Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 14

Văn bản gốc(Tây Tạng)

Trang 13 / 23 (50.000 ký tự/trang)
ྱིས། །གཙོ་མོ་བཞིན་དུ་བརྒྱན་བྱས་མ། །རང་རང་མངོན་ཕྱོགས་མགོན་པོའི་ཞལ། །གཙོ་བོར་གྱུར་འདྲའི་ཞལ་བཞི་ལྡན། །དེ་ཕྱིར་མགོན་པོའི་ཞལ་མདོག་གམ། །ཡང་ན་ཕྱི་རོལ་ཕྱོགས་ཀྱང་ངོ་། །མེ་སོགས་ཕྱོགས་བྲལ་རྣམས་ཀྱང་ནི། །རིམ་པ་ཇི་བཞིན་
ཤར་ཕྱོགས་བཞིན། །ལྷ་དང་སྐུ་མདོག་དག་ཀྱང་འདིར། །གཡས་སྐོར་གྱིས་ནི་བརྗོད་པ་ཉིད། །གཞན་དུ་རིམ་པ་གཞན་ཉིད་དང་། །ཡང་ན་སྤྲོ་བའི་རིམ་པས་སོ། །ནག་པོ་འབར་མ་བདུག་སྤོས་དང་། །ཙནྡན་ཁ་ཆེ་གླ་རྩི་ནི། །ག་པུར་བཅས་སྣོད་དྲིལ་བུ་དང་། །ཡོངས་འདུའི་མེ་ཏོག་མེ་ཏོག་ཕྲེང་། །
དམར་པོ་འབར་མ་མར་མེ་དང་། །དོ་ཤལ་ཅོད་པན་ལག་གདུབ་གོས། །སྐེ་རགས་རིན་ཆེན་རྣ་རྒྱན་དང་། །སིལ་སིལ་བྱེད་པའི་རྐང་གདུབ་ལྡན། །སེར་མོ་འབར་མའི་གཡས་སུ་དུང་། །གླིང་བུ་འོད་འཕྲོ་རིན་ཆེན་དང་། །ཅང་ཏེའུ་གཡོན་དང་པི་ཝང་རྔ། །ཁར་བའི་རྔ་དང་ཟངས་ཀྱི་དུང་། །དཀར་
མོ་འབར་བའི་གཡས་སུ་ཡང་། །འོ་མ་ཆུ་དང་སྨན་ཆང་སྣོད། །གཡོན་དུ་བདུད་རྩི་གྲུབ་པའི་རོ། །འབྲས་བུ་སྣ་ཚོགས་འབྲས་ཆན་སྣོད། །དུ་བ་མ་སོགས་མཚན་མ་ནི། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད། །འདི་དག་ཁྲོ་མོའི་དབང་ཕྱུག་དང་། །ལྷན་ཅིག་ཕ་རོལ་ཕྱིན་བཅུར་བཤད། །ཡིད་བཞིན་
ནོར་བུ་ཆོས་གཎྜཱི། །དཔག་བསམ་ཤིང་ནི་གྲྭ་གསུམ་དུའོ། །གཙོ་བོའི་པདྨའི་ས་ལས་ཕྱིའི། །དབང་ལྡན་དུ་ནི་ཆོས་ཀྱི་དུང་། །འདོད་ཆགས་ཆེན་པོས་འདུལ་བ་ཡི། །སྐྱེ་བོའི་འཇིག་རྟེན་དེ་གཟིགས་ནས། །ལུས་ལ་ཤིན་ཏུ་དགའ་བའི་སྒྲས། །རྒྱལ་བའི་ཚོགས་ནི་རབ་ཏུ་གཞུག །སྐྱེས་བུ་རིག་མའི་

རང་བཞིན་ལས། །ཕུང་པོ་ཁམས་སོགས་རབ་བཅུག་ནས། །མིང་དང་གཟུགས་སོགས་ངོ་བོ་ཡིས། །མི་སྣང་གྱུར་པར་རྣམ་པར་བསྒོམ། །ལྷ་ཉིད་གཟུགས་ཀྱི་སྐུ་ཡིས་ནི། །མི་སྣང་གྱུར་པར་བར་སྣང་དུ། །ཕྱུང་བས་ཇི་ལྟ་བ་བཞིན་དུ། །སྣ་ཚོགས་ཡུམ་ལ་གཞུག་པར་བྱ། །
