོར་གྱི་མངོན་སུམ་རང་བཞིན་ཀུན་མེད་པས་མ་སྐྱེས་ཏེ། རྨི་ལམ་དུ་གཞོན་ནུ་མས་བུ་དམིགས་པ་བཞིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲུབ་བོ། །སྦྱོར་བ་ཡན་ལག་དྲུག་གི་ནི། །བདག་གིས་བཤད་པའི་དགེ་བ་གང་། །དེས་ནི་འཇིག་རྟེན་མ་ལུས་ པ། མ་ཉམས་བདེ་བ་ཐོབ་པར་ཤོག །སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ་པཎྜི་ཏ་ཆེན་པོ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བི་བྷཱུ་ཏི་ཙནྡྲས་རུ་ལག་གི་སྙིང་པོ་འབྲིང་མཚམས་ཀྱི་སའི་ཆ་དཔལ་རྒྱ་རྟགས་ཀྱི་གཙུག་ ལག་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ཨུ་པ་དེ་ཤ་སཱུརྱ་ཙནྡྲ་སཱ་དྷ་ན་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་གདམས་ངག་ཉི་མ་ཟླ་བ་བསྒྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། བྷི་ཀུ་ནི་ཞེས་བྱ་བའི་པཎྜི་ཏ། དབུས་འགྱུར་ཚལ་དུ་སྐུ་འཁྲུངས་པ། རིག་པའི་གནས་ལྔ་ཀུན་ལ་མཁས་པ། དགུང་ལོ་བཞི་བརྒྱ་བཞེས། ས་དང་པོའི་བདེན་པ་མཐོང་། འཇམ་དཔལ་གྱི་ལུང་བསྟན་ཐོབ་ནས་མུ་ཁྱུད་འཛིན་རིའི་འགྲམ་དུ་རྐང་མགྱོགས་ཀྱིས་བྱོན། རིགས་ གསུམ་མགོན་པོའི་བརྒྱུད་པ་བྲམ་ཟེ་ཉི་མའི་ཤིང་རྟ་ལ་དུས་ཀྱི་འཁོར་ལོ་དམ་པ་དང་པོ་གསན། དབང་སྒྲུབ་ཐབས་དང་བཅས་པ་ཐོབ། དེའི་དུས་སུ་སྲོད་ལ་རྒྱལ་པོ་ཟླ་བ་བཟང་པོ་བྱོན། ཁྱོད་ཡུལ་དབུས་སུ་འགྲོ་བ་ལ་ཕྱི་དུས་ཀྱི་འཁོར་ལོ་ཤེས་ཀྱང་ནང་དུས་ཀྱི་འཁོར་ལོ་མི་ཤེས་ སོ་ཟེར་རོ། །དེ་ཁྱེད་ལ་ཞུ་བྱས་པས་ནང་གཡོ་བ་རླུང་ལ་གདམས་པ། བདེ་བ་ཡེ་ཤེས་རྡོ་རྗེ་ཡིས། །ཕྲིན་ལས་དྲུག་གི་འཁོར་ལོ་བསྐོར། །མ་རིག་འཁྲུལ་འཁོར་བཅོམ་ནས་ནི། །ཡེ་ཤེས་ལྔ་ནི་བསྐྱེད་མཛད་པ། །གཙོ་བོ་རྡོ་རྗེ་འཆང་ལ་འདུད། །བག་ཆགས་རླུང་གིས་བསྐྱོད་ནས་ ནི། །འགྲོ་བ་རྨོངས་ཤིང་སྡུག་བསྔལ་བས། །གསལ་བྱེད་འཁོར་ལོ་བཤད་པར་བྱ། །བསྐྱེད་དང་གནས་དང་དབྱེ་བ་དང་། །རྩིས་དང་ལམ་དུ་བྱ་བ་དང་། །ནད་འཇོམས་པ་དང་འབྲས་བུ་གཉིས། །རྣམ་ཤེས་བསྐྱོད་པའི་རླུང་འབྱུང་སྟེ། །རླུང་ལས་མེ་ནི་སྐྱེས་པའོ། །དེ་ལས་ ཆུ་དང་ས་འབྱུང་སྟེ། །ནམ་མཁའ་ཀུན་དུ་ཁྱབ་པའོ། །རླུང་ལས་སྐྱེས་པའི་དུག་ལྔ་ཡིས། །ལས་བསགས་འབྲས་བུ་འཁོར་བ་སྨིན། །ཕོ་རླུང་མོ་རླུང་མ་ནིང་རླུང་། །ཐོད་རྒལ་བ་དང་བཞི་རུ་གནས། །ཡང་ན་འབྱུང་བ་ལྔ་ཡི་རླུང་། །རྣམ་ཤེས་ནམ་མཁའི་ཚུལ་དུ་གནས། ། མིང་དང་གནས་དང་ཁ་དོག་དང་། །རྒྱུ་དང་བྱེད་པའི་ལས་དང་ནི། །ཟིན་དང་ལོག་རེངས་བཅོས་ཐབས་དང་། །ངག་དང་ཡོན་ཏན་བསྐྱེད་པའོ། །ཡེ་ཤེས་ཁམས་ལས་ཐུར་སེལ་དང་། །སྟོང་པ་དག་ལས་སྲོག་གི་རླུང་། །འདི་གཉིས་རྣམ་པ་གསུམ་དུ་འགྱུར། །རླུང་ གི་རླུང་ལས་མཉམ་གནས་དང་། །མེ་ལ་གྱེན་དུ་རྒྱུ་བ་སྟེ། །ཆུ་ལ་ཁྱབ་པར་བྱེད་པ་ཉིད། །མཁའ་ལས་རླུང་འབྱུང་དེ་ལས་ནི། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །ལྔ་པོ་ས་རླུང་མེ་དང་ནི། །ཆུ་དང་ས་ལས་རིམ་འབྱུང་སྟེ། །དྲུག་གི་བདག་ཉིད་བཅུ་མིང་ ཅན། །ས་ལྟེ་ཆུ་སྙིང་མེ་མགྲིན་དང་། །རླུང་དཔྲལ་མཁའ་གཙུག་ཡེ་ཤེས་གསང་། །སྙིང་འཁོར་རླུང་དང་དཔྲལ་འཁོར་ཆུ། །འཁོར་གཞན་གནས་ཁམས་མཐུན་པའོ། །ས་སེར་ཆུ་དཀར་མེ་ནི་དམར། །རླུང་གནག་མཁའ་སྔོ་ཡེ་ཤེས་ལྗང་། །ས་ཆུ་མེ་རླུང་ནམ་མཁའ་ནི། །བཅུ་ གཉིས་བཅུ་གསུམ་བཅུ་བཞི་དང་། །བཅོ་ལྔ་བཅུ་དྲུག་ཕྱི་རུ་རྒྱུ། །ཕྱིར་འཕེལ་ནང་དུ་ཐུང་ངུ་རྒྱུ། །ཡེ་ཤེས་ས་མཁའ་མཉམ་དུ་སྟེ། །སྣ་བུག་གཉིས་ནས་རྒྱུ་བའོ། །འོག་ནས་ས་དང་གཡོན་དུ་ཆུ། །གཡས་སུ་མེ་དང་སྟེང་དུ་རླུང་། །བཞི་དབུས་ནམ་མཁའ་རྒྱུ་བ་སྟེ། །སྣ་བུག་གཉིས་ མཉམ་ཡེ་ཤེས་སོ། །ཁྱིམ་ནི་བཅུ་གཉིས་དབྱེ་བ་ཡིས། །དུས་སྦྱོར་འཕོ་ཆེན་བཅུ་གཉིས་ལ། །འབྱུང་ལྔ་རླུང་གི་དབྱེ་བ་ཡིས། །དུས་སྦྱོར་འཕོ་ཆུང་དྲུག་ཅུའོ། །འབྱུང་ལྔའི་འཕོ་ཆུང་རེ་རེ་ལ། །སུམ་བརྒྱ་དྲུག་ཅུ་རྒྱུ་བ་ཡིས། །དུས་སྦྱོར་བཅུ་གཉིས་འཕོ་ཆེན་རེའང་། །སྟོང་དང་ བརྒྱད་བརྒྱ་རྒྱུ་བ་སྟེ། །ཞག་གཅིག་རྟོག་རླུང་ཉི་ཁྲི་དང་། །དགུ་བརྒྱ་ཉེར་ལྔ་རྒྱུ་བའོ། །འབྱུང་ལྔའི་འཕོ་ཆུང་མཚམས་རེ་ནས། །བཅུ་གཅིག་བཞི་ཆ་ཆད་པ་ཡིས། །དུས་སྦྱོར་བཅུ་གཉིས་མཚམས་རེ་ནས། །ལྔ་བཅུ་རྩ་དྲུག་བཞི་ཆ་རྒྱུ། །ཞག་གཅིག་ཡེ་རླུང་དྲུག་བརྒྱ་དང་། །བདུན་ཅུ་རྩ་ ལྔ་རྒྱུ་བའོ། །སྐྱེས་བུ་ཁམས་སྙོམས་ཞག་གཅིག་ལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ། །སྐྱེ་འཇིག་གནས་འཕོ་འཁྲིག་དུས་དང་། །བརྒྱལ་དང་གཟས་ཟིན་ཏིང་འཛིན་ཐོབ། །དེ་མིན་འཇིག་རྟེན་རླུང་དུ་ཟད། །དེ་ནི་རླུང་གི་རྒྱུ་བའོ། །གཏི་མུག་ས་ལ་ང་རྒྱལ་ཆུ། །འདོད་ཆགས་མེ་ལ་ཕྲག་ དོག་རླུང་། །ཞེ་སྡང་མཁའ་སྟེ་སེར་སྣའི་སེམས། །ཡེ་ཤེས་ཁམས་ཀྱི་འབྱེད་པར་བཤད། །སེམས་ཅན་ཀུན་གྱི་སྲོག་གྱུར་པའི། །རླུང་གིས་ལས་ཀུན་བྱེད་པའོ། །མཐུན་དང་མི་མཐུན་ཟིན་པ་ཡི། །གཉིས་སྟོབས་གསུམ་སྟོབས་ཤེས་པར་བྱ། །སྲོག་འཛིན་ལོག་རེངས་འཆི་སྨྱོ་དང་། །ཐུར་ སེལ་ལོག་རེངས་རྩ་ཆུ་སྲི། །གྱེན་རྒྱུ་ལོག་རེངས་དབུགས་མི་བདེ། །མེ་མཉམ་ལོག་རེངས་རྨུ་ཆུ་སྐྲན། །ཁྱབ་བྱེད་རླུང་ལོག་རེངས་པ་ན། །མཛེ་དཀར་ལ་སོགས་ནད་མང་བྱེད། །དབྱུག་རླུང་འཁྲུལ་འཁོར་སྦྱོར་བ་དང་། །དམིགས་དང་བྱིན་རླབས་བདེ་བ་བསྒོམ། །ཟས་དང་སྤྱོད་ལམ་སྨན་ དཔྱད་དང་། །རྟེན་འབྲེལ་གྱིས་ནི་བཅོས་པར་བྱ། །རླུང་སེམས་འདྲེས་ཤིང་དག་པ་ཡི། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །སྔགས་རྣམས་ཀུན་གྱིས་བྱིན་རློབ་པས། །ཕྲིན་ལས་བཞི་ནི་རྩོལ་མེད་འགྲུབ། །ས་རླུང་ཡོན་ཏན་འཆི་བ་མེད། །མེ་ཡིས་བཀྲག་ལ་དྲོད་དང་ལྡན། །ཆུ་ ཡིས་བདེ་དང་སྣུམ་ལ་འགྲིལ། །རླུང་གིས་གསལ་དང་ཡང་བར་བྱེད། །ནམ་མཁའ་ནམ་མཁའ་ལྟ་བུར་འགྲུབ། །ཡེ་ཤེས་ཡོན་ཏན་བསམ་མི་ཁྱབ། །གཞན་གྱི་རླུང་རྩིས་ཕྱི་ནས་བརྩི། །ཕྱོགས་དང་དུས་དང་བྱེད་པའི་ལས། །གཟུགས་དང་དབྱིབས་དང་ཁ་དོག་དང་། །སྒྲ་ གདངས་སྒྲ་ཡི་བྱེད་པ་དང་། །རྒྱུ་ཚུལ་སྤྱོད་ལམ་ལ་སོགས་པ། །འབྱུང་བ་ལྔ་དང་འབྱུང་ཆུང་དང་། །དགྲ་གཤེད་གྲོགས་སུ་འགྱུར་བ་དང་། །བཏང་སྙོམས་བྱེད་པའི་རླུང་རྩིས་བརྩི། །འདི་ནི་ཕྱི་ཡི་རླུང་རྩིས་སོ། །ནང་གི་རླུང་རྩིས་ནང་ནས་བརྩི། །ཨཱ་ལི་ཀཱ་ལི་རབ་དབྱེ་བས། ། ཁམས་དྲུག་རླུང་ནི་རྩིས་ཀྱིས་འཇུག །གཡས་གཡོན་དབུས་ནས་རྒྱུ་བ་ཡི། །རླུང་དྲུག་བྱེད་ལས་བརྟག་པ་ཡིས། །བཟང་ངན་བྱེད་ལས་ཤེས་པར་བྱ། །འདི་ནི་ནང་གི་རླུང་རྩིས་སོ། །རྣལ་འབྱོར་རིག་པའི་རྩིས་ཤེས་ནས། །འཆར་ཚུལ་གཟུགས་དང་ཁ་དོག་དང་། །སྤྱོད་ལམ་ཚེ་དང་དབང་ ཐང་དང་། །ཕན་གནོད་ལས་ཀྱི་ལྟས་ཀྱང་ཤེས། །ལྷ་འདྲེ་སྒྲ་ཡི་ངོས་འཛིན་དང་། །ནད་དང་རྟེན་འབྲེལ་ཕན་ཡང་ཤེས། །ཕྱི་ནང་བྱེད་པ་འཆར་བར་འགྱུར། །ཁྱད་པར་ཕྲིན་ལས་བཞི་ལ་འཇུག །ཕོ་རྩ་མོ་རྩ་མ་ནིང་རྩ། །ཕོ་རླུང་མོ་རླུང་མ་ནིང་རླུང་། །ཐོད་རྒལ་བཞི་ཡི་སྦྱོར་བ་ཡིས། ། འདིས་ཀྱང་ཕྱི་ནང་རྩི་བར་ནུས། །སྔོན་འགྲོ་སྦྱོར་བ་ལྡན་པ་ཡིས། །ལམ་ནི་བྱ་བའི་རིམ་པ་ནི། །འབྱུང་དང་འཇུག་དང་གནས་དང་གསུམ། །ཡི་གེ་གསུམ་གྱིས་རྩ་ལམ་སྦྱངས། །རྡོ་རྗེ་སྐྱིལ་ཀྲུང་སོགས་གནས་པས། །རྡོ་རྗེ་བཟླས་པའི་རིམ་པ་ཡིས། །རླུང་ནི་ལམ་དུ་ བྱེད་པར་འགྱུར། །འཁྲུལ་འཁོར་སྦྱོར་བ་མཁས་པ་ཡིས། །རླུང་ལྔ་ཨ་བ་དྷཱུ་ཏཱིར་གཟུང་། །རྒྱུ་བ་དག་པ་རང་གནས་བསྒོམ། །ཞག་ལྔ་ཨ་བ་དྷཱུ་ཏཱི་རུ། །ཚུད་པའི་རྟགས་ནི་འབྱུང་བར་འགྱུར། །བུམ་པ་ཅན་དང་བཙན་ཐབས་ཀྱིས། །བཅིངས་དང་ཞི་བར་བྱས་པ་ཡིས། །ནོར་བུའི་མེ་ལ་ སྲོག་ཞུགས་པའི། །བདེ་བ་སྐྱེ་བར་ངེས་པ་སྟེ། །འོད་ཀྱི་འཁོར་ལོ་མཐོང་བ་དང་། །མགོ་བོ་ན་ན་གཞག་པར་བྱ། །ཐུར་སེལ་རྒྱུ་བ་འཇམ་རླུང་གཟུང་། །རླུང་གི་ནད་རྣམས་སྤོང་བར་འགྱུར། །སྲོག་དང་རྩོལ་བས་བད་ཀན་སེལ། །བཏང་བས་མཁྲིས་པ་སེལ་བར་བྱེད། །འདུས་པའི་ ནད་ལ་སྟེང་འོག་དགག །དངས་མའི་སྦྱོར་བས་སེལ་བར་བྱེད། །ལྟེ་བའི་འོག་ཏུ་སྲོག་རླུང་དགག །མ་ལུས་པ་ནི་སེལ་བར་བྱེད། །ཁྱད་པར་རྩོལ་བའི་རླུང་གིས་སེལ། །ཨ་བ་དྷཱུ་ཏཱིར་དངས་པར་བྱེད། །ཁ་སྦྱོར་རླུང་གིས་རྐྱེན་སྣང་བསྲུང་། །རེག་དང་རལ་གྲི་བཅུད་དབང་པོ། །བདུད་རྩི་ འབྲས་བུ་རི་ལུ་དང་། །གི་ཝང་དང་ནི་མིག་སྨན་དང་། །རྐང་ལ་བྱུགས་དང་མཐིལ་ལམ་བརྒྱད། །འཇིག་རྟེན་དངོས་གྲུབ་བརྒྱད་དེས་འགྲུབ། །མཆོག་གི་འབྲས་བུ་སྟེར་བར་བྱེད། །ཅེས་གསུངས་སོ། །ཡང་ནམ་གུང་ལ་རྒྱལ་པོ་གྲགས་པ་བྱོན་ནས། ཁྱོད་འཛམ་བུའི་གླིང་གི་ ཡུལ་དབུས་སུ་འགྲོ་བ་ལ་ནད་པ་ལྟོ་གོས་ལ་སྲེད་པ་མང་བས། ནང་གནས་པ་རྩ་གཏུམ་མོ་ལ་གདམས་པ་འདི་དགོས་གསུངས་ནས་གདམས་པ། ཇི་ལྟར་སྒོམ་པ་རྩ་ཡི་གནད། །རབ་ཏུ་ཕྱེ་སྟེ་བཤད་པར་བྱ། །བརྒྱད་ཁྲི་དང་ནི་བཞི་སྟོང་དང་། །ངེས་པར་ཕྱེ་ན་འབུམ་སྡེའོ། ། བ་སྤུ་བྱེ་བ་ཇི་ཙམ་པར། །རྩ་ཡི་གྲངས་ཀྱང་དེ་བཞིན་ཏེ། །བྱེད་པ་ལས་ཀྱི་རྩ་རྣམས་ནི། །སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། །སུམ་ཅུ་རྩ་གཉིས་དག་ཏུ་བརྗོད། །ལ་ལ་ཉི་མའི་རྩ་ཡིས་ནི། །གླིང་བཞི་གླིང་ཕྲན་རྣམས་ལ་བསྐོར། །ར་ས་ཟླ་བའི་རྩ་ཡིས་ཀྱང་། །གོང་ བཞིན་བསྐོར་ནས་གནས་པའོ། །འཁོར་ལོ་རྣམས་ཀྱི་རྩ་ཡི་གཙོ། །གཙུག་ཏོར་བཞི་ལ་སྙིང་གར་བརྒྱད། །སྤྱི་བོ་རུ་ནི་མི་ཡི་བདག །མགྲིན་པ་རུ་ནི་སོ་ཡི་གྲངས། །ལྟེ་བར་བརྒྱད་ཀྱིས་བརྒྱད་བསྒྲེས་པ། །གསང་བར་རྒྱལ་པོ་ཉིས་འགྱུར་ཉིད། །རྩ་བ་ལྟེ་བའི་དཀྱིལ་ནས་གྱེས། ། རྩེ་མོ་དོན་སྙིང་ལྔ་ལ་ཟུག །དོན་སྙིང་ལས་ནི་རྩ་ལྔ་གྱེས། །རྩེ་མོ་སྐྱེ་མཆེད་ལྔ་ལ་ཟུག །ཡུལ་ལྔ་དག་ནི་མྱོང་བར་བྱེད། །ལྟེ་བའི་དཀྱིལ་ནས་རྩ་བཞི་གྱེས། །བརྒྱད་ཀྱིས་ལུས་ནི་སྐྱེད་པར་བྱེད། །རྩ་ཡི་གཙོ་བོ་གསུམ་དུ་བཤད། །ཨ་བ་དྷཱུ་ཏཱི་ཞེས་བྱ་བ། །ལྷན་ཅིག་སྐྱེས་ པ་སྐྱེད་པར་བྱེད། །འདི་ནི་རྩ་ཡི་རྒྱལ་པོར་བཤད། །སྔོན་འགྲོ་བྱ་བ་རྫོགས་ནས་ཀྱང་། །སྦྱང་ཞིང་གནད་ལ་བོར་བར་བྱ། །གླིང་བཞི་རི་རབ་དག་ལ་བསྡུ། །རི་རབ་སྲོག་ཤིང་བསྲང་བར་བྱ། །རྒྱུ་བའི་ཉི་ཟླ་གཟུང་བར་བྱ། །ཉི་ཟླའི་འོད་ཀྱིས་རབ་བསྲོས་ཏེ། །རཾ་ལས་ གློག་གི་རྒྱུན་བྱུང་བས། །མཚན་ཉིད་བཞི་དང་ལྡན་པ་ཡིས། །ཨོཾ་ཧཱུཾཨཱཿཡི་བར་དུ་བསྲེག །ཧཾ་ལས་བབས་པས་བདུད་རྩིའི་རྒྱུན། །ཡིག་འབྲུ་གསོས་ཀྱི་བར་དུ་བསྒོམ། །རྒྱ་མཚོའི་དཀྱིལ་དུ་ཉི་མ་དགོད། །རཾ་ལས་བྱུང་བ་གཏུམ་མོའི་མེས། །ཁམས་གསུམ་པོ་ནི་མེ་རུ་འབར། ། ཇི་ལྟར་སྦྱིན་སྲེག་མེ་ཡིས་ནི། །ཏིལ་མར་དགང་བླུགས་དེ་བཞིན་ནོ། །རི་རབ་བསྐྱོད་དང་རླུང་ལྷ་སྟེ། །བུད་ཤིང་བཟང་པོ་བསྟེན་པར་བྱ། །གློག་གི་མེ་ཡི་རྩེ་མོ་ཡིས། །སྤྱི་བོའི་ཟླ་བ་བཞུ་བར་བྱ། །གང་དང་གང་གིས་ཐིག་ལེ་བཞུ། །འདི་ལས་མགྲིན་པ་སྙིང་ག་དང་། ། ལྟེ་བ་གསང་བ་རུ་ནི་འགོག །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་ཏོ། །འབྱུང་པོའི་དུག་རྣམས་མ་ལུས་སེལ། །ནད་ལས་རྣམ་པར་རྒྱལ་པོ་ཐོབ། །གཏུམ་མོ་ཡོན་ཏན་བརྒྱད་དང་ལྡན། །བདེ་བ་དམ་པ་སྟོན་པ་དང་། །ཆོས་ཀྱི་དབྱིངས་ནི་སྟོན་པར་བྱེད། །ཐུན་བཞི་ རིམ་པས་ཉམས་སུ་བླང་། །ཞག་བདུན་ཉི་ཤུ་རྩ་གཅིག་ལ། །སྐྱེ་དང་བརྟན་པར་བྱེད་པ་ཡིན། །ཞེས་གསུངས་སོ། །ཡང་ནམ་ཐོ་རངས་རྒྱལ་པོ་པདྨ་དཀར་པོ་བྱོན་ནས། ཁྱེད་འཛམ་བུའི་གླིང་གི་ཡུལ་དབུས་འགྱུར་ཚལ་དེ་ན། ཆགས་ པ་དེ་ལ་མཆོག་ཏུ་སྲེད། །ཚེ་ཐུང་ནད་མང་དབང་ཐང་ཆུང་བས་ནང་འགྱུར་བ་བྱང་ཆུབ་ཀྱི་སེམས་ལ་གདམས་པ་འདི་དགོས་སོ་གསུངས་ནས་གདམས་པ། གཙོ་བོ་རྡོ་རྗེ་འཆང་ཆེན་ལ། །གསང་བའི་སྙིང་པོ་འདི་སྐད་ཐོས། །ཁྱོད་ལ་རབ་ཏུ་བཤད་པར་བྱ། །རྟགས་དང་ ཉམས་པའི་ཉེས་དམིགས་དང་། །ཉམས་པའི་ཚུལ་དང་མི་ཉམས་བསྲུང་། །དངས་འཕེལ་ཐབས་དང་རྒྱས་པ་དང་། །དངས་པའི་ཡོན་ཏན་བསྟན་པའོ། །ལུས་དང་རྩ་ཡི་སྒོ་རྣམས་དང་། །སྐྲ་དང་བ་སྤུ་བྱེ་བ་དང་། །མདོག་དང་བཞིན་གྱི་དཀྱིལ་འཁོར་དང་། །སེམས་ཉམས་ སྐད་ཀྱི་གདངས་དང་ནི། །གྲིབ་མ་གནས་ཁང་ལུས་ལས་ཤེས། །མཚན་ལྟས་རྟོག་ལ་དྲང་སྲོང་མཁས། །བདེ་གསལ་མེད་པའི་སྒྱིད་པ་སྒྱུར། །སྟོབས་ཆུང་ཤེད་དམའ་སྙིང་མི་དགའ། །བཀྲག་མདངས་ལུས་སྟོབས་མེད་པ་དང་། །བྲང་ལ་བ་སྤུ་ལོག་པ་དང་། །མིའམ་ ཅི་ལ་ཡི་དགས་ལུས། །ངག་ཉམས་ཐོས་ལ་སྙིང་རླུང་འཇུག །ནད་མང་བགེགས་འཇུག་ཚེ་ཡང་ཐུང་། །འདོད་ཡོན་ཆུ་ཡིས་སྐམས་པ་ཡིས། །དབང་ཐང་ཆུང་ཞིང་ལོངས་སྤྱོད་ངན། །བྱང་སེམས་དཔག་བསམ་སྐམས་པ་ཡིས། །འདོད་པའི་འབྲས་བུ་ག་ལ་འབྱུང་། ། ཕོ་མོ་དབང་དུ་མི་འགྱུར་ཞིང་། །མཐུན་པ་དག་ཀྱང་དབྲལ་བར་འགྱུར། །མི་མ་ཡིན་རྣམས་མི་འདུ་ཞིང་། །ཞི་དྲག་ལ་སོགས་འགྲུབ་པ་མིན། །མཁའ་འགྲོ་དབང་དུ་མི་འདུ་ཞིང་། །དངོས་གྲུབ་དག་ཀྱང་ཉམས་པར་བྱེད། །གནས་ཁང་ལུད་པ་བྱིན་མེད་ཅིང་། །ས་ ཡི་སྣུམ་ཡང་མེད་པར་འགྱུར། །མི་ཡི་ནོར་བུ་མེད་པ་ལ། །དེ་ཡི་བདེ་ལེགས་ག་ལ་འབྱུང་། །རྒྱུན་འཛག་གང་བས་འཛག་པ་དང་། །གདོན་དང་བག་ཆགས་ཆགས་སྐྱེས་འཛག །ཁ་ཟས་ཀྱིས་ཀྱང་འཛག་པར་བྱེད། །མིག་དང་རྣ་བ་སྣ་དང་ནི། །ཁ་དང་དབང་པོ་དག་ ནས་འཛག །ཁྱབ་བྱེད་ཐིག་ལེ་ཞེས་བྱ་བ། །རྡུལ་དང་གདོང་ནས་འཛག་པར་བྱེད། །ཆུ་དང་རྩ་འཁྲུའི་དུས་སུ་ནི། །ནད་གཞི་དག་གིས་འདོར་བར་འགྱུར། །མེ་དང་ཉི་མ་ངལ་དུབ་ལས། །ནད་དྲག་པོ་ཡི་རྒྱུན་ལས་ནི། །འདི་རྣམས་ཀྱིས་ནི་སྐེམས་པར་བྱེད། །སྣ་རྩ་ རླུང་ནི་ཁ་དྷལ་ལམ། །དེ་བཞིན་ཁ་དང་འོག་རྩ་དྷ་ལ། །ཉི་མ་འདོར་བར་བྱེད་པ་ཡིན། །མོ་ཡི་ཉམས་པའི་རྐྱེན་དག་ནི། །དཀར་པོ་ཕོ་དང་ཅུང་ཟད་མཚུངས། །ཁྱད་པར་ཆགས་སྐྱེས་ཆགས་སྤྱོད་འཛག །ཚེས་བརྒྱད་དང་ནི་བཅུ་བཞི་དང་། །ཉ་དང་གནམ་སྟོང་གང་ ཡིན་ལ། །ཕྱི་རུ་སྒྲ་གཅན་རྒྱས་པ་ཡིས། །ནང་དུ་ཉི་མ་འདོར་བར་འགྱུར། །ཁ་སྣ་ནུ་མ་ན