Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 14

Văn bản gốc(Tây Tạng)

Trang 16 / 23 (50.000 ký tự/trang)
ས་ཀྱང་འདོར། །རྒྱུ་དང་རྐྱེན་དང་བྱེད་པའི་ལས། །གནོད་པའི་འབྲས་བུ་ཤེས་པར་བྱ། །འཛག་གཉིས་ཐུར་སེལ་དབང་དུ་བྱས། །འཁྲུལ་འཁོར་གྱིས་ནི་ལེགས་པར་དགྲམ། །སྔགས་
དང་རྫས་དང་རྟེན་འབྲེལ་བསྲུང་། །རྒྱུད་དག་གསང་རླུང་དབང་དུ་བྱ། །གླང་མོ་མྱོས་སྐད་ཤེས་པར་བྱ། །ཟས་ངན་སྤངས་ལ་ཟས་མཆོག་བསྟེན། །སྟེང་རླུང་འགོག་པའི་སྦྱོར་བ་ཡིས། །འཁྲུལ་འཁོར་བྱ་ཞིང་གསང་རླུང་བཟུང་། །ཁོང་གསེང་མཁའ་འགྲོ་དྷཱུ་ཏཱིར་གཞུག །
དྲོད་ཀྱི་སྦྱོར་བ་ལ་སོགས་ཀྱིས། །གཏུམ་མོ་བསྒོམ་ཞིང་དགྲམ་པར་བྱ། །དྲག་སྤྱོད་སྤངས་ལ་བག་ཡོད་བསྟེན། །དྲང་སྲོང་རིག་པ་སྨན་དུ་གཏང་། །གནད་ཀྱིས་དྲུག་རྣམས་དག་པར་བྱ། །ཉི་མ་རི་རབ་དབུས་སུ་སྦ། །དགྲམ་པའི་སྦྱོར་བ་ཤེས་པར་བྱ། །རྒྱ་མཚོ་དཀྱིལ་གྱི་སྒྲ་གཅན་གྱིས། །ཉི་
ཟླ་གཉིས་པོ་ཟོས་ནས་ནི། །ཉི་ཟླ་རི་རབ་རྩེ་རུ་དྲང་། །འཁྲུལ་འཁོར་གྱིས་ནི་དགྲམ་པར་བྱ། །དེ་འདྲ་སྦྱོར་བ་སྣ་ཚོགས་ནི། །ཀུན་མཁྱེན་རིག་པ་དེ་ལ་དྲིས། །རྣལ་འབྱོར་དབང་རབ་རྣམས་ཀྱིས་ནི། །དོན་དམ་ཕྱག་རྒྱ་ཆེ་བསྟེན་ནས། །མི་གཡོ་བསམ་གཏན་སྦྱོར་བ་ཡིས། །རྒྱུ་མཐུན་བདེ་
སྟོང་ཏིང་འཛིན་བསྒོམ། །ལོ་གསུམ་ཟླ་ཕྱེད་གསུམ་གྱིས་ནི། །མཆོག་གི་དངོས་གྲུབ་ཐོབ་པར་གསུངས། །རྣལ་འབྱོར་དབང་འབྲིང་རྣམས་ཀྱིས་ནི། །སེམས་བརྟག་ཡེ་ཤེས་ཕྱག་རྒྱ་བསྟེན། །རང་ལུས་ཐབས་ལྡན་སྦྱོར་བ་ཡིས། །ཆ་མཐུན་བདེ་སྟོང་ཏིང་འཛིན་བསྒོམ། །གཟུགས་ཁམས་
ལྷ་དང་ཐུན་མོང་གི །དངོས་གྲུབ་ཐོབ་པ་རྒྱལ་བས་གསུངས། །རྣལ་འབྱོར་དབང་ཐ་རྣམས་ཀྱིས་ནི། །མཚན་ཆོས་ལྡན་པའི་ལས་རྒྱ་བསྟེན། །སྙོམས་པར་འཇུག་པའི་སྦྱོར་བ་ཡིས། །འཛག་བཅས་བདེ་སྟོང་ཏིང་འཛིན་བསྒོམ། །འདོད་ཁམས་ལྷ་དང་ཐུན་མོང་གི །དངོས་གྲུབ་ཐོབ་པར་

རྒྱུད་ལས་གསུངས། །ཆགས་ཅན་བདེ་སྟོང་སྤེལ་འདོད་ཀྱིས། །ཁ་སྦྱོར་རླུང་བཅིངས་འཛིན་བསྒྲུབས་ཏེ། །མཚན་ཉིད་ལྡན་པའི་བུ་མོ་ལ། །སྐྱབས་འགྲོ་དབང་བསྐུར་སྣོད་དུ་བྱ། །ལུས་ལ་རིགས་དྲུག་ས་བོན་དགོད། །སྐྱེད་དང་སྡུད་པའི་རིམ་པ་ཡིས། །རྡོ་རྗེ་
པདྨ་བྱིན་གྱིས་བརླབ། །གཟུགས་སྒྲ་ཆགས་པ་རྒྱས་པར་བྱ། །སྤྱོད་དེས་དངས་མ་གཡོ་བར་བྱ། །སྔོན་འགྲོ་གསུམ་གྱིས་སྦྱང་བྱས་ནས། །འདུ་ཤེས་གསུམ་ལྡན་བསྒོམ་པ་ཡིས། །དངོས་གཞི་སྙོམས་འཇུག་སྦྱོར་བ་ཡིས། །དབབ་བཟུང་བདེ་སྟོང་རོ་མྱོང་བྱ། །རྗེས་སུ་ལྡོག་
ཅིང་གནས་སུ་བསྡུས། །དགྲམ་པ་གཉིས་མེད་བསྲེས་ལ་བསྒོམ། །རུས་སྦལ་འགྲོས་སུ་དལ་བུས་དབབ། །དགོས་པ་གཉིས་ལ་མཁས་པར་བྱ། །ཐུར་སེལ་རླུང་ནི་གསུམ་དུ་འགྱུར། །བདེ་འཕེལ་རྒྱུན་འགྲོགས་རབ་འཇུག་དང་། །ཁྱབ་བྱེད་རྒྱས་པའི་རླུང་གིས་གཟུང་། །
རྒྱུན་འགྲོགས་བསྐྱོད་པའི་སྦྱོར་བ་ཡིས། །ཟླ་བ་འཛིན་ལ་མཁས་པ་ཡིན། །ཐུར་སེལ་དབང་མི་ཐོབ་པ་ན། །བདེ་འཕེལ་ཆོས་འབྱུང་གཉིས་མེད་བསྲེས། །རྒྱུན་འགྲོགས་ཀྱིས་ནི་ཉི་འོད་འདྲེན། །རབ་འཇུག་རླུང་གིས་གནས་སུ་གཟུང་། །ཟླ་བ་རྒྱུན་འགྲོགས་ཀྱིས་འདྲེན་ནི། །ཡི་
གེ་གསུམ་གྱིས་གྱེན་ལ་ཟློག །ཚངས་པར་ལྷན་སྐྱེས་མྱོང་བསྡུས་པས། །མགོ་བོ་ན་ན་དགྲམ་པར་བྱ། །སེམས་དང་རླུང་ནི་རིམ་གྱིས་དགྲམ། །ཉི་ཤུ་རྩ་གཅིག་རིམ་པས་སོ། །རླུང་སེམས་གཉིས་སུ་མེད་བསྲེས་ལ། །ཞེན་པ་ཡེ་ཤེས་གཉིས་མེད་བྱ། །བདེ་སྟོང་ཟུང་འཇུག་ཏིང་
འཛིན་བསྒོམ། །དངས་མའི་དངས་མ་ཡུལ་ལ་འདྲེན། །དངས་མའི་བདེ་བ་སྐྱེས་པ་དང་། །བདེ་བ་རྩལ་སྦྱང་ཐབས་ལ་མཁས། །དེ་ནི་རྣལ་འབྱོར་ཆེན་པོར་འགྱུར། །ཡུལ་ལ་ཆགས་པ་སྐྱེས་པ་ན། །དངས་མའི་དངས་མ་ཡུལ་ལ་འཛག །ནང་དུ་དངོས་འཛིན་སྐྱེས་པ་ན། །དངས་
མའི་དངོས་པོ་ཉམས་པར་འགྱུར། །ཞེན་པ་དང་བཅས་སྤྱོད་པ་ན། །དངས་མའི་དངོས་པོ་རྙེད་པར་བྱེད། །གཉིས་མེད་གནས་ན་དངས་མ་འཕེལ། །གང་ཡང་དེར་ཤེས་དངས་མ་རྒྱས། །ཡོན་ཏན་ཚོགས་ནི་དངས་མའི་སྟོབས། །གསལ་བའི་དངས་མ་སྟོང་པ་ཉིད། །རྟོག་

པའི་སྐྱོན་བྲལ་ཟླ་བ་ཡིས། །ཉོན་མོངས་གདུང་བ་སེལ་བར་བྱེད། །སྟོང་པའི་དངས་མ་གསལ་འོད་ཅན། །ཐུགས་རྗེ་ཡེ་ཤེས་ཉི་མ་ཡིས། །མ་རིག་སྡུག་བསྔལ་སེལ་བར་བྱེད། །བག་ཆགས་སྤྲིན་གྱིས་མ་གོས་པར། །ཉི་ཟླ་མཆོག་ཏུ་རྒྱས་པར་བྱ། །གཙོ་བོ་རྡོ་རྗེ་འཆང་ཆེན་གྱིས། །
དེ་སྐད་གསུངས་པ་བདག་གིས་ཐོས། །དུས་ཀྱི་འཁོར་ལོ་གསང་བའི་སྐད། །གཞན་དུ་བཤད་པ་མ་ཡིན་ནོ། །ཉི་ཟླ་སྐུ་ལ་རྒྱས་པ་ཡིས། །བཀྲག་མདངས་གཟི་བརྗིད་ཆེན་པོར་ལྡན། །སྣུམ་ཞིང་འགྲིལ་ལ་པགས་པ་དངས། །ནད་མེད་བདེ་བ་རྡོ་རྗེ་ལྡན། །བྱིན་ཆེན་དངས་དང་ལྡན་པ་དང་། །
བདེ་བསྐྱེད་ཚངས་པའི་དབྱངས་སུ་འགྱུར། །གསལ་བས་ཕྱི་ནང་ཆོས་རྣམས་ཤེས། །རྟོག་མེད་བདག་འཛིན་རང་སར་གྲོལ། །བདེ་སྟོང་རྡོ་རྗེ་སྡུག་བསྔལ་འཇོམས། །ལུས་དང་རུས་པ་སེམས་ལ་སྨིན། །ཡོན་ཏན་ཡོན་ཏན་བསམ་མི་ཁྱབ། །ལུས་ཀྱི་ཐིག་ལེ་རྒྱས་པ་ཡིས། །
ཚེ་དང་ལོངས་སྤྱོད་དབང་ཐང་དང་། །འདོད་ཡོན་རྒྱས་ཤིང་ཡེ་ཤེས་འཕེལ། །ཀུན་རྫོབ་བདེ་བས་སྡུག་བསྔལ་ཞི། །དོན་དམ་ཐིག་ལེས་འཁྲུལ་པ་ཞི། །གཉིས་མེད་ཐིག་ལེས་སྒྲིབ་པ་ཞི། །འདི་ནི་ཞི་བའི་ཕྲིན་ལས་སོ། །བུད་མེད་མཁའ་འགྲོ་དབང་དུ་འདུ། །མོ་ཆགས་
ཀུན་གྱི་ཡིད་དུ་འོང་། །ལྷ་ཀླུ་གནོད་སྦྱིན་མ་མོ་ཡང་། །དབང་འགྱུར་མི་ཡི་སྨོས་ཅི་དགོས། །ཚངས་པ་ལ་སོགས་དབང་དུ་འདུ། །སྐྱེས་པ་རྣམས་ནི་སྨོས་ཅི་དགོས། །རྫས་དང་འདོད་ཡོན་དེ་བཞིན་ནོ། །ཕྱོགས་སྐྱོང་རྣམས་ནི་དབང་དུ་འདུ། །དྲག་པོའི་ལས་ལ་མཚོན་ཆར་འགྱུར། །
གསད་དང་བསྐྲད་དང་རྨོངས་དང་རེངས། །ཀུན་ལ་དབང་བསྒྱུར་རྡོ་རྗེ་ཡིན། །རླུང་སེམས་འདྲེས་ལ་རྒྱས་པ་ཡི། །ཏིང་འཛིན་སྟོབས་ཀྱིས་གང་ཡང་ནུས། །ཕལ་ཆེར་དངས་པའི་ཐིག་ལེ་ཡིས། །ས་འོག་གཏེར་རྣམས་མཐོང་བ་དང་། །ལུས་ཀྱི་རྩ་མཐོང་མུན་པ་སེལ། །དངས་མས་
སེམས་ནི་བདེ་བར་འཆར། །སངས་རྒྱས་ལྟ་བུ་འབྱུང་བར་འགྱུར། །དངས་མའི་དངས་མ་གྱུར་པ་ཡིས། །ལུས་ལ་བདེ་བ་རྒྱས་པ་དང་། །ཁྲོ་གཏུམ་སྟག་སོགས་ལྡན་པར་བྱེད། །རབ་ཏུ་དངས་པས་མཆོག་མཐོང་འགྱུར། །མཆོག་ཏུ་དངས་པས་མངོན་ཤེས་དྲུག །དེ་བཞིན་

རྗེས་དྲན་དྲུག་ཀྱང་འཆར། །དངས་མ་སྟོབས་འགྱུར་ཞེས་བྱ་བ། །སྲེད་མེད་བུ་ཡི་སྟོབས་སོགས་ཐོབ། །དངས་མ་བཅུད་ཅེས་བྱ་བ་ཡིས། །སྣང་བ་བདེ་བར་འཆར་བ་དང་། །ཁམས་གསུམ་རོ་ལ་སྤྱོད་པར་ནུས། །མི་གཡོ་དངས་མ་ཞེས་བྱ་བས། །འཁོར་
བ་བདེ་བར་ཤར་ནས་ནི། །ཕྱིར་མི་ལྡོག་པའི་ས་ཐོབ་བོ། །དབང་སྒྱུར་དངས་མས་སྤྲུལ་པ་འགྱེད། །མྱ་ངན་འདས་པའི་བདེ་བ་འཆར། །མཆོག་དང་མཆོག་མིན་སྤྲུལ་པ་ནུས། །རྡོ་རྗེ་དངས་མ་ཞེས་བྱ་ལས། །ཇི་ལྟ་བ་དང་ཇི་སྙེད་ཤེས། །ས་རྣམས་དབང་ཕྱུག་ཐུབ་པའི་སྐུ། །
ཟག་མེད་རྣམ་དག་ཞིང་དུ་ནི། །ཟག་མེད་རྡོ་རྗེའི་སྐུར་བསྟན་ནས། །ཉིད་དང་མཉམ་པའི་འཁོར་རྣམས་ལ། །བདེ་བ་ཆེན་པོའི་ཆོས་བསྟན་ནས། །འཁོར་དང་བཅས་པ་མངོན་སངས་རྒྱས། །སངས་རྒྱས་གཙོ་བོར་དབང་བསྐུར་རོ། །ཞེས་གསུངས་སོ། །དེ་ནས་བླ་མ་བྷྀ་ཀུ་པ་ཡིས་
དུས་ཀྱི་འཁོར་ལོའི་ཚིག་དང་དོན་དུ་བཅས་པ་སྤྱན་དྲངས་འོངས་པས། མཁའ་འགྲོ་མ་བཞིའི་མུ་ཁྱུད་འཛིན་རི་ཐལ་ཐལ་བསྐྱལ་ནས། པཎྚི་ཏ་ཁྱོད་ཀྱིས་ངེད་ཀྱི་མཛོད་སྟོང་པར་བཞག་ཟེར་རོ། །དེ་ལྟ་ན་རྫུ་འཕྲུལ་གྱིས་འཛམ་བུའི་གླིང་དུ་བྱོན་ལ་ཆོས་འདི་རྣམས་ཀྱི་བཀའ་སྲུང་
གྱིས་བྱས་པས་བཀའ་སྲུང་བྱེད་པར་དམ་བཅས་ཏེ། རྡོ་རྗེའི་མགུར་རེ་བླངས་པ་ནི་རིན་ཆེན་མཁའ་འགྲོ་ན་རེ། ཨ་བ་དྷཱུ་ཏཱི་རྩ་ཡི་མཆོག །དང་པོའི་མདུད་པ་ཁྲོལ་ནས་ནི། །རླུང་སེམས་དབྱེར་མེད་འཛུད་ཤེས་ན། །ལྷན་ཅིག་སྐྱེས་པ་མངོན་དུ་བྱེད། །རྩ་ལམ་སྦྱོངས་
ཤིག་རྣལ་འབྱོར་པ། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ན་རེ། རླུང་གི་རྒྱལ་པོ་སྲོག་གི་རླུང་། །འཛིན་ཅིང་དག་པར་བྱེད་ཤེས་ན། །ཕུང་པོ་རྡོ་རྗེ་དབང་བྱས་ཏེ། །མཁའ་སྤྱོད་གནས་སུ་འགྲོ་བར་ནུས། །སྲོག་རྩོལ་སྦྱོངས་ཤིག་རྣལ་འབྱོར་པ། །ཞེས་དང་། པདྨ་
མཁའ་འགྲོ་ན་རེ། ཨེ་ལ་ཝཾ་གྱིས་རྣམ་པར་བརྒྱན། །དགའ་བ་གསུམ་ལ་རིམ་གྱིས་བསླབ། །ལྷན་ཅིག་སྐྱེས་པ་ངོ་སྤྲད་པས། །མཚམས་མེད་ལྔ་པོ་བྱས་པས་ཀྱང་། །རང་བྱུང་ཡེ་ཤེས་རྟོགས་པར་བྱེད། །བདེ་བ་སྦྱོངས་ཤིག་རྣལ་འབྱོར་པ། །ཞེས་དང་། སངས་རྒྱས་