སླར་ཡང་དེ་ལས་ངེས་འཐོན་ནས། །རང་གི་ལུས་ཀྱི་ནང་དུ་ཞུགས། །རྡོ་རྗེའི་ལམ་ནས་ཕྱུང་ནས་ནི། །ཟླ་བ་ཞུ་བའི་རང་བཞིན་ལས། །ལྷ་མོའི་པདྨར་རང་རང་གི །ས་བོན་ལས་སྐྱེས་རྡོ་རྗེ་ནི། །རྟེན་དང་བརྟེན་པའི་མཚན་ཉིད་ཅན། །མི་བསྐྱོད་དཀྱིལ་འཁོར་བསམས་ཏེ་དབྱུང་། །སྔོན་དུ་བཅོམ་ལྡན་འདས་
སྐུ་ལ། །འགྲོ་ལ་ཕན་པ་ཀུན་སྒྲུབ་པ། །བདག་པོ་དེ་བཞིན་བཅུག་ནས་ནི། །དཀྱིལ་འཁོར་པ་རྣམས་ཡང་དག་སྤྲོ། །བདེ་ཆེན་སྦྱར་ལས་ཕྱི་རོལ་དུ། །རྡོ་རྗེ་ཕྲེང་བ་གཉིས་ཀྱི་བར། །རལ་གྲི་ཕྲེང་སོགས་ཀྱིས་བརྒྱན་པའི། །བརྒྱད་གཉིས་ཀ་བའི་བར་བར་དུ། །ཕྱོགས་ཀྱི་པདྨར་རྫོགས་སངས་
རྒྱས། །ཀུན་ཏུ་གཟིགས་རྣམས་སྤྲོ་བར་བྱ། །ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། །རྒྱན་རྣམས་ཀུན་གྱིས་ཡང་དག་བརྒྱན། །དམ་པའི་ཕྱག་གིས་རང་ཉིད་ལ། །མངོན་ཕྱོགས་གཞན་རིགས་ཤེས་རབ་འཁྱུད། །པད་དཀར་ལ་གནས་ཉི་མ་ཡི། །དཀྱིལ་འཁོར་ལ་ནི་སྐྱིལ་ཀྲུང་བཞུགས། །
རྣམ་ཤེས་ཀྱིས་མཚན་སྤྱི་བོར་ནི། །རལ་པའི་ཅོད་པན་དར་དཔྱངས་ཅན། །དེར་ནི་ཤར་ཕྱོགས་ཆུ་སྐྱེས་ལས། །སེམས་ཅན་མཐའ་ཡས་དོན་བྱེད་པ། །དོན་ཡོད་གྲུབ་པ་འདི་ནི་ནག །དཀར་དང་ནག་དང་དམར་བའི་ཞལ། །དེ་རྣམས་ཡེ་ཤེས་ལྔ་རང་བཞིན། །ཕུང་སོགས་དག་པའི་མཚན་ཉིད་དོ། །སྤྱན་
མ་དང་ནི་མཱ་མ་ཀཱི། །སྒྲོལ་མ་གོས་དཀར་རིམ་པ་བཞིན། །སངས་རྒྱས་རྣམས་ཀྱི་ཤེས་རབ་འགྱུར། །མངོན་དུ་ཕྱོགས་པའི་གནས་ལས་བྱུང་། །སྐུ་མདོག་ཕྱག་མཚན་རང་བཞིན་ཡང་། །རང་རིག་སངས་རྒྱས་རྣམས་དང་མཚུངས། །རལ་པའི་ཅོད་པན་དབྱེ་བ་གཞན། །འདི་རྣམས་རིན་ཆེན་ཅོད་
པན་ཅན། །འདི་ལྟར་ཐུགས་ཀྱི་དཀྱིལ་འཁོར་དུ། །སྐུ་མདོག་ནག་པོ་རྣམས་ཀྱི་གཡས། །རལ་གྲི་གྲི་གུག་རྩེ་གསུམ་སྟེ། །གཡོན་ན་ཕུབ་ཐོད་ཁ་ཊྭཱཾ་ག །མདོག་དམར་རྣམས་ཀྱིས་གཡས་པ་ན། །མདའ་དང་ལྕགས་ཀྱུ་ཅང་ཏེའུ། །གཡོན་པའི་ཕྱག་གི་མཐིལ་གསུམ་དུ། །གཞུ་

དང་ཞགས་པ་རིན་པོ་ཆེ། །སེར་པོ་རྣམས་ཀྱི་ཕྱག་གཡས་སུ། །འཁོར་ལོ་དབྱུག་པ་རྡོ་རྗེ་མཆོག །གཡོན་ཕྱག་གསུམ་དུ་དཔལ་གྱི་དུང་། །ལྕགས་སྒྲོག་རྡོ་རྗེ་དྲིལ་བུའོ། །དཀར་པོ་རྣམས་ཀྱི་ཕྱག་གཡས་སུ། །ཐོ་བ་མདུང་དང་རྩེ་གསུམ་སྟེ། །གཡོན་དུ་པད་དཀར་འདབ་བརྒྱད་དང་། །མེ་ལོང་དང་ནི་
བགྲང་ཕྲེང་ངོ་། །མེ་ཡི་མཚམས་ནས་བརྩམས་བྱས་ཏེ། །ཆུ་སྐྱེས་དམར་དང་ཟླ་དཀྱིལ་ལས། །དཔལ་ལྡན་སྒྲོལ་མ་གོས་དཀར་མོ། །སྤྱན་དང་མཱ་མ་ཀཱི་རིམ་བཞིན། །འདི་རྣམས་ཐབས་ནི་རིམ་པ་བཞིན། །མངོན་དུ་ཕྱོགས་པའི་གནས་ལས་བྱུང་། །རྣམ་སྣང་མཛད་དང་དཔག་མེད་འོད། །ལས་
ཀྱི་རྒྱལ་དང་རིན་ཆེན་འབྱུང་། །པདྨའི་གདན་བཞུགས་དེ་རྣམས་ཀྱང་། །ཁམས་སོགས་དག་པའི་མཚན་ཉིད་དོ། །སངས་རྒྱས་ལྷ་མོ་གཉིས་བར་དུ། །རེ་མིག་བརྒྱད་ལ་པད་དམར་སྟེང་། །བདུད་རྩིས་གང་བའི་བུམ་པའམ། །ཡང་ན་པདྨའི་སྣོད་རྣམས་སོ། །ཤར་ཕྱོགས་སྒོར་ནི་
ཤིན་ཏུ་སྟོབས། །རྨུགས་བྱེད་རེངས་བྱེད་ཁེངས་བྱེད་རྣམས། །ཁྲོ་མོ་གཞན་ནི་ཐོབ་པ་ལ། །དེ་བཞིན་ཁོ་ནར་རོལ་བར་མཛད། །ཕན་ཚུན་གཞན་རིགས་ལས་སྐྱེས་ཕྱིར། །ཁྲོ་བོ་དང་ནི་ཁྲོ་མོ་ཉིད། །ཁྲོ་བོའི་རྒྱལ་པོ་ཐམས་ཅད་ལ། །མངོན་དུ་ཕྱོགས་པ་ཕྱག་རྒྱར་འགྱུར། །རེངས་བྱེད་མ་
དང་ཁེངས་བྱེད་མ། །ཤིན་ཏུ་སྟོབས་མ་ཞེས་བྱ་དང་། །རྨུགས་བྱེད་མ་རྣམས་བཙུན་མོ་ཉིད། །ཆུ་སྐྱེས་དཀར་དང་སྣང་བྱེད་ལ། །གཡས་བརྐྱང་བ་ཡི་སྟབས་ཀྱིས་གནས། །མངལ་དུ་ཟླ་བ་བཞི་པ་ལ། །མིང་གཟུགས་འབྱུང་བའི་སྐད་ཅིག་གོ། །འབྱུང་བ་བཞི་ལས་བྱུང་བའི་གཟུགས། །དེ་སྐྱེད་ཁྲོ་
བོ་ལྷག་མ་རྣམས། །དབང་པོ་དྲུག་ནི་འབྱུང་བ་ལ། །མཁའ་ལྡིང་ལ་སོགས་ཡང་དག་སྤྲོ། །ཤར་སོགས་སྒོ་ལས་བྱུང་བ་ཡི། །གཡས་སུ་ར་བའི་རྩིག་པ་ལ། །སྣམ་བུར་དབང་པོར་ལེགས་དག་པ། །མཁའ་སྙིང་ས་ཡི་སྙིང་པོ་དང་། །རྣམ་སེལ་འཇིག་རྟེན་མགོན་ཞེས་བྱ། །བྱང་ཆུབ་སེམས་
མ་ཕྱོགས་བྲལ་དུ། །རེག་བྱ་རོ་དྲི་གཟུགས་རྡོ་རྗེ། །མ་རྣམས་ཡུལ་དག་པ་ལས་སྐྱེས། །ཤར་སོགས་སྒོ་ཡི་གཡོན་རྣམས་སུ། །ཀུན་བཟང་དང་ནི་རྡོ་རྗེ་འཛིན། །འདི་དག་འོག་དང་སྟེང་དུ་འགྱུར། །སྟེང་དང་འོག་ཏུ་འགྱུར་བ་གཞག །ཆོས་དབྱིངས་མ་དང་སྒྲ་མ་སྟེ། །དེ་དག་ཐབས་དང་ཤེས་

རབ་དག །ཡེ་ཤེས་རྣམ་ཤེས་ལས་སྐྱེས་པ། །དེ་བཞིན་སྔོན་པོ་ལྗང་གུའོ། །འདི་ཀུན་གཡས་སུ་རིམ་པ་ཡིས། །རྡོ་རྗེ་གྲི་གུག་དགྲ་སྟ་སྟེ། །གཡོན་པ་རྣམས་སུ་དྲིལ་བུ་དང་། །ཐོད་པ་དང་ནི་ཚངས་མགོ་བཤད། །འདི་ཀུན་གཡས་དང་ཅིག་ཤོས་ཞལ། །དུས་ཀྱི་འཁོར་ལོ་
བཞིན་ཞེས་བཤད། །སྔོན་པོ་རྣམས་ནི་ནག་པོ་བཞིན། །ལྗང་གུ་རྣམས་ཀྱི་སེར་པོ་བཞིན། །ཇི་སྐད་བཤད་པའི་གནས་ཉིད་དུ། །འདི་དག་བསྒོམ་པར་ཡང་འདོད་དོ། །སྐྱེ་བའི་གནས་ཀྱང་གཞན་དག་ཏུ། །གཞན་དུ་ཇི་ལྟར་འདོད་པ་བཞིན། །ཁ་ཁྱེར་ལ་ནི་ཤར་གཡས་དང་། །གཡོན་དུ་དྲི་དང་
ཕྲེང་བ་གཉིས། །གཤིན་རྗེར་བདུག་སྤོས་མར་མེ་མ། །ནུབ་ཏུ་སྒེག་མོ་བཞད་མ་ཉིད། །ལྷ་བཤོས་དཔལ་ལྡན་བདུད་རྩི་ཡི། །འབྲས་བུ་མ་ནི་བྱང་དུའོ། །སྟེང་དུ་སྒྲ་མ་གར་མཁན་མ། །འོག་ཏུ་གླུ་མ་འདོད་མའོ། །དེ་ཡིས་བར་བར་མཐའ་ཡས་པའི། །གཟུང་བའི་མཚན་མ་བརྗོད་བྱ་སྟེ། །དུང་
ཆོས་ཕྲེང་བ་སྤོས་ཕོར་དང་། །མར་མེ་དར་དཔྱངས་དོ་ཤལ་དང་། །ཟན་སྣོད་བདུད་རྩིའི་འབྲས་སིལ་སྙན། །གོས་དང་རྡོ་རྗེ་མཚོ་སྐྱེས་རྣམས། །རེས་འགའ་དུ་བ་མ་ལ་སོགས། །ལྷ་མོ་བརྒྱད་དང་བུམ་པ་བརྒྱད། །ཡིད་བཞིན་ནོར་བུ་ལ་སོགས་བཞི། །དོར་ནས་ཐུགས་ཀྱི་དཀྱིལ་འཁོར་ནི། །དཔལ་
ལྡན་འདུས་པ་ལྟ་བུ་ཉིད། །ལྷ་ནི་ཉི་ཤུ་རྩ་ལྔ་པ། །འདི་ཡང་རང་སེམས་ནུས་པ་དག །ཤེས་ནས་རྣལ་འབྱོར་པས་བསྒོམ་བྱ། །གང་ཚེ་སེམས་མཆོག་ལྷན་ཅིག་སྐྱེས། །རྡོ་རྗེ་སེམས་དཔའ་སྙིང་པོར་གྱུར། །དེ་ཚེ་མགོན་པོ་བཞུགས་པ་ལའང་། །རིས་ནི་མེད་པ་ཉིད་ཀྱིས་སྐྱོན། །མེད་ཅེས་
ཐུབ་པ་ཆེན་པོས་གསུངