Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 14

Văn bản gốc(Tây Tạng)

Trang 14 / 23 (50.000 ký tự/trang)
་སྣང་བས་སོ། །དཔེར་ན་རས་དཀར་པོ་ཚོན་གྱིས་བསྒྱུར་བ་ལྟ་བུའམ། །ཤེལ་དག་པ་ཚོན་གྱིས་བསྒྱུར་བ་ལྟ་བུའོ། །དེ་ཡང་
ཡུལ་གྱི་བྱེ་བྲག་གིས་ཤེས་པ་དེ་ཉིད་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང་། དགེ་བ་དང་མི་དགེ་བ་ལ་སོགས་པ་ཐ་དད་པར་སྣང་གི་ངོ་བོ་ལ་ནི་མ་ཡིན་ནོ། །ཤེས་པ་དག་ནི་གར་མཁན་དང་། མིག་འཕྲུལ་མཁན་དང་། སྒྱུ་མ་མཁན་དང་འདྲའོ། །དེ་ཉིད་རང་བྱུང་གི་ཡེ་ཤེས་དང་གཟུང་བ་དང་འཛིན་པ་ཉིད་
ཀྱིས་སྟོང་པ་སྤྲོས་པའི་མཐའ་དང་བྲལ་བའི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཉིད་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཆེན་པོ་སྟེ། གང་ནས་ཀྱང་མ་བྱུང་བའི་ཕྱིར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་སྟེ། གཟུང་བ་དང་འཛིན་པའི་རྣམ་པར་ཤེས་པ་གཉིས་ཀྱིས་སྟོང་པའི་ཕྱིར་དང་། སྟོང་པ་དང་། སྙིང་རྗེ་དབྱེར་
མེད་པའི་ཕྱིར་དང་བདེན་པ་གཉིས་དབྱེར་མེད་པའི་ཕྱིར་རོ། །དེ་ཡང་དཔལ་གསང་བ་འདུས་པ་ལས་ཀྱང་། དངོས་པོ་ཀུན་དང་རྣམ་བྲལ་ཞིང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་
པ་ཉིད་ཀྱི་ངོ་བོ་ཉིད། །ཅེས་གསུངས་སོ། །མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་གསུངས་སོ། །དེ་བས་ན་རྣམ་པར་ཤེས་པའམ་ཡེ་ཤེས་
ནི་གཅིག་ཁོ་ནའོ། །ཐུན་མོང་བཅའ་གཞིའི་རིམ་པ་སྟེ་དང་པོའོ།། །།ད་ནི་ལྷའི་ངོ་བོ་གསལ་བར་བྱ་སྟེ། དེ་ཡང་གསང་བ་འདུས་པ་ལས་ཀྱང་། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་
མཆོག །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མར་གྲགས། །ཞེས་གསུངས་ཏེ། དེས་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོར་གསལ་ལོ། །རིགས་དྲུག་པ་ནི་དཔལ་དུས་ཀྱི་འཁོར་ལོའི་རྒྱ་ཆེར་འགྲེལ་པ་ལས་ཀྱང་། ཕུང་པོ་དྲུག་དང་། ཁམས་དྲུག་དང་། དབང་པོ་དྲུག་དང་། ཡུལ་

དྲུག་དང་ལས་ཀྱི་དབང་པོ་དྲུག་ཅེས་གསུངས་སོ། །དེ་གསལ་བར་བསྟན་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ཀྱི་ཕུང་པོ་ནི་སྣང་བ་མཐའ་ཡས་སོ། །འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་གྲུབ་པའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་མི་
བསྐྱོད་པའོ། །ཡེ་ཤེས་ཀྱི་ཕུང་པོ་ནི་རྡོ་རྗེ་སེམས་དཔའོ། །ས་ནི་སངས་རྒྱས་སྤྱན་ནོ། །ཆུ་ནི་མ་མ་མཱ་ཀཱིའོ། །མེ་ནི་གོས་དཀར་མོའོ། །རླུང་ནི་སྒྲོལ་མའོ། །ནམ་མཁའ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །ཡེ་ཤེས་ཀྱི་ཁམས་ནི་སྣ་ཚོགས་ཀྱི་ཡུམ་མོ། །མིག་གཉིས་ནི་གཏི་མུག་རྡོ་རྗེའོ། །རྣ་བ་ཞེ་
སྡང་རྡོ་རྗེའོ། །སྣ་ལ་སེར་སྣ་རྡོ་རྗེའོ། །ཁ་ལ་འདོད་ཆགས་རྡོ་རྗེའོ། །ལུས་ལ་ཕྲག་དོག་རྡོ་རྗེའོ། །ཡིད་ལ་དབང་ཕྱུག་རྡོ་རྗེའོ། །གཟུགས་ལ་གཟུགས་ཀྱི་རྡོ་རྗེའོ། །སྒྲ་ལ་སྒྲའི་རྡོ་རྗེའོ། །དྲི་ལ་དྲིའི་རྡོ་རྗེའོ། །རོ་ལ་རོའི་རྡོ་རྗེའོ། །རེག་ལ་རེག་གི་རྡོ་རྗེའོ། །ཆོས་ལ་ཆོས་ཀྱི་རྡོ་རྗེའོ། །ངག་གི་བརྗོད་པ་དང་
དབང་པོ་ལ་གཤིན་རྗེ་མཐར་བྱེད་ཡབ་ཡུམ་མོ། །ལག་པ་དང་ལེན་པ་ལ་ཤེས་རབ་མཐར་བྱེད་ཡབ་ཡུམ་མོ། །རྐང་པ་དང་འགྲོ་བ་ལ་བགེགས་མཐར་བྱེད་ཡབ་ཡུམ་མོ། །བཤང་ལམ་དང་དྲི་ཆེན་ལ་པདྨ་མཐར་བྱེད་ཡབ་ཡུམ་མོ། །བྷ་ག་དང་དྲི་ཆུ་ལ་གཙུག་ཏོར་འཁོར་ལོས་སྒྱུར་བ་ཡབ་ཡུམ་མོ། །
དམ་པའི་དབང་པོ་ཁུ་བ་ལ་གནོད་མཛེས་ཡབ་ཡུམ་མོ། །དེས་ནི་ལུས་རྣམ་པར་དབེན་པ་གསལ་བར་བསྟན་ཏོ། །ལྷ་སུམ་ཅུ་རྩ་དྲུག་པོ་དེ་ནི་འཁོར་ལོ་དྲུག་ལ་གནས་ཏེ། གཙུག་ཏོར་གྱི་འཁོར་ལོ་ན་རྩ་འདབ་མ་བཞིའི་དབུས་ན་མི་བསྐྱོད་པའི་རིགས་རྣམས་གནས་སོ། །དཔྲལ་བ་བདེ་བ་
ཆེན་པོའི་འཁོར་ལོ་ན་རྩ་འདབ་མ་བཅུ་དྲུག་པའི་དབུས་ན་འོད་དཔག་མེད་པའི་སྡེ་གནས་སོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་དབུས་ན་རིན་ཆེན་འབྱུང་ལྡན་གྱི་རིགས་རྣམས་གནས་སོ། །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་མ་བརྒྱད་པའི་དབུས་ན་དོན་ཡོད་གྲུབ་པའི་
སྡེ་གནས་སོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་མ་དྲུག་ཅུ་རྩ་བཞིའི་དབུས་ན་རྣམ་པར་སྣང་མཛད་ཀྱི་རིགས་རྣམས་གནས་སོ། །གསང་བའི་འཁོར་ལོ་རྩ་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་དབུས་ན་རྡོ་རྗེ་སེམས་དཔའི་རིགས་གནས་སོ། །དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལྷ་དང་ལྷ་

མོའི་དཀྱིལ་འཁོར་དུ་གསལ་བར་བསྟན་པས་ཐ་མལ་པའི་རྣམ་པར་རྟོག་པ་བསལ་ནས་དེ་ཉིད་དུ་གསལ་ལོ། །དེ་ཡང་འཁོར་ལོ་རེ་རེ་ལ་དྲུག་དྲུག་ཏུ་བསྟན་ཏེ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་ཤར་ན་དོན་ཡོད་གྲུབ་པ་གནས། ལྷོ་ན་རིན་ཆེན་འབྱུང་ལྡན་གནས། ནུབ་ན་རྣམ་པར་སྣང་མཛད་གནས། བྱང་ན་
སྣང་བ་མཐའ་ཡས་གནས། དབུས་སྟེང་ན་མི་བསྐྱོད་པ། འོག་ན་རྡོ་རྗེ་སེམས་དཔའོ། །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། སྟོང་པ་ཆེན་པོའི་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་གསུངས་སོ། །ལུས་རྣམ་པར་དབེན་པའི་རིམ་པ་སྟེ་གཉིས་པའོ།། །།ད་ནི་གསུང་རྣམ་
པར་དག་པའི་སྲོག་རྩོལ་བརྗོད་དེ། དེ་ཡང་འཁོར་ལོ་དྲུག་ཏུ་གཙུག་ཏོར་དུ་ཨ། དཔྲལ་བར་ཨུ། མགྲིན་པར་རྀ། སྙིང་གར་ཨི། ལྟེ་བར་ལྀ། གསང་བར་ཨཾ་གནས་སོ། །དེ་ནི་གཙུག་ཏོར་ན་ཨ་སྟོང་པའོ། །དཔྲལ་བ་ན་ཨོ་དང་ཨུ་དང་ཧཱའོ། །མགྲིན་པར་ཨར་རོ། །སྙིང་གར་ཨི་དང་ཡའོ། །
ལྟེ་བ་ན་ཏ་དང་ཨལ་ལོ། །གསང་བར་ཨཾ་ངོ་། །དེ་ལྟར་སྣ་རྩེ་རེ་རེ་ན་ཡང་དྲུག་དྲུག་གནས་ཏེ། འཁོར་ལོ་དྲུག་གི་ཤར་ནས་རླུང་རྒྱུ། ལྷོ་ནས་མེ་རྒྱུ། ནུབ་ནས་ས་རྒྱུ། བྱང་ནས་ཆུ་རྒྱུ། དབུས་སྟེང་ནས་ནམ་མཁའ། དབུས་འོག་ནས་ཡེ་ཤེས་རྒྱུ་སྟེ། དེ་བཞིན་དུ་འཁོར་ལོ་ལྔ་ལས་ཀྱང་དེ་བཞིན་དུ་རྒྱུའོ། །
དེ་རྣམས་ཀྱང་ལ་ལ་ནཱ་དང་། ར་ས་ནཱ་དང་། ཨ་བ་དྷཱུ་ཏཱི་ནས་རིམ་པ་བཞིན་རྒྱུ་སྟེ། འབྱུང་བ་ལྔའི་དབུགས་ཕུང་པོ་ལྔ་བསྐྱེད་པའི་བདག་ཉིད་ཡན་ལག་ལྔའི་རླུང་ལྔ་རྒྱུ་སྟེ། རྡོ་རྗེ་སྒོའི་རྒྱུད་ལས། སྲོག་དང་ཐུར་དུ་སེལ་བ་དང་། །མེ་དང་མཉམ་དུ་གནས་པ་དང་། །གྱེན་དུ་རྒྱུ་དང་ཁྱབ་བྱེད་དང་། །རྒྱུ་དང་
རྣམ་པར་རྒྱུ་བ་དང་། །ཡང་རྒྱུ་རྣམ་པར་རྒྱུ་བ་དང་། །རབ་ཏུ་རྒྱུ་དང་ངེས་པར་རྒྱུ། །ཞེས་གསུངས་སོ། །དཔལ་དུས་ཀྱི་འཁོར་ལོ་ལས་ཀྱང་། སྲོག་ཅེས་བྱ་བའི་རླུང་གཅིག་པུ། །རྣམ་པ་བཅུ་རུ་འགྱུར་བ་སྟེ། །སྟེང་དང་འོག་དང་ཤར་དུའོ། །ཞེས་གསུངས་སོ། །དེ་ཉིད་རྣམ་པར་གྲོལ་ཏེ་སྟེང་དུ་ནི་ནམ་
མཁའི་རང་བཞིན་གྱེན་དུ་རྒྱུ་བ་ལྗང་གུའོ། །འོག་ཏུ་ཡེ་ཤེས་ཀྱི་རང་བཞིན་ཐུར་དུ་སེལ་བ་སྔོན་པོའི་རླུང་ངོ་། །ཤར་དུ་འོད་ཟེར་ནག་པོ་མཉམ་པའི་རླུང་ངོ་། །ནུབ་ཏུ་སྲོག་གི་རླུང་སེར་པོའོ། །ལྷོར་ཁྱབ་བྱེད་ཀྱི་རླུང་དམར་པོའོ། །བྱང་དུ་ལྷ་སྦྱིན་གྱི་རླུང་དཀར་པོའོ། །དེ་བཞིན་དུ་རུས་སྦལ་དང་། ཀླུ་

དང་། རྩངས་པ་དང་། ནོར་རྒྱས་ཏེ་རླུང་བཅུའོ། །དེ་ཡང་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་དབུགས་འཁོར་ལོ་དྲུག་ནས་ཁྱབ་པར་རྒྱུ་སྟེ། དེ་ཡང་ལ་ལ་ནཱ་ནས་ཁྲི་བཞི་བརྒྱ་དྲུག་ཅུ་རྩ་ཕྱེད་དང་གསུམ་རྒྱུ། ར་ས་ནཱ་ནས་ཁྲི་བཞི་བརྒྱ་དྲུག་ཅུ་རྩ་ཕྱེད་དང་གསུམ་རྒྱུ། ཨ་བ་དྷཱུ་ཏཱི་ནས་དྲུག་བརྒྱ་
བདུན་ཅུ་རྩ་ལྔའི་དབུགས་རབ་ཏུ་རྒྱུའོ། །དེ་ལྟར་ལྟེ་བའི་འཁོར་ལོ་ལ་རཱ་ཤི་བཅུ་གཉིས་ཀྱི་འདབ་མ་ལ་རིམ་པ་བཞིན་དུ་རྒྱུ་སྟེ། ལུག་ལ་སོགས་པ་མི་མཐུན་པའི་འདབ་མ་ལ་བརྒྱ་ཕྲག་བཅོ་བརྒྱད་ཀྱི་དབུགས་ལས་ཨ་བ་དྷཱུ་ཏཱི་ནས་བཞི་ཆ་དང་བཅས་པའི་ལྔ་བཅུ་རྩ་དྲུག་རྒྱུའོ། །གླང་ལ་སོགས་པ་མཐུན་པའི་
འདབ་མ་ལས་བརྒྱ་ཕྲག་བཅོ་བརྒྱད་ཀྱི་དབུགས་ལས་ཨ་བ་དྷཱུ་ཏཱིར་བཞི་ཆ་དང་བཅས་པའི་ལྔ་བཅུ་རྩ་དྲུག་རྒྱུའོ། །དེ་དབུགས་དྲུག་དྲུག་ལས་ཆུ་སྲང་དུ་འགྱུར་རོ། །ཆུ་སྲང་དྲུག་ཅུ་ལས་ཆུ་ཚོད་དུ་འགྱུར་རོ། །ཆུ་ཚོད་ལྔས་དུས་སྦྱོར་དུ་འགྱུར་རོ། །དུས་སྦྱོར་ཕྱེད་དང་གཉིས་ཀྱིས་ཐུན་རེ་ཐུན་བརྒྱད་དོ། །
དུས་སྦྱོར་གཉིས་གཉིས་ཀྱིས་དུས་དྲུག་གོ། །དུས་སྦྱོར་གསུམ་གསུམ་གྱིས་དུས་བཞིའོ། །དུས་སྦྱོར་བཞི་བཞིས་དུས་གསུམ་དུ་འགྱུར་རོ། །དུས་སྦྱོར་དྲུག་དྲུག་གིས་བགྲོད་པ་གཉིས་ཏེ། དེ་ཐམས་ཅད་ཀྱང་རྣམ་པར་ཤེས་པ་གཅིག་པུའི་བཞོན་པའོ། །འཁོར་ལོ་དྲུག་དང་རྩ་གསུམ་ནས་བྱུང་ནས་དབང་
པོའི་ཡུལ་ནས་ཡུལ་རྣམས་ལ་ངེས་པར་རྒྱུའོ། །དེ་ཡང་གསང་བ་འདུས་པའི་རྒྱུད་ལས་གསལ་བར་གསུངས་ཏེ། །རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིགས་པས་རྟག་ཏུ་བསྒོམ། །ཞེས་གསུངས་སོ། །སྣའི་རྩེ་མོ་ནི་འཁོར་ལོ་ལྔ་
པའོ། །འཁོར་ལོ་རེ་རེ་ལ་ཡང་ལྔ་ལྔ་སྟེ། དྲུག་པ་ནི་འཁོར་ལོའི་གསང་བའོ། །འཁོར་ལོ་རེ་རེ་ནི་འོག་ནས་སོ། །འབྱུང་བ་དྲུག་ནི་ལྷག་པའི་ཨི་ཨ་རྀ་ཨུ་ལྀ་ཨཾ། དེ་ལྟར་ན་རླུང་གི་རང་བཞིན་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་རང་ཉིད་ལས་གཞན་མ་ཡིན་ནོ། །རླུང་གི་བརྟེན་གནས་དང་།
སྔགས་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རང་བཞིན་འབྱུང་བ་དང་འཇུག་པ་དང་གནས་པ་དང་བདེ་བ་ལ་ཨོཾ་ཨཱཿཧཱུྃ་ཧོཿའོ། །དེ་བཞིན་དུ་ཞི་བ་ལ་སོགས་པའི་ལས་བཞི་གྲུབ་པའོ། །དེ་ཡང་སྦྱོར་བ་ཡན་ལག་དྲུག་ལ་བསླབ་པར་བྱ་སྟེ། སྲོལ་རྩོལ་ནི་