མཁའ་འགྲོ་ན་རེ། མ་བཙལ་ལྷུན་གྱིས་གྲུབ་པའི་དོན། །དྲི་མ་མེད་པ་ངོ་ཤེས་པས། །འཁོར་བ་མྱ་ངན་འདས་པར་གྲོལ། །རང་རིག་སངས་རྒྱས་བླ་ན་མེད། །གནས་ལུག་རྟོགས་ཤིག་རྣལ་འབྱོར་པ། །ཞེས་གསུངས་ནས། གསང་ཚིག་སྙིང་གཏམ་དུ་གདམས་ཏེ་རང་
གནས་སུ་གཤེགས་སོ། །དེ་ནས་བླ་མ་ཡུལ་དབུས་འགྱུར་ཚལ་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་དར་པར་མཛད་དོ། །གནས་པ་རྩ་ཡི་དུས་འཁོར་གྱིས། །ཕྱི་ནང་ཆོས་ཀུན་ཤེས་པར་བྱེད། །གཡོ་བ་རླུང་གི་དུས་འཁོར་གྱིས། །སྲིད་དང་ཞི་བ་ཁ་ལོས་སྒྱུར། །འགྱུ་
བ་བྱང་སེམས་དུས་འཁོར་གྱིས། །ཕུན་སུམ་ཚོགས་པ་སྐྱེད་པར་བྱེད། །འཁོར་ལོ་གསུམ་གྱི་དོན་ཐོས་ནས། །འཁོར་ལོ་གསུམ་གྱི་དོན་བཀོད་པས། །ཁམས་གསུམ་གནས་པའི་སེམས་ཅན་རྣམས། །སྐུ་གསུམ་མངོན་དུ་རྟོགས་པར་ཤོག །དཔལ་དུས་ཀྱི་འཁོར་
ལོའི་མན་ངག །འཁོར་ལོ་གསུམ་གྱི་རིམ་པ་ཉི་མ་ཟླ་བ་སྒྲུབ་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཛ་ག་དྷ་ལའི་པཎྜི་ཏ་མ་ཧཱ་བི་བྷཱུ་ཏི་ཙནྡྲས། དཔལ་དིང་རི་གླང་འཁོར་དུ་སྒྲ་རང་འགྱུར་དུ་བསྒྱུར་ནས་གསུངས་པའོ།། ༄༅༅། །རྒྱ་གར་སྐད་དུ།
ཛྙཱ་ན་ཙཀྵུ་སཱ་དྷ་ན་ནཱ་མ། བོད་སྐད་དུ། ཡེ་ཤེས་སྤྱན་སྒྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐུ་གསུམ་ཡོན་ཏན་ཕྲིན་ལས་རབ་རྫོགས་པའི། །སྤྱན་ལྔ་སྒྲིབ་མེད་འགྲོ་བའི་དོན་མཛད་པ། །དཔལ་ལྡན་ལྷ་ཡི་སྐུ་ལ་ཕྱག་འཚལ་ལོ། །
དཔལ་ལྡན་དུས་འཁོར་དམ་པ་དང་པོ་ལས། །མཁའ་འགྲོ་རབ་གསང་སྤྱན་ལྔ་རབ་སྒྲུབ་པ། །སྒྲིབ་པ་དང་བྲལ་གསལ་བར་བདག་གིས་བྲི། །དུར་ཁྲོད་ཤིན་ཏུ་བླ་གབ་ཅན་ཡིད་འོང་། །ཕྱི་ནང་གསང་བའི་མཆོད་པས་རབ་མཆོད་ནས། །ཁྲུས་བྱས་གདན་གནས་ཚངས་
པའི་གནས་བཞི་ལྡན། །སྐྱིལ་ཀྲུང་བཅས་ནས་དབང་པོ་རྣམ་པར་ཕྱེ། །ཐུབ་པའི་ལྟ་བས་རྣམ་པར་བལྟས་པ་ནི། །སྨིག་རྒྱུ་དུ་བ་མེ་ཁྱེར་མར་མེ་མཁའ། །ཟླ་ཉི་རཱ་ཧུ་ལ་དང་གློག་ལྟར་སྣང་། །ཐོགས་མེད་སྣང་བ་ལ་སོགས་གང་ཡང་འབྱུང་། །བརྗོད་ཀྱིས་མི་ལང་ཤ་

ཡི་སྤྱན་གྱི་ས་མཐོང་། །སྲོག་རྩོལ་སྦྱོར་བས་གཟུང་དང་འཛིན་པ་སྦྱང་། །རྡོ་རྗེ་གཙུག་ཏོར་ལྟ་སྟངས་ལུས་གནད་ལྡན། །ནམ་མཁར་སེམས་ཅན་མིག་གི་འཛུམས་པ་ཡི། །རྡོ་རྗེའི་ལམ་དུ་ཞུགས་པ་ནམ་མཁའ་ལས། །དུ་བ་སྨིག་རྒྱུ་སྲིན་བུ་མེ་ཁྱེར་དང་། །མར་
མེ་འབར་དང་ཟླ་བ་ཉི་མ་དང་། །རཱ་ཧུ་ལ་དང་གློག་དང་ཐིག་ལེར་སྣང་། །སྙིགས་མ་སྣང་བ་རབ་ཏུ་འབྱུང་བ་ཡིན། །གནས་ཤིང་མཁའ་ཡི་སྦྱོར་བ་ཡིས། །དཀར་དང་སེར་དང་དམར་དང་ལྗང་། །མཐིང་ག་སངས་རྒྱས་འོད་རྣམས་འཆར། །འོད་ཆེན་རྣམ་པར་སྣང་བར་བྱེད། །འོད་
ཀོར་འོག་མིན་ཞིང་ཡང་མཐོང་། །གཟུགས་བརྙན་གཉིས་ཀྱི་སྦྱོར་བ་ཡིས། །དེ་ནང་གཟུགས་བརྙན་ཡུལ་མེད་པ། །ལོངས་སྤྱོད་རྫོགས་སྐུ་དུ་མ་མཐོང་། །རྫོགས་པའི་སངས་རྒྱས་ལམ་མེ་བ། །ལྷ་ཡི་སྤྱན་གྱིས་རྣམ་པར་མཐོང་། །ཡེ་ཤེས་མིག་གཅིག་དྲི་མ་མེད། །བཅོམ་
ལྡན་འདས་ཀྱིས་འདུས་པ་ལས། །སྲོག་སྩོལ་སྦྱོར་བས་འཛིན་པ་སྦྱང་། །བརྟན་འགྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །འོད་ཀྱི་དཀྱིལ་འཁོར་འཆར་བར་འགྱུར། །དྷཱུ་ཏཱིའི་ནང་དུ་འོད་གསལ་གཟུང་། །རྟོག་མེད་
སེམས་ཀྱི་དེ་ཉིད་ཤེས། །རྡོ་རྗེ་ལུས་ཀྱི་དེ་ཉིད་མཐོང་། །གསང་སྔགས་ཆོས་ལ་མཁས་པར་འགྱུར། །སྲོག་རྩོལ་སྒོ་རུ་འོད་གསལ་གཟུང་། །རྒྱུ་བ་རླུང་གི་དེ་ཉིད་ཤེས། །རླུང་ལྔའི་ཁ་དོག་མཐོང་བར་འགྱུར། །ཞི་རྒྱས་ལས་རྣམས་དབང་དུ་འདུ། །སྣང་བའི་སྟེང་དུ་འོད་གསལ་
གཟུང་། །ཕྲ་བ་འོད་ལ་བརྟེན་ནས་ནི། །རགས་པའི་འོད་ཆེན་ངོ་སྤྲད་པས། །རྟོག་མེད་འདི་ལ་སྲིད་འདས་སྣང་། །ཀུན་རྫོབ་རྒྱུ་དང་འབྲས་བུའི་ཆོས། །ཆོས་ཀྱི་སྤྱན་གྱིས་མཐོང་བར་འགྱུར། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །སྒྲིབ་པ་མེད་པ་ཆོས་ཀྱི་སྤྱན། །སྤྱི་དང་རང་གི་མཚན་
ཉིད་ཤེས། །ཤེས་རབ་སྤྱན་གྱིས་རྣམ་པར་ཐོབ། །དེས་ནི་སངས་རྒྱས་སྤྱན་བསྒྲུབ་སྟེ། །སྲོག་དང་རྩོལ་བ་ལ་བརྟེན་ནས། །རྟོག་མེད་ཆོས་སྐུ་མཐོང་བར་འགྱུར། །རྡོ་རྗེའི་སྦྱོར་བས་ལོངས་སྐུ་མཐོང་། །གཉིས་མེད་སྣང་དག་སྤྲུལ་སྐུ་མཐོང་། །རྟོག་མེད་གསལ་བས་མེ་ལོང་ཡེ་

ཤེས་དང་། །རྟོག་མེད་ངང་ལས་འོད་རྣམས་སོ་སོར་རྟོག །སྣ་ཚོགས་སྟོང་སྣང་མཉམ་ཉིད་ཡེ་ཤེས་སོ། །རྣམ་པར་དག་པས་བྱ་གྲུབ་ཡེ་ཤེས་ཏེ། །མ་སྐྱེས་ཆོས་ཤེས་ཆོས་དབྱིངས་ཡེ་ཤེས་སོ། །ཡེ་ཤེས་ལྔ་མཐོང་སངས་རྒྱས་ཀུན་དང་མཉམ། །རང་བཞིན་ལྷུན་གྲུབ་སངས་
རྒྱས་ནི། །མདོར་ན་ཕུང་པོ་དྲུག་རྣམས་ནི། །སངས་རྒྱས་དྲུག་ཏུ་རབ་ཏུ་གྲགས། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང་། །དཀར་དངས་སྒྲོལ་མ་ཞེས་སོགས་པ། །མེ་དང་རླུང་སོགས་རབ་ཏུ་གྲགས། །ཕྱི་ནང་གསང་བའི་དཀྱིལ་འཁོར་གྱི། །སངས་རྒྱས་བདེ་ཆེན་ཞིང་ཁམས་གནས། །
དེ་ལ་བཅོམ་ལྡན་དམ་བཅས་པ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཞག་གཅིག་ཡོངས་སུ་བརྟག་པར་བྱ། །གལ་ཏེ་ཡིད་ཆེས་མ་བྱུང་ན། །དེ་ཚེ་དེ་ཚིག་བདག་གིས་བརྫུན། །སྙན་བརྒྱུད་ལག་ལེན་ལྡན་པ་གཅེས། །སྐྱེ་བ་བསྐྱེད་པའི་རིམ་པ་ལས། །འཆི་བ་རྫོགས་
པའི་རིམ་པ་འཇུག །འབྱུང་བ་རིམ་པར་ཐིམ་པ་ལས། །ཕྱི་རུ་སྟོབས་ཐིམ་ནང་དུ་ནུས་ཐིམ་ན། །འོད་ལྔ་སྤྱན་ལ་སོགས་པའི་བསུ་བ་འབྱུང་། །རིགས་ལྔ་སྙོམས་འཇུག་ཡེ་ཤེས་ངོ་བོ་གཟུང་། །འོད་གསལ་ཆོས་སྐུའི་ངོ་བོ་སངས་རྒྱས་འབྱུང་། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་
སྤྱོད་གནས་སུ་ཁྲིད་པའོ། །འཆི་བ་འོད་གསལ་ཆོས་སྐུ་ལས། །བར་དོར་ལོངས་སྤྱོད་རྫོགས་སྐུ་འཆར། །སྣང་བ་མཆེད་དང་ཐོབ་པ་ལས། །སྔར་གཟུགས་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་འགྲོ། །ལས་ཀྱི་རྫུ་འཕྲུལ་བསམ་མི་ཁྱབ། །འཇིགས་
པའི་སྒྲ་བཞི་ཡ་ངའི་གཡང་ས་གསུམ། །ཐིག་ལེ་མི་བརྟན་བཞིན་དུ་སྣང་བར་འགྱུར། །སྙིགས་མ་ཉམས་པས་འཁྲུལ་སྣང་སྒྲ་རུ་ལྡང་། །འོད་ལྔ་ཉམས་པས་རིགས་དྲུག་གནས་སུ་སྐྱེ། །སྣང་བ་ལ་སོགས་ཆོས་ཀྱི་སྐུ་རུ་ཤེས། །འཁྲུལ་པའི་སྣང་བ་རང་གི་མདངས་སུ་ཤེས། །
འཇིགས་སྐྲག་མེད་ཤེས་སྐྱེས་བུ་ལས་ཟིན་འདྲ། །སྤྲོས་བྲལ་མཁའ་མཚུངས་ཆོས་སྐུ་ཕ་ལས་སྐྱེས། །དངས་མའི་འོད་ལས་ལོངས་སྐུ་ཞལ་ཡང་མཐོང་། །ཉོན་མོངས་ལྔ་དག་ཡེ་ཤེས་ལྔ་རུ་ཤར། །ཟག་མེད་བདེ་བ་ནམ་མཁར་མི་ཤོང་ངོ་། །སྐྱེ་བ་སྤྲུལ་པའི་སྐུ་རུ་མངོན་སངས་

རྒྱས། །ཐབས་དང་ཤེས་རབ་གཉིས་དང་སྐུ་གསུང་ཐུགས། །ས་བཅུ་བགྲོད་ནས་གསང་བའི་སྒོ་ནས་ནི། །བྱོན་ནས་འགྲོ་བའི་དོན་ནི་བྱེད་པར་འགྱུར། །དུས་འཁོར་ཤེས་ཀྱང་གདམས་པ་འདི་མི་ལྡན། །ངལ་བ་དོན་མེད་སངས་རྒྱས་འབྲས་མི་འབྱུང་། །ཕྱི་རྩིས་
གསལ་ཡང་སྙིང་པོའི་དོན་མི་གསལ། །དེ་བས་སྐལ་ལྡན་འགྲོ་ཀུན་ཕན་ཕྱིར་བྲིས། །དུས་ཀྱི་འཁོར་ལོའི་གདམས་པ་དམ་པ་དང་པོ་ལས་སྤྱན་ལྔ་སྒྲུབ་པའི་ཐབས་སློབ་དཔོན་དུས་ཞབས་ཀྱིས་མཛད་པ་རྫོགས་སོ།། །།དུས་ཞབས་ཀྱིས་ཐུགས་རྗེ་ཆེན་པོ་ལ་སོགས་པ་རིག་
གསུམ་མགོན་པོ་ལ་གསན་ནོ། །དེས་ཡེ་ཤེས་ཀྱི་མཁའ་འགྲོ་སཱུརྱ་དྷརྨྨ་ལ། དེས་རཏྣ་ཤྲཱི་བྷ་དྲ་ལ། དེས་ཤཱཀྱ་ཤྲཱི་བྷ་དྲ་ལ། དེས་རྒྱ་གར་ཤར་ཕྱོགས་ཛཱ་ག་དྷ་ལའི་པཎྜི་ཏ་མ་ཧཱ་བི་བྷཱུ་ཏི་ཙནྡྲས་སྒྲ་རང་འགྱུར་དུ་མཛད་ནས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏྲི་ཛོ་གི་ཧྲྀ་ད་
བྱཱ་ཀཱ་ཤ་ནཱ་མ། བོད་སྐད་དུ། རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཨོཾ་གྱིས་སྣང་བ་ལམ་དུ་ངེས། །རྡོ་རྗེ་སེམས་ལ་ཕྱག་འཚལ་ནས། །སྦྱངས་པ་རབ་ཏུ་གྱུར་པའི་ལམ། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བཤད། །དབང་
གིས་སྨིན་བྱས་དམ་ཚིག་ལྡན། །དེ་ལ་རྣལ་འབྱོར་གསུམ་བསྟན་ཏེ། །གཞན་ལ་ནམ་ཡང་མ་ཡིན་ནོ། །བྱིན་གྱིས་བརླབས་དང་རྟོག་པ་བསྒོམ། །རང་བཞིན་རྣལ་འབྱོར་གསུམ་དུ་ངེས། །འཆི་བའི་རྟགས་ཉིད་ཤེས་བྱས་ནས། །སྲོག་གི་ཐིག་ལེར་ངེས་པར་གཞུག །སོ་སོར་
སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཅེས་བྱ། །མཚན་མོ་གསེང་མེད་ཁྱིམ་དུ་ནི། །ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །བྱེད་པ་ལྔ་ལ་བཅིང་བ་གཉིས། །བླ་མའི་ཞལ་ལས་ཤེས་
པར་བྱ། །ཡོད་དང་མེད་པ་ལས་འདས་པའི། །དུ་བ་སྨིག་རྒྱུ་སྲིན་མེ་ཁྱེར། །མར་མེ་སེམས་ཀྱིས་ནམ་མཁར་མཐོང་། །གཞོན་ནུ་མ་ཡིས་སྔ་ལས་ནི། །ལྐོག་ཏུ་གྱུར་པའི་རྐུན་མ་མཐོང་། །ཉི་ཚེ་བ་ཡི་མིག་གིས་ནི། །སྒྲུབ་པ་པོ་ཡི་སོང་ནས་མཐོང་། །ཆུ་འཛིན་དང་ནི་

བྲལ་བ་ཡི། །ནམ་མཁའ་དངས་པར་གྱུར་པ་ལ། །སྔ་དྲོ་ཉི་མ་རྒྱབ་ཕྱོགས་ཏེ། །ཕྱི་དྲོ་ཡང་ན་དེ་བཞིན་ནོ། །ཉི་ཕྱེད་མིག་ལ་གནོད་ཕྱིར་སྤང་། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་
ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཇི་སྲིད་ཐིག་ལེའི་ནང་དུ་ནི། །རི་མོ་ནག་པོ་སྐྲ་ཡི་ཚད། །དེ་མཐོང་འོད་གསལ་གོ་འཕང་ནི། །རྣལ་
འབྱོར་པ་ཡིས་ཐོབ་པ་ཡི། །སོ་སོར་སྡུད་པ་སྙོམས་འཇུག་པས། །སྔགས་རྣམས་ཐམས་ཅད་བྱིན་གྱིས་བརླབ། །ཤེས་རབ་རྟོག་དང་དཔྱོད་པ་དང་། །དགའ་དང་བདེ་བ་མི་གཡོ་བ། །བསམ་གཏན་ཡན་ལག་ལྔ་བརྟན་པས། །མངོན་ཤེས་ལྔ་ཐོབ་མི་བདག་ཀྱེ། །
བར་མ་དབུགས་འབྱུང་མཆོག་ཡིན་ཏེ། །བཤང་གཅི་དང་ནི་ཟླ་ཉི་ཡི། །རྩ་བཞི་དང་ནི་ཡང་དག་ལྡན། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །སངས་རྒྱས་ལྔ་ཡིས་བྱིན་གྱིས་བརླབས། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རྟག་ཏུ་འཛིན་
པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་ཡང་དག་འཇུག །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །ཧཾ་བསྲེགས་པ་ལས་ཟླ་རྒྱུན་འབབ། །དམ་ཚིག་སེམས་དཔའ་སྤྱོད་ཡུལ་ཅན། །སྐུ་
མཐོང་ནས་ནི་ཉིན་རེ་ཡིས། །དུས་སུ་སྲོག་གི་རླུང་དག་ནི། །རྣལ་འབྱོར་ཐར་པ་འདོད་པ་ཡིས། །བུམ་པ་སྦྱོར་བས་དགང་བར་བྱ། །ཇི་སྲིད་དུ་ནི་འཁོར་བཞིན་མ། །རང་གི་ལུས་ལ་ཡོངས་བསྐོར་བ། །འོད་ཟེར་འཁོར་ལོ་མཐོང་འགྱུར་ཏེ། །སྔོན་གསུངས་སྐུ་ལ་རང་
གི་ཡིན། །དེས་ནི་ཟླ་དྲུག་རེག་སྤངས་བདེ། །ཆུ་ཉི་ལྟ་བུར་རབ་སྣང་བར། །དྲི་མ་མེད་པར་སྣ་ཚོགས་མདོག །རྣམ་པ་ཀུན་དུ་རང་གི་སེམས། །རང་གི་སེམས་ཉིད་བདེ་བ་ཉིད། །ཏིང་འཛིན་བདེ་ཆེན་རྣལ་འབྱོར་ལ། །སྤྱན་ལྔ་མངོན་ཤེས་དྲུག་འབྱུང་སྟེ། །ཆུ་སྲིན་ལ་སོགས་

ཁྱིམ་རྣམས་སུ། །མ་རིག་ལ་སོགས་ལུགས་བཟློག་པས། །ས་ནི་བཅུ་གཉིས་ཐོབ་འགྱུར་ཏེ། །རྟོག་པ་མེད་པའི་ཆོས་ཅན་ལ། །སྐད་ཅིག་གཅིག་ལ་མངོན་སངས་རྒྱས། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ས་རྣམས་ཡོངས་སུ་རྫོགས་པ་ཡི། །
དངོས་པོ་གཉིས་སུ་རབ་བསྟན་ཏེ། ཡེ་ཤེས་ཡོད་པ་དེས་ན་དེ། །སྐྱོབ་པ་ཡེ་ཤེས་ཅན་དུ་བརྗོད། །དམིགས་པ་མེད་པ་སྙིང་རྗེ་ཡིས། །སྒྱུ་འཕྲུལ་དྲ་བས་བྱང་ཆུབ་པས། །ཡིད་བཞིན་ནོར་བུ་ལྟ་བུ་ནི། །མཐའ་ཡས་སེམས་ཅན་རེ་སྐོང་བའི། །སེམས་ཅན་སྒྲོལ་བའི་བདེ་
བ་ཆེ། །འཛག་པའི་འདོད་ཆགས་སེལ་བར་བྱེད། །འགྲོ་དྲུག་སྡུག་བསྔལ་སེལ་བྱེད་པའི། །ལམ་མཆོག་ཚོལ་དང་ཕྲད་པར་ཤོག །རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཇམ་དཔལ་རྒྱལ་པོ་གྲགས་པར་གདུལ་བྱ་ལ་དགོངས་ནས་སྐྱེ་
བ་བཞེས་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་སོ་མ་ནཱ་ཐ་དང་། ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་པའོ།། ༄། །སྦྱོར་བ་ཡན་ལག་དྲུག་གི་མན་ངག་བཞུགས།། ༄༅༅། །དཔལ་ལྡན་བླ་མ་དམ་པ་རྣམས་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དུས་ཀྱི་འཁོར་ལོར་ཕྱག་འཚལ་ནས། །
རྣལ་འབྱོར་ཡན་ལག་དྲུག་བཤད་བྱ། །སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་ནི། །རྒྱུན་དུ་སངས་རྒྱས་མཆོག་གིས་གསུངས། །ཀུན་ལ་དྲུག་ཏུ་ཤེས་བྱ་སྟེ། །རབ་ཀྱིས་དང་
པོ་རྟོག་པའོ། །འབྲིང་གིས་སྲོག་རྩོལ་ལ་སོགས་ཡིན། །ཐ་མས་དྲུག་པོ་རིམ་པས་བསྒོམ། །བྱིས་པ་གཞུག་དང་བུམ་པ་དང་། །གསང་བ་ཡེ་ཤེས་སྔོན་སོང་བས། །བཞི་པ་ཡི་ནི་དབང་བྱས་ཏེ། །དམ་ཚིག་རྩ་བ་ཡན་ལག་ཅན། །དེ་ཡིས་དབེན་པར་གནས་བྱས་ལ། །སོ་སོར་
སྡུད་པ་འདི་ལྟར་བསྒོམ། །བསྒོམ་པ་སྟོང་ཉིད་བསྒོམས་པ་ཡིས། །འགག་པ་རླུང་ནི་འགག་པར་བྱེད། །སྐྱེ་བ་ཤུགས་ལ་བདེ་བ་སྐྱེ། །འབྱུང་བ་ལམ་རྟགས་དངོས་སུ་འབྱུང་། །ངོ་བོ་སྟོང་པ་ཉིད་ཡིན་ཏེ། །སོ་སོའི་རྟོག་པ་ཐམས་ཅད་སྡུད། །དབྱེ་བ་བཅུ་རུ་གསུངས་པ་ཡིན། །

དབང་པོའི་མངོན་སུམ་དག་ཏུ་བཞེད། །ཡེ་ཤེས་ཕུང་པོ་ཤེས་རབ་བོ། །འབོལ་བའི་སྟན་ལ་བྱེད་པ་ནི། །ལུས་བསྲང་རྡོ་རྗེ་སྐྱིལ་ཀྲུང་བཅའ། །ལྕེ་བཟློག་གསུས་སྦྱར་མིག་གྱེན་བཟློག །གཙུག་ཏོར་སྒྱུར་བའི་ལྟ་སྟངས་སོ། །ལག་གཉིས་རྡོ་རྗེ་བསྡམ་པར་བྱ། །དེས་ནི་རླུང་རྣམས་འཆིང་
བྱེད་པའོ། །དཔྲལ་བའི་ཐིག་ལེར་སྲོག་བཅུག་ལ། །གཡས་པ་ས་ཡི་རླུང་དུས་བསྒོམ། །མཚན་མོ་བླ་གབ་བཅས་པ་རུ། །ནམ་མཁའ་ལ་དམིགས་སྟོང་ཉིད་བསྒོམ། །སྲོད་དང་ཐོ་རངས་གུང་ལ་མིན། །ཉིན་མོ་བླ་གབ་མེད་པ་སྟེ། །ནམ་མཁའ་ལ་བལྟས་སྔ་དྲོ་ཕྱི། །ཉི་ཟེར་ཉི་མའི་
གུང་ལ་མིན། །དེ་ལྟར་བསྒོམས་པས་ཡུལ་སོགས་དགག །ནང་དུ་ལྷ་ཡི་མིག་སོགས་ཏེ། །སྟོང་ཉིད་གཟུགས་ཏེ་དམིགས་བཅས་མཐོང་། །ཆོས་ལ་ཕ་རོལ་བཅུ་གནས་ལ། །ལྷ་ལ་ལྷ་མོ་བཅུ་ཞེས་བྱ། །རྟགས་སུ་ལམ་ལ་བཅུ་མཐོང་འགྱུར། །དུ་བ་སྨིག་རྒྱུ་མཁའ་སྣང་དང་། །
མར་མེ་འབྱུང་སྟེ་འབྱུང་རླུང་ཐིམ། །ཐ་མ་སྤྲིན་མེད་ནམ་མཁའ་ནི། །རྟགས་ཅན་ཤེས་རབ་ཕ་རོལ་ཕྱིན། །འབར་བ་ཟླ་ཉི་གློག་སྒྲ་གཅན། །ཐིག་ལེ་དྲུག་སྟེ་ཐ་མ་ཡིན། །ཐམས་ཅད་རྒྱུར་མཐོང་རྟགས་ཅན་ཏེ། །འབྱུང་ལྔ་ཡེ་ཤེས་ཕུང་པོ་ལྔ། །གསང་འདུས་མཚན་བརྗོད་ནས་
ཕྱེད་ཕྱེད། །སྤྲུལ་སྐུ་ལོངས་སྐུ་རྟོགས་མེད་དོ། །རྡོ་རྗེ་བསླང་བའི་བདེ་བ་འབྱུང་། །བསྒོམས་པས་དུས་ཀར་རི་མོ་ནག །མཐོང་བ་ནང་དུ་སྟོང་གཟུགས་སོ། །དེས་ནི་སྟོང་གཟུགས་རྟོགས་པར་བྱེད། །སོ་སོར་སྡུད་ལ་སྙོམས་ཞུགས་ནས། །སྔགས་ཀུན་བྱིན་གྱིས་རློབ་བྱེད་ལ། །ངག་
གི་བདེན་པར་འགྲུབ་པའོ། །གཟུང་བའི་ཡུལ་དང་བྲལ་བར་འགྱུར། །གཉིས་པ་བསམ་གཏན་ཡན་ལག་ནི། །སྟོང་གཟུགས་བརྟན་ཕྱིར་བྱེད་པའོ། །ངོ་བོ་ཡུལ་ནི་སྟོང་གཟུགས་ཏེ། །དུས་ནི་ནམ་མཁའ་རྒྱུ་དུས་སོ། །དབྱེ་བ་རྣམ་པ་ལྔ་ཞེས་བྱ། །ལྟ་སྟངས་དེ་ཉིད་ཕྱག་རྒྱ་ནི། །མཉམ་
གཞག་ཡིད་ཀྱི་མངོན་སུམ་སྟེ། །སྒོམ་པ་སྔར་གྱི་སྟོབས་གཟུགས་ལ། །སེམས་གཞག་ནམ་མཁའ་ལྟ་བ་ཡིན། །འབྱུང་བའི་རིམ་པས་གོང་ཐིམ་པས། །ས་སོགས་གང་མཐོང་སྒྱུ་མ་ལྟར། །མཉམ་གཞག་རྗེས་ཐོབ་མེད་པར་མཐོང་། །བསམ་གཏན་ཆགས་པའི་བདེ་བ་འབྱུང་། །

ལྷ་མོས་བསྐུལ་ལ་ལུང་བསྟན་ཐོབ། །སྟོང་ཉིད་སེམས་འཇུག་ཤེས་རབ་སྟེ། །དངོས་རྣམས་སེམས་འཛིན་རྟོག་པའོ། །དེ་འཛིན་འཇུག་པ་སྤྱོད་པའོ། །སེམས་ཀུན་གཞག་པ་དགའ་བའོ། །བདེ་བ་ཕུན་སུམ་མི་གཡོ་བདེ། །མཁའ་ཡི་བདག་ཉིད་རྣམ་ཤེས་སོ། །
བསམ་གཏན་ལ་ནི་སྙོམས་ཞུགས་ན། །མངོན་པར་ཤེས་པ་ཐོབ་པར་འགྱུར། །དེ་གཉིས་ཐོག་མར་དགེ་བ་སྟེ། །སྟོང་གཟུགས་རྟོགས་པས་བསྙེན་པར་གསུངས། །དེ་ནས་སྟོང་གཟུགས་མཐོང་ནས་ནི། །མི་འགྱུར་བདེ་བ་སྐྱེ་པའི་ཕྱིར། །སྲོག་རྩོལ་ཡན་ལག་བསྒོམ་པར་བྱ། །རྐང་
པ་གཅིག་གིས་གཅིག་མནན་ཅིང་། །མཐེ་བོང་ནང་བཅུག་ཁུ་ཚུར་བསྡམ། །ཡུལ་ནི་རྩེ་གསུམ་རླུང་ཡིན་ནོ། །འདུ་བྱེད་ཕུང་པོ་རླུང་རྒྱུའི་དུས། །ལྟ་སྟངས་བདུད་རྩི་འཁྱིལ་པའོ། །ཕྱི་རུ་དང་པོ་རླུང་གཏོར་ནས། །ནང་དུ་མྱུར་དང་རྣམ་སྡུད་དང་། །རེངས་དང་སྔགས་སྦྱོར་གདའ་
ཡིས་ནི། །བུམ་པ་ཅན་དང་རྡུལ་མཐའ་ཡིས། །རླུང་གཉིས་དབུས་སུ་རབ་བཅུག་ནས། །རླུང་བཅུ་རབ་ཏུ་ཞི་བར་བྱ། །རྡོ་རྗེ་མེ་ལ་སྲོག་ཞུགས་པའི། །བདེ་བ་ངེས་པར་སྐྱེ་བར་འགྱུར། །ཟླ་བ་དྲུག་ཏུ་བརྩོན་བྱས་པས། །ཞག་རེ་རླུང་བཅུ་འགག་འགྱུར་ཏེ། །ཉི་ཁྲི་ཆིག་
སྟོང་དྲུག་བརྒྱ་འགག །དེ་ཡིས་ལྟེ་བར་རླུང་གཉིས་འདོམ། །ཡེ་ཤེས་གཏུམ་མོ་འབར་བ་ཡིས། །སངས་རྒྱས་ལྷ་མོ་བཅུ་སད་ནས། །ཁུ་བ་བཅས་པའི་བདེ་བ་འབྱུང་། །སྟེང་དང་འོག་ཏུ་གནས་གཉིས་དོད། །མ་ཟོས་བཀྲེས་མེད་ཟོས་ཀྱང་འཇུ། །ཐུར་སེལ་མི་འཛག་བདེ་བ་
འཛག །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ལུས་ཡང་ལ་སོགས་མི་རྟོག་བདེ། །ཡིད་ཀྱི་མངོན་སུམ་ཞེས་བྱའོ། །སྲོག་དང་རྩོལ་བས་ངེས་པར་ནི། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །རླུང་སེམས་རབ་ཏུ་བརྟན་བྱའི་ཕྱིར། །འཛིན་པའི་ཡན་ལག་བསྒོམ་པར་བྱ། །
ཡུལ་ནི་བདེ་བའི་རླུང་ཉིད་དོ། །བརྟན་པར་འཛིན་པས་འཛིན་པའོ། །ཚོར་བའི་ཕུང་པོ་དབུས་མར་གནས། །ལྟ་སྟངས་ལ་སོགས་དེ་འདྲ་ལ། །ལག་པ་གཉིས་བསྡམ་ནམ་མཁའི་དུས། དྷཱུ་ཏཱིར་རླུང་ནི་ཚུད་ཙམ་གྱིས། །ལམ་དུ་མི་འགྱུར་ཐིག་ལེར་གཞུག །ལུས་སོགས་

ཐིག་ལེ་བཞི་པོ་ལ། །རིམ་དང་ཅིག་ཅར་རླུང་སེམས་ནི། །ངེས་པར་བཙུད་ནས་མི་གཡོ་བྱ། །དེ་ལ་མི་གཡོ་བརྟན་གྱུར་པས། །ཐིག་ལེར་ཆགས་པའི་བདེ་བ་སྐྱེ། །བུད་མེད་ཀུན་ལ་སྙོམས་འཇུག་ཀྱང་། །ཐིག་ལེ་ལྟུང་པར་མི་འགྱུར་རོ། །ལུས་སྟོན་བདེ་སྐྱེ་ལུས་བརྟན་འགྱུར། །
དེ་ཡང་ཡིད་ཀྱིས་མངོན་སུམ་མོ། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་ཡང་དག་འཇུག །འཆི་བདག་ལ་སོགས་ཀྱིས་མི་ཚུགས། །འགྲོ་དང་འོང་བ་ཟད་བྱེད་ཅིང་། །ཉོན་མོངས་ལ་སོགས་ཟད་པར་བྱེད། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། །ཚེ་
རིང་ནད་མེད་ཁམས་ཆ་སྙོམས། །དེ་གཉིས་བར་དུ་དགེ་བ་སྟེ། །ཉེ་བར་བསྒྲུབ་པ་ཞེས་བཤད་ལ། །དྲག་ཤུལ་སྤྱོད་པར་གསུངས་པའོ། །དེ་ནས་བདེ་བ་སྤེལ་བྱའི་ཕྱིར། །རྗེས་སུ་དྲན་པའི་ཡན་ལག་བྱ། །ཡུལ་ནི་བདེ་བ་ཉིད་ཡིན་ཏེ། །བདེ་བ་རྒྱུད་ལ་དྲན་པའོ། །ཡེ་ཤེས་
རླུང་རྒྱུའི་དུས་སུའོ། །ལྟ་སྟངས་ལྷ་ཡི་ལྟ་བ་སྟེ། །འདུ་ཤེས་ཕུང་པོར་མཐེའུ་ཆུང་གཞུག །དབྱེ་བ་གསུམ་སྟེ་བསྒོམས་སྟོབས་དང་། །ལག་པ་བུད་མེད་སྦྱོར་བ་ཡིས། །འཁོར་ནས་དཔྲལ་གནས་བྱང་སེམས་དབབ། །རྡོ་རྗེ་ནོར་བུར་རབ་གཟུང་བ། །དངུལ་ཆུའི་དཔེ་ཡིས་ཤེས་
བྱས་ལ། །སྟེང་ནས་འོག་ཏུ་རྡོ་རྗེ་གཅིག །དེ་འདྲ་རླུང་སེམས་གཏད་པས་ནི། །དགའ་བ་བཞི་ལ་བཅུ་དྲུག་སྐྱེ། །ཡར་ངོ་ཆགས་ཆེན་མཚན་ཉིད་དོ། །རས་བལ་སྟག་ལ་བེ་ཤིང་དཔེ། །སྤྲོས་བཅས་སྤྲོས་མེད་ཤིན་ཏུ་མེད། །འཕོ་བའི་བག་ཆགས་སྤངས་བྱས་པས། །སྒྲིབ་པ་
གསུམ་པོ་དག་པར་འགྱུར། །ཆགས་པ་ཤིན་ཏུ་སྦྱང་བར་བྱ། །དེ་དོན་བསྒོམས་པས་བདེ་ཆེན་ནི། །ལྷན་ཅིག་སྐྱེས་པ་སྐྱེ་བར་འགྱུར། །མངོན་ཤེས་དྲུག་ཀྱང་ཆེར་འགྱུར་ཞིང་། །གཟུགས་སྐུ་རྣམ་གཉིས་མངོན་སུམ་མཐོང་། །ངེས་པར་ལུང་བསྟན་ཐོབ་པར་འགྱུར། །རང་རིག་
མངོན་སུམ་དུ་ནི་འདོད། །རྗེས་དྲན་ལ་ནི་སྙོམས་འཇུག་པ། །འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། །གཞན་ཡང་ཡེ་ཤེས་སྐུ་ལས་སོ། །བསྒྲུབ་པ་ཞེས་ནི་གསུངས་པའོ། །དེ་ནས་མི་འགྱུར་བདེ་བསྒྲུབ་ཕྱིར། །ཏིང་ངེ་འཛིན་ནི་ངེས་པར་བསྒོམ། །ངོ་བོ་བདེ་སྟོང་གཉིས་

མེད་དེ། །དེ་ལ་རྩེ་གཅིག་གནས་པའོ། །གཟུགས་ཀྱི་དབྱིངས་ཀྱི་ཕུང་པོ་སོགས། །ཡེ་ཤེས་རླུང་རྒྱུའི་དུས་སུའོ། །སངས་རྒྱས་ཞི་བའི་ལྟ་སྟངས་ཏེ། །ལག་པ་ཏིང་འཛིན་ཕྱག་རྒྱའོ། །བསྒོམ་པ་དམིགས་བཅས་སྟོང་གཟུགས་དང་། །དམིགས་མེད་བདེ་བ་རོ་
མཉམ་ལ། །སེམས་ནི་མི་གཡོ་བརྟན་པར་གནས། །དངོས་པོ་ཐམས་ཅད་བདེ་འཆར་རོ། །དཔལ་ལྡན་མི་འགྱུར་བདེ་བ་སྐྱེ། །སངས་རྒྱས་དངོས་སུ་ཡང་དག་མཐོང་། །དེ་ལ་བརྟན་པར་གྱུར་པ་དེས། །ཐིག་ལེ་གྱེན་བཟློག་སྤྱི་བོར་འགྲོ། །རྡོ་རྗེ་ནོར་བུ་ངོ་བོ་ཉིད། །ཐོབ་ནས་
ཆོས་སྐུ་ལོངས་སྐུ་དང་། །སྤྲུལ་སྐུ་གནས་བཞིར་ཐོབ་པར་འགྱུར། །རྡོ་རྗེ་བཞི་དང་རྣམ་ཐར་དང་། །བྱང་ཆུབ་བཞི་ཡང་རྟོགས་པར་འགྱུར། །གསང་གནས་སྤྱི་བོར་རླུང་དག་ནི། །སྟོང་དང་བརྒྱད་བརྒྱ་འགགས་པ་ཡིས། །ས་ནི་བཅུ་གཉིས་རིམ་པས་ཐོབ། །
སྐུ་ནི་བཅུ་དྲུག་དག་པར་འགྱུར། །ཐིག་ལེ་སྤྱི་བོ་རྡུལ་ནོར་བུ། །མི་གནས་མྱ་ངན་འདས་པར་བརྗོད། །ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར། །ཏིང་འཛིན་དབང་སྒྱུར་ཙམ་གྱིས་ནི། །སྒྲིབ་པ་ཐམས་ཅད་བྲལ་བར་འགྱུར། །དྲི་མ་མེད་པར་དག་པར་འགྱུར། །གཟུགས་
ཀྱི་ཕུང་པོར་གསུངས་པའོ། །སྒྲུབ་པ་ཆེན་པོ་ཞེས་བཤད་དེ། །རྣལ་འབྱོར་མངོན་སུམ་ཡིན་པར་འདོད། །དེ་གཉིས་ཐ་མར་དགེ་བར་འདོད། །དེ་ལྟར་ཡན་ལག་དྲུག་པོ་ལ། །ལོ་གསུམ་ཟླ་ཕྱེད་གསུམ་གྱིས་ནི། །སངས་རྒྱས་འདྲ་བར་འགྱུར་བ་སྟེ། ས་དང་ཐོབ་པ་ཞེས་ཀྱང་འདོད། །ཁམས་
དྲུག་སྦྱངས་པས་ཡེ་ཤེས་དྲུག །རིགས་དྲུག་ཕ་རོལ་ཕྱིན་དྲུག་འདོད། །མངོན་ཤེས་དྲུག་དང་རྗེས་དྲན་དྲུག །རླུང་དྲུག་ཡེ་ཤེས་བླ་མ་གསུངས། །ལུས་གཟིར་འཕགས་ལ་ཕྱག་རྒྱ་གསལ། །དེ་ནས་སྤྱོད་པ་གསུམ་བྱས་པས། །དག་པའི་སྐུ་བཞི་ཡེ་ཤེས་འགྲུབ། །སྟོབས་སོགས་ཡོན་
ཏན་ཀུན་རྫོབ་པ། །ཚེ་འདིར་ངེས་པར་འགྱུར་བའོ། །བར་དོར་སངས་རྒྱའི་མན་ངག་འདི། །འོག་རླུང་སྟེང་གི་བུ་གར་གདོན། །སྦྱོར་དྲུག་མན་ངག་ཡོད་པ་དག །མ་བསྒོམས་ན་ཡང་སྐྱེ་བདུན་འགྲུབ། །སོ་སོར་སྡུད་པའི་རྟགས་བྱུང་ཞིང་། །གལ་ཏེ་ཤི་བར་གྱུར་པ་ན། །དེ་ནི་ལམ་དམ་པ་དང་འཕྲད། །

དེ་ནས་དངོས་གྲུབ་ཐོབ་པར་འགྱུར། །ཆགས་ཅན་སྦྱོར་དྲུག་མན་ངག་ནི། །དབབ་དང་གཟུང་དང་བཟློག་པ་དང་། །གནས་སུ་བསྐྱལ་ལ་རྩ་དམིགས་གདབ། །རླུང་བསྲེ་སྦྱོར་བ་དྲུག་པོས་བྱ། །སོ་སོར་སྡུད་པའི་སྦོག་པ་ནི། །དྲག་ཏུ་བྱེད་ཅིང་འཚམ་པར་བྱ། །བསམ་གཏན་སྟོང་གཟུགས་དྲག་ཏུ་བསྒོམ། །
བཙན་ཐབས་སྦྱོར་བས་རླུང་གཟུང་བ། །མགོ་བོ་མི་ནའི་བར་དུ་བྱ། །རླུང་སེམས་དྲག་ཏུ་ཐིག་ལེར་གཟུང་། །ཆགས་ལ་ལས་རྒྱ་མང་ལ་སྦྱར། །བདེ་ཆེན་རོ་མཉམ་དག་ཏུ་བྱ། །འདི་མིན་མཆོག་ནི་མི་འགྲུབ་ཅེས། །གསུངས་པས་ངེས་པར་འདི་བསྒྲུབ་བྱ། །རྟོག་བསྒོམ་འཇིག་རྟེན་འཁོར་
གསུངས་པ། །བསྐྱེད་རིམ་ལ་སོགས་ཅི་ཞིག་བྱ། །དུས་འཁོར་ཞབས་ཀྱིས་གསུངས་པ་ཡིན། །སྦྱོར་བ་ཡན་ལག་དྲུག་གི་མན་ངག་དུས་འཁོར་ཞབས་ཀྱིས་མཛད་པའི་སྙན་རྒྱུད་ཞལ་གྱི་མན་ངག་རྫོགས་སོ།། །།པཎྜི་ཏ་སོ་མ་ནཱ་ཐ་དང་། ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱི་ས་བསྒྱུར་
བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲོ་པ་དེ་ཤ་ཡོ་ག་ཥ་ཌངྒ་ཏནྟྲ་པཉྫི་ཀཱ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྦྱོར་བ་ཡན་ལག་དྲུག་གི་རྒྱུད་ཀྱི་དཀའ་འགྲེལ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཡོད་མིན་མེད་
མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མེད་པ་འང་མིན། །མུ་བཞི་ལས་ནི་རྣམ་གྲོལ་བ། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །དང་པོ་སངས་རྒྱས་རྒྱུ་མེད་ལས། །འཇམ་པའི་རྡོ་རྗེས་ཕྱུང་བ་ཡིས། །སྐུ་རྣམས་བཞི་ཡི་དོན་བསྡུས་པ། །མཚན་ཉིད་དེ་ནི་དགྲོལ་བར་བྱ། །ཤེས་རབ་
ཐབས་མིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདིར་ཤེས་རབ་ཅེས་བྱ་བ་ནི་ཆ་བཅོ་ལྔའི་བདག་ཉིད་དཀར་པོའི་ཕྱོགས། ནག་པོའི་ཕྱོགས་ནི་ཟླ་བའི་ཆ་ཟད་པའི་ཕྱིར་ན་ཐབས་སོ། །དེ་ལྟར་དཀར་པོ་ནི་མཚན་མོ་སྟེ། ནག་པོ་ནི་ཉིན་མོའི། །དེའི་ཕྱིར་ལྷན་ཅིག་སྐྱེས་
པའི་སྐུ་ནི་ཤེས་རབ་ལས་ཀྱང་མ་ཡིན་ནོ། །ཐབས་ལས་སྐྱེས་པ་ཡང་མ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་སྐུ་འདི་ལྟ་བུ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཡུལ་ལོ། །དེ་ལྟར་ཡོད་པ་མིན་ཏེ། དཀར་པོའི་ཕྱོགས་ཀྱི་བདེ་བ་ཟད་པའི་ཕྱིར་རོ། །མེད་པ་ཡང་ནི་མ་ཡིན་ཏེ། སྐད་ཅིག་མ་

དང་པོའི་དགའ་བའི་ཆའི་དངོས་པོ་ནི་ནག་པོའི་ཕྱོགས་མེད་པ་ཡིན་ནོ། །ཡོད་མེད་མིན་ཏེ། འདི་དག་གཉིས་ནི་ཕན་ཚུན་འགལ་བའི་ཕྱིར། །གཅིག་ཏུ་འདུས་ཤིང་ལྷན་ཅིག་བྱེད་པ་མེད་དོ། །གཉིས་ཀའི་བདག་ཉིད་མེད་པ་ཡང་མ་ཡིན་ཞེས་བྱ་བ་ནི་དཀར་པོའི་
ཕྱོགས་ཡར་ངོ་དང་། ནག་པོའི་ཕྱོགས་མར་ངོ་འདི་གཉིས་ཀ་ལ་ཡང་ཆར་རྟོགས་པ་ལྷན་ཅིག་སྐྱེས་པའི་བདེ་བ་མེད་དོ། །དེ་ལྟར། མཐའ་བཞི་ཡོངས་སུ་རྫོགས་ཤིང་དག་པའི་ཆ་བཅུ་དྲུག་མ་ནི་སྟོང་པ་ཉིད་རྣམ་པར་མི་རྟོག་པ་སྤྲོས་པ་དང་བྲལ་བ་གཟུང་འཛིན་མེད་པའི་ཆོས་ཅན་དེ་ནི་
མུ་བཞི་ལས་གྲོལ་བ་སྐྱེ། ལྷན་ཅིག་སྐྱེས་པའི་སྐུར་བརྗོད་དོ། །བདེ་ཆེན་སྐུ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་ཏིང་ངེ་འཛིན་སུ་ལ་ཡོད་པ་དེ་ནི་ཧེ་རུ་ཀ་ཡིན་ཏེ་དུས་ཀྱི་འཁོར་ལོ་ཞེས་བྱའོ། །ཕྱག་འཚལ་ལོ་ཞེས་བྱ་བ་ནི་དེ་ལྟ་བུ་སུ་ལ་ཡོད་པ་དེ་ལ་ནི་ལུས་ཀྱིས་ཕྱག་འཚལ་བ་དང་།
ངག་དང་ཡིད་ཀྱིས་ཕྱག་འཚལ་བ་ཞེས་བྱ་བའི་དོན་ཏོ། །དེས་ན་ཤེས་རབ་ཀྱི་རྒྱུ་མཐུན་པའི་མཚན་ཉིད་རྣལ་འབྱོར་པ་རྣམས་ལ་བཞི་པ་ཟད་པའི་ཕྱིར་རོ། །དེ་ལྟར་ན་ཤེས་རབ་མ་གྲུབ་པའོ། །འདི་ལྟར་ལྷན་ཅིག་སྐྱེས་པའི་སྐུ་ནི་བདག་གི་དོན་ཕུན་སུམ་ཚོགས་པའོ། །གཞན་གྱི་
དོན་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུར་ནི་འགྱུར་བ་སྟེ། ཤིན་ཏུ་གཉིད་མཐུག་པོ་ལོག་པ་སད་པའི་ཕྱིར་རོ། །དེ་ཡང་ཤེས་རབ་དང་ནི་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཞིང་། ཡེ་ཤེས་དང་རྣམ་ཤེས་དབྱེ་བ་ཉིད་ཅེས་བྱ་བ་ལ་འདིར་ཡེ་ཤེས་བྱ་བ་ནི་རྣལ་འབྱོར་པའི་འཛིན་
པའི་སེམས་སོ། །རྣམ་པར་ཤེས་པ་ནི་གཞན་གྱི་སེམས་གཟུང་བར་བྱ་སྟེ། དེའི་ཕྱིར་ཤེས་བྱའི་མཚན་ཉིད་དོ། །དེ་ལྟར་འཛིན་པའི་སེམས་ནི་ཤེས་རབ་མ་སྟེ། རྟོག་པ་ཐམས་ཅད་རྣམ་པར་སྤངས་པའི་ཕྱིར་རོ། །རྣལ་འབྱོར་པ་རྣམས་ཀྱི་ཐབས་ཀྱི་སེམས་ནི་ཀུན་དུ་བརྟགས་པའི་
སྙིང་རྗེའི་མཚན་ཅན་ནོ། །དེའི་ཕྱིར་འཛིན་པ་དང་གཟུང་བའི་དབྱེ་བ་དེ་ཡིས་ཤེས་རབ་དང་ཐབས་ཀྱི་རང་བཞིན་ནི་གཞན་གྱི་དོན་མཛད་པའི་ཆོས་སྐུ་སྟེ། དེ་ཡང་ལྷན་ཅིག་སྐྱེས་པ་ལས་བྱུང་བའོ། །དེ་ལྟར་རྒྱུ་མཐུན་བདེ་བ་ནི་ལྟེ་བར་ལྷན་ཅིག་སྐྱེས་པའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་

ནི་རྣམ་པར་སྨིན་པ་ཡིན་ཏེ། དེར་ནི་ཆོས་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི་ཞེས་བྱ་བ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །སྒྲ་བརྙན་ལྟ་བུར་ནི་སེམས་ཅན་དུ་མའི་དོན་མཛད་པ་ཞེས་བྱ་བ་ནི་འདིར་ལྷའི་མིག་གིས་གང་འདས་པ་དང་། མ་འོངས་པའི་གཟུགས་
བརྙན་གྱི་རྣམ་པ་ལྟ་བུའམ། ཆུའི་ཟླ་བ་ལྟ་བུ་དང་པོའི་གསལ་བ་གང་མཐོང་བ་དེ་ལས་སྒྲ་འབྱུང་བའི་སྒྲ་བརྙན་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཤེས་རབ་དང་ཐབས་ཀྱི་ངོ་བོ་ལྷའི་སྙན་གྱི་རྣམ་པར་ཤེས་པ་ནི་འཛིན་པ་སྟེ། སྒྲ་བརྙན་ནི་གཟུང་བྱའི་ཕྱིར་རོ། །དེའི་ཕྱིར་འདས་པ་དང་མ་འོངས་
པའི་དུས་ཀྱི་གྲངས་ཤེས་པ་ནི་ཆེ་གེ་མོའི་རྟོག་པ་དང་། ཆེ་གེ་མོའི་དུས་དང་། ཆེ་གེ་མོའི་ཟླ་བ་དང་། ཆེ་གེ་མོའི་ཕྱོགས་དང་། ཆེ་གེ་མོའི་ཉི་མ་ལ་སོགས་པ་ལ་ཆེ་གེ་མོ་འདིར་འགྱུར་ཞེས་ཟེར་བ་ནི། དེའི་སེམས་ཅན་སོ་སོའི་སྐྱེ་བོ་རྣམས་གདུལ་བར་བྱ་བ་ཡིན་ཏེ། དེ་ནི་རྨི་ལམ་
གྱི་གནས་སྐབས་ཟད་ཅིང་མེད་པའི་ཕྱིར་རོ། །མགྲིན་པ་ལས་སྐྱེས་བུ་བྱེད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། སྟེང་ན་གནས་པའི་ས་བོན་ཅན་རྣམས་ལ་ཡིན་གྱི། ས་བོན་མེད་པ་རྣམས་ལ་ནི་མ་ཡིན་ནོ། །སེམས་ཅན་རྣམས་ནི་སྨིན་པར་བྱ་བའི་དོན་དུ་སླར་ཡང་འདི་རུ་འགྱུར་བ་
ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སངས་རྒྱས་སྤྲུལ་པའི་སྐུ་རུ་འགྱུར་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདག་ཉིད་དེ། གཅིག་དང་དུ་མ་སེམས་ཅན་རྣམས་ཀྱི་སྤྲུལ་པ་དུ་མ་མཐོང་བའི་ཕྱིར་དུ་མའོ། །དེ་ལྟར་གཅིག་དང་
དུ་མའི་རྣལ་འབྱོར་ནི་དོན་དམ་པར་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །ཀུན་རྫོབ་ཏུ་ནི་གཅིག་དང་དུ་མ་འགལ་བ་ཡིན་ཏེ། དེ་ཡང་སད་པའི་གནས་སྐབས་ཟད་པའི་ཕྱིར་དཔྲལ་བ་དྲི་མ་མེད་པར་སྤྲུལ་པའི་སྐུ་འཐོབ་སྟེ། དེ་ཡང་གཟུགས་རྣམས་ཐམས་ཅད་ལ་སྣ་ཚོགས་ཀུན་དུ་
བདེ་བ་སྟོན་པའི་ཕྱིར་རོ། །དེ་ནི་ནོར་བུ་ཆེན་པོ་རིན་ཆེན་ཏོག་ཅེས་བྱའོ། །དེ་ལྟར་ལྷན་ཅིག་སྐྱེས་པ་གཅིག་པུ་ལ་ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་སྟེ་སྐུ་རེ་རེ་ལ་ཡང་བཞི་བཞིའི་བདག་ཉིད་ཅན་ནོ། །དེ་ཉིད་ཐམས་ཅད་ཀྱང་སྔོན་དུ་བརྗོད་

པ་དེ་ཉིད་དཔལ་རྡོ་རྗེ་སེམས་དཔའ་འདི་གཅིག་པུ་དུས་མཐའི་སྤྲིན་དང་འདྲ་བའི་ཉོན་མོངས་པ་རྣམས་དྲལ་ཞིང་མེད་པར་བྱས་ནས་ཧེ་རུ་ཀར་གྱུར་པ་སྟེ་ཞེས་བྱ་བ་ནི་མི་འཕོ་བའི་ཆོས་ཀྱིས་ཉམས་སུ་བླངས་པའི་རྣམ་པར་ཤེས་པ་ལ་དེ་བཞིན་ནོ། །ཧེ་རུ་ཀ་ཞེས་པ་ནི་དྲག་པོ་
རྣམས་ནི་སྨིན་པར་མཛད་པའི་དུས་རྡོ་རྗེ་སེམས་དཔའ་ཕྱིར་སྤྲོ་བའོ། །རྡོ་རྗེ་སེམས་དཔའ་དེ་ཡང་རྨོངས་པ་རྣམས་སྨིན་པར་བྱ་བའམ། དགྲོལ་བར་བྱ་བའི་ཕྱིར་རམ། དེའི་དོན་གོ་བར་བྱ་བའི་ཕྱིར་ན། དེ་ཡང་དམ་ཚིག་རྒྱལ་སོགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་གཟུགས་ཀྱི་ཕུང་པོ་
གནས་གྱུར་པ་སྟེ་དེ་བཞིན་ནོ། །རིན་ཆེན་འཛིན་པ་དེ་ཉིད་སྡུག་བསྔལ་བར་འགྱུར་བ་རྣམས་ལ་སྦྱིན་པའི་དོན་དུ་རིན་ཆེན་འབྱུང་ལྡན་གནས་གྱུར་པ་སྟེ། མི་འཕོ་བའི་ཆོས་ཀྱི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་སྡུག་བསྔལ་ཐམས་ཅད་རབ་ཏུ་འཕྲོ་བར་བྱེད་པ་ཟད་པར་བྱེད་པའི་ཚོར་
བའི་བདེ་བ་དེ་གཞན་མའོ། །དེ་ཡང་པདྨ་འཛིན་པ་ཆགས་པའི་རྒྱུར་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་སུ་འགྱུར་རོ། །དེ་ཡང་སྣང་བ་ནི་སེམས་ལ་བདེ་བ་སྣང་བའོ། །མི་འཁོར་མི་འཕྲོ་བའི་ཆོས་ཀྱིས་གང་འཕྲོ་བའི་བདེ་བ་སྟེར་བའི་འདུ་ཤེས་ཏེ་དོན་གཞན་མའོ། །དེ་ཡང་བགེགས་
རྣམས་གཞོམ་པའི་དོན་དུ་ནི། ཕྱག་རྒྱ་པདྨ་རལ་གྲི་འཛིན། །དོན་ཡོད་གྲུབ་པ་རུ་ནི་འགྱུར། །ཞེས་བྱ་བ་ནི་མི་འཕྲོ་བའི་ཆོས་ཀྱི་འདུ་བྱེད་རྣམས་ཏེ། གཞན་ལུས་དང་ངག་དང་ཡིད་དང་ཡེ་ཤེས་རྣམས་གང་སྒྲིབ་པ་མེད་པའི་སེམས་སུ་བྱེད་པའི་ཕྱིར་རོ། །བདུད་ལ་སོགས་པའི་སྒྲིབ་
པ་རྣམས་གཞོམ་པར་མཛད་པ་ཞེས་བྱ་བ་ནི་རང་གི་རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་ལྔ་དག་པའི་སངས་རྒྱས་ལྔའོ། །དེ་ནི་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པར་གསུངས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་དངོས་གྲུབ་རྣམ་པ་
གཉིས་སུ་གསུངས་ཏེ། དང་པོ་འཇིག་རྟེན་པའི་རྣལ་འབྱོར་གྱི་དངོས་གྲུབ་བསྒྲུབ་པ་ནི་འདོད་ཁམས་ཀྱི་ལྷ་དྲུག་ཏུ་སྐྱེ་བ་དང་། རལ་གྲི་དང་། མིག་སྨན་དང་། རྐང་མགྱོགས་དང་། རི་ལུ་ལ་སོགས་པ་རྣལ་འབྱོར་པ་རྣམས་ཀྱིས་བསྒྲུབས་ན་འགྲུབ་བོ། །ཡང་རྣལ་འབྱོར་པ་རྣམས་

ཀྱིས་རླུང་དང་རྩ་དང་ཐིག་ལེ་དང་ནཱ་ད་ལ་སོགས་པ་རྟོག་པ་ཅན་གྱི་རྣལ་འབྱོར་བསྒོམས་པ་ཡིས་ནི་གཟུགས་ཁམས་ཀྱི་ལྷ་བཅུ་བདུན་དུ་སྐྱེ་བར་འགྱུར་ཞིང་ལོངས་སྤྱོད་ཁྱད་པར་དུ་འཕགས་པ་ཐོབ་ཅིང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པས་འགྲུབ་པ་དེ་ནི་འཇིག་རྟེན་པ་ཡིན་གྱི། དེ་རྣམས་ནི་འཇིག་
རྟེན་ལས་འདས་པ་ནི་མ་ཡིན་ནོ་ཞེས་ཕྱག་ན་རྡོ་རྗེའི་བསྟོད་འགྲེལ་དང་། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེའུར་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་དུ་གསུངས་སོ། །དྲང་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་རྒྱུད་ཁ་ཅིག་ཏུ་བསྐྱེད་པའི་རིམ་པས་སངས་རྒྱས་པར་འགྱུར།
ཞེས་གསུངས་ཏེ། དེ་ནི་བཅོམ་ལྡན་འདས་ཀྱིས་བྱིས་པ་རྨོངས་པ་མི་ཤེས་པ་རྣམས་ལ་དྲང་བའི་དོན་དུ་གསུངས་པ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་དབང་རབ་བྱེད་དུ་དབང་བདུན་པོ་འདིས་ས་བདུན་པོ་ཐོབ་ཅེས་གསུངས་པ་ནི་བྱིས་པ་རྣམས་འཇུག་པའི་ཕྱིར་ཡིན་ཏེ། ངེས་པའི་
དོན་དུ་བཅོམ་ལྡན་འདས་ཀྱིས་ནི་མ་གསུངས་ཏེ། དེ་ཡང་དཔལ་མཆོག་དང་པོའི་རྒྱུད་ཡེ་ཤེས་ཀྱི་ལེའུར་ཟད་པར་ས་ལ་སོགས་པ་བཞི་བསྒོམས་ནས་རྟོགས་པ་ཐོབ་ན་བསམ་གཏན་བཞི་པའི་ལྷར་སྐྱེ་བར་འགྱུར་ཞེས་གསུངས་སོ། །དེ་རྣམས་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་
ཐབས་སུ་བསྟན་ཏོ།། །།ད་ནི་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་རྒྱུད་མཐའ་དག་ཏུ་ཡང་གསུངས་ལ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པའི་སྟོད་
འགྲེལ་དུ་ཡང་བཤད་དོ། །ཡང་བྱང་ཆུབ་སེམས་དཔའ་པདྨ་དཀར་པོས་འགྲེལ་པ་དྲི་མ་མེད་པར་གྲགས་པར་ཡང་རྒྱས་པར་བཤད་དོ། །སློབ་དཔོན་ཟླ་གྲགས་ཀྱིས་སྒྲོན་མ་གསལ་བར་ཡང་བཤད་དེ་དོན་གོ་བར་ཡང་མ་གསུངས་སོ། །དེ་ཡང་འགྲེལ་པ་དྲི་མ་མེད་པ་ལ་བརྟེན་ནས་
སྦྱོར་བ་ཡན་ལག་དྲུག་རྒྱས་པར་བཤད་པར་བྱ་སྟེ། དེ་ལ་དང་པོ་སོ་སོར་སྤོང་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་སོ་སོར་སྤོང་བ་ན་མིག་གི་དབང་པོ་ཡུལ་རྣམས་ལས་ལོག་པའོ། །རྣ་བའི་དབང་པོ་སྒྲ་རྣམས་ལས་ལོག་པའོ། །སྣའི་དབང་པོ་དྲི་རྣམས་ལས་ལོག་

པའོ། །ལྕེའི་དབང་པོ་རོ་རྣམས་ལས་ལོག་པའོ། །ལུས་ཀྱི་དབང་པོ་རེག་བྱ་འཇམ་རྩུབ་རྣམས་ལས་ལོག་པ་ནི་སོ་སོར་སྤོང་བའི་མཚན་ཉིད་དོ། །འདིར་སོ་སོར་སྤོང་བའི་སྒྲ་ནི་དང་པོའི་ལས་ཅན་གྱི་རྣལ་འབྱོར་པའམ། རྣལ་འབྱོར་མ་རྣམས་ཀྱི་སྤྱོད་ཡུལ་
ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྒྱལ་བའི་དབང་པོ་ཞེས་བྱ་བ་ནི་ཤེས་བྱ་ཐམས་ཅད་འཛིན་པར་བྱེད་པ། ཡེ་ཤེས་ཀྱི་ཕུང་པོ་ཡིན་ཞེས་བརྗོད་དོ། །དེ་ཡང་ཡེ་ཤེས་ཀྱི་ཕུང་པའི་སྤྱོད་ཡུལ་དུ་གྱུར་པའི་མཚན་མའི་དབྱེ་བ་རྣམ་པ་བཅུ་གཅིག་གཟུང་བར་བྱ་སྟེ། དེ་ཡང་དང་པོར་སོ་སོར་སྤོང་
བའི་དུས་སུ་ལྟ་བ་ལྟ་བུ་དང་། གཉིས་པ་སྨིག་རྒྱུ་ལྟ་བུ་དང་། གསུམ་པ་ནམ་མཁའ་གསལ་བ་ལྟ་བུ་དང་། བཞི་པ་མར་མེ་ལྟ་བུ་དང་། ལྔ་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་རྣམས་ནི་གསང་བ་འདུས་པའི་རྒྱུད་ཕྱི་མར་གསུངས་ཏེ། དེ་ལྟ་ནི་སོ་སོར་སྤོང་བའི་མཚན་མོའི་རྣལ་འབྱོར་
གྱི་སྦྱོར་བས་དེ་རྣམས་མཐོང་བར་འགྱུར། དེ་ནི་སོ་སོར་སྤོང་བ་དང་པོའི་བཤད་པའོ། །ཡང་སོ་སོར་སྤོང་བ་གཉིས་པ་ནི་ཉིན་མོའི་རྣལ་འབྱོར་གྱི་སྦྱོར་བས་མཚན་མ་རྣམ་པ་དྲུག་འབྱུང་བ་ཉིད་དེ། དང་པོ་འབར་བ་ལྟ་བུ་དང་། དེ་ནས་ཟླ་བ་ཤར་བ་ལྟ་བུ་དང་། དེ་ནས་ཉི་མའི་དཀྱིལ་འཁོར་
ཤར་བ་ལྟ་བུ་དང་། དེ་ནས་འཇའ་ལྟ་བུ་དང་། དེ་ནས་གློག་ལྟ་བུ་སྟེ། དེ་ལ་སྒྲ་གཅན་འཛིན་ལྟ་བུ་དང་ཞེས་བྱ་བ་ནི་ཕྱི་རོལ་སྔོ་བསངས་ནམ་མཁའི་མདོག་དང་འདྲ་བ་ཟླུམ་པའོ། །དེའི་ནང་དུ་ངུར་སེར་དུ་གནས་པའི་འོད་ཟེར་འཕྲོ་བ་ལྟ་བུ་སྣང་བ། ཆ་ཕྲ་ལ་འཚོར་བ་འདར་བ། གཞིག་
པར་དཀའ་བའོ། །དེའི་ནང་ན་ཐིག་ལེ་ལྟ་བུ་ཞེས་བྱ་བ་ནི་འོད་ཟེར་འཕྲོ་བ་ལྟ་བུ་སྣང་བ་ནི་འོད་ཟེར་ལྔའི་ཚོགས་གནས་པའི་ཆེ་ཆུང་སྐྲའི་རྩེ་མོའི་ཚད་ཙམ་དུ་རྣལ་འབྱོར་པས་མཐོང་བ་ནི་ཐིག་ལེ་ལྟ་བུ་སྟེ་དེ་ནི་སོ་སོར་སྤོང་བ་གཉིས་པའི་བཤད་པའོ། །ད་ནི་བསམ་གཏན་བཤད་པར་བྱ་སྟེ། དེ་ལ་
བསམ་གཏན་ཞེས་བྱ་བ་ནི་དམིགས་པའི་ཡུལ་དེ་ཉིད་ལ་སེམས་མི་གཡོ་ཞིང་མི་ལྡོག་པར་གནས་པ་ནི་བསམ་གཏན་དང་པོའོ། །ཡང་བསམ་གཏན་གཉིས་པ་ནི་དེ་ལྟར་བསྒོམས་པའི་དབང་གིས་དེ་ལྟར་ཡང་མཐོང་བའི་དབྱེ་བས་བརྟགས་པ་མ་ཡིན་པའི་མཐོང་བ་ནི་ཡེ་ཤེས་ཀྱི་ཕུང་པོ་ཞེས་པ་ནི་རྣལ་འབྱོར་པའི་ལུས་

འདི་ཉིད་ཁོ་ནས་མཐོང་བའོ། །དེ་བཞིན་དུ་བསམ་གཏན་མི་བསྐྱོད་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པ་བཅུ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཅིང་སེམས་ཕྱིར་མི་འཕྲོ་བར་ནང་དུ་དབུ་མར་ཞུགས་པ་ཉིད་དེ། སྣ་ཚོགས་པའི་སྐུ་སྟེ་བསམ་གཏན་གཉིས་པ་ཞེས་བརྗོད་དོ། །ད་ནི་སྲོག་
དང་རྩོལ་བ་བརྗོད་པར་བྱ་སྟེ། དེ་ལ་སྲོག་ཅེས་བྱ་བ་ནི་དབུགས་ཕྱིར་འབྱུང་བས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟད་པར་བྱེད་ཅིང་རྩ་རྣམས་སྟོངས་པར་བྱེད། རྩོལ་ཞེས་བྱ་བ་ནི་ནང་དུ་འབྱུང་བ་སྟེ་མི་ཤོར་བར་བྱེད་པའོ། །ཡང་གི་སྒྲས་ནི་རྣལ་འབྱོར་པ་རྣམས་ཀྱི་སྲོག་དང་རྩོལ་བ་འགོག་ན་ཚེ་རིང་ཞེས་
བྱའོ། །རལ་གྲི་ཅན་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། དེ་ཡང་སྲོག་དང་རྩོལ་བས་སྣ་བུག་གཡོན་དང་། སྣ་བུག་གཡས་པ་ནས་རླུང་གི་དཀྱིལ་འཁོར་ལྔ་ལྔ་གཅིག་ཏུ་མཉམ་པར་སོ་སོར་མ་འདྲེས་པར་གྱུར་ཅིང་སྣ་བུག་གཡོན་པ་ནས་ཨོཾ་དཀར་པོར་གྱུར་ནས་ནང་དུ་འཇུག་ཅིང་ལྟེ་བའི་ཧཱུཾ་
ལ་ཐིམ་པ་ནི་རྩོལ་བ་ཞེས་བརྗོད་དོ། །ཧཱུཾ་ལས་ཕྱིར་ཨཱཿདམར་པོར་གྱུར་ནས་སྣ་བུག་གཡོན་པ་ནས་བྱུང་ནས་སོར་བཅུ་བདུན་ཚུན་ཆད་དུ་འཕྲོས་པ་ནི་སྲོག་ཅེས་བྱའོ། །ཡང་སྲོག་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བདེ་བའི་འཕོ་བར་གྱུར་པ་ན་སྲོག་ཅེས་བྱའོ། །རྩོལ་བ་ཞེས་བྱ་བ་ནི་ནང་དུ་
འཇུག་པ་ལ་ཡང་རྣམ་པ་བཅུར་ཧཱུཾ་ལ་ཐིམ་པར་གནས་པ་ནི་རྩོལ་པ་ཞེས་བརྗོད་དོ། །དེ་ཡང་སྲོག་དང་རྩོལ་བ་ཡང་རྣམ་པ་བཅུར་རྣལ་འབྱོར་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ནི་སྲོག་དང་རྩོལ་བའི་བཤད་པའོ། །དེ་ནི་འཛིན་པ་བཤད་པ་ནི་འཛིན་པ་བཤད་པར་བྱ་སྟེ། དེ་ལ་
འཛིན་པའི་ངོ་བོ་བརྗོད་པར་བྱ་སྟེ། རིན་པོ་ཆེའི་ཕྱག་རྒྱ་ཞེས་བྱ་བ་ནི་ཚོར་བའི་ཕུང་པོ་ཉམས་སུ་མྱོང་བའོ། །ཚོར་བ་ནི་བདེ་བ་དེ་འཛིན་པ་སྟེ། མི་འགྱུར་བའམ། བརྟན་པས་ན་འཛིན་པ་སྟེ། སྐུའི་ཐིག་ལེ་འཛིན་པ་དང་། གསུང་གི་ཐིག་ལེ་འཛིན་པ་དང་། ཐུགས་ཀྱི་ཐིག་ལེ་འཛིན་པ་
དང་། ཡེ་ཤེས་ཀྱི་ཐིག་ལེ་འཛིན་པ་རྣམས་བདེ་བ་ཆེན་པོའི་འཁོར་ལོ་རྣམས་དང་། སྤྲུལ་པའི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། དཔྲལ་བར་དབང་བྱེད་ཀྱི་འཁོར་ལོ་དང་། གཙུག་ཏོར་གྱི་འཁོར་ལོ་རྣམས་སུ་ཀུན་རྫོབ་བྱང་ཆུབ་སེམས་དབུ་

མ་ནས་འགྲོ་བ་དང་། འོང་བའི་རང་བཞིན་མི་འཕོ་བར་གནས་པ་ནི་འཛིན་པའི་དབྱེ་བས་རླུང་རྣམ་པ་བཅུ་འགྲོ་བ་དང་འོང་བ་སྟེ། དེ་ནི་འཛིན་པའི་ཡན་ལག་ཏུ་བརྗོད་དེ། དེས་ནི་འཛིན་པ་བཤད་དོ། །དེ་ནི་རྗེས་སུ་དྲན་པ་བཤད་པར་བྱ་སྟེ། དེ་ལ་དྲན་པ་ཞེས་བྱ་བ་ནི་ལྟེ་བ་ཆོས་
ཀྱི་འབྱུང་གནས་དཀྱིལ་འཁོར་དོན་དམ་པ་བྱང་ཆུབ་ཀྱི་སེམས་གཞོམ་དུ་མེད་པ་ཞེས་བྱ་བ་གཏུམ་མོ་མེའི་རྣམ་པ་སོར་གཅིག་པ། ཕྲ་བ་ལ་ཁ་དོག་དཀར་མོ་འཚེར་བ་འདོད་ཆགས་ཀྱི་མེས་ཐམས་ཅད་གདུངས་ཤིང་སྲེག་པ། ལུས་ཀུན་ལ་ཁྱབ་པར་བྱེད་པའི་ནུས་པ་ཡོད་པ་དེ་ལས་སེམས་ཀྱིས་
རྗེས་སུ་དྲན་པ་ནི་དྲན་པ་ཞེས་བྱའོ། །ཡང་ཤེས་རབ་ཀྱི་པདྨར་བྱང་ཆུབ་ཀྱི་སེམས་འཛིན་པའི་དུས་སུ་དམིགས་པའི་ཡུལ་མི་བརྗེད་པས་ན་དྲན་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། རླུང་རྣམ་པ་བཅུ་གསང་བའི་རྡོ་རྗེ་དང་པདྨ་གཉིས་གཉིས་སུ་མེད་ཅིང་གཅིག་པར་གྱུར་བའི་ཤེས་རབ་ཀྱི་ཆགས་
པས་བཞུ་བའི་བདེ་བ་དེ་ལ་ཉོན་མོངས་པར་མི་རྟོག་ཅིང་མི་ཆགས་པ་ནི་དྲན་པ་ཡིན་ཏེ། དེ་ཡང་གཡུང་མོ་རྗེས་སུ་དྲན་པའོ། །ཡང་དྲན་པ་ཞེས་པ་ནི་རྩ་དབུ་མ་ཨ་བ་དྷཱུ་ཏཱིར་འདོད་པའི་བདེ་བའི་གནས་སྐབས་སུ་རླུང་རྣམ་པ་བཅུའི་དབྱེ་བས་འགོག་ནུས་ཤིང་བདེ་བ་ལ་མི་ཆགས་ན་ཡང་རྩ་རྗེས་སུ་
དྲན་པའི་དྲན་པ་ཞེས་བརྗོད་དོ། །རྗེས་སུ་དྲན་པ་བཤད་ཟིན་ཏོ། །ད་ནི་ཏིང་ངེ་འཛིན་བཤད་པར་བྱ་སྟེ། དེ་ལ་ཏིང་ངེ་འཛིན་ཅེས་བྱ་བ་བརྗོད་པ་ལ། དཔལ་གྱི་ཏིང་ངེ་འཛིན་འཁོར་ལོ་ཅན་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ཏེ། རླུང་རྣམ་པ་བཅུ་གཙུག་
ཏོར་གྱི་འཁོར་ལོར་འགོག་པས་ན་ཏིང་ངེ་འཛིན་ཞེས་བྱ་བར་བརྗོད་དེ། དེ་ལྟ་ན་ནི་བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བརྗོད་དོ། །དེ་ཅིའི་ཕྱིར་ན་མྱ་ངན་ལས་འདས་པ་ཞེས་བརྗོད་ཅེ་ན། སངས་རྒྱས་རྣམས་ནི་གཙུག་ཏོར་གྱི་འཁོར་ལོ་ནས་གསང་བ་བདེ་བ་ཆེན་
པོའི་འཁོར་ལོའི་པར་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་པ་བྱང་ཆུབ་ཀྱི་སེམས་གཉིས་གཉིས་སུ་མེད་པར་གྱུར་ཅིང་། སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པ་ལས་རླུང་རྣམ་པ་བཅུ་རྣམས་རྡོ་རྗེའི་ནོར་བུའི་རྩེ་མོར་འགོག་པ་དང་། གཙུག་ཏོར་ཏུ་རྒྱས་པར་མཛད་པ་ནི་དེ་རྣམས་མི་རུང་

བ་དེ་ལ་དགོངས་ནས་མི་གནས་པར་མྱ་ངན་ལས་འདས་པ་ཞེས་ཀྱང་བརྗོད་དོ། །ཏིང་ངེ་འཛིན་བཤད་ཟིན་ཏོ། །ཡང་སོ་སོར་སྤོང་བའི་ལས་བཤད་པར་བྱ་སྟེ། དེ་ལ་སོ་སོར་སྤོང་བའི་ལས་བརྗོད་པར་བྱ་བ་ནི་སོ་སོར་ཞེས་བྱ་བ་ནི་རྣལ་འབྱོར་པའི་ལུས་ལ་ཕྱིའི་ཡུལ་དང་། ནང་གི་ཡུལ་ཡུལ་ཅན་
རྣམ་པ་བཅུ་རྣམས་ཀྱིས་འབྲེལ་པས་རྣམ་པར་ཤེས་པ་ལ་མི་འཇུག་ཅིང་དེ་ཉིད་ལ་བརྟན་པར་གྱུར་པ་ནི་སོ་སོར་སྤོང་བའི་ལས་སོ། །སྤོང་བ་ཞེས་བྱ་བ་ནི་དོན་གོ་བར་མ་གྱུར་པས་ཡུལ་ལ་མི་འཇུག་པའོ། །སོ་སོར་སྤོང་བའི་མཚན་ཉིད་ཀྱི་སྐུའི་ཡུལ་རྣམས་ལ་མིག་ལྔ་ལ་སོགས་པ་གཞན་མངོན་
པར་ཤེས་པ་རྣམ་པ་ལྔ་ལ་འཇུག་པའོ། །དེ་ནི་སོ་སོར་སྤོང་བའི་མཚན་ཉིད་དོ། །ད་ནི་བསམ་གཏན་གྱི་ལས་དང་མཚན་ཉིད་བརྗོད་པར་བྱ་སྟེ། དེ་བཞིན་དུ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ནང་དུ་བདག་ཉིད་ལྟ་བར་བྱའོ། །ཡང་རྟོག་པ་ཞེས་བྱ་བ་ནི་ཕྱི་དང་ནང་དུ་དངོས་པོ་ཐམས་ཅད་ལ་འཛིན་
པར་བྱེད། དེ་ལ་དཔྱོད་པ་ཞེས་བྱ་བ་ནི་དེའི་དོན་ངེས་པར་བྱས་ཞིང་དེའི་རང་བཞིན་ཁོང་དུ་ཆུད་པར་བྱེད་ཅིང་གོ་བར་གྱུར་པའོ། །དགའ་བ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་སྐུ་མཐོང་བ་དེ་ཉིད་ལ་ཞེན་པར་འགྱུར་བར་གནས་པ་ནི་དགའ་བའོ། །དེ་ལ་མི་གཡོ་བའི་བདེ་བ་ཞེས་བྱ་བ་ནི་སྐུ་དང་ལྷན་ཅིག་ཏུ་
སེམས་འདྲེས་པར་གྱུར་ནས། མ་ཉམས་པ་ལ་གསལ་བའི་བདག་ཉིད་ཅན་གྱིས་མི་གཡོ་བར་གྱུར་པའོ། །དེ་ལྟར་ན་གཟུང་བ་དང་འཛིན་པའི་དབྱེ་བས་རླུང་རྣམས་དང་འདྲེས་པའི་བསམ་གཏན་རྣམ་པ་བཅུ་རྣལ་འབྱོར་པས་ཤེས་པར་བྱའོ། །དེ་ནི་བསམ་གཏན་གྱི་མཚན་ཉིད་དོ། །དེ་ལྟར་
སོ་སོར་སྤོང་བའི་མཚན་ཉིད་དང་། བསམ་གཏན་གྱི་མཚན་ཉིད་བཤད་ཟིན་ཏོ། །ད་ནི་སྲོག་དང་རྩོལ་བའི་ལས་དང་མཚན་ཉིད་བཤད་པར་བྱ་སྟེ། དེ་ལ་སྲོག་ཅེས་བྱ་བ་ནི་སྣ་བུག་གཡོན་པ་དང་གཡས་པ་གཉིས་ནས་གཅིག་ལ་གཅིག་ཅར་དུ་རྒྱུན་མི་འཆད་པར་རྒྱུ་བ་ནི་སྲོག་གི་ལས་སོ། །སྲོག་གི་
མཚན་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་དབུ་མར་དབུགས་བཅུ་གཅིག་དང་བཞི་ཆ་རྒྱུས་ནས་བདེ་བ་བསྐྱེད་པ་ནི་སྲོག་གི་མཚན་ཉིད་དོ། །རྩོལ་བ་ཞེས་བྱ་བ་ནི་གཡོན་པ་དང་གཡས་པའི་སྣ་བུག་ནས་ནང་དུ་འཇུག་ཅིང་གནས་པ་ནི་རྩོལ་བའི་ལས་སོ། །རྩོལ་བའི་མཚན་ཉིད་ནི་གཡོན་པ་དང་གཡས་

པའི་སྣ་བུག་ནས་རྒྱུ་བའི་སྲོག་འགོག་ཅིང་དབུས་མའི་ལམ་དུ་འཇུག་པའི་རྩོལ་བའི་མཚན་ཉིད་དོ། །དེ་ལྟར་རླུང་རྣམ་པ་བཅུ་སྟེ། ནམ་མཁའ་དང་ས་ལ་སོགས་པའི་དཀྱིལ་འཁོར་རྣམ་པ་བཅུ་རྩ་དབུས་མར་འགོག་པར་བྱེད། དེས་ནི་སྲོག་དང་རྩོལ་བའི་ལས་དང་མཚན་
ཉིད་བཤད་ཟིན་ཏོ།། །།ད་ནི་ཐིག་ལེའི་མཚན་ཉིད་བརྗོད་པར་བྱ་སྟེ། འདིར་ཐིག་ཅེས་བྱ་བ་ནི་ཤེས་བྱའི་དངོས་པོ་གཏན་ལ་འབེབས་པ་སྟེ། དངོས་པོ་མི་འགྱུར་བར་བྱེད་པའོ། །ལེ་ཞེས་བྱ་བ་ནི་དཔྲལ་བའི་དབུས་སུ་ཕུག་རྡུགས་ཀྱི་རྩ་སྲོག་གི་རླུང་བཅུག་ཅིང་། བླ་མའི་མན་ངག་ལྟར་རྣལ་འབྱོར་
པས་བསྒོམས་པས་སྔར་རྩ་མ་ཉམས་པ་རྣམས་རྣལ་འབྱོར་གྱི་སྟོབས་ཀྱིས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཐིག་ལེ་རྒྱས་ཤིང་ཐམས་ཅད་ཁྱབ་པར་བྱེད་པ་ནི་ཐིག་ལེ་ཞེས་བརྗོད་དོ། །དེ་ནི་ཐིག་ལེའི་མཚན་ཉིད་བཤད་ཟིན་ཏོ། །ད་ནི་དང་གི་སྒྲས་ཐིག་ལེ་བཤད་དོ། །ད་ནི་ཡང་འཛིན་པ་
བཤད་པར་བྱེ་སྟེ། གཉིས་ཀའི་འགྲོ་བ་རབ་ཏུ་འཇིགས། །ཞེས་བྱ་བ་ནི་སྣ་བུག་གཡོན་པ་དང་གཡས་པའི་རླུང་རྒྱུ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ནི་འཇིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། འཕོ་བའི་བདེ་བ་ལ་ཆགས་ཤིང་ཞེན་པ་དང་བཅས་པ་ནི་འཁོར་བར་ཡང་སྐྱེ་བའི་ལས་རབ་ཏུ་བསགས་ཤིང་
དེའི་དབང་གིས་ངན་སོང་གསུམ་དུ་ལྟུང་ཞིང་དམྱལ་བར་སྐྱེ་བ་ནི་འཇིགས་པའོ། །རྣལ་འབྱོར་པ་རྣམས་ཀྱིས་ནི་དཔྲལ་པ་སྲིད་པའི་གནས་སུ་འགྲོ་བ་དང་འོང་བའི་སྲོག་གི་རླུང་བཀག་པས་ནི་གཙུག་ཏོར་གྱི་འཁོར་ལོ་ན་རྩ་ཆེན་པོ་བཞི་གནས་པ་ནི་འབྱུང་བ་བཞི་ལས་གྲུབ་པ་དྲ་བའི་དཔེ་
དང་འདྲ་བར་བྱས་ནས་ལུས་གྲུབ་ཅེས་བྱ་སྟེ། རྩ་ལུས་ཐམས་ཅད་ལ་དྲ་བ་ལྟར་ཁྱབ་ནས་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། དྲ་བ་ནས་མར་ཞུགས་ནས་ལུས་ཐམས་ཅད་ལ་བདེ་བས་ཁྱབ་པར་བྱེད་ཅིང་བདེ་བས་མཉམ་པའོ། །ཡང་སྲོག་གི་རླུང་གིས་ཀྱང་ཐམས་ཅད་ལ་ཁྱབ་པར་གནས་
པའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ལ་ཚོར་བ་མཉམ་དུ་སྐྱེ་ཞིང་རུལ་བ་དང་སྐམས་པ་མེད་པ་ནི་སྲོག་གི་རླུང་ཐམས་ཅད་ལ་ཁྱབ་པར་གནས་སོ། །དེའི་ཕྱིར་རྣལ་འབྱོར་པ་ནི་རྩའི་དྲ་བ་ནས་མར་ཐིག་ལེ་བཞིས་ལུས་ཐམས་ཅད་ལ་ཁྱབ་པར་གནས་ཤིང་ལུས་བདེ་བ་དང་བཅས་

ཤིང་གསལ་བ་མི་རྟོག་པ་བསྒོམས་པས་ནི་སྲིད་པའི་རྩེ་མོ་ལས་གྱེན་དུ་སྐྱོད་པར་བྱེད་ཅིང་ཐམས་ཅད་མན་ངག་ཁྱད་པར་ཅན་རྣམས་འཛིན་ཏོ། །ཡང་འཛིན་པའི་མཚན་ཉིད་ནི་དཔྲལ་བར་སྲོག་འགོག་པ་དང་། རྡོ་རྗེ་ནོར་བུའི་རྩེ་མོར་སྲོག་གི་རླུང་འགག་པ་དང་། རྡོ་རྗེའི་རྩ་བར་སེམས་རྩེ་
གཅིག་པར་གྱུར་པས་བྱང་ཆུབ་ཀྱི་སེམས་མི་འཕོ་བའི་བདེ་བ་འཛིན་པར་བྱེད་པས་ན་འཛིན་པའི་མཚན་ཉིད་ཅེས་བརྗོད་དོ། །དེས་ན་འཛིན་པའི་ལས་དང་མཚན་ཉིད་བཤད་ཟིན་ཏོ། །ད་ནི་ཡང་རྗེས་སུ་དྲན་པའི་ལས་དང་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ལ་གཏུམ་མོ་ཞེས་བྱ་བ་ནི་མི་སྲུན་
པའོ། །ཡང་ན་ཤིན་ཏུ་ཀུན་ལ་ཁྲོ་བའི་རང་བཞིན་ཅན་ནི་གཏུམ་མོའོ། །དཔེ་དེ་ལྟ་བུའི་རང་བཞིན་ནི་ཤེས་རབ་ཀྱི་བྱ་གདོང་མ་ལ་ཡོན་ཏན་ཡོད་པས་གཏུམ་མོ་ཞེས་མིང་དུ་བཏགས་སོ། །ཡང་ཉོན་མོངས་པ་རྣམས་མི་སྐྱེ་བའི་ནུས་པ་ཡོད་པས་ན་གཏུམ་མོའོ། །ཡང་ཤིན་ཏུ་མྱུར་བའི་ཡོན་
ཏན་ནམ། །དྲག་པོར་གཅོད་པའི་ཡོན་ཏན་ནམ། །མྱུར་དུ་སྨིན་པར་བྱེད་པའི་རང་བཞིན་ནམ། །དངོས་པོ་ཐམས་ཅད་བརྗེད་པའམ། །དམིགས་པ་མེད་པར་བྱེད་པས་ན་གཏུམ་མོ་སྟེ་དྲན་པའི་ལས་སོ། །དྲན་པའི་མཚན་ཉིད་དེ་ནི་འཇིག་རྟེན་གསུམ་པོ་ཐམས་ཅད་དུ་སྣང་བར་བྱེད་པའོ། །སྲིད་
པ་གསུམ་གྱི་ནམ་མཁའ་ལ་འཕགས་པར་བྱེད་ཅིང་མི་གཡོ་བར་གྱུར་པས་ན་གཏུམ་མོ་དུག་གསུམ་སྲེག་པར་བྱེད་པའོ། །དེ་རྣམས་དྲན་པས་ན་དྲན་པ་ཞེས་བརྗོད་དོ། །དེས་ནི་རྗེས་སུ་དྲན་པ་བཅུར་བསྟན་པའོ། །ད་ནི་ཏིང་ངེ་འཛིན་གྱི་ལས་དང་མཚན་ཉིད་བརྗོད་པར་བྱ་སྟེ། དེ་
ལ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཞེས་བྱ་བ་ནི་ཤེས་བྱ་དང་ཡེ་ཤེས་རོ་གཅིག་ཏུ་འདྲེས་པར་གྱུར་པའི་ཡུལ་ཐམས་ཅད་འགག་པར་འགྱུར་བ། སྤྲོས་པའི་མཐའ་དང་བྲལ་བ་སེམས་མཆོག་ཏུ་མི་འགྱུར་བའི་དབང་གིས་ཆོས་ཀྱི་སྐུ་ནམ་མཁའ་ལ་སྤྲིན་དངས་པ་ལྟ་བུའི་སེམས་གསལ་བ་
རྟོགས་པར་འགྱུར་རོ། །དེ་ནི་ཏིང་ངེ་འཛིན་གྱི་ལས་སོ། །ཏིང་ངེ་འཛིན་གྱི་མཚན་ཉིད་ནི་ཡེ་ཤེས་ཀྱི་སྐུ་དེ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རྙེད་པར་འགྱུར་རོ། །དེ་ཡང་སྲོག་གི་རླུང་རྣམ་པ་བཅུ་ལ་སོགས་པ་རྣལ་འབྱོར་པས་འགགས་པའམ། མེད་པར་གྱུར་ཅིང་སེམས་མི་གཡོ་བར་གྱུར་པས་

མཐོང་ཞེས་པ་ནི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པར་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་དུ་གསུངས་སོ། །དེས་ནི་ཏིང་ངེ་འཛིན་གྱི་ལས་དང་མཚན་ཉིད་བཤད་ཟིན་ཏོ། །དེ་ཡན་ཆད་སྦྱོར་བ་ཡན་ལག་དྲུག་གི་དབྱེ་བ་དང་མཚན་ཉིད་དང་ལས་རྣམས་བསྟན་ནས། ད་ནི་
ཡོན་ཏན་བརྗོད་པར་བྱ་སྟེ། དེ་ལྟར་སྦྱོར་བ་ཡན་ལག་དྲུག་གསུངས་པའི་སྒྲུབ་ཐབས་ཏེ། འདི་ནི་ཆུ་སོགས་དབྱེ་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །སྣ་ཚོགས་བདག་པོའི་སྒྲུབ་ཐབས་ནི། །དུས་ཀྱི་འཁོར་ལོ་དེ་རིག་གོ། །ཕྱག་རྒྱ་གསུམ་དང་ཚད་གསུམ་གྱི། །རྣམ་པ་གསུམ་གྱི་
འགྲོ་དབང་གིས། །རྣལ་འབྱོར་རྣམས་ལ་ཐར་སྟེར་རོ། །དེ་ལ་ཆུ་སོགས་དབྱེ་བ་ཡིས། །ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ཆོས་དང་ལྡན་པ་ལོ་བཅུ་གཉིས་མའམ། བཅུ་དྲུག་མའམ། ཉི་ཤུ་ལོན་པའོ། ཡེ་ཤེས་ཀྱི་ཕྱག་རྒྱ་ལྷ་མོའམ། ཀླུ་མོའམ། མི་མོ་གང་ལ་མོས་པའམ། ཡེ་ཤེས་ཀྱི་
ལྷ་མོའམ། མཁའ་འགྲོ་མའོ། །ཕྱག་རྒྱ་ཆེན་མོའོ། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་ལོ་བཅུ་གཉིས་མ་ལ་སོགས་པ་ལ་བརྟེན་ནས་བདེ་བ་ལ་སེམས་གཏད་ཅིང་དམིགས་པ་ཡིས་ནི་བྱང་ཆུབ་ཀྱི་སེམས་འཛག་པས་ནི་འགྲོ་བའི་རྣལ་འབྱོར་
པའི་བདེ་བ་ཚད་ཆུང་ངུར་འགྱུར་ཏེ། དེའི་དངོས་གྲུབ་ཀྱི་འབྲས་བུ་ནི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྣལ་འབྱོར་པས་བསྒྲུབས་པས་འཛག་པའི་བདེ་བ་ཆུང་ངུ་ཆུའི་ཡོན་ཏན་ཞེས་པ་ནི་འཇིག་རྟེན་པ་རྣམས་དང་དགའ་བ་སུམ་འགྱུར་དུ་འབྱུང་བ་དེས་ནི་འདོད་ཁམས་ཀྱི་ལྷའི་ལོངས་སྤྱོད་དང་རྒྱན་དང་།
འཁོར་ཁྱད་པར་ཅན་ཐོབ་པར་གྱུར་པ་ནི་ཕན་ཡོན་དང་བོའོ། །ཡང་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ལྷ་མོ་ལ་སོགས་པ་དམིགས་པའི་ཡུལ་དུ་བྱས་ནས་སེམས་བདེ་བ་ལ་གཏད་ནས་བདེ་བ་སྐྱེད་པ་ནི་ཆུའི་ཡོན་ཏན་ཞེས་པ་ནི་བདེ་བ་འཇིག་རྟེན་པ་དང་བདེ་བ་བཞི་འགྱུར་དུ་འབྱུང་བ་ནི་རྣལ་འབྱོར་པའི་
འབབ་པའི་འགྲོ་བ་ནི་བདེ་བའི་ཚད་འབྲིང་པོར་འགྱུར་ཏེ། དེས་དངོས་གྲུབ་ཀྱི་འབྲས་བུ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྣལ་འབྱོར་པས་བསྒོམས་པ་ནི་གཟུགས་ཁམས་ཀྱི་ལྷ་བཅུ་བདུན་གྱི་བདེ་བའམ། ལོངས་སྤྱོད་དང་རྒྱན་དང་འཁོར་ཁྱད་པར་ཅན་རྣམས་སྐྱེ་བ་

གཅིག་གིས་ཐོབ་པར་འགྱུར་ཞེས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེའུར་གསུངས་ཏེ། དེ་ནི་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་ཡིན་གྱིས། ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་ནི་མ་ཡིན་ཞེས་དེ་ལ་འབྱུང་ངོ་། །འདི་ནི་ཕན་ཡོན་གཉིས་པའོ། །ཕྱག་རྒྱ་ཆེན་པོ་སྟོང་པ་ཉིད་
དང་སྙིང་རྗེ་དབྱེར་མི་ཕྱེད་པའི་ཕྱག་རྒྱ་ཆེན་མོ་ལ་དམིགས་པའི་བདེ་བ་བསྐྱེད་པ་ནི་མི་འབབ་པའི་བདེ་བ་ཆེན་པོ་དེ་ནི་རྣལ་འབྱོར་མཆོག་གི་ཡང་མཆོག་ཅེས་བྱ་སྟེ། སའི་ཡོན་ཏན་ཞེས་པ་ནི་ལྔ་འགྱུར་དུ་འབྱུང་བའི་བདེ་བ་དེས་ནི་སྐད་ཅིག་ཙམ་ཡིད་ལ་བྱས་ཀྱང་སྲིད་པ་ལས་གྱེན་དུ་གཤེགས་སོ་ཞེས་
བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དཔེར་ན་ནགས་ཆེན་པོ་དཔག་ཏུ་མེད་པ་ཡོད་ཀྱང་གཙུབ་ཤིང་ལས་བྱུང་བའི་མེ་ཤིན་ཏུ་ཆུང་ཡང་ནགས་དེ་རྣམས་མེ་དེས་ཐམས་ཅད་སྲེག་པ་དང་མཚུངས་ཏེ། ལུས་དང་ངག་དང་ཡིད་དང་ཡེ་ཤེས་ཀྱི་སྒྲིབ་པའམ། བག་ཆགས་དཔག་ཏུ་མེད་པ་ཡོད་
ཀྱང་། སྟོང་པ་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་རྟོག་པ་ཐམས་ཅད་སྤངས་ནས་ཐུན་གཅིག་བསྒོམས་ནས་དག་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་དུ་གསུངས་ཏེ། ངེས་པའི་དོན་ཏོ། །དེ་ཡང་ཕྱག་རྒྱ་ཆེན་པོས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གའི་
འབྲས་བུ་དང་བདེ་བ་བསྐྱེད་པར་འགྱུར་རོ། །དེ་ལྟར་ཕྱག་རྒྱ་གསུམ་ལ་རྣལ་འབྱོར་པས་བསྒོམས་པས་དངོས་གྲུབ་ཀྱང་གསུམ་དུ་དེ་ལྟར་འབྱུང་བར་འགྱུར་རོ། །སྣ་ཚོགས་བརྟན་པའི་སྒྲུབ་ཐབས་ནི་དུས་ཀྱི་འཁོར་ལོས་དེ་རིག་གོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སྦྱོར་བ་ཡན་ལག་དྲུག་
བསྒོམ་པར་བྱ་ཞེས་གསུངས་ཏེ། རྣལ་འབྱོར་པས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་དོན་དུ་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ཕྱག་རྒྱ་གསུམ་དང་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་གསུམ་ལ་བརྟེན་
ནས་བསྒོམ་པའོ། །ཚད་གསུམ་དང་ཞེས་བྱ་བ་ནི་སྐྱེས་བུ་བློ་དམན་པ་དང་། སྐྱེས་བུ་བློ་འབྲིང་དང་། སྐྱེས་བུ་བློ་རྩལ་རབ་ཏུ་ཕྱིན་པ་རྣམས་ལ་ཕྱག་རྒྱ་གསུམ་ཅི་རིགས་པར་སྦྱིན་པར་བྱའོ། །དང་གི་སྒྲས་ནི་ཕྱག་རྒྱ་གསུམ་ལས་མི་འཕོ་བར་ཉམས་སུ་ལོང་ཤིག་པར་བསྟན་པའོ། །རྣམ་པ་

གསུམ་གྱིས་འགྲོ་དབང་གིས། །ཞེས་བྱ་བ་ནི་ཕྱག་རྒྱ་གསུམ་གྱིས་སྔ་མའི་སངས་རྒྱས་རྣམས་དང་། མ་བྱོན་པའི་སངས་རྒྱས་རྣམས་དང་། ད་ལྟར་གྱི་ཤཱཀྱ་ཐུབ་པ་ཡང་དེ་ལ་བརྟེན་ནས་སངས་རྒྱས་སོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་རྣམས་ལ་ཐར་སྟེར་རོ། །ཞེས་བྱ་བ་ནི་དེ་
ལྟར་ཕྱག་རྒྱས་གསུམ་ལ་བརྟེན་ནས་བསྒྲུབས་ན་ཞི་བ་དང་གྲོལ་བའི་རྒྱུར་འགྱུར་ཞིང་ཆོས་ཀྱི་སྐུར་འགྱུར་ཞེས་བྱ་བའི་དོན་ཏོ། །སོ་སོར་སྤོང་བ་ལ་སོགས་པའི་ཕན་ཡོན་བཤད་ཟིན་ཏོ། །ད་ནི་སོ་སོར་སྡུད་པའི་འབྲས་བུ་བཤད་པར་བྱ་སྟེ། དེ་ལ་འདིར་སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པ་
གསུམ་སྟེ། འདིར་རྣལ་འབྱོར་པས་མཚན་མོ་བསྒོམས་པའི་དུས་སུ་སོ་སོར་སྡུད་པ་ཡང་དག་པར་འགྱུར་ཏེ། སྟོང་པ་ཉིད་ཀྱི་སྐུ་ལ་བརྟན་པར་གྱུར་པ་དེའི་ཚེ། རྣལ་འབྱོར་པ་ལ་སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་ཚིག་གིས་མཆོག་སྟེར་བ་ཞེས་བྱ་བ་ནི་ངག་གི་སྨྲ་བ་ཐམས་
ཅད་བཙུན་པ་དང་། ཅི་སྨྲས་པ་ཀུན་ཡང་སེམས་ཅན་རྣམས་ལ་སྙན་པར་འགྱུར་རོ། །ལོངས་སྤྱོད་དང་ཡོ་བྱད་ཐམས་ཅད་འཕེལ་བར་འགྱུར་རོ། །དེས་ནི་སོ་སོར་སྡུད་པའི་འབྲས་བུ་བརྗོད་དེ་བཤད་ཟིན་ཏོ། །ད་ནི་བསམ་གཏན་གྱི་འབྲས་བུ་བཤད་པར་བྱ་སྟེ། དེ་ལ། བསམ་གཏན་སྦྱོར་
བ་དག་པ་ཡིས། །མངོན་པར་ཤེས་པ་ལྔ་པོ་ནི། །ཐོབ་པར་འགྱུར་རོ་མི་ཡི་བདག །ཅེས་བྱ་བ་གསུངས་པ་ལ། དེ་ལ། བསམ་གཏན་སྦྱོར་བ་དག་པ་ཡིས། །ཞེས་བྱ་བ་ནི་འདིར་གང་གི་ཚེ་མིག་མི་འཛུམས་པར་བགྲད་པ་དང་། ལུས་མི་འགུལ་བར་བསྲང་བས་ཨ་བ་དྷཱུ་ཏཱིར་ཡིད་
བཙུད་དེ། སེམས་མ་གཡེངས་པར་གནས་པ་དེའི་ཚེ་བསམ་གཏན་དག་པའོ། །མངོན་པར་ཤེས་པ་ལྔ་པོ་ནི། །ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་འབྲས་བུ་རྣམ་པར་དག་པ་ལྷའི་སྤྱན་ལ་སོགས་པ་ལྔ་ཐོབ་པར་འགྱུར་ཏེ། ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་
ཀྱི་སྤྱན་དང་། ཡེ་ཤེས་ཀྱི་སྤྱན་ལ་སོགས་པ་ཐོབ་པར་འགྱུར་རོ། །མིའི་བདག་ཅེས་པ་ནི་འཕགས་པ་འཇམ་དཔལ་ལ་བོད་པའི་ཚིག་ཡིན་ཏེ། དེའི་སྒྲས་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སོགས་ཀྱི་སྒྲས་ནི་དེ་བཞིན་དུ་ལྷའི་སྙན་ལ་སོགས་

པ་ཡང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་བསམ་གཏན་གྱི་འབྲས་བུ་བཤད་ཟིན་ཏོ། །ད་ནི་སྲོག་དང་རྩོལ་བའི་འབྲས་བུ་བརྗོད་པར་བྱ་སྟེ། དེ་ལ་སྲོག་དང་རྩོལ་བ་ཞེས་བྱ་བ་ནི་རྣལ་འབྱོར་པས་གཡོན་ནས་འཇུག་པའི་རླུང་རྒྱུ་བ་ཆད་པ་དང་། གཡས་ནས་ཕྱིར་འབྱུང་བའི་རླུང་རྒྱུ་བ་
འཆད་པས་ན། ཉི་མ་དང་ཟླ་བའི་ལམ་དང་བྲལ་བར་གྱུར་པ་དེའི་ཚེ་སྲོག་བཀག་པས་རྟག་ཏུ་རྩ་དབུ་མ་ནས་རླུང་རྒྱུ་བར་གྱུར་པ་དེའི་ཚེ། སྲོག་དང་རྩོལ་བ་དག་པ་ལས་བྱང་ཆུབ་སེམས་དཔས་མཆོད་པ་སྟེ། སྐུའི་དམ་ཚིག་བསྲུངས་པ་དང་། གསུང་གི་དམ་ཚིག་བསྲུངས་པ་དང་། ཐུགས་
ཀྱི་དམ་ཚིག་བསྲུངས་པ་དང་། ཡེ་ཤེས་ཀྱི་དམ་ཚིག་བསྲུངས་པ་ཞེས་བྱ་བ་ནི་ལུས་ཀྱི་ཐིག་ལེ་མི་འཕོ་བ་དང་། ངག་གི་ཐིག་ལེ་མི་འཕོ་བ་དང་། སེམས་ཀྱི་ཐིག་ལེ་མི་འཕོ་བ་དང་། ཡེ་ཤེས་ཀྱི་ཐིག་ལེ་མི་འཕོ་བ་སྟེ། རྣལ་འབྱོར་ཆེན་པོའི་རང་བཞིན་སྔགས་པར་འགྱུར་ཞེས་བྱ་བའི་དོན་
ཏོ། །དེས་ནི་སྲོག་དང་རྩོལ་བའི་འབྲས་བུ་བཤད་ཟིན་ཏོ། །ད་ནི་འཛིན་པའི་འབྲས་བུ་བརྗོད་པ་སྟེ། ཉོན་མོངས་ལ་སོགས་བདུད་འཇོམས་ཤིང་། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། དེ་ལ། ཉོན་མོངས་ལ་སོགས་བདུད་འཇོམས་ཤིང་། །ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་སྐུ་གཟུང་བ་ལ་འཛིན་
པའི་སེམས་འཇུག་ཅིང་མི་གཡོ་བར་འགྱུར་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་ཆ་མཉམ་པ་སྟེ། ལྷའི་བུའི་བདུད་དང་། འཆི་བདག་གི་བདུད་དང་། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་ཅེས་པ་ནི་ལུས་ཀྱི་སྒྲིབ་པ་དང་། ངག་གི་སྒྲིབ་པ་དང་། ཡིད་ཀྱི་སྒྲིབ་པ་
དང་། ཡེ་ཤེས་ཀྱི་སྒྲིབ་པ་རྣམས་མི་འབྱུང་ངོ་། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། །ཞེས་པ་ནི་འཛིན་པའི་སྟོབས་ཀྱིས་སྲོག་གི་རླུང་འགྲོ་བ་དང་། འོང་བའི་བྱེ་བྲག་མེད་པར་འགྱུར། ཟད་པར་འགྱུར། འགགས་པར་གྱུར་པས་ནི་ལྟེ་བའི་གཞོམ་དུ་མེད་པ་ལ་དབུགས་ཐིམ་པར་གྱུར་
པས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་པ་བྱང་ཆུབ་ཀྱི་སེམས་གཅིག་ཏུ་འདྲེས་པས་དཔྲལ་བར་སྲོག་འགོག་པ་ནི་ས་བཅུ་ཐོབ་པས་སྟོབས་བཅུ་འབྱུང་བ་ནི་འཛིན་པ་ལས་ཐོབ་པར་འགྱུར་རོ། །འཛིན་པའི་འབྲས་བུ་བཤད་ཟིན་ཏོ། །ད་ནི་རྗེས་སུ་དྲན་པའི་འབྲས་བུ་བརྗོད་པར་བྱ་སྟེ། །དེ་

ལ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་འདིར་ཤེས་རབ་སྟོང་པ་ཉིད་ཀྱི་སྐུ་ལ་ཐབས་སྙིང་རྗེའི་བདག་ཉིད་འཁྱུད་པས་རྗེས་སུ་དྲན་པ་ནི་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་སེམས་བདེ་བ་ལ་གནས་པ་ནི་དྲན་པའོ། །ཡང་
དྲན་བས་དེས་གཟུང་བ་དེའི་ཕྱིར་གང་དག་དེའི་ཚེ་དྲི་མ་མེད་པའི་འོད་འཕྲོ་བའི་དཀྱིལ་འཁོར་དུ་བསམ་པ་ནི་བདག་གི་བདེ་བ་འདིས་སེམས་ཅན་ཐམས་ཅད་ཀྱང་བདེ་བ་འདི་ལྟ་བུ་དང་ལྡན་པར་གྱུར་ལ། བདག་ཀྱང་དུས་འདི་ནས་བརྩམས་ནས་སྙིང་པོ་བྱང་ཆུབ་ལ་གཏུགས་ཀྱི་བར་དུ། བདེ་
བ་འདི་དང་མི་འབྲལ་བར་གྱུར་ཅིག་པ་ནི་དྲན་པའོ། །ཡང་བདེ་བ་དེ་ཉིད་ཇི་ལྟར་སྟོང་པ་བཞིན་དུ་ཁམས་གསུམ་པོ་དག་འདི་དག་ཐམས་ཅད་ཀྱང་སྐད་ཅིག་མའི་སོ་སོ་ལ་མི་གནས་པའོ་ཞེས་བསམ་པ་ཡང་དྲན་པའོ། །ཡང་ཐིག་ལེ་གསུམ་པོ་རྫོགས་པའི་སྐད་ཅིག་མ་དེ་ཉིད་ནི་ཤེས་
རབ་ཡེ་ཤེས་སོ་ཞེས་དྲན་བས་ན་དྲན་པའོ། །ཡང་ཡེ་ཤེས་ཀྱི་ཐིག་ལེ་དེ་ཉིད་རྫོགས་པའི་བདེ་བ་དེ་ཉིད་ནི་དཔེའི་བཞི་པ་ཡིན་ཞེས་བྱ་བར་དྲན་པས་ན་དྲན་པའོ། །ཡང་ཐིག་ལེ་བཞི་གསང་བའི་པདྨར་སྤྲོས་པས་ནི་སྐུ་བཞི་སྤྲུལ་པ་བྱེ་བ་ཕྲག་ཕྱེད་དང་བཞི་བཀྱེ་བས་ཤེས་རབ་ཀྱི་སྐྱེ་
གནས་དང་། སྐྲ་དང་སོ་དང་། སེན་མོ་ལ་སོགས་པ་ཐམས་ཅད་གདུལ་བྱའོ། །འགྲོ་རྣམས་འདུལ་བར་བསམས་པ་ནི་དྲན་པའོ། །ཡང་རྣལ་འབྱོར་པ་དང་རྣལ་འབྱོར་མ་གཉིས་ཀྱི་ལུས་ཀྱི་བ་སྤུའི་བུ་ག་བྱེ་བ་ཕྲག་ཕྱེད་དང་བཞི་ནས་བདེ་བའི་འོད་ཟེར་དང་སྤྲུལ་པ་དཔག་ཏུ་མེད་པར་སྤྲོས་པས་
འཇིག་རྟེན་གྱི་ཁམས་གཞན་ན་གནས་པའི་འགྲོ་བ་རིགས་དྲུག་ཐམས་ཅད་ལ་ཕོག་པས་དེ་དག་གིས་ཀྱང་ལྷན་ཅིག་སྐྱེས་པའི་བདེ་བ་རྟོགས་པར་གྱུར་ཏེ། འོད་ཟེར་དང་སྤྲུལ་པ་དེ་དག་སླར་ལོག་ནས་བདག་ཉིད་ཀྱི་སྤྱི་བོ་ནས་ལུས་ཐམས་ཅད་ལ་ཁྱབ་པས་བཞི་པ་སྟོང་གི་ཆར་ཡང་མི་ཕོད་པའི་བདེ་
བ་སྐྱེས་པར་བསམས་པ་ནི་དྲན་པའི་འབྲས་བུའོ། །དེས་ནི་དྲན་པའི་འབྲས་བུ་བཤད་ཟིན་ཏོ། །ད་ནི་ཏིང་ངེ་འཛིན་གྱི་འབྲས་བུ་བརྗོད་པར་བྱ་སྟེ། ཡེ་ཤེས་སྐུ་ལ་ཐིག་ལེ་བཞི་འབྱུང་བ། །དེ་ནི་སྟོང་པ་ཉིད་ཀྱི་སྐུ་ལས་སྤྲོས་པའོ། །ཞེས་བྱ་བ་གསུངས་པ་ལ་ཡེ་ཤེས་ཀྱི་སྐུ་ལ་ཐིག་ལེ་བཞི་

འབྱུང་བ་ཞེས་བྱ་བ་ནི་ཐབས་ཀྱི་གསང་བའི་རྡོ་རྗེ་ནས་སྐུའི་ཐིག་ལེ་འབྱུང་བ་དང་། གསུང་གི་ཐིག་ལེ་འབྱུང་བ་དང་། ཐུགས་ཀྱི་ཐིག་ལེ་འབྱུང་བ་དང་། ཡེ་ཤེས་ཀྱི་ཐིག་ལེ་འབྱུང་བའི་དོན་ཏོ། །དེ་ནི་སྟོང་པ་ཉིད་ཀྱི་སྐུ་ལ་སྤྲོས་པའོ་ཞེས་བྱ་བ་ལ་ཤེས་རབ་ཀྱི་གསང་བའི་པདྨར་སྐུའི་སྤྲུལ་པ་སྤྲོས་
པ་དང་། གསུང་གི་སྤྲུལ་པ་སྤྲོས་པ་དང་། ཐུགས་ཀྱི་སྤྲུལ་པ་སྤྲོས་པ་དང་། ཡེ་ཤེས་ཀྱི་སྤྲུལ་པ་རྣམས་སྤྲོས་པས་འགྲོ་བའི་དོན་མཛད་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་དག་པའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་འདིར་སྟོང་པ་ཉིད་ཀྱིས་སྐུ་ལ་གཟུགས་པའི་སེམས་སྤངས་པ་དང་། འཛིན་པའི་
སེམས་སྤངས་པས་དག་ཅིང་རོ་གཅིག་པའི་དེ་བཞིན་ཉིད་ཀྱིས་སེམས་གང་གི་ཚེ་མི་འགྱུར་བའི་སྐད་ཅིག་མ་སྐྱེས་པའི་དོན་རྟོགས་པ་ནི་ཏིང་ངེ་འཛིན་དུ་བརྗོད་དོ། །དེའི་ཕྱིར་ཏིང་ངེ་འཛིན་དེས་དག་པས་ན། ལུས་དྲི་མ་མེད་པར་བྱའོ། །ངག་དྲི་མ་མེད་པར་བྱས་སོ། །ཡིད་དྲི་མ་མེད་པར་
བྱས་སོ། །ཡེ་ཤེས་དྲི་མ་མེད་པར་བྱས་པ་ཡིན་ཏེ། རྣལ་འབྱོར་པ་དེས་ཉིན་ཞག་གཅིག་གམ། ཟླ་བ་གཅིག་གམ། ཟླ་བ་གསུམ་མམ། ཟླ་བ་དྲུག་གམ། ལོ་གཅིག་གམ། ཐ་ན་ལོ་གསུམ་དང་། ཟླ་བ་ཕྱེད་དང་གཉིས་ཀྱི་ཉིན་མཚན་གྱིས་ཡེ་ཤེས་ཀྱི་ལུས་གྲུབ་སྟེ། མཆོག་
གི་དངོས་གྲུབ་སྟེར་བར་གྱུར་ཏེ། འབྲས་བུ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་མཚུངས་པར་འགྱུར་ཏེ། ས་བཅུ་ལ་སོགས་པས་བསྒྲུབས་པ་དང་། དེ་ནས་རྣལ་འབྱོར་པ་དེས་དོན་ཁྱད་པར་ཅན་ཉམས་སུ་མྱོང་བས་ས་བཅུ་གཅིག་ཐུན་མོང་གི་ལམ་ས་ཐོབ་པར་གྱུར་ཅིང་
བརྙེས་པས་ཡེ་ཤེས་ཀྱི། སྒྲིབ་པ་སྤངས་པས་བཅུ་གཉིས་པ་བརྙེས་པས་ནི་རྡོ་རྗེ་འཆང་གི་ས་ཞེས་བྱ་བ་སྟེ། དེས་ན་ཏིང་ངེ་འཛིན་གྱི་འབྲས་བུ་བཤད་ཟིན་ཏོ། །སོ་སོར་སྡུད་པ་ལ་སོགས་སྦྱོར་བ་ཡན་ལག་དྲུག་གི་ངེས་པ་དང་། དབྱེ་བ་དང་། རེ་རེའི་ངེས་པའི་དོན་བསྟན་ཅིང་བསྒྲུབ་པའི་ཡན་
ལག་བསྟན་ཏོ། །ད་ནི་སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་པའི་ཐབས་བསྟན་པར་བྱ་སྟེ། དེ་ལ་རྣལ་འབྱོར་པ་རྣམས་ཀྱིས་བཙན་ཐབས་ཀྱི་སྦྱོར་བ་ཤེས་པར་བྱ་སྟེ། འདིར་གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་སྐུ་ལ་སྣ་ཚོགས་ཀྱི་གཟུགས་མཐོང་བ་ན་སྲོག་ལ་རྣལ་འབྱོར་

པས་མ་བསྡམས་པས་མི་འཛག་པའི་བདེ་བ་སྐད་ཅིག་མ་མི་སྐྱེ་ན། དེའི་ཚེ་རྣལ་འབྱོར་པས་འཆད་པར་འགྱུར་བའི་ནཱ་ད་ལ་བཙན་ཐབས་ཀྱིས་གོམས་པར་བྱས་ལ་ཉམས་སུ་བླང་བར་བྱ་སྟེ། དེ་ལ་རྣལ་འབྱོར་པས་ལུས་བསྲང་སྟེ། སྐྱིལ་མོ་ཀྲུང་བཅས་ལ། དབུགས་
སོར་གཞག་ཅིང་སེམས་ནི་ཡངས་པར་གནས་ཤིང་། ལག་པ་གཡས་པས་རྩེ་ཆུང་ངམ་གཉིད་ལོག་རྩ་བགས་ཀྱིས་མནན་ཅིང་མི་གཡོ་བར་གནས་པར་བྱའོ། །དེ་ལྟར་ཡང་ནས་ཡང་དུ་མི་ལྕི་ཙམ་གྲངས་མང་བྱས་ལ་རོ་སྟོད་དང་སྤྱི་བོ་མིན་པ་དེ་ཙམ་དུ་བྱས་ན། རྩ་དབུ་མར་སྲོག་གི་རླུང་
རྒྱུ་བ་ཉིད་ཀྱིས་ཤེས་རབ་ཀྱི་པདྨར་གནས་པའི་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཞི་མི་འཕོ་བའི་འགོག་པའི་བདེ་བས་བརྒྱའི་ཆར་ཡང་མི་ཕོད་པའི་རྒྱུ་མཐུན་པའི་མི་འཛག་པའི་སྐད་ཅིག་མའི་བདེ་བ་ལྷན་ཅིག་སྐྱེས་པའི་སྐུའི་དོན་བསྒྲུབས་པས། མཐོང་བར་ཚེ་
འདི་ལ་འགྱུར་རོ། །དེ་ནི་བཙན་ཐབས་ཀྱི་སྦྱོར་བ་དང་པོའོ། །བཙན་ཐབས་ཀྱི་སྦྱོར་བ་གཉིས་པ་བརྗོད་པར་བྱ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ཤེས་རབ་མ་དང་སྙོམས་པར་ཞུགས་ཤིང་། མཉམ་པར་འཇོག་པའི་དུས་ན་སྙིང་རྗེའི་བདག་ཉིད་ཐབས་ཀྱི་གསང་བའི་གནས་ཐུར་སེལ་གྱི་སྒོ་
གཡས་པའམ། ལུས་བེར་བ་ལངས་པའི་དུས་ཉིད་དུ་རྡོ་རྗེ་ནོར་བུའི་རྩ་བར་ལག་པ་གཡས་པས་མནན་ཅིང་ལུས་མི་གཡོ་བར་སེམས་བདེ་བ་ལ་གཏད་ཅིང་ཡར་དྲང་བ་དང་། རྒྱུ་ཞབས་ཀྱི་ཤེ་ཚིགས་པ་ལ་སྦ