རྡོ་རྗེའི་བཟླས་པའོ། །སྲོག་རྩོལ་གྱི་དབང་གིས་སེམས་མི་ཡེངས་པ་ནི་བསམ་གཏན་ནོ། །བསམ་གཏན་གྱི་ཡུལ་ལྔའོ། །དབང་པོ་ལྔ་འགག་པ་ནི་སོ་སོར་སྡུད་པའོ། །དེ་ཡིས་རང་གནས་སུ་བཟུང་ནས་ནི་དེ་བཞིན་དུ་བཟུང་བའོ། །དེ་ནས་བདེ་བའི་གནས་ལ་གནས་པ་ནི་རྗེས་སུ་དྲན་པའོ། །དེ་ནས་མ་
ཡེངས་པ་ནི་ཏིང་ངེ་འཛིན་ནོ། །གསུང་གི་དེ་ཁོ་ན་ཉིད་ཀྱི་རིམ་པ་གསུམ་པའོ། །ད་ནི་ཐུགས་རྣམ་པར་དག་པ་བརྗོད་པའི་ཕྱིར་ནམ་མཁའ་ལ་སོགས་པ་དང་། བླ་གབ་མེད་པ་ལ་གོམས་པ་དང་སྦྱོར་བའི་ཡན་ལག་དྲུག་ལ་བསླབ་པའི་གོམས་པ་སྐྱེ་སྟེ། འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །
བསྒོམ་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འདི་ལྟ་སྟེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་གསོལ་ཏོ། །གང་འཕགས་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཇི་ལྟར་ནན་ཏན་དུ་བྱ། གང་རྣལ་འབྱོར་དུ་བྱ། རབ་འབྱོར་གྱིས་སྨྲས་པ། ཀཽ་
ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པ་དེས་ནམ་མཁའ་ལ་རྣལ་འབྱོར་དུ་བྱའོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པ་དེས་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སའི་རླུང་ཆུ་ལ་ཐིམ་པས་གཙུག་ཏོར་གྱི་འཁོར་ལོ་དཔྲལ་
བའི་ཡི་གེ་ཨཾ་ལས་མགྲིན་པའི་འཁོར་ལོར་ཐིམ་པས་དགའ་བ་དང་པོ་སྐྱེ་སྟེ། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་གཉིས་ཀྱི་རགས་པ་འགགས་ནས་རང་བཞིན་སུམ་ཅུ་རྩ་གསུམ་གྱི་རྣམ་པར་རྟོག་པ་འགགས་ནས་དགའ་བའི་ཡེ་ཤེས་སྐྱེ་སྟེ། དེའི་རང་བཞིན་དུ་བ་ལྟ་བུ་དང་སེམས་སོ་སོར་རྟོགས་པ་
དང་པོའོ། །ཟླ་བའི་འཁོར་ལོ་དང་འབར་བ་དང་ལུས་ཀྱི་རྣམ་པར་རྟོག་པ་འགགས་ནས་སྣང་བ་སྐུའི་རང་བཞིན་ནོ། །དེ་ཡང་ཤེས་རབ་ཡེ་ཤེས་མེ་ཆེན་འདི་འབར་བར་སྣང་བའོ། །རྣམ་པར་སྣང་མཛད་འོད་པོ་ཆེ་ནི་ཟླ་བར་སྣང་བ་ནི་སྟོན་ཀའི་སྤྲིན་མེད་པའི་ནམ་མཁར་ཟླ་བའི་དཀྱིལ་འཁོར་འོད་ཟེར་སྣང་བར་བྱེད་
པས་ཁྱབ་པར་བྱེད་པ་བཞིན་དུ་རང་བཞིན་གྱིས་གསལ་བའི་རྣམ་པར་དངོས་པོ་མ་ལུས་པ་ཐམས་ཅད་དམིགས་པས་ན་སྣང་བ་སྟེ་ཞེས་གསུངས་པ་དང་། དེའི་སྐུའི་དགའ་བ་དང་གསུང་གི་དགའ་བ་དང་ཐུགས་ཀྱི་དགའ་བ་དང་ཡེ་ཤེས་ཀྱི་དགའ་བ་ཚེས་གཅིག་དང་གཉིས་དང་གསུམ་དང་བཞི་པ་ཨ་ཨི་རྀ་ཨུ་སྟེ།

ཡར་ངོ་ཚེས་བཞིའི་བདག་ཉིད་ཅན་གྱི་སད་པའི་རྣམ་པར་རྟོག་པ་འགག་པའི་སྤྲུལ་པའི་རྒྱུ་མཐུན་པ་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་སོ་སོར་རྟོག་པའི་ཡེ་ཤེས་རྒྱུ་མཐུན་པ་དག་གི་རང་བཞིན་དུས་ཀྱི་འཁོར་ལོ་སྣང་བའི་རང་བཞིན་ནོ། །དེ་བས་མཆོག་དགའི་རང་བཞིན་ནི་ཆུ་མེ་ལ་ཐིམ་པས་མགྲིན་པའི་འཁོར་ལོ་
ཨའི་བྱང་ཆུབ་ཀྱི་སེམས་ལས་སྙིང་གའི་འཁོར་ལོར་ཕབ་སྟེ། ཇི་ཙམ་འཛིན་ནུས་ཙམ་ན་ཕྱི་གཟུང་བ་དང་ནང་འཛིན་པའི་འབྲིང་པོ་འགགས་པས་སེམས་སོ་སོར་རྟོགས་པ་གཉིས་སྨིག་རྒྱུའི་རྣམ་པ་དང་ཉི་མ་ལྟ་བུ་སྣང་བ་མཆེད་པ་སྐྱེས་པས་རང་བཞིན་བཞི་བཅུའི་རྣམ་པར་རྟོག་པ་འགགས་ནས་མི་རྟོག་པར་འགྱུར་རོ། །
འགྲོ་བའི་མར་མེ་ནི་ཉི་མར་སྣང་བའོ། །ཇི་ལྟར་སྟོན་ཀའི་དུས་སུ་ཉི་མའི་འོད་ཟེར་ཤར་བ་བཞིན་དུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་ནི་དངོས་པོ་མ་ལུས་པར་དམིགས་པ་བྱང་ཆུབ་ཀྱི་སེམས་ཀུན་དུ་བཟང་པོ་སྟེ། རིམ་པ་གཉིས་པ་བཞིན་དུ་སྟོང་པ་བདེ་བས་ན་སྐུའི་དམ་པའི་དགའ་བ་དང་། གསུང་གི་དམ་པའི་
དགའ་བ་དང་། ཐུགས་ཀྱི་དམ་པའི་དགའ་བ་དང་། ཡེ་ཤེས་ཀྱི་དམ་པའི་དགའ་བ་དང་། ཚེས་ལྔ་དང་དྲུག་དང་བདུན་དང་བརྒྱད་ལ་ལྀ་ཨ་ཨེ་ཨར་གྱི་བདག་ཉིད་རྨི་ལམ་གྱི་གནས་སྐབས་འགག་པ་ལོངས་སྤྱོད་རྫོགས་པའི་སྐུའི་རྒྱུ་མཐུན་པ་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུ་མཐུན་པའི་
ཆོས་ལ་དམིགས་པའི་སྙིང་རྗེ་རྩེ་མོའི་རང་བཞིན་དུས་ཀྱི་འཁོར་ལོ་སྣང་བ་མཆེད་པའི་ངོ་བོ་ཉིད་དོ། །དེ་བས་ན་དགའ་བྲལ་གྱི་རང་བཞིན་མེ་རླུང་ལ་ཐིམ་ནས་སྙིང་གའི་འཁོར་ལོ་ནས་ཧཱུྃ་བྱང་ཆུབ་སེམས་ཀྱི་རང་བཞིན་ལྟེ་བར་བབས་པས་ཇི་ཙམ་འཛིན་ནུས་པ་དང་། ཕྱི་གཟུང་བ་དང་ནང་འཛིན་པ་ཕྲ་བ་ཡང་
འགག་སྟེ། དགའ་བྲལ་གྱི་ངོ་བོ་སེམས་སོ་སོར་རྟོགས་པ་སྲིན་བུ་མེ་ཁྱེར་དང་སྒྲ་ག་ཅན་གྱི་དཀྱིལ་འཁོར་ལྟ་བུ་སྣང་བ་ཐོབ་པའི་སེམས་ཙམ་གྱི་ངོ་བོ་རང་བཞིན་བདུན་དང་བྲལ་བ་མི་རྟོག་པ་སེམས་ཙམ་གྱི་ངོ་བོ་ཡེ་ཤེས་སྒྲོན་མ་སྒྲ་ཙམ་དུ་སྣང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ན་གློག་ཏུ་སྣང་བའོ། །
དེ་བཞིན་དུ་ནམ་མཁའི་མཚན་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་ལུས་དང་ངག་མེད་པ་སྟེ། ཇི་ལྟར་མཚམས་ཀྱི་མུན་པ་ལ་ཕབ་པའི་ངོ་བོས་ཁྱབ་པ་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་ནི་རྒྱུ་བ་དང་རྒྱུ་མེད་པ་སེམས་མེད་པ་མི་གཡོ་བ་གང་གི་ས་བོན་ལ་བརྟེན་པའི་སྒོ་ཞེས་གསུངས་སོ། །དེ་བས་ན་སྐུའི་དགའ་

བྲལ་དང་། གསུང་གི་དགའ་བྲལ་དང་། ཐུགས་ཀྱི་དགའ་བྲལ་དང་། ཡེ་ཤེས་ཀྱི་དགའ་བྲལ་དང་། ཚེས་དགུ་དང་། བཅུ་དང་། བཅུ་གཅིག་དང་། བཅུ་གཉིས་ལ་ཨོ་ཨལ་ཧ་ཡའི་བདག་ཉིད་དམ་པའི་གནས་སྐབས་ཀྱི་བདག་ཉིད་འགག་པའི་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བྱ་བ་ནན་ཏན་གྱི་
ཡེ་ཤེས་ཀྱི་རྒྱུ་མཐུན་པས་དམིགས་པ་མེད་པའི་སྙིང་རྗེ་དུས་ཀྱི་འཁོར་ལོ་བཟོད་པ་ཐོབ་པའི་རང་བཞིན་སྣང་བ་ཐོབ་པའོ། །དེའི་མཚན་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། འདི་དག་ཀྱང་སེམས་ཙམ་གྱི་སྐུ་ཡིན་པར་གསལ་བ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཡེ་ཤེས་
གསུམ་གྱི་ངོ་བོ་ཡིས། །སེམས་ཙམ་ལ་ནི་ངེས་པར་སྦྱར། །ཞེས་གསུངས་སོ། །མདོ་སྡེ་ས་བཅུ་པ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་པོ་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་འབྱུང་བས་ཀྱང་དོན་འདི་ཉིད་གསལ་བར་གསུངས་སོ། །ཡེ་ཤེས་གསུམ་ཡང་སེམས་ཙམ་གྱི་རང་བཞིན་ནོ། །
དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ནང་དུ་དྲོད་དང་རྩེ་མོ་དང་བཟོད་པ་དང་གསུམ་དུ་བསྟན་ཏོ། །ཀམྦ་ལའི་ཞལ་སྔ་ནས་ཀྱང་། སྣང་བ་ནི་དྲོད་དོ། །སྣང་བ་མཆེད་པ་ནི་རྩེ་མོའོ། །སྣང་བ་ཐོབ་པ་ནི་བཟོད་པའོ་ཞེས་གསུངས་སོ། །དེ་ནས་དངོས་པོ་མ་ལུས་པར་རྣམ་པར་རིག་པ་ཙམ་གྱི་ངོ་བོ་ཉིད་དུ་ལྟེ་བ་སྤྲུལ་པའི་
འཁོར་ལོ་རྩ་འདབ་མ་དྲུག་ཅུ་རྩ་བཞིའི་གནས་སུ་ཕེབས་ཙམ་འཛིན་ནུས་པ་གསལ་བར་རྫོགས་པའོ། །དེ་ནས་ཡིད་ཀྱི་ལུས་ཀྱི་རང་བཞིན་གསལ་བར་བསྟན་ཏེ། དེ་ཡང་མདོ་སྡེ་དང་རྒྱུད་དང་གྲུབ་པ་བརྙེས་པས་ཀྱང་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། གཟུགས་ནི་རྨི་ལམ་ལྟ་བུའོ་
ཞེས་པ་ནས། མྱ་ངན་ལས་འདས་པའི་ཆོས་ཅིག་ཡོད་ན་ཡང་རྨི་ལམ་ལྟ་བུ་ཞེས་གསུངས་པས་སོ། །མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། འཇའ་ཚོན་ལྟ་བུའི་ལུས་དག་ནི། །དེ་ཉིད་བསྒོམ་པས་མཐོང་བར་འགྱུར། །ཞེས་པ་དང་། གསང་བ་འདུས་པའི་རྒྱུད་ལས་ཀྱང་། ཀྱེ་བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། དཔེར་ན་བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བར་བྱེད་པས་རྡོ་རྗེའི་གནས་ལྟ་བུ་སྟེ། བྱང་ཆུབ་ཀྱི་སེམས་ནི་དེ་ཡང་ལུས་ལ་མི་གནས་ངག་ལ་མི་གནས་སེམས་ལ་མི་གནས་ཁམས་གསུམ་ལ་མི་གནས་པ་དེ་ནི་

སྐྱེ་བ་མེད་དེ་དེ་ནི་ཡེ་ཤེས་འབྱུང་བ་རྡོ་རྗེའི་གནས་འདི་ཡིན་ནོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྨི་ལམ་འདི་ནི་བདག་གིས་ཁམས་གསུམ་དུ་རྨི་ལམ་མཐོང་བར་བྱའོ་ཞེས་སྙམ་དུ་སེམས་པར་བྱའོ། །རྨི་ལམ་ཡང་བདག་གིས་རྨི་ལམ་དུ་མཐོང་བར་བྱའོ་ཞེས་
པ་ལ་སོགས་པ་གསུངས་སོ། །དེའི་དོན་ནི་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །ཅེས་པ་དང་། དུས་ཀྱི་འཁོར་ལོ་ལས། བུ་མོ་གཞོན་ནུ་མས་མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། སེམས་ཙམ་ལ་སྣང་བ་ལུགས་ལས་བཟློག་པས་རིག་པའི་རྒྱལ་པོ་གསང་སྔགས་མཆོག་ནི་ཐིག་ལེར་སྣང་བས་དངོས་པོ་ཐམས་ཅད་ཐིག་ལེ་སྔོན་པོ་གཅིག་ཏུ་གྱུར་པར་བསམ། མར་མེའི་རྣམ་པ་ལྟ་བུ་དེའི་དབུས་སུ་རི་མོ་ནག་པོ་སྐྲའི་ཚད་ཙམ་སྟེ། དེའི་ནང་དུ་རྩ་
དབུས་མའི་ནང་དུ་དབུག་ས་ཆུད་པའི་རྟགས་སུ་དེའི་དབུས་སུ་སངས་རྒྱས་ཀྱི་སྐུ་ལོངས་སྤྱོད་རྫོགས་པ་ཆུའི་ཟླ་བ་དང་འདྲ་བ་བརྗོད་དུ་མེད་པ། སྣ་ཚོགས་པའི་མདོག་ཅན་རྣམ་པ་ཀུན་རང་གི་སེམས་ཡུལ་རྣམ་པར་བྲལ་བ་གཞན་གྱི་སེམས་མི་ཤེས་པ་དེ་རང་གི་རྒྱུད་ཀྱིས་བསྡུས་པའི་ཆོས་ཅན་མཐོང་ངོ་། །དེ་
ཡང་ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས་ཀྱིས་སྤྱན་ལྔ་གསུངས་ཏེ། དེ་བཞིན་རིམ་པ་བཞིན་དུ་ཤའི་སྤྱན་དང་ལྷའི་སྤྱན་དང་སངས་རྒྱས་ཀྱི་སྤྱན་དང་ཆོས་ཀྱི་སྤྱན་རྣམས་བསྒོམ་པའི་སྟོབས་ཀྱིས་འབྱུང་ངོ་ཞེས་ཁམས་གསུམ་མ་ལུས་པ་མཐོང་ངོ་། །ལོངས་སྤྱོད་རྫོགས་པའི་སྐུ། སྒྲའི་
སྒོ་ནས་ཆོས་སྟོན་ཏེ། དེ་ཡང་ཏྭ་ཏ་སཾ་གྲ་ཧ་ལས་ཀྱང་ཡིད་ལྷའི་ངོ་བོའི་ཏིང་ངེ་འཛིན་ལས་མངོན་པར་བྱང་ཆུབ་པ་ལྔ་བསྟན་པ་བོ་དྷི་ཙིཏྟོཏྤ་ད་ཡཱ་མི་ལ་སོགས་པས་བསྟན་ཏོ། །རྒྱ་ཆེར་རོལ་པ་ལས་ཀྱང་། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། །ནཻརཉྫ་ནའི་ཆུ་
འགྲམ་གནས། །མི་གཡོ་ཏིང་འཛིན་ལ་ཞུགས་ནས། །དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གང་བུ་གཏམས་པ་ལས། །དེ་ལ་དབྱངས་གཅིག་གིས་བསྐུལ་ཏེ། །བསམ་པ་འདི་ནི་རྣམ་དག་མིན། །འདིས་ནི་ཐར་པ་མི་ཐོབ་སྟེ། །ཞེས་བྱ་བ་ལ་སོགས་པས་བསྐུལ་ལོ། །དེ་བཞིན་དུ་ཡང་

རྣལ་འབྱོར་པ་ཡང་ངོ་། །དེ་ལྟར་ཡིད་ཀྱིས་ལུས་དེ་སྣང་བ་ཐོབ་པ་ལས་སྣང་བ་མཆེད་པ་དེ་ལས་རླུང་དྲུག །དེ་ལས་ཐིག་ལེའི་དབུས་རྒྱལ་བ་རིགས་དྲུག་ཏུ་བཞེངས་ནས་བསྐུལ་ལོ། །མཉམ་པ་ལ་གཞག་པའི་སེམས་ཙམ་ལ་གནས་ནས། རླུང་དྲུག་འགགས་ནས་དགའ་བྲལ་ལ་གནས་སོ། །ཀུན་རྫོབ་
བདེན་པའི་རིམ་པ་སྟེ་བཞི་པའོ།། །།དེ་ནས་སྐུ་གསུང་ཐུགས་རྣམ་པར་དག་པའི་ལྷན་ཅིག་སྐྱེས་པའི་འོད་གསལ་བའི་ངོ་བོ་ཉིད་བཞི་པའི་གནས་སྐབས་ཟད་པ་འདི། འབྱུང་བ་མེད་པའི་མདོ་ལས་ཀྱང་། ཆོས་འདི་སྒྲ་སྐད་ཀྱིས་ནི་ལུང་བསྟན་པ། །ཆོས་དང་སྒྲ་དག་འདིར་ནི་རྙེད་མ་གྱུར། །ཆོས་
ཉིད་ཚུལ་གྱིས་དངོས་ལ་འཇུག་བྱེད་པ། །བཟོད་མཆོག་བླ་ན་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། དུས་ཀྱི་འཁོར་ལོ་ལས་ཀྱང་། ཀུན་རྫོབ་ཀྱི་རྣལ་འབྱོར་ནི་མདོག་དང་ཕྱག་དང་དབྱིབས་དང་བཅས་པའོ། །དོན་དམ་པའི་རྣལ་འབྱོར་ནི་མདོག་དང་ཕྱག་དང་དབྱིབས་དང་བྲལ་བའོ་ཞེས་གསུངས་སོ། །དེ་ཡང་
སྐྱེ་བ་མེད་པའི་བཀའ་ལིཙྪ་བཱི་དྲི་མ་མེད་པར་གྲགས་པའི་མདོ་ལས་ཀྱང་། འཇམ་དཔལ་གྱིས་ནི་ཡང་དག་ཞུས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །མི་གསུང་བས་ནི་རྒྱ་ཆེར་བཤད། །ཅེས་གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། རླུང་གི་རླུང་ནི་མཁའ་དང་ཡེ་ཤེས་ལ་ཐིམ་པས་ལྟེ་བའི་འཁོར་
ལོ་ནས་གསང་བའི་འཁོར་ལོ་རྡོ་རྗེ་ནོར་བུའི་དབུས་སུ་བྱང་ཆུབ་ཀྱི་སེམས་རིལ་པོར་འཛིན་པའམ། རྗེས་སུ་གཞིག་པའི་མན་ངག་གིས་དོན་དམ་པའི་བདེན་པ་རུ་བཅུག་པས་དངོས་པོ་ཐམས་ཅད་རྣམ་པར་དག་སྟེ། སྐུའི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ཐུགས་
ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ར་བ་ལ་ཨ་ཚེས་བཅུ་གསུམ་དང་། བཅུ་བཞི་དང་། བཅོ་ལྔ་དང་། བཅུ་དྲུག་པའི་ཡར་ངོའི་ཕྱོགས་ཀྱི་རྟོག་པ་ལས་འདས་པ་བཅུ་དྲུག་ཕྱེད་ཕྱེད་འཛིན་པའི་བདག་ཉིད་ཅན་རྡོ་རྗེ་ནོར་བུར་ཆུད་ནས་མི་འཛག་པའི་བདེ་བ་
ལྷན་ཅིག་སྐྱེས་པའི་སྐུ། མ་ནིང་གི་གནས་སྐབས་བཅུ་དྲུག་པའི་ཆ་ཡོངས་སུ་རྫོགས་པའི་ནམ་མཁའི་དཀྱིལ་ལྟར་སྐད་ཅིག་མ་གཅིག་ལ་ཐུགས་སུ་ཆུད་པ་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བར་སྣང་ངོ་། །དོན་དམ་པའི་བདེན་པ་དབུགས་སྟོང་བརྒྱད་བརྒྱ་མཉམ་པ་ལ་གཞག་ཀྱང་རུང་མཉམ་པ་ལས་ལངས་

ཀྱང་རུང་གསང་བར་ཉི་མ་དང་ཟླ་བའི་ཆ་ཟད་པ་བཅུ་དྲུག་པ་ལས་ཡོངས་སུ་རྫོགས་པ་དང་ས་དང་པོའི་བདེན་པ་ལ་གནས་ཞེས་བྱ་བ་ཐོབ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །དེ་ཡང་ཁ་དོག་མེད་པ་ལུས་མེད་པ་དབྱིབས་མེད་པ་བྱ་བ་དང་རྩོལ་བ་ཐམས་ཅད་དང་བྲལ་བ་སོ་སོ་རང་གིས་
རིག་པ་རྡོ་རྗེ་སློབ་དཔོན་གྱི་ཁ་ལས་ཤེས་པར་བྱའོ། །རྡོ་རྗེ་བཅུ་དྲུག་པའི་ངོ་བོ་ཉིད་རང་བཞིན་ཐམས་ཅད་དང་བྲལ་བ་དོན་དམ་པའི་བདེན་པ་ཡོད་པ་དང་མེད་པའི་ཕྱིར་སྐད་ཅིག་མ་གཅིག་ཤེས་ཏེ་གཅིག་ཏུ་མི་འགལ་བའི་ཕྱིར་རོ། །ཡང་བཅོམ་ལྡན་འདས་དེ་ཉིད་འབྲས་བུ་སྔགས་ཀྱི་ཐེག་པར་ལྷན་ཅིག་སྐྱེས་པའི་སྐུ་
དགའ་བ་ནི་ལྷན་ཅིག་སྐྱེས་པའི་སྐུ་གཟུང་བ་དང་འཛིན་པ་སྤངས་པ། རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ་སྲིད་པ་དང་མྱ་ངན་ལས་འདས་པ་ལ་མིག་ནས་པ་སངས་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པ་ལྷ་མོ་རྣམས་ཀྱི་སྡོམ་པའོ་ཞེས་གསུངས་སོ། །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། བཅུ་
དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཆ་མེད་ཆ་ལས་འདས་པ་པོ། །བསམ་གཏན་བཞི་པའི་རྩེ་མོ་ཅན། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིག་པ་རྒྱུད་རིག་པ། །ཞེས་གསུངས་སོ། །དོན་དམ་པའི་བདེན་པ་བསྟན་པའི་རིག་པ་སྟེ་ལྔ་པའོ།། །།དེ་ནས་ཟུང་དུ་འཇུག་པ་ལ་བསླབ་
པར་བྱ་སྟེ་བཞི་པའི་དེ་ཉིད་ཐོབ་པའོ། །དེ་ནས་རྡོ་རྗེ་ནོར་བུ་ནས་ཡར་བཟློག་སྟེ། གསང་བའི་གནས་སུ་དབུགས་སུམ་སྟོང་བརྒྱད་བརྒྱ་པ་གཅིག་འགགས་པས་ས་གཉིས་པ་ཐོབ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །དེ་ནས་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་རྣམས་
སུ་སུམ་སྟོང་དྲུག་བརྒྱར་མཉམ་པ་ལ་བཞག་ཀྱང་རུང་མ་བཞག་ཀྱང་རུང་འགག་པས་བཞི་དང་དྲུག་དང་བརྒྱད་དང་བཅུ་བཞིའི་ས་རྣམས་འཐོབ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་ནས་ས་བཅུ་ཐོབ་སྟེ། ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེའི་རྗེས་སུ་མཐུན་པའི་མངོན་པར་ཤེས་པ་ལྔ་དང་། ཉོན་
མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དག་པར་འགྱུར་རོ། །དེ་ནས་བླ་མ་དམ་པའི་མན་ངག་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ། །འདི་དག་ནི་དོན་དམ་པ་ཡེ་ཤེས་ཀྱི་སྐུ་རོ་མཉམ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །དེ་ལ་བསླབས་པས་གསང་བ་ནས་ལྟེ་བའི་བར་དུ་ཁུ་བ་གྱེན་དུ་འགྲོ་

བས་མར་ངོའི་སྐུའི་དགའ་བ་དང་། གསུང་གི་དགའ་བ་དང་། ཐུགས་ཀྱི་དགའ་བ་དང་། ཡེ་ཤེས་ཀྱི་དགའ་བ་དང་བཞིའི་བདག་ཉིད་ཅན་ནོ། །སྟོང་པ་ཉིད་དང་དེ་ཡང་ཡི་གེ་ཡ་ལ་ཝ་རའོ། །དེ་ནས་ལྟེ་བ་ནས་སྙིང་གའི་བར་དུ་བྱང་ཆུབ་ཀྱི་སེམས་གྱིན་དུ་འདྲེན་ནུས་ན། སྐུའི་དམ་པའི་དགའ་བ་དང་། གསུང་གི་
དམ་པའི་དགའ་བ་དང་། ཐུགས་ཀྱི་དམ་པའི་དགའ་བ་དང་། ཡེ་ཤེས་ཀྱི་དམ་པའི་དགའ་བ་སྟེ། ས་དྲུག་གི་བདག་ཉིད་སྟོང་པ་ཆེན་པོ་སྟོང་ཉིད་ཅན་ཏ་ལ་ཨོཾ་ཨར་རོ། །སྙིང་ག་ནས་མགྲིན་པར་འདྲེན་ནུས་ཙམ་ན་སྐུའི་དགའ་བྲལ་དང་། གསུང་གི་དགའ་བྲལ་དང་། ཐུགས་ཀྱི་དགའ་བྲལ་དང་། ཡེ་ཤེས་ཀྱི་
དགའ་བྲལ་ཏེ། ས་བརྒྱད་པའི་བདག་ཉིད་ཅན། དོན་དམ་པ་སྟོང་པ་ཉིད་ཨེ་ཨཱ་ལཱྀ་ཨཻ། དེ་ནས་མགྲིན་པ་ནས་དཔྲལ་བ་དང་གཙུག་ཏོར་གྱི་གནས་སུ་བྱང་ཆུབ་ཀྱི་སེམས་འདྲེན་ནུས་ཙམ་ན་སྐུའི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ཐུགས་ཀྱི་ལྷན་ཅིག་སྐྱེས་
པའི་དགའ་བ་དང་། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བས་ས་བཅུ་པ་ནོན་ནས། སྟོང་པ་ཉིད་བཅུ་དྲུག་པའི་བདག་ཉིད་རྀ་ཨཱི་ཨ་ཨིའི་ཡི་གེའི་བདག་ཉིད་ཅན་ནམ་མཁའ་སྟོང་པའི་མཐར་ཐུག་པའོ། །བཅོམ་ལྡན་འདས་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་གང་དཔའ་བར་འགྲོ་བའི་ཏིང་ངེ་
འཛིན་ཐོབ་པའི་སྐྱེས་བུ་དམ་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་མཆིས་པ་ལགས་སོ། །རང་དབང་གི་ཡེ་ཤེས་ལ་དབང་བགྱིད་པ་ལགས་སོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར་བྱང་
ཆུབ་སེམས་དཔའ་དེ་ལ་ནི་མངོན་པར་ཤེས་པ་ཐོབ་པ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་སྦྱང་བ་བྱས་པ་ཞེས་ང་མི་སྨྲའོ། །བྱང་ཆུབ་སེམས་དཔའ་དེ་ལ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་
དང་། ཤེས་རབ་དང་། ཐབས་དང་ལྡན་པ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་མང་དུ་ཐོབ་པ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་མོས་པ་དང་ལྡན་པའོ་ཞེས་ང་མི་སྨྲའོ། །རིགས་ཀྱི་

བུ་དག་དེ་བས་ན་ངེས་པར་འབྱུང་བའོ། །ལམ་ཐམས་ཅད་དུ་ངེས་པར་འབྱུང་བ་ནི་འདོད་པའི་བྱང་ཆུབ་སེམས་དཔའ་རློམ་སེམས་ཐམས་ཅད་མེད་པའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །དེ་བས་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་
མཛོད་ཀྱི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་དེས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གཙུག་ཏོར་གྱི་གནས་སུ་འགགས་ནས་བྱང་ཆུབ་ཀྱི་སེམས་གཙུག་ཏོར་གྱི་གནས་སུ་འདྲེན་ནུས་ཙམ་དང་། སྐད་ཅིག་མ་གཅིག་ལ་
མངོན་པར་རྫོགས་པར་བྱང་ཆུབ་པ་འགྲོ་བ་དང་མི་འགྲོ་བ་ཐམས་ཅད་སྣང་བར་བྱེད་ལ། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་བསྒོམ་པ་དེ་ཉིད་ཀྱི་མཐུ་ཡིས་ཐབས་ཀྱི་བདག་ཉིད་ཅན་ཞི་བ། མཚན་དང་དཔེ་བྱེད་འབྱུང་བའི་གཞི་ཅན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ། སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་
བ། གཉིས་སུ་མེད་པ་མཆོག་ཏུ་ཞི་བ་གཟུང་བ་དང་འཛིན་པ་བསྒོམ་པ་དེ་ཉིད་ཀྱི་མཐུ་ཡིས་སྤངས་པ། ལྷན་ཅིག་ཏུ་སྐྱེས་པའི་སྐུ་མཆོག་ཏུ་མི་འགྱུར་བ་ཡེ་ཤེས་དེ་ཁོ་ན་ཉིད་རྡོ་རྗེ་འཆང་ཆེན་པོ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ལ་མི་གནས་པ། འོད་གསལ་བའི་རང་བཞིན་དྲི་མ་མེད་པ་ཡེ་ཤེས་
སྒྱུ་མ་དང་འདྲ་ཞིང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ལས་འདས་པའི་ཏིང་ངེ་འཛིན་གྱི་མིག་ཅན་མཆོག་གཅིག་ནི་མཐོང་བར་བྱའོ། །སངས་རྒྱས་ཐམས་ཅད་མཁྱེན་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་མཁྱེན་པ་ཉིད་དང་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་
ཏན་གྱི་འབྱོར་པ་སྟེར་བས་ན་དེ་སངས་རྒྱས་ཀྱི་འབྲས་བུ་རབ་ཏུ་སྟེར་བའོ། །འདིར་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ཡོད་དང་མེད་པ་ལས་འདས་པ། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་པ་སྙིང་རྗེ་གཉིས་མེད་པ། །རྡོ་རྗེ་སྦྱོར་བ་བདེ་ཆེན་པོ། །སྟོང་པའི་ཆོས་ནི་རྣམ་པར་
སྤངས། །རྡོ་རྗེ་སྦྱོར་བ་གཉིས་མེད་པའོ། །ཞེས་གསུངས་སོ། །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོ་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་གསུངས་སོ། །དཔལ་དམ་པ་དང་པོ་

ལས་ཀྱང་། ནམ་མཁའ་ལས་ཀྱང་ནམ་མཁའ་འབྱུང་། །ཐམས་ཅད་སྟོང་པ་ནམ་མཁའ་ཆེ། །ཞེས་གསུངས་སོ། །དེའི་ཕྱིར་ན་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའོ། །རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་དེ་ནི་དེ་ཁོ་ན་ཉིད་སྐྱེས་བུའི་དུས་སུ་ཡེ་ཤེས་རྣམ་པ་དྲུག་ཤར་ཏེ། གཟུགས་
ཀྱི་ཕུང་པོ་དང་ལྀའི་ཡི་གེ་རྣམ་པར་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཡེ་ཤེས་སྒྱུ་མ་ཙམ་དུ་ཤེས་སོ། །དེ་ཉིད་ཐུགས་རྗེ་ཆེན་པོ་ཚོར་བའི་ཕུང་པོ་དང་རྀའི་ཡི་གེ་རྣམ་པར་དག་པས་ཐམས་ཅད་ལ་ཉི་མ་ལྟར་ཁྱབ་པས། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མཉམ་པ་ཉིད་ཀྱི་
ཡེ་ཤེས་དེ་ཉིད་འདུ་ཤེས་ཀྱི་ཕུང་པོ་དང་ཨུའི་ཡི་གེ་རྣམ་པར་དག་པ་སོ་སོར་འབྱེད་པས་ན་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་ལ་དགོས་འདོད་རེ་བ་ཐམས་ཅད་བསྐོང་བས་འདུ་བྱེད་ཀྱི་ཕུང་པོ་དང་ཨིའི་ཡི་གེ་རྣམ་པར་དག་པས་ན་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ། །དེ་ཉིད་
ནམ་མཁའ་ལས་ཐ་མི་དད་པས་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། རྣམ་པར་ཤེས་པའི་ཕུང་པོ་དང་ཨ་རྣམ་པར་དག་པའོ། །དེ་ཐམས་ཅད་རང་རིག་པ་བདེ་བ་ཆེན་པོའི་རང་བཞིན་ཡིན་པས་ན་བདེ་བ་ཆེན་པོའི་ཕུང་པོ་དང་ཨེ་རྣམ་པར་དག་པས་སོ། །དྲུག་པ་ནི་ཁྱབ་བྱེད་དོ། །ལྔ་པ་ནི་ཁྱབ་བྱའོ། །དེ་ཡང་དུས་ཀྱི་
འཁོར་ལོ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཉིན་མོར་བྱེད་པའི་འོད་ལྟ་བུ། །པདྨའི་འདབ་མ་འདྲ་བའི་སྤྱན། །སངས་རྒྱས་སེང་གེའི་གདན་བཞུགས་པ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། སྟོང་པའི་ཡི་གེ་དང་ཐིག་ལེ། །མཆོག་གི་རྡོ་རྗེ་འཛིན་པ་དང་། །ཞེས་གསུངས་སོ། །
དཔལ་དགྱེས་པའི་རྡོ་རྗེ་ལས་ཀྱང་། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་བ་ཆེན་པོ་ཀུན་གྱི་གཞི། །ཞེས་གསུངས་སོ། །དཔལ་འཁོར་ལོ་སྡོམ་པ་ལས་ཀྱང་། གསང་བ་མཆོག་གི་དགྱེས་པས་ན། །ཐམས་ཅད་བདག་ཉིད་རྟག་ཏུ་
བཞུགས། །ཞེས་གསུངས་སོ། །དེ་བས་ན་ཡེ་ཤེས་ལྔའོ། །བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས་ལས་ཐ་མི་དད་པ་ལ་དེ་སྐད་ཅེས་བྱའོ། །རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་པ་ནི། ཡེ་ཤེས་ལྔ་པོ་རེ་རེ་ལ་ཡང་སྐུ་གསུང་ཐུགས་ཡེ་ཤེས་རྣམ་པ་བཞི་དང་ལྡན། ལོངས་སྤྱོད་རྫོགས་པའི་སྐུ་མཚན་གྱི་མེ་ཏོག་

ལ་དཔེ་བྱད་ཀྱི་འབྲུ་ཆགས་པ་བྱང་ཆུབ་སེམས་དཔའ་ས་བཅུ་པའི་དབང་ཕྱུག་ཉིད་ལ་བདེ་བ་ཆེན་པོ་ཉིད་དེ་ལྟར་སྣང་ངོ་། །དེ་ནི་རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི། སེམས་ཅན་གདུལ་བྱ་ཇི་ལྟར་གདུལ་བ་དེ་བཞིན་དུ་སྤྲུལ་
པའི་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་རུ་ཇི་ལྟར་འདུལ་བའི་སྐུ་སྣང་བར་མཛད་པའོ། །དེ་ཡང་གཅིག་ལས་འཕྲོས་པའི་རྒྱུད་ལས། འཇིག་རྟེན་ཁམས་ལ་རྡུལ་སྙེད་དུ། །སྐུ་དོན་རྡུལ་ཕྲན་གྲངས་མེད་ཉིད། །སྤྲུལ་པ་རྡུལ་སྙེད་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་སོ། །
གསུང་གི་སྒོ་ནས་མཆོག་དཔག་ཏུ་མེད་པ་སྟོན་ཏོ། །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། དཔག་བསམ་ཤིང་ཆེན་རྒྱས་པ་ཡི། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་དོན་སེམས་ཅན་མཉེས་གཤིན་པ། །ཞེས་གསུངས་སོ། །བདེ་བ་ཆེན་པོ་ཉིད་ཇི་ལྟར་ཡང་
སྣང་བ་ཇི་ལྟར་ཡང་མ་ཡིན་ཏེ། བདེན་པ་གཉིས་སུ་མེད་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །ཟུང་དུ་འཇུག་པ་གཉིས་སུ་མེད་པའི་རྟོགས་པ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་འཛིན་པའི་དམ་ཚིག་ཡང་དག་པར་བསྟན་པར་བྱ་སྟེ། དམ་ཚིག་ལ་རྣམ་པ་གསུམ་ཡོད་དེ།
སློབ་དཔོན་ཕྱི་དང་ནང་གིའོ། །ཀུན་གྱི་མཆོག་ཏུ་སློབ་དཔོན་ཏེ། །རྩ་བའི་རྒྱུད་དང་བསྡུས་རྒྱུད་དང་། །གྲུབ་པ་ཐོབ་པའི་སློབ་དཔོན་ནི། །དཔལ་ལྡན་ཡན་ལག་མེད་རྡོ་རྗེ། །ཨུ་རྒྱན་པདྨ་ལ་བ་པ། །ཨིནྡྲ་བོ་དྷི་ལཀྵྨཱི་དང་། །ནཱ་གཱརྫུ་ན་རྗེ་འབངས་བཅས། །ཤ་བ་རི་དང་ཌོཾ་པི་དང་། །ས་ར་ཨཱརྱ་ལཱུ་ཡི་པ། །
དཱ་རི་ཀ་སོགས་གྲུབ་ཐོབ་པའོ། །སློབ་དཔོན་མཁས་པ་གྲངས་མེད་ཀྱིས། །ཀུན་གྱི་གཙོ་བོ་སློབ་དཔོན་པས། །འདི་ལ་དམ་ཚིག་མ་ཉམས་ན། །འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་། །བྱང་སེམས་སྡོམ་པ་ཉི་ཤུ་སོགས། །ཉམས་ཀྱང་རྡོ་རྗེ་འཛིན་པ་ཐོབ། །དབང་བསྐུར་སློབ་དཔོན་མིག་དང་འདྲ། །རྒྱུད་སྟོན་
པ་ནི་ལུས་དང་འདྲ། །མན་ངག་སྟོན་པ་སྙིང་དང་འདྲ། །དེ་བས་སློབ་དཔོན་མཆོག་ཡིན་པས། །ངག་འཁྱལ་ཚིག་གཅིག་བརྗོད་མི་བྱ། །ཞེ་སའི་ཚིག་དག་མ་བརྗོད་ན། །ངུ་འབོད་གནས་སུ་སྐྱེ་བར་ནི། །ངེས་པར་རྡོ་རྗེ་འཛིན་པ་དང་། །གྲུབ་ཐོབ་སློབ་དཔོན་གྲངས་མེད་གསུངས། །ཡིད་ལ་ངན་སེམས་སྐྱེས་

གྱུར་ན། །ཐུགས་ཀྱི་དམ་ཚིག་ཉམས་པ་སྟེ། །ངེས་པར་རྡོ་རྗེ་དམྱལ་བར་འགྲོ། །ཕྱག་མི་འཚལ་ཞིང་གོང་མི་འཇོག །ལུས་ཀྱིས་བརྙས་པ་བྱས་གྱུར་ན། །རྡོ་རྗེ་བྲག་ཆེན་གཏམས་པར་ནི། །དཔག་ཚད་བརྒྱ་ཁྲིར་གནས་པར་འགྱུར། །སྔགས་རྒོད་དྲག་པོ་རྣོན་པོ་ཡང་། །བསྒྲུབ་ཀྱང་གྲུབ་པར་མི་འགྱུར་རོ། །
དཔལ་ལྡན་རྡོ་རྗེ་འཛིན་པ་ཡང་། །སྙིང་ལ་ཞུགས་པ་དྲལ་ཏེ་གཤེགས། །རིགས་འཛིན་སར་ཞུགས་མཁའ་འགྲོས་ཀྱང་། །དེ་ལ་འཇིགས་པར་མི་འགྱུར་རོ། །དཔལ་ལྡན་རྡོ་རྗེ་འཛིན་པ་དང་། །བྱང་ཆུབ་སེམས་དཔའ་གྲངས་མེད་དང་། །གྲུབ་ཐོབ་སློབ་དཔོན་རྣམས་ཀྱིས་གསུངས། །རྒྱུད་ཆེན་བདེ་མཆོག་
འཁོར་ལོ་ལས། །ཇི་ལྟར་པདྨ་འབྱུང་གནས་ཉམས་དགའ་ལ། །ངང་པ་མང་པོའི་ཚོགས་རྣམས་འདུས་པ་ལྟར། །དེ་བཞིན་རྣལ་འབྱོར་དམ་ཚིག་མ་ཉམས་ན། །མ་མོ་མཁའ་འགྲོ་དམ་ཚིག་ཅན་རྣམས་འདུ། །དཔལ་ཆེན་གསང་བ་འདུས་པ་ལས། །སྙིང་ནས་སློབ་དཔོན་སྨོད་པ་ནི། །ནམ་ཡང་གྲུབ་
པར་མི་འགྱུར་རོ། །དཔལ་བདེ་མཆོག་འཁོར་ལོའི་རྒྱུད་ལས། སློབ་དཔོན་ཕྱི་དང་ནང་གི་དམ་ཚིག་གསུངས་སོ། །ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །རྟག་ཏུ་དམ་ཚིག་བསྐྱང་བ་དང་། །དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། །ཞེས་གསུངས་པ་
དང་། ཕྱི་དང་ནང་གི་དམ་ཚིག་བརྒྱད། །ཕྱག་ན་རྡོ་རྗེས་གསལ་བར་གསུངས། །རྟག་ཏུ་དངོས་གྲུབ་རྣམས་ཀྱི་རྒྱུར། །དམ་ཚིག་རྣམས་ནི་བསྐྱང་བར་བྱ། །རིགས་གཞན་ལས་འབྱུང་ཕོ་ཉ་མོ། །འདོད་ལ་ཆགས་པས་བགྲོད་མི་བྱ། །གཉིས་སུ་མེད་དང་ཐོགས་མེད་དང་། །དམ་ཚིག་རྣམས་ལ་སྤྱོད་
པ་དང་། །བུད་མེད་སྤྱོད་པ་བསྒྲུབ་པ་དང་། །ཚངས་པར་སྤྱོད་པ་དེ་བཞིན་ཞལ། །ཞེས་པ་ནས་དམ་ཚིག་བསྐྱང་བའི་ཆོ་གའོ་ཞེས་པའི་བར་ནི་བདེ་བ་མཆོག་གི་སྟོད་འགྲེལ་ལས་ཤེས་པར་བྱའོ། །དེ་ལྟར་ཕྱིའི་དམ་ཚིག་ཉམས་པས་ནི་འཇིག་རྟེན་པས་དཔྱ་བར་འགྱུར་རོ། །ཆོས་ལ་སྨོད་པས་སྡིག་པ་ཆེན་
པོར་འགྱུར་རོ། །སྡིག་པ་བསྐྱེད་པས་བསོད་ནམས་ཉམས་པར་འགྱུར་རོ། །བསོད་ནམས་ཉམས་པས་དངོས་གྲུབ་མེད་དོ། །ནང་གི་དམ་ཚིག་ཉམས་པས་དགའ་བ་བཞི་ཤོར་ནས་ཆགས་པ་དང་བྲལ་བའི་སྡིག་པ་ལས་སྡུག་བསྔལ་སྐྱེའོ། །དེ་ལྟར་དམ་ཚིག་ཉམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་

ཐོབ་བོ། །རྡོ་རྗེ་སློབ་དཔོན་ལ་བརྙས་པ་བྱས་ཞིང་བཀུར་བ་མ་བྱས་པས་མི་ཕ་རོལ་པོས་བརྙས་པར་འགྱུར་རོ། །རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་སུན་ཕྱུང་བས་རྡོ་རྗེ་འཛིན་པ་སུན་ཕྱུང་བ་དང་འདྲ་བས་རྡོ་རྗེ་དམྱལ་བར་འགྲོའོ། །དུས་འཁོར་བདེ་ཆེན་རྒྱ་མཚོ་ལྟ་བུ་ལ། །ཤེས་རབ་ཟབ་མོ་
གྲུ་གཟིངས་ལྟ་བུས་འཆང་། །བླ་མ་ཟླ་རྒྱས་ལྟ་བུའི་ཐུགས་མངའ་བ། །བཀའ་གནང་ཉེས་པར་གྱུར་ན་བཟོད་པར་བཞེས། །དུས་ཀྱི་འཁོར་ལོ་སྙིང་པོའི་རྒྱན་ཞེས་བྱ་བའི་སྒྲུབ་ཐབས་ལྷོ་ཕྱོགས་རྒྱ་མཚོའི་ཡུལ་དུ་སྐུ་འཁྲུངས་པ་མཁས་པ་ཆེན་པོ་བྲམ་ཟེ་བསོད་སྙོམས་པས་མཛད་པ་རྫོགས་སོ།། །།
རྒྱ་གར་གྱི་པཎྜི་ཏ་བྷ་དྲ་བོ་དྷིའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཀཱ་ལ་ཙཀྲ་ཨུ་པ་དེ་ཤ བོད་སྐད་དུ། དུས་ཀྱི་འཁོར་ལོའི་མན་ངག །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་
དཔའ་ལ་ཕྱག་འཚལ་ལོ། །མཁའ་ལ་ཀུན་ཞེན་སེམས་ཀྱིས་མིག་མི་འཛུམས་ཤིང་རྡོ་རྗེའི་ལམ་ཞུགས་པས། །སྟོང་ལས་དུ་བ་སྨིག་རྒྱུ་མཁའ་སྣང་དྲི་མེད་གསལ་དང་མར་མེ་དང་། །འབར་བ་ཟླ་བ་ཉི་མ་རྡོ་རྗེ་ཆེ་མཆོག་ཐིག་ལེ་མཐོང་བའོ། །དེ་དབུས་སངས་རྒྱས་སྐུ་ནི་ཡུལ་བྲལ་དུ་མ་ལོངས་སྤྱོད་
རྫོགས་སྐུའོ། །ཆུ་འཛིན་དང་བྲལ་མཁའ་ལ་བརྟན་ལྟ་རྣལ་འབྱོར་པས་ནི་སྣང་བར་བྱ། །ཇི་སྲིད་དུས་ཀྱི་རྩ་ལ་རི་མོ་ནག་འོད་དྲི་མེད་འཕྲོ་མཐོང་བ། །དེ་ལ་ཀུན་མཁྱེན་སྐུ་ནི་རྙོག་མེད་སྣ་ཚོགས་ཁ་དོག་ཆུ་ཉི་མཚུངས། །རྣམ་ཀུན་རང་གི་སེམས་དེ་ཡུལ་དང་རྣམ་བྲལ་གཞན་གྱི་སེམས་ཉིད་མེད། །སྐུ་
མཐོང་བ་ནི་ཉི་མ་རེ་རེ་དུས་སུ་སྲོག་གི་རླུང་འགོག་བྱེད། །ཇི་སྲིད་རང་ལུས་འོད་ཟེར་འཁོར་ལོ་འཁོར་བཞིན་པ་ཡིས་བསྐོར་མཐོང་བས། །སྡོམ་བརྩོན་རྣམས་ཀྱི་ཟླ་དྲུག་རེག་སྤངས་ལམ་སེམས་ཞི་བའི་བདེ་བར་འགྲོ། །ཆགས་དང་ཆགས་བྲལ་མཐའ་ཐོག་སྐད་ཅིག་ལ་ནི་ཁྱབ་བདག་དབུགས་གྲངས་འཕེལ། །
མགོ་དྲ་ནང་གི་དགའ་བྲལ་ལྷན་སྐྱེས་ཡེ་ཤེས་རྣམ་ཤེས་དག་དབུས་སུ། །གཉིད་ལོག་དུས་སུ་རྡོ་རྗེ་པདྨ་དག་གིས་གཉིས་གཉིས་སྦྱོར་བདེ་གང་། །དེ་ཡི་འཕེལ་བྱེད་བླ་མའི་བཀའ་ཡི་དབང་གིས་འཕེལ་ལ་འདི་མཚར་མེད། །རྣལ་འབྱོར་པ་བཟང་ལ་སྦྱོར་རྒྱལ་བདག་ལ་འཇུག་བདུད་དང་ཉོན་མོངས་འཇོམས། །ད་

ནི་སེམས་འོད་གསལ་བ་ལ་འཇུག་པའི་ཕྱིར། ཁ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྔགས་ཀྱི་ཚུལ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚུལ་རྣལ་འབྱོར་རྣམ་པ་གཉིས་ལ་བསླབ་པར་བྱ་སྟེ། ནམ་མཁའ་དང་བླ་གབ་མེད་པ་ལ་རྣལ་འབྱོར་གོམས་པར་བྱའོ། །གང་ནམ་མཁའི་རྣལ་འབྱོར་ལ་སློབ་
པ་དེ་མཚན་མོ་མུན་པ་ལ་ནམ་མཁའ་ལ་ཀུན་དུ་ཞེན་པའི་སེམས་ཀྱིས་དུ་བ་ལ་སོགས་པའི་མཚན་མ་མཐོང་བའོ། །མིག་མི་འཛུམས་ཤིང་རྡོ་རྗེའི་ལམ་ཞུགས་པས་ཞེས་བྱ་བ་ནི་དབུ་མར་སྲོག་གི་རླུང་ཞུགས་པའོ། །སྟོང་ལས་ཞེས་བྱ་བ་ནི་ནམ་མཁའ་ལ་ཀུན་དུ་ཞེན་པའི་སེམས་དང་མིག་མི་འཛུམས་པ་
དང་། རྡོ་རྗེའི་ལམ་དུ་ཞུགས་པས་སྟོང་པ་ལས་དུ་བ་དང་སྨིག་རྒྱུ་དང་མཁའ་སྣང་དྲི་མ་མེད་པ་གསལ་བ་དང་དེ་བཞིན་དུ་མར་མེ་ནི་མཚན་མོའི་སྦྱོར་བས་མཐོང་ངོ་། །དེ་ནས་སྤྲིན་མེད་པའི་ནམ་མཁའ་མཐོང་ངོ་། །དེ་ནས་ཡང་ནམ་མཁའ་ལ་ཉིན་མོའི་སྦྱར་བ་ནི། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་
རབ་ཡེ་ཤེས་མེ་བོ་ཆེ། །ཞེས་གསུངས་ཏེ། སྤྲིན་མེད་པའི་ནམ་མཁའ་ལ་འབར་བ་མཐོང་བའོ། །རྣམ་པར་སྣང་མཛད་འོད་ཆེན་པོ། །ཡེ་ཤེས་འོད་ཟེར་ལྷང་ངེ་བ། །ཞེས་པ་ནི་ཟླ་བར་སྣང་བའོ། །འགྲོ་བའི་མར་མེ་ཞེས་པ་ནི་ཉི་མར་སྣང་བའོ། །ཡེ་ཤེས་སྒྲོན་མ་ཞེས་བྱ་བ་ནི་སྒྲ་གཅན་དུ་སྣང་བའོ། །
གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་བྱ་བ་ནི་གློག་སྟེ་ཆ་དམ་པའོ། །རིགས་པའི་རྒྱལ་པོ་སྔགས་མཆོག་མཚོ། །ཞེས་བྱ་བ་ནི་ཐིག་ལེར་མཐོང་བའོ། །དེ་ལྟར་མཚན་མ་བཅུ་འདུས་པ་ལ་སོགས་པར་མཚན་མོའི་སྦྱོར་བ་གསུངས་ཤིང་། མཚན་ཡང་དག་པར་བརྗོད་པར་ཉིན་མོའི་སྦྱོར་བ་བཅོམ་ལྡན་
འདས་ཀྱིས་གསུངས་སོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་པ་ནི་བུམ་པ་དང་རས་ལ་སོགས་པ་རྣམ་པ་ཐམས་ཅད་སྐུར་མཐོང་བའོ། །དེ་དབུས་ཞེས་བྱ་བ་ནི་ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་སྐུ་ཡུལ་དང་བྲལ་བ་རྫས་མེད་ཅིང་རྟོག་པའི་ལོངས་སྤྱོད་རྫོགས་པའི་སྐུ་དུ་མ་མཐོང་བའོ། །དེ་ནས་སྐུའི་སྦྱར་
བས་མེ་ཤིགས་པའི་སྒྲ་ཉིད་ཐོས་སོ། །དེ་ལྟར་སྤྲུལ་པའི་སྐུ་ནི་གཟུགས་སུ་སྣང་བའོ། །ལོངས་སྤྱོད་རྫོགས་སྐུ་ནི་སྒྲར་སྣང་བའི་དོན་ཏོ། །འདིར་ཉི་མའི་སྦྱོར་བ་ནི་ཆུ་འཛིན་དང་བྲལ་བའི་ནམ་མཁའ་བརྟན་པར་ལྟ་བའི་རྣལ་འབྱོར་པས་སྣང་བར་བྱ་སྟེ། སྔ་དྲོ་དང་ཕྱི་དྲོའི་ཉི་མ་ལ་རྒྱབ་བསྟན་པར་བྱའོ། །

གཞན་དུ་ན་ཉི་མའི་འོད་ཟེར་རྣམས་ཀྱི་རབ་རིབ་ཏུ་འགྱུར་ཏེ། དེས་གནོད་པའི་ཕྱིར་རོ། །དེ་ལྟར་ཉི་མ་རེ་རེ་ལ་བསླབ་པར་བྱ་ཞིང་སྣང་བའོ། །ཇི་སྲིད་དུས་ཀྱི་རྩ་ཨ་བ་དྷཱུ་ཏཱིའི་ནང་དུ་ཆུད་པའི་ཐིག་ལེའི་དབུས་སུ་རི་མོ་ནག་པོ་སྐྲའི་ཚད་ཙམ་གྱི་འོད་ཟེར་དྲི་མ་མེད་པ་འཕྲོ་བ་མཐོང་བའི་བར་དུའོ། །དེ་
ལ་ཀུན་མཁྱེན་སྐུ་ཞེས་པ་ནི་ཁམས་གསུམ་མ་ལུས་པ་རྙོག་པ་མེད་པའི་ཆུའི་ནང་གི་ཉི་མ་ལྟ་བུ་མདོག་སྣ་ཚོགས་པ་ཀུན་རང་གི་སེམས་ཡུལ་དང་རྣམ་པར་བྲལ་བ་དེ་ཉིད་གཞན་གྱི་སེམས་མི་ཤེས་པའི་ཕྱིར་གཞན་གྱི་སེམས་མ་ཡིན་པའོ། །འདིར་དང་པོ་རང་གི་སེམས་སྣང་བ་དེ་བཞིན་གཤེགས་པའི་ཤའི་སྤྱན་
གྱིས་ཡང་དག་པར་མཐོང་བའོ། །ལྷའི་མིག་ལ་སོགས་པས་གཞན་གྱི་སེམས་ཤེས་པ་མཐོང་བའོ། །བཅོམ་ལྡན་འདས་ཀྱིས་སྤྱན་ལྔ་པོ་དེ་དག་ནི་ཆོས་ཡང་དག་སྡུད་པ་ལས་གསུངས་སོ། །དེ་ལྟར་རིམ་པ་བཞིན་ཤའི་སྤྱན་དང་། ལྷའི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་།
ཡེ་ཤེས་ཀྱི་སྤྱན་རྣམས་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །དེ་ནས་མ་གཟིགས་པས་ཅི་ཡང་མི་མངའ་བའི་ཐམས་ཅད་མཁྱེན་པར་འགྱུར་རོ། །དེའི་ཕྱིར་སྐུ་མཐོང་བས་ཉི་མ་རེ་རེའི་དུས་སུ་སྲོག་གི་རླུང་འགོག་པ་བུམ་པ་ཅན་གྱི་སྦྱོར་བ་བྱའོ། །ཇི་སྲིད་རང་ལུས་འོད་ཟེར་འཁོར་ལོ་འཁོར་བཞིན་
པས་བསྐོར་བ་མཐོང་བ་ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་སྐུའི་ནང་དུ་མཐོང་བའོ། །སྡོམ་བརྩོན་རྣམས་ཞེས་བྱ་བ་ནི་ལས་དང་པོ་པ་ཚངས་པར་སྤྱོད་པ་རྣམས་སོ། །ཟླ་བ་དྲུག་ཏུ་རེག་སྤངས་ཞེས་བྱ་བ་ནི་དབང་པོ་གཉིས་ཀྱི་སྦྱོར་བ་སྤངས་པའོ། །ལམ་གྱི་སེམས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་སྐུའི་སེམས་
སོ། །ཞི་བའི་བདེ་བར་འགྲོ་ཞེས་བྱ་བ་ནི་མི་ཟད་པའི་བདེ་བ་ཐོབ་པའོ། །ཆགས་དང་ཞེས་བྱ་བ་ནི་དཀར་པོའི་ཕྱོགས་སོ། །དེའི་མཐར་སོང་བ་ཞེས་བྱ་བ་ནི་བཅུ་དྲུག་པའི་ཆའི་མཚན་ཉིད་དོ། །དེ་ནས་ཆགས་བྲལ་ཞེས་བྱ་བ་ནི་ནག་པོའི་ཕྱོགས་སོ། །དེའི་ཐོག་མ་ཞེས་བྱ་བ་ནི་ནག་པོའི་ཕྱོགས་ལ་མ་
ཞུགས་པའོ། །སྐད་ཅིག་ཅེས་བྱ་བ་ནི་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའི་མཚན་ཉིད་དེའི་སྐད་ཅིག་གོ། །དབུགས་གྲངས་འཕེལ་ཞེས་བྱ་བ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་གསང་བའི་རྡོ་རྗེའི་ནོར་བུའི་རྩེ་མོ་ནས་འཕེལ་ལོ། །བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གི་དབུགས་དགུ་བརྒྱ་དགུ་བརྒྱའི་

གྲངས་བཀག་ཅིང་སྤངས་པ་དེས་ན་ས་གཉིས་གཉིས་ཐོབ་པར་འགྱུར་རོ། །དེ་ལྟར་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བར་བཞི་དང་། དྲུག་དང་། བརྒྱད་དང་། བཅུས་ས་རྣམས་ཐོབ་པར་འགྱུར་རོ། །གཙུག་ཏོར་དུ་སྲོག་ཐམས་ཅད་ཟད་པས་ས་བཅུ་གཉིས་འཐོབ་པར་འགྱུར་རོ། །དེ་ནས་མགོའི་
དྲ་བའི་ནང་ནས་གསང་བར་འོང་བ་ནི་དགའ་བ་དང་ལྷན་ཅིག་སྐྱེས་པ་དག་གིས་དབུ་མའོ། །དེ་ལྟར་ནི་གཉིད་ལོག་པའི་དུས་སུའོ། །སྙིང་གར་ནི་ཡེ་ཤེས་དབུ་མའོ། །མགྲིན་པར་ནི་སྐུ་དང་། གསུང་དང་། ཐུགས་དང་། ཡེ་ཤེས་ཀྱི་ཐིག་ལེའི་རང་བཞིན་གྱིས་སོ། །གང་དཔྲལ་བ་ནས་འོངས་པ་ནི་གཉིས་ཀྱི་སྦྱོར་
བའི་བདེ་བའོ། །དེའི་བདེ་བ་ནི་བླ་མའི་བཀའི་དབང་གིས་ཁུ་བའི་བདེ་བ་གྱེན་དུ་འགྲོ་བར་བྱེད་དོ། །སྔོན་དུ་གསུངས་པའི་སྲོག་འགོག་པ་དང་དབྲལ་བའི་བར་དུ་འཕེལ་བ་ལ་ངོ་མཚར་མེད་དོ། །དེ་ལྟར་ཉོན་མོངས་པ་དང་། བདུད་བཅོམ་ནས་རྒྱལ་བའི་བདག་པོ་ལ་སྟེ་རྣལ་འབྱོར་བཟང་པོ་ཨ་བ་དྷཱུ་ཏཱིའི་གནས་པས་ལོ་གཅིག་གི་
སྦྱོར་བས་གཡོན་དང་གཡས་སུ་ཆུད་པའི་སྲོག་རྣམས་བསད་ནས་རྒྱལ་བའི་བདག་པོ་སྟོང་པ་ཉིད་ཀྱི་སྐུ་ལ་འཇུག་གོ། །དེའི་ཕྱིར་བུམ་པ་ཅན་གྱི་སྦྱོར་བས་བདེ་བ་ཆེན་པོའི་སྐད་ཅིག་བསྐྱེད་དེ། བདེ་བ་འཕེལ་བར་ངེས་པའོ། །དུས་ཀྱི་འཁོར་ལོའི་མན་ངག་སློབ་དཔོན་དུས་འཁོར་ཞབས་ཆེན་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བུདྡྷ་ཀཱ་ར་བྷ་དྲ་དང་། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤ་ཌངྒ་ཡོ་ག་ནཱ་མ། བོད་སྐད་དུ། སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ། དཔལ་ལྡན་ཤ་བ་རི་པ་ལ་ཕྱག་འཚལ་ལོ། །སྒྲིབ་པའི་སྤྲིན་ཚོགས་དང་བྲལ་བ། །
གྲངས་མཐར་རླུང་རྟོག་ཀུན་འགག་པའི། །བར་སྣང་དུ་ནི་སྤྱན་རས་གཟིགས། །གང་བའི་ཟླ་བ་འཆར་ཏེ་མཛེས། །སྲིད་ཞིའི་དམིགས་དང་བྲལ་ཡང་གང་། །ཁྱབ་བྱེད་དེ་ཉིད་ཐ་དད་མིན། །སྟོང་ཡང་རྣམ་པ་ཀུན་དང་ལྡན། །ས་རྣམས་དབང་ཕྱུག་རབ་མི་གནས། །གཡོ་མེད་རྟོག་ཀུན་དང་བྲལ་ཡང་། །
མཁས་ལ་མ་ཉམས་བདེ་བ་སྟོན། །སེམས་མིན་ལས་ནི་འཆར་བའི་མགོན། །འགྲོ་སེམས་བྱིན་གྱིས་རློབ་གྱུར་ཅིག །ཡོད་རྟོག་རྟག་པའི་མཐར་གྱུར་ཏེ། །མ་དཔྱད་མེད་རྟོག་མནར་མེད་རྒྱུ། །གྲོལ་ལམ་དེ་ལྟར་བསུབས་གྱུར་ལ། །གང་ཞིག་སེམས་ལས་འདས་པ་ཡི། །སྟོང་ཉིད་ཐུགས་རྗེ་ཐ་མི་དད། །

ནམ་མཁའི་གཟུགས་བརྙན་སྟོན་པ་ལོ། །བླ་མ་དེ་ལ་རབ་དགའ་བས། །རྟག་ཏུ་གུས་བྱས་ཕྱག་འཚལ་ལོ། །དེ་ལྟའི་བླ་མ་དངོས་ཆེན་གྱིས། །བསྟོད་པ་རང་རྟོག་བརྗོད་པ་ཉིད། །འབར་བའི་མེ་ནི་མེད་པ་ན། །དུ་བའི་རྒྱུན་ནི་གང་ལ་འབྱུང་། །རྟོགས་བརྗོད་ང་ཡི་སྐྱོན་ཡིན་མོད། །
འཇུག་པར་བྱེད་པས་གཞན་དོན་རྒྱུ། །སྟོན་པས་མ་ངེས་དངོས་པོ་ལ། །དགོས་དོན་གྲུབ་འདོད་ག་ལ་འཇུག །དྲང་དོན་རྟོགས་པས་ཁེངས་པ་ཅན། །ལམ་ལས་འཁྲུལ་པའི་སྔགས་པ་རྣམས། །དགག་པ་འཇུག་པའི་ཚིག་སྒོ་ནས། །མ་རྟོགས་རྟོགས་ཕྱིར་སངས་རྒྱས་ཀྱི། །བཀའ་ཡི་འཇིག་རྟེན་
ཀུན་དོན་ཕྱིར། །གོ་བླ་ཚིག་གིས་འཇམ་དབྱངས་ཀྱིས། །བཀའ་བསྡུའི་ཚུལ་གྱིས་ཤཾ་བྷ་ལར། །དུས་འཁོར་བསྡུས་རྒྱུད་ལེགས་པར་གསུངས། །ཐུགས་རྗེ་ཆེན་པོའི་སྤྲུལ་སྐུ་དེས། །ཊཱི་ཀ་དྲི་མེད་འོད་ཅེས་མཛད། །དེ་གསལ་ངེས་དོན་ཐོབ་ནས་སུ། །མཁས་ཀུན་སྲིད་དུ་སེལ་ཞིང་རོལ། །གང་དུ་
ཇི་སྲིད་ཤེས་བྱ་ལ། །ཀུན་མཁྱེན་ཞེས་མཚན་དོན་དང་ལྡན། །འཁྲུལ་ཞིང་སྙིང་པོ་མེད་པར་གྱུར། །ཤེས་རབ་ཕ་རོལ་ཕྱིན་པ་ཞེས། །མཁའ་བྱུང་སངས་རྒྱས་ཡུམ་གཅིག་གིས། །སྐྱེ་འདོད་མ་ལུས་རྣམ་རྟོག་ཚོགས། །སླར་མི་འབྱུང་ཚུལ་འཇོམས་པར་མཛད། །གང་དུ་དྲི་མེད་ནམ་མཁའ་
ལ། །མིག་ཕྱེད་བརྟན་པར་བཤད་པ་ན། །བདེ་ཆེན་སྟོང་རྟོགས་རྟོག་མེད་ལས། །དུ་བ་ལ་སོགས་རྟོག་མེད་འབྱུང་། །དེ་བས་ན་རྫོགས་པའི་རིམ་པ་གསལ་བར་བྱེད་པ། ཕྱག་རྒྱ་ཆེན་པོའི་ལམ་བསྒོམ་པའི་རྗེས་སུ་མཐུན་པ། དཔལ་ལྡན་དང་པོའི་སངས་རྒྱས་ལ་སོགས་པའི་རྒྱུད་ནས་གསུངས་པ།
ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་བྱེད་པའི་གསུང་རབ་རིན་ཆེན་འདུས་པར་བྱ་སྟེ། སངས་རྒྱས་རིན་ཆེན་གྱི་ཟ་མ་ཏོག་དང་པོའི་སངས་རྒྱས་ཀྱི་རྒྱུད་ཀྱི་རྒྱལ་པོ་ལས་གསུངས་པ། ཉམས་མེད་བདེ་ལྡན་ཡེ་ཤེས་དབང་ཅན་རྣམ་པ་ཀུན་ལྡན་པ། །འགྲོ་ཀུན་སྒྱུ་མ་ཅན་གྱི་ཐིག་ལེ་རྒྱལ་
པོའི་དབང་ཕྱུག་གི །ཨཱ་ལི་ཀཱ་ལི་ཉི་ཟླའི་གདན་ནི་རྡོ་རྗེ་འཛིན་པའི་མིན། །ཧཱུྃ་ཡིག་གྱུར་པའི་སྐུ་གཟུགས་དང་ནི་ཕྱག་མཚན་མི་འདོད་དོ། །ཅེས་བྱ་བའོ། །དེ་བས་ན་ལས་དང་པོ་པའི་རྣལ་འབྱོར་པ་མ་ཉམས་པའི་མཆོག་བསྒྲུབ་པར་མངོན་པར་འདོད་པ། བླ་མ་དམ་པའི་མན་ངག་ཐོབ་པ། མ་རུངས་པའི་

གྲོགས་སྤངས་པ། དུ་བ་ལ་སོགས་པའི་མཚན་མ་ལ་གོམས་པ་རྩ་དབུ་མ་སྦྱངས་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་བསམ་པ་ཅན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པ། རང་ལུས་དང་བུ་དང་ཆུང་མ་ལ་སོགས་པ་ལ་ལྟོས་པ་མེད་པ། དགོན་པ་དང་གཙུག་ལག་ཁང་དང་།
བླ་མའི་ནོར་གྱི་ལོངས་སྤྱོད་ལས་ལོགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་བསྟེན་པ། བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཚངས་པའི་གནས་བཞི་ལ་གནས་པ། ཞི་བ་ལ་སོགས་པ་འཇིག་རྟེན་གྱི་གྲུབ་པ་སྒྲུབ་པའི་འདོད་པ་དང་བྲལ་བ། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་
པ། །ཆོས་དབྱིངས་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ཀྱི་མེ་ལོང་ལ་པྲ་ཕབ་པ་བཞིན་དུ་མ་སྐྱེས་པའི་ཆོས་མཐོང་བ་མིག་ཡོར་དང་རྨི་ལམ་ལྟ་བུ་རང་བཞིན་ཅན། རྡུལ་ཕྲ་རབ་ཀྱི་ཕུང་པོའི་ཆོས་ཀྱི་བརྟག་དཔྱད་དང་བྲལ་བ། ཆད་པའི་སྟོང་ཉིད་རིང་དུ་བྱས་པ། ནང་གི་བདེ་བ་རང་རིག་པའི་ཆོས་ལ་
རྗེས་སུ་ཆགས་པ། ཕྱིའི་དབང་པོའི་བདེ་བ་ཡོངས་སུ་སྤངས་པ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པ་ཁོ་ན་ལ་བརྩོན་པ་ཅན། བདེ་བ་ཆེན་པོའི་མཆོག་ཤེས་རབ་ཡེ་ཤེས་ཀྱི་ལམ་གྱི་མན་ངག་ཐོབ་པས་རྟེན་དང་རྟེན་ཅན་དང་། ཕྱག་མཚན་དང་། མདོག་དང་། དབྱིབས་
དང་། དཀྱིལ་འཁོར་གྱི་རྟོག་པ་མི་འདོད་ཅེས་བྱའོ། །དེ་བཞིན་དུ། རྒྱལ་བས་གསུངས་པའི་དེ་ཉིད་ནི། །བཅུ་དྲུག་བཞི་རུ་རབ་ཕྱེ་བས། །སྣ་ཚོགས་རྣམ་རྟོག་ལམ་གྱིས་ནི། །བརྒྱ་ལམ་མེད་པས་མི་འཐོབ་བོ། །ཧཱུྃ་ཕཊ་ལ་སོགས་རྟོག་པ་ཅན། །བསྐྱེད་པའི་རིམ་པ་ལས་འདས་པ། །རྫོགས་རིམ་
སྦྱོར་བ་དེ་ཉིད་ནི། །དེ་ཉིད་རྒྱུ་ཡིན་གཞན་མིན་ནོ། །དེ་ནི་ཤིང་ལ་གནས་པ་ཡང་། །དུམ་བུར་གཏུབས་ཀྱང་མཐོང་བ་མེད། །གཙུབ་ཤིང་གཙུབ་སྟན་གཙུབས་པ་ལས། །དེ་ཉིད་དུ་ནི་མཐོང་བ་ལྟར། །རྣམ་རྟོག་གོམས་པའི་ཐབས་ཀུན་གྱིས། །སེམས་ཀྱི་སྣང་ཚུལ་མི་མཐོང་མོད། །རོ་མ་རྐྱང་མ་
གཅིག་སྦྱོར་བས། །དེ་ཉིད་དུ་ནི་དེ་སྣང་འགྱུར། །དུ་བ་ལ་སོགས་མཚན་མ་ཡིན། །དབུ་མར་རྒྱུ་བ་སྲོག་རྩོལ་གྱིས། །རིག་མ་བརྟུལ་ཞུགས་རྟག་མ་ཉམ། །བྱང་སེམས་གྱེན་དུ་རྒྱུ་བ་ཡིས། །སངས་རྒྱས་ཀུན་ལམ་འདི་ཡིས་ནི། །རྣལ་འབྱོར་བདེ་བ་ཐོབ་འགྱུར་ཏེ། །ཕོ་ཉ་ཀུན་གྱི་ལྷན་སྐྱེས་ཡང་། །མ་

ཉམས་བདེ་མཆོག་ཐོབ་འགྱུར་རོ། །གཟུགས་ལ་སོགས་པའི་རྟོག་པ་ཅན། །དཀྱིལ་འཁོར་ལ་སོགས་སྒོམ་པ་པོས། །འཇིག་རྟེན་བསྒྲུབ་པ་འགྲུབ་མོད་ཀྱི། །འདོད་པའི་གྲུབ་ཆེན་ག་ལ་འབྱུང་། །སེམས་ཅན་སྙིང་རྗེ་གཞན་དོན་དང་། །རྟག་ཏུ་དགེ་བ་བརྩོན་པའོ། །རྣམ་པར་དག་པའི་
སློབ་མ་ཡིས། །བླ་མའི་དྲིན་གྱིས་ལམ་མཆོག་ཐོབ། །ལམ་མཆོག་རིན་ཆེན་ལེགས་པ་འདི། །བག་མེད་མི་ལ་བྱིན་ཀྱང་ནི། །རང་ཁྱིམ་ནགས་སུ་ཞུགས་པ་ཡི། །སྤྱོད་ཡུལ་ཇག་པས་འཕྲོག་པར་འགྱུར། །བག་མེད་ལེ་ལོ་ཐེ་ཚོམ་དང་། །གཉིད་དང་འགྱོད་པ་ཆོམ་རྐུན་གྱི། །ཉེ་དུའི་ནགས་ནང་
ཞུགས་པ་ཡིས། །གྲོལ་ལམ་མཆོག་ནི་འཕྲོག་འགྱུར་རོ། །སྲོག་གཅོད་མ་བྱིན་ལེན་དང་བརྫུན། །ཕྲ་མ་ཚིག་རྩུབ་གཞན་བུད་མེད། །ངག་འཁྱལ་བ་རྣབ་སེམས་གནོད་སེམས་དང་། །ལོག་ལྟའི་ཆོམ་རྐུན་གྱིས་ཀྱང་འཕྲོག །བཟའ་བཏུང་ཤིན་ཏུ་ཚད་མེད་དང་། །ལོངས་སྤྱོད་དུ་མའི་ཆོམ་རྐུན་
གྱིས། །བག་མེད་རྒྱལ་འགྱུར་རྨོངས་པའི་ལྟར། །བརྩོན་འགྲུས་ལྡན་པས་ཡང་འཕྲོག་འགྱུར། །རིན་ཆེན་ཡིན་མིན་མི་ཤེས་པ། །གཞན་མི་མཁས་ལ་སྟོན་པར་བྱེད། །རིན་ཐང་མེད་པའི་རིན་ཆེན་དེ། །མི་མཁས་ཚིག་གིས་སྐལ་མེད་འགྱུར། །རིན་ཆེན་ཡོན་ཏན་མཁས་པ་ལ། །མི་
ཤེས་དེ་ནི་བསྟན་པར་བྱ། །དེ་ཡི་རྣམ་དག་ཚིག་གིས་ནི། །རང་གི་རིན་ཆེན་ཤེས་པར་བྱ། །ཕ་མ་བུ་མོ་སྲིང་མོ་ནུ། །སྤུན་དང་ཡིད་འོང་ཆུང་མ་དང་། །སངས་རྒྱས་བྱང་སེམས་ཀུན་གྱི་ཡང་། །གཟུགས་ཀྱི་བདུད་ནི་གེག་བྱེད་དོ། །ཆོམ་རྐུན་ཉེ་དུ་སྤངས་ནས་སུ། །འབད་དེ་སློབ་མས་རིན་ཆེན་ལས། །
བླ་མ་དམ་པའི་དྲིན་ལས་བྱུང་། །ཐོས་ནས་ཤིན་ཏུ་གསང་བར་བྱ། །བདག་བྱིན་བརླབ་པའི་རིམ་པ་དང་། །དཔའ་བོའི་རིམ་པ་ཐར་ལམ་མིན། །ཤིན་ཏུ་རྣམ་དག་རིམ་པ་ཉིད། །སངས་རྒྱས་ཀྱིས་གསུངས་གྲོལ་ཕྱིར་རོ། །གང་གིས་དབང་བསྐུར་དོན་ཉིད་ཀྱིས། །ཤེས་རབ་ཐབས་དང་ལྡན་རྒྱུད་དུ། །
མཚམས་མེད་ལྔ་དང་ལྡན་རྣམས་ཀྱང་། །བདེ་བསངས་རྒྱས་ཀྱིས་བསྡུ་བྱས། །དཔའ་བོའི་རིམ་པ་ཕྱི་མིན་ཏེ། །ལུས་ལ་སྲོག་རླུང་ཟད་བྱེད་ཡིན། །ནམ་མཁར་ཁམས་གསུམ་སྣང་བ་གང་། །བདག་བྱིན་བརླབ་པར་དེ་བཤད་དོ། །འཁོར་བ་སྙིང་པོ་མེད་པ་ལ། །དེ་ཟད་པས་ནི་དེ་ཉིད་ལས། །ཆུ་

ཤིང་ཟད་པས་དེ་འབྲས་ལྟར། །སངས་རྒྱས་འབྲས་བུ་འབྱུང་འགྱུར་རོ། །རྟ་བླ་མོ་དང་སྡིག་སྲིན་ནི། །མ་ལས་སྐྱེས་ཏེ་མ་གསོད་དོ། །སྒྱུ་མ་ལས་བྱུང་རྣལ་འབྱོར་སེམས། །དེ་ལྟར་སྒྱུ་མ་གསོད་པར་བྱེད། །གཉིས་མེད་མི་གཡོ་རྒྱུ་མེད་དང་། །ཡི་དམ་མ་ཉམས་ཆགས་ཆེན་དང་། །དངོས་པོ་
དངོས་མིན་མ་ཡིན་པ། །ཡེ་ཤེས་སེམས་དཔའ་ཀུན་དུ་བཟང་། །སྒྲ་མེད་སྒྲ་ཆེན་ལྷན་སྐྱེས་དང་། །བྱང་སེམས་ཐིག་ལེ་འཛིན་པའི་དཔལ། །དུས་ཀྱི་འཁོར་ལོའི་རྡོ་རྗེ་དང་། །རྣལ་འབྱོར་ཤེས་རབ་ཐབས་དང་ལྡན། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་གང་། །བདེ་གཤེགས་དུ་མས་བསྟེན་དང་བཤད། །
རྡོ་རྗེ་འཛིན་པ་གསང་སྔགས་རིགས། །བྱང་སེམས་ཀུན་གྱིས་བཀའ་བསྡུ་མཛད། །རྡོ་རྗེའི་ཐིག་གནས་དམ་ཚིག་ལྡན། །རྙོག་པ་དང་བྲལ་འདོད་པ་མེད། །བཟོད་ལྡན་ལམ་གནས་དེ་ཉིད་བསྒོམ། །དམྱལ་བའི་འཇིགས་སྐྱོབ་སློབ་མ་ལ། །ལམ་སྟོན་དོན་གྱི་ཚངས་པར་སྤྱོད། །བདུད་འཇོམས་རྡོ་རྗེ་
སེམས་གྲགས་པའི། །བླ་མ་ཐོག་མར་བསྟེན་པར་བྱ། །ལྷ་ཡི་དམིགས་པ་རྣམ་པ་གཉིས། །མངོན་སུམ་དང་ནི་རྗེས་དཔག་གོ། །དེ་ཉིད་སྦྱོར་བས་ནམ་མཁའ་ལ། །སྐར་མ་ལྟར་ནི་མངོན་སུམ་དུ། །ལོངས་སྤྱོད་རྫོགས་སྐུ་དུ་མ་སྣང་། །ཡོངས་སུ་མ་སྨིན་རྣལ་འབྱོར་ལ། །གོམས་ཕྱིར་རི་མོ་ལ་
སོགས་པ། །དོན་དམ་མིན་པའི་རྟོགས་པ་ནི། །ཤི་བའི་རོ་ལྟར་རྗེས་དཔག་གོ། །འདིར་སེམས་ཅན་གྱི་བསམ་པའི་དབང་གིས་རྣལ་འབྱོར་པ་རྣམས་ལ་ལྷའི་དམིགས་པ་རྣམ་པ་གཉིས་ཏེ། མངོན་སུམ་དང་ནི་རྗེས་དཔག་གོ། །དེ་ཉིད་ལས་མངོན་སུམ་ནི་དེ་ཁོ་ན་ཉིད་ཀྱི་སྦྱོར་བས་ནམ་མཁའ་ལ་སྐར་མ་
བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་དུ་མ་སྒྱུ་མ་དང་རྨི་ལམ་ལྟ་བུ་དུས་གསུམ་གྱི་སྲིད་པ་གསུམ་ཤའི་མིག་ལ་སོགས་པ་གཟུང་བའོ། །འདིར་དང་པོ་མངོན་ཤེས་མེད་པས་ལས་དང་པོ་པའི་རྣལ་འབྱོར་པས་ཤའི་མིག་གིས་སྣ་ཚོགས་གཟུགས་བརྙན་མཐོང་ངོ་། །མངོན་ཤེས་བྱུང་ནས་ལྷའི་མིག་གིས་མཐོང་
ངོ་། །འདོད་ཆགས་དང་བྲལ་བས་ན་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །བྱང་ཆུབ་སེམས་དཔར་གྱུར་ནས་ཤེས་རབ་ཀྱི་མིག་གིས་སོ། །ཡང་དག་པར་རྫོགས་པར་བྱང་ཆུབ་པ་ན་ཡེ་ཤེས་ཀྱི་མིག་གིས་ཏེ། ཕུང་པོ་ལྷག་མ་དང་བྲལ་བས་སོ། །དེ་ལྟར་སྟོང་པ་ཉིད་མཐོང་བའི་སླད་དུ་དེ་བཞིན་

གཤེགས་པས་མིག་ལྔ་སྟེ་ཤའི་མིག་ལ་སོགས་པའོ། །སེམས་ཅན་གཞན་སྟོང་པ་ཉིད་མ་མཐོང་བ་རྣམས་ལ་དམུས་ལོང་ཉིད་ཡིན་ནོ་ཞེས་དེ་ཁོ་ན་ཉིད་བསྒོམ་པའི་ངེས་པའོ། །དེ་ཉིད་མ་ཡིན་པའི་སྒྲུབ་པ་ནི་མངོན་སུམ་མེད་པར་རྗེས་དཔག་དེ་ཤི་བའི་ལུས་དང་འདྲ་བ་དོན་དམ་པ་མ་ཡིན་པའི་
རྟོག་པ་རི་མོ་ལ་སོགས་པས་བསྟན་པར་བྱའོ། །དེ་ལྟར་ལུགས་མ་དང་བྱས་པའི་གཟུགས་བརྙན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀྱིལ་འཁོར་རམ་བྲིས་ནས་བློས་སྨོན་པའི་རྣལ་འབྱོར་ལ་བསྒོམ་པའི་ཕྱིར་ངེས་པའི་རྣམ་པ་ཅན་བརྟན་པར་བྱ་སྟེ། རྣམ་རྟོག་ཏུ་བསྒོམ་པའི་ངེས་པའོ། །བསྙེན་པ་
བདུད་རྩི་ལྔ་སོགས་དང་། །རྡོ་རྗེ་བཞི་སྔགས་བཟླས་སོགས་ཀྱིས། །ཉེ་སྒྲུབ་སོ་སོར་རྟོག་སོགས་དང་། །པད་རྡོར་ལས་བྱུང་བདུད་རྩིས་སོ། །སྒྲུབ་པ་དགའ་བ་ལ་སོགས་དང་། །པདྨར་རོ་གཅིག་རྡོར་གསུམ་གྱིས། །སྒྲུབ་ཆེན་ཕྲ་བའི་རྣལ་འབྱོར་དང་། །མ་ཉམས་རིག་མའི་སྦྱོར་བས་སོ། །འདིར་ལས་དང་
པོ་པས་ཐོག་མར་སྒྲུབ་ཐབས་ཀྱི་ཆོ་གས་བསྙེན་པར་བྱ་སྟེ། ཕྱིའི་བདུད་རྩི་ལྔ་ནི་བཤང་བ་ལ་སོགས་པའོ། །སོགས་ཀྱི་སྒྲས་ནི་སྒྲོན་མ་ལྔའོ། །ནང་གི་བདུད་རྩི་ལྔ་ནི་ཕུང་པོ་ལྔའོ། །ལྷ་མཉེས་པའི་ཕྱིར་དེ་ཟོས་པས་བསྙེན་པའོ། །སོགས་པའི་སྒྲས་སྒྲོན་མ་ལྔ་ནི་དབང་པོ་ལྔའོ། །དེ་དག་ལ་ལྟོས་
པ་མེད་པ་ནི་བསྙེན་པ་སྟེ། ལུས་དང་ནོར་གྱི་སྲེད་པ་ཡོངས་སུ་སྤོང་བའོ། །བསྙེན་པ་དེས་ལྷས་མཆོག་སྦྱིན་ཏེ་བཤད་པ་ལ་སོགས་པ་ཟོས་པས་མ་ཡིན་ནོ། །རྡོ་རྗེ་བཞི་ནི་ལུས་ངག་ཡིད་གསུམ་ཀྱི་ལོངས་སྤྱོད་པ་ལ་ལྟོས་པ་མེད་པ་དང་། ཉམས་པའི་བདེ་བ་ལ་ལྟོས་པ་མེད་པ་སྟེ་ལུས་ངག་ཡིད་གསུམ་
ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཀྱི་དོན་ཏོ། །འདིས་ལྷས་མཆོག་སྦྱིན་གྱི་སྲེད་པའི་ལོངས་སྤྱོད་ལ་ལྟོས་པས་མ་ཡིན་ནོ། །སྔགས་བཟླས་པ་ལ་སོགས་པ་ལ་བཟླས་པ་ནི་སྲོག་རྩོལ་ཏེ། སོགས་པའི་སྒྲས་འཕངས་པ་དང་དགང་བ་དང་གཞིལ་བའི་སྦྱོར་བ་ནི། །བསྙེན་པ་སྟེ་དེས་ལྷས་མཆོག་སྦྱིན་གྱི་
སྲོག་མ་ནོན་པས་མ་ཡིན་ནོ་ཞེས་ངེས་དོན་ཏོ། །སྒྲུབ་པ་ཐུན་མོང་གི་ཕྲེང་བས་བཟླས་པ་ལ་སོགས་པ་ནི་དྲང་དོན་ཏོ། །ཉེ་བའི་སྒྲུབ་པ་ནི་སོ་སོར་རྟོག་པ་ལ་སོགས་པ་སྟེ། འཁོར་བ་པའི་ཟས་ནི་མིག་ལ་སོགས་པས་གཟུགས་ལ་སོགས་པ་གཟུང་བའོ། །དེ་ནས་ལོག་པ་ནི་སོ་སོར་རྟོག་པ་སྟེ་སྟོང་ཉིད་ཀྱི་

གཟུགས་བརྙན་ལ་གཞན་མིག་ལ་སོགས་པས་ཡུལ་གཟུང་བའོ། །དེ་བཞིན་དུ་བསམ་གཏན་དང་སྲོག་རྩོལ་དང་འཛིན་པའོ། །ངེས་དོན་དུ་རྡོ་རྗེ་དང་པདྨ་ལས་བྱུང་བའི་བདུད་རྩིས་ཉེ་བའི་སྒྲུབ་པའོ། །དྲང་དོན་དུ་འཁོར་གྱི་ལྷ་ཀུན་བསྐྱེད་པའོ། །བསྒྲུབ་པ་བཤད་དེ། དགའ་བ་ལ་སོགས་པའོ། །འདིར་
དགའ་བ་ལ་སོགས་པ་རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ཐིག་ལེའོ། །སྙིང་དང་ལྟེ་བ་གསང་བའི་པདྨར་རོ་གཅིག་ཏུ་གྱུར་པའི་ཐིག་ལེ་བསྒོམ་པ་ནི་བསྒྲུབ་པའོ། །སྒྲུབ་པ་ཆེན་པོ་ནི་ངེས་པའི་དོན་དུ་ཕྲ་བའི་རྣལ་འབྱོར་ནི་རྩ་དབུ་མ་ལ་གྱེན་དུ་རྒྱུ་བའི་ས་བོན་གྱིས་ཏེ། ཤེས་རབ་མའི་སྦྱོར་བས་མ་ཉམས་པའི་བདེ་
བས་སོ། །དྲང་དོན་དུ་ཤེས་རབ་མའི་ཆོས་འབྱུང་གི་སྣའི་རྩེ་མོར་ཐིག་ལེའི་སྦྱོར་བ་ལ་སོགས་པའོ། །སྟོང་ཉིད་བྱང་ཆུབ་ཐོག་མ་རུ། །དེ་ནས་ཟླ་བ་ཐིག་ལེ་འཛིན། །དེ་ལས་སྐུ་ནི་བསྐྱེད་པ་ཡིན། །དབང་པོའི་བྱིན་རླབས་རིགས་དྲུག་གིས། །འདི་ནི་བསྙེན་པ་ཐུན་མོང་ཡིན། །ཉེ་བར་སྒྲུབ་པ་རྡོ་རྗེ་
བཞིས། །འདིར་ཐབས་ཆུང་སོགས་རྣམ་པ་བཞི། །བསྒྲུབ་པ་སྒྲུབ་ཆེན་ངག་ལ་ཡང་། །འདིར་བསྐྱེད་པའི་རིམ་པས་ཐོག་མར་སྟོང་པ་ཉིད་ལས་བྱང་ཆུབ་པ་ནི་སེམས་ཅན་རྣམས་ལ་ཐ་མར་ཕུང་པོ་དོར་བ་ལས་ཕུང་པོ་གཞན་མ་བླངས་པའི་བར་དུ་སྟོང་པའི་མཚན་ཉིད་ཅན་སྲིད་གསུམ་སྟོང་པར་མཐོང་བ་གང་ཡིན་
པ་དེ་ནི་སྟོང་པ་ཉིད་ཅེས་བརྗོད་དོ། །དེའི་རྗེས་སུ་ཟླ་བའི་ཐིག་ལེ་འཛིན་པ་ནི་མའི་མངལ་དུ་ཀུན་གཞིའི་རྣམ་ཤེས་ཀྱི་ས་བོན་གྱི་ཐིག་ལེ་གཟུང་བའོ། །དེ་ལས་སྐུ་བསྐྱེད་པ་ནི་ཟླ་བ་བདུན་གྱིས་གཟུགས་རྫོགས་པའོ། །རིགས་དྲུག་གིས་མིག་ལ་སོགས་པ་བྱིན་རླབས་ནི་གཟུགས་ལ་སོགས་པའི་ཡུལ་ལ་འཇུག་
པའོ། །འདི་དང་འདྲ་བར་ལས་དང་པོ་པས་ལྷའི་སྒྲུབ་པ་ལ་ཡང་རྟོག་པའི་བདག་ཉིད་བསྒོམ་པར་བྱའོ། །འདི་ནི་ཐུན་མོང་གི་བསྙེན་པའོ། །ཉེ་བའི་སྒྲུབ་པ་ནི་སྲོག་རླུང་ཡོངས་སུ་རྫོགས་པ་སྟེ། རྡོ་རྗེ་བཞི་ནི་ལུས་ངག་ཡིད་གསུམ་ཡེ་ཤེས་རྡོ་རྗེ་རྫོགས་པས་སོ། །འདིར་ཐབས་རྣམ་བཞི་ནི་བསྙེན་པ་དང་།
ཉེ་བར་བསྒྲུབ་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་སྟེ། ལོ་བཅུ་དྲུག་གི་བར་དུའོ། །འདིར་ཆུང་ངུ་ནི་སྐྱེས་མ་ཐག་གི་བྱིས་པའོ། །སོ་སྐྱེས་ནས་བྱིས་པ་བར་མའོ། །སོ་འགོགས་པ་ན་གཞོན་ནུའོ། །སོ་སྐྱེས་ནས་བཅུ་དྲུག་བར་དར་ལ་བབ་པ་སྟེ་བུ་བསྐྱེད་པའི་ཕྱིར་རོ། །དེ་ལྟར་ལྷ་རྣམས་ལ་ཡང་

ཡན་ལག་བཞི་བསྒོམ་པར་བྱའོ་ཞེས་འཇིག་རྟེན་པའི་བདེན་པའི་ངེས་པའོ། །ད་ནི་དོན་དམ་པའི་བདེན་པས་སངས་རྒྱས་ཀྱི་སྐུ་བསྐྱེད་པ་བརྗོད་དོ། །ཐོག་མར་སྟོང་པ་ཉིད་བྱང་ཆུབ་པ་ནི་མུན་ནག་ལ་ཅི་ཡང་མི་སེམས་པའོ། །དེ་ཟླ་བ་ཐིག་ལེ་འཛིན་པ་ནི་ཐིག་ལེ་ཆེན་པོའི་བར་དུ་དུ་བ་ལ་
སོགས་པའི་མཚན་མ་འབྱུང་བའོ། །བུ་བསྐྱེད་པ་ནི་ཐིག་ལེ་དེ་ལས་ཀུན་མཐོང་བའོ། །རིགས་དྲུག་གི་ནི་སྒྲིབ་པ་དང་བྲལ་བའི་ཕུང་པོ་དྲུག་གིས་ཏེ། བྱིན་རླབས་ནི་སོ་སོའི་སྐྱེ་བོའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འགོག་པའོ། །དེ་ནས་ཆུང་ངུ་ལ་སོགས་པའི་དབྱེ་བས་ཐོབ་པར་འགྱུར་ཏེ། ས་བཅུ་གཉིས་
ཀྱི་དབང་ཕྱུག་གི་བར་རོ། །དེ་ནས། བདེན་དོན་རྣམ་པ་བཅུ་གཉིས་དོན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པ་སངས་རྒྱས་ཀུན་གྱི་མཆོག །ཅེས་ངེས་པའོ། །དེ་བཞིན་དུ། ནམ་མཁའ་དུ་བ་ལ་སོགས་ལམ། །བསྒོམས་ཏེ་སྣ་ཚོགས་གཟུགས་ཀྱི་བར། །དེ་ནས་
སྲོག་རླུང་ཐུར་སེལ་གཉིས། །རྩ་ཡི་འཁོར་ལོར་བསྟན་པར་བྱ། །རྣལ་འབྱོར་བྱང་སེམས་ཟླ་བ་ནི། །རཱ་ཧུ་ལ་ལྟར་དགོད་པར་བྱ། །གང་འདོད་སྐྱེ་བ་འདི་ཉིད་དུ། །ཞག་འགའ་ཞིག་གིས་ཐོབ་པར་འགྱུར། །ལམ་གྱི་རྒྱལ་པོ་འདི་རིམ་པས་བསྒོམ་པའི་གདམས་པ་དང་པོའི་སངས་རྒྱས་ཀྱི་མཆོག་ལ་
བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། དུ་བ་ལ་སོགས་བསྒོམས་ནས་སུ། །སེམས་ནི་ལོགས་སུ་བརྟན་པར་བྱ། །རྩ་དབུ་མ་ནི་སྦྱངས་ནས་སུ། །མ་ཉམས་མཆོག་ནི་བསྒྲུབ་པར་བྱ། །པདྨར་རྡོ་རྗེ་བཞག་ནས་སུ། །སྲོག་རླུང་ཐིག་ལེར་གནས་པར་བྱ། །ཐིག་ལེ་རྣམས་ལ་འཁོར་ལོས་སྒྱུར། །རྡོ་རྗེ་
ཐིག་ལེ་འགོག་པར་བྱ། །རྣལ་འབྱོར་རྟག་ཏུ་རྟག་བགྲེང་བ། །རྟག་ཏུ་བྱང་སེམས་གྱེན་དུ་རྒྱུ། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །རྡོ་རྗེ་དབབ་པས་བྱིན་བརླབ་པ། །རྒྱལ་ཆེན་དྲུག་བརྒྱ་དང་བཅས་པའི། །སྟོང་ཕྲག་ཉི་ཤུ་གཅིག་དང་ལྡན། །མ་ཉམས་བདེ་བའི་སྐད་ཅིག་ནི། །ཚངས་པས་རྡོ་རྗེ་སེམས་
དཔར་འགྱུར། །ཇི་སྲིད་བཅུ་ནི་མ་སྐྱེས་པར། །ཤེས་རབ་མ་གཞན་མི་བྱའོ། །ཕྱི་རོལ་གཡེང་བ་འབྱུང་བའི་ཕྱིར། །མཚན་མ་རྣམས་ཀྱང་བསྒོམ་པའོ། །རྡོ་རྗེ་སེམས་ཉིད་སོ་སོར་རྟོག །བཅུ་སྟེ་བསམ་གཏན་མི་བསྐྱོད་དོ། །སྲོག་རྩོལ་དོན་གྲུབ་རྣམ་པ་བཅུ། །འཛིན་པ་རིན་ཆེན་འབྱུང་ལྡན་ཡིན། །ཌོཾ་བི་

ལ་ནི་རྗེས་སུ་དྲན། །འོད་དཔག་མེད་དེ་དེ་བཞིན་ནོ། །རྣམ་པར་སྣང་མཛད་ཏིང་ངེ་འཛིན། །ཡུལ་དང་ཡུལ་ཅན་བཅུ་པོ་ནི། །འཇུག་པ་མེད་པར་སོ་སོར་རྟོག །ལུས་ལ་ཤེས་རབ་བསམ་གཏན་ནི། །རྟོག་པ་རྣམ་དཔྱོད་དགའ་བ་དང་། །བདེ་བའི་སེམས་ནི་རྩེ་གཅིག་གོ། །སྲོག་རྩོལ་ལམ་གཉིས་སྤངས་
ནས་སུ། །སྲོག་རླུང་དབུ་མར་རྒྱུ་བའོ། །འཛིན་པ་རྒྱུ་བ་གཉིས་མེད་པར། །སྲོག་རླུང་ཐིག་ལེར་འཇུག་པའོ། །རྗེས་དྲན་ལུས་དང་ནམ་མཁའ་རུ། །གཏུམ་མོའི་བར་དུ་སྣང་བ་འབྱུང་། །ཤེས་རབ་ཐབས་དང་སྦྱོར་བ་ཡིས། །མ་ཉམས་བདེ་བས་ཏིང་ངེ་འཛིན། །སོ་སོར་རྟོག་གི་ཡུལ་བྲལ་ཞིང་། །
བྱིན་རླབས་པར་འབྱུང་སྔགས་ཀུན་གྱི། །བསམ་གཏན་སྦྱོར་བས་དག་པ་ནི། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །ཉི་ཟླ་དང་བྲལ་སྲོག་རྩོལ་དག །བྱང་ཆུབ་སེམས་དཔའ་ཀུན་གྱིས་བསྔགས། །བདུད་དང་ཉོན་མོངས་སྲོག་བྲལ་བའི། །སྟོབས་བཅུར་འཛིན་པའི་སྟོབས་ཀྱིས་འཇུག །རྗེས་སུ་དྲན་པས་
དག་པས་ན། །ཡེ་ཤེས་སྐུ་ལས་འོད་ཀོར་འབྱུང་། །ཏིང་འཛིན་ད་གཞག་འགའ་ཞིག་གིས། །ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །སོ་སོར་རྟོག་ལ་སོགས་པ་ཡིས། །སྔགས་པས་དོན་གྲུབ་མ་གྱུར་ན། །ནཱ་ད་གོམས་པ་བཙན་ཐབས་ཀྱིས། །པདྨར་རྡོ་རྗེ་ནོར་བུ་ལ། །ཐིག་ལེ་འགོག་པས་བསྒྲུབ་པར་
བྱ། །བསྙེན་པར་ཐིག་ལེའི་སྦྱོར་བ་ནི། །འཁོར་ལོ་ཅན་གྱི་ཁྲོ་སྟངས་ཀྱིས། །ནམ་མཁའ་རྣམ་པ་བཅུ་ཡིན་ནོ། །ཉེ་བའི་བསྒྲུབ་པ་སྦྱོར་དྲུག་ནི། །བདུད་རྩིའི་ལམ་དུ་གནས་པ་ཡི། །བགེགས་མཐར་བྱེད་ཀྱི་ལྟ་བས་སོ། །ཤེས་རབ་སྦྱོར་བྱུང་ཐིག་ལེ་ནི། །རྡོ་རྗེའི་ནོར་བུར་ཕྱིན་ནས་སུ། །མ་མཉམ་
གསུམ་འགྱུར་བསྒྲུབ་པར་རོ། །མ་མཉམ་བདེ་གཅིག་ཞི་བ་ནི། །ལྷན་སྐྱེས་ཡེ་ཤེས་སྒྲུབ་ཆེན་ལ། །ད་ནི་སྦྱོར་བ་དྲུག་བཤད་དེ། །སོ་སོར་རྟོག་ནི་ལས་དང་པོར་རྡོ་རྗེ་སེམས་དཔའ་སྟེ་ཡེ་ཤེས་ཀྱི་ཕུང་པོའོ། །དེ་ཡང་མཚན་མའི་དབྱེ་བས་རྣམ་པ་བཅུ་སྟེ། དུ་བ། སྨིག་རྒྱུ། སྲིན་བུ་མེ་ཁྱེར། མར་
མེ། འབར་བ། ཟླ་བ། ཉི་མ། རཱ་ཧུ་ལ། གློག ཐིག་ལེ། སྣང་བའི་དབྱེ་བས་མ་བརྟགས་པའི་ཡེ་ཤེས་ཀྱི་ཕུང་པོའོ། །བསམ་གཏན་མི་བསྐྱོད་ནི་རྣམ་པ་བཅུ་སྟེ། རྣམ་ཤེས་ཀྱི་ཕུང་པོའོ། །ཡུལ་དང་ཡུལ་ཅན་བཅུ་ནི་སྣ་ཚོགས་གཟུགས་ལ་གཅིག་ཏུ་གྱུར་པ་ནི་བསམ་གཏན་ནོ། །སྲོག་རྩོལ་

ཡང་བཅུ་སྟེ། དོན་ཡོད་གྲུབ་པ་འདུ་བྱེད་ཀྱི་ཕུང་པོ་གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་ནི་གཅིག་ཏུ་གྱུར་པའི་ཕྱིར་རོ། །འཛིན་པ་རིན་ཆེན་འབྱུང་ལྡན་ནི་ཚོར་བའི་ཕུང་པོའོ། །སྲོག་རླུང་འཛིན་པ་ནི་ལྟེ་བ། སྙིང་ག མགུལ་པ། དཔྲལ་བ། སྤྱི་གཙུག་གི་པདྨ་ལ་འགྲོ་བ་དང་།
འོང་བའི་དབྱེ་བས་རྣམ་པ་བཅུའོ། །ཌོཾ་བི་ལ་ནི་རྗེས་སུ་དྲན་པ་འོད་དཔག་མེད་འདུ་ཤེས་ཀྱི་ཕུང་པོ་རྣམ་པ་བཅུའོ། །རྗེས་སུ་དྲན་པ་ནི་ཌོཾ་བི་ལ་སྟེ་རྩ་དབུ་མ་འདོད་པའི་གནས་སྐབས་བཅུའི་དབྱེ་བ་ཡིས་སོ། །རྣམ་པར་སྣང་མཛད་ཏིང་ངེ་འཛིན་ནི་རྣམ་པ་བཅུ་སྟེ་རླུང་བཅུ་འགོག་པས་སོ། །དེ་ལྟར་བཅོམ་ལྡན་
འདས་རླུང་རྣམས་མི་རྒྱུ་བས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ནི་སོ་སོར་རྟོག་པ་ལ་སོགས་པའི་མཚན་ཉིད་བརྗོད་དེ། སོ་སོར་རྟོག་པ་ནི་ཡུལ་དང་ཡུལ་ཅན་བཅུའི་འབྲེལ་པས་རྣམ་པར་ཤེས་པ་མི་འཇུག་པ་སྟེ། ལུས་ལ་ཤེས་རབ་ནི་ནམ་མཁའི་གཟུགས་བརྙན་སྟོང་པའི་ཡུལ་
རྣམས་སུ་མིག་ལ་སོགས་པ་ལྔ་གཞན་གྱིས་རབ་ཏུ་འཇུག་པའོ། །དེ་བཞིན་དུ་ཡུལ་དེ་ཉིད་ལ་ཤེས་རབ་ནི་ལྟ་བའོ། །རྟོག་པ་ནི་དངོས་པོར་གཟུང་བའོ། །དཔྱོད་པ་ནི་ངེས་པའོ། །དགའ་བ་ནི་སྣ་ཚོགས་གཟུགས་ལ་ཞེན་པའོ། །བདེ་བ་མི་གཡོ་བ་ནི་སྣ་ཚོགས་གཟུགས་དང་སེམས་གཅིག་ཏུ་བྱེད་པའོ། །
དེ་ལྟར་གཟུང་བ་དང་འཛིན་པའི་དབྱེ་བས་བསམ་གཏན་ནི་རྣམ་པ་བཅུའོ། །སྲོག་རྩོལ་ལམ་གཉིས་སྤངས་ནས་ནི་གཡོན་དང་གཡས་པའི་ལམ་སྤངས་པ་ནི། འགགས་ནས་ལམ་དབུ་མ་ལ་འཇུག་པའོ། །དེ་ཡང་བཅུ་སྟེ་དཀྱིལ་འཁོར་བཅུ་འགོག་པས་སོ། །ཐིག་ལེ་ནི་དཔྲལ་བར་སྲོག་རླུང་འཇུག་པའོ། །རྒྱུ་
བ་གཉིས་བྲལ་ནི་འགྲོ་འོང་དང་བྲལ་བའོ། །འཛིན་པ་ནི་དཔྲལ་བར་སྲོག་རླུང་འཛིན་པ་སྟེ་སེམས་རྩེ་གཅིག་གོ། །གཏུམ་མོའི་བར་དུ་སྣང་བ་ནི་ནམ་མཁའ་སྲིད་པ་གསུམ་གྱི་སྣང་བ་རྗེས་སུ་དྲན་པ་སྟེ། རྣམ་པ་བཅུ་ནི་སྔར་བཤད་པ་ཉིད་དོ། །ཤེས་རབ་ཐབས་དང་སྦྱོར་བ་ཡིས་ནི་ཤེས་པར་བྱ་བ་དང་རྣམ་ཤེས་
གཅིག་ཏུ་གྱུར་པས་ཡེ་ཤེས་ཀྱི་གཟུགས་ལ་མཉམས་པའི་བདེ་བའི་དབང་གིས་ཏིང་ངེ་འཛིན་རྣམ་པ་བཅུ་སྟེ། སྲོག་རླུང་ལ་སོགས་པ་རྒྱུ་བ་མེད་པས་སོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་པའོ། །ད་ནི་སོ་སོར་རྟོག་ལ་སོགས་པའི་ཕན་ཡོན་བརྗོད་དེ། སོ་སོར་རྟོག་པས་དག་པར་འགྱུར་བ་ནི་སྣ་

ཚོགས་གཟུགས་བརྙན་བརྟན་པར་གྱུར་ན་སྟེ། དེའི་ཚེ་སྔགས་ཀུན་གྱི་བྱིན་གྱིས་བརླབ་པར་འགྱུར་རོ། །སྨྲས་པ་ཙམ་གྱིས་མཆོག་སྦྱིན་ལ་སོགས་པ་སྟེར་རོ། །མངོན་ཤེས་ལྔ་ནི་གང་གི་ཚེ་མིག་བཙུམས་པ་མེད་པར་གྱུར་པ་དེའི་ཚེ་ལྷའི་མིག་འབྱུང་ངོ་། །དེ་ལྟར་བསམ་གཏན་གྱི་དག་པས་ན་ལྷའི་རྣ་བའང་ངོ་། །
སྲོག་རྩོལ་གྱིས་དག་པས་ནི་གང་གི་ཚེ་ཉི་མ་དང་ཟླ་བའི་ལམ་དང་བྲལ་ཞིང་རྟག་ཏུ་དབུ་མར་རྒྱུ་བ། དེའི་ཚེ་སྲོག་རྩོལ་གྱིས་དག་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་པ་བརྗོད་པར་འགྱུར་རོ། །བདུད་དང་ཉོན་མོངས་སོགས་བྲལ་བའི་སྟོབས་བཅུ་ནི། སྟོང་པའི་གཟུགས་བརྙན་ནི་གཟུང་བ་ཡིན་ཏེ། དེ་ལ་
འཛིན་པའི་སེམས་འཇུག་པ་ནི་འཛིན་པའི་སྟོབས་ཀྱིས་སོ། །སྲོག་རླུང་གི་འགྲོ་འོང་ཟད་པས་རོ་གཅིག་ཏུ་འགྱུར་རོ། །རྗེས་སུ་དྲན་པས་དག་པ་ནི་སེམས་ཀྱིས་གཟུགས་བརྙན་འཁྱུད་པ་སྟེ། རྣམ་རྟོག་ཐམས་ཅད་དང་བྲལ་བ་ཉིད་དོ། །དེའི་ཚེ་དྲི་མ་མེད་པའི་འོད་ཀོར་འབྱུང་ངོ་། །བ་སྤུ་རྣམས་ལས་འོད་ཟེར་
ལྔ་ཡང་སྤྲོ་བའོ། །ཡེ་ཤེས་སྐུ་ལས་ནི་སྟོང་པ་ཉིད་ཀྱི་སྐུ་ལས་སོ། །ཏིང་ངེ་འཛིན་དག་པ་ནི་གཟུང་བ་དང་འཛིན་པའི་སེམས་གཉིས་གཅིག་ཏུ་གྱུར་པས་མ་ཉམས་པའི་བདེ་བ་དེ་ནི་ཏིང་ངེ་འཛིན་ཏེ། དེས་དག་པ་ནི་བྲལ་བར་གྱུར་པའོ། །ཞག་འགའ་ཞིག་གིས་ནི་ལོ་གསུམ་དང་ཕྱོགས་གསུམ་གྱིས་འགྲུབ་པའོ། །ཡེ་ཤེས་
སྐུ་ནི་དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་སོ་སོར་རྟོག་པ་ལ་སོགས་པའི་ངེས་པའོ། །ད་ནི་བཙན་ཐབས་ཀྱི་སྦྱོར་བ་བཤད་དེ། །སོ་སོར་རྟོག་པ་ལ་སོགས་པས་སྟོང་པའི་གཟུགས་བརྙན་མཐོང་ན་ཡང་མ་ཉམས་པའི་སྐད་ཅིག་མི་སྐྱེ་ན་སྲོག་རླུང་མི་ནོན་པའི་ཕྱིར་དེའི་ཚེ་ནཱ་ད་གོམས་པ་བཙན་
ཐབས་ཀྱིས་སྲོག་རླུང་དབུ་མར་རྒྱུ་བར་བྱས་ལ། པདྨར་རྡོ་རྗེའི་ནོར་བུ་ལ་བྱང་སེམས་ཐིག་ལེ་འགོག་པས་འཛག་པ་མེད་པར་མ་ཉམས་པའི་སྐད་ཅིག་བསྒྲུབ་པར་བྱའོ་ཞེས་བཙན་ཐབས་སོ། །ནཱ་ད་ལ་གོམས་པ་ནི་འདིར་སྒྲུབ་ཐབས་ཀྱི་ལེའུར་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ནུས་པ་གང་འགྲོ་ལྟེ་བ་ལས། །
མཆོག་གནས་བཅུ་གཉིས་བཅུ་དྲུག་མཐར། །ལྟེ་བར་དེ་ཐིམ་དབྱུ་གུའི་ཚུལ། །གློག་མེ་ལྟ་བུ་གྱེན་དུ་རྒྱུ། །དབུ་མར་བསྐྱོད་པ་འཇམ་ཞིང་རྒྱུ། །འཁོར་ལོར་གཙུག་ཏོར་བུ་ག་གནས། །ཁབ་བཞིན་ཕྱི་རོལ་པགས་ལ་རེག །དེ་དུས་ཐུར་སེར་གྱེན་དུ་བསྐྱོད། །རླུང་གཉིས་བཀག་ནས་གཙུག་ཏོར་རལ། །

གཞན་གྱི་ལུས་ལ་ཞུགས་པར་འགྱུར། །དེ་ལྟར་རྡོ་རྗེ་ལངས་བྱས་ནས། །སེམས་ནི་གཟུང་འཛིན་བྲལ་བའི་ཚེ། །མཁའ་ལ་སྤྱོད་པར་འགྲོ་བ་དང་། །མངོན་ཤེས་ལྔ་ལྡན་སྣ་ཚོགས་ཡུམ། །ད་ནི་སྟོང་ཉིད་གཟུགས་བརྙན་བསྒྲུབ་པར་བྱ་བའི་ཕྱིར་ལྟ་སྟངས་བཤད་དེ། འདིར་བསྙེན་པ་ནི་
དུ་བ་ལ་སོགས་པའི་མཚན་མ་བསྒོམ་པ་སྟེ། དེར་དང་པོའི་སྦྱོར་བ་ནི་དུ་བ་ལ་སོགས་པའི་མཚན་མ་སེམས་ཀྱིས་གཟུང་བའོ། །དེ་ཡང་རྣམ་པ་བཅུ་སྟེ་དུ་བ་ལ་སོགས་པ་དམིགས་པའི་ཡེ་ཤེས་བཅུའོ། །དེ་ཡང་གཙུག་ཏོར་འཁོར་ལོས་སྒྱུར་བ་ཁྲོ་བོའི་ལྟ་སྟངས་ནི་མིག་འཛུམས་པ་མེད་པར་གྱེན་དུ་ལྟ་བས་མཚན་མ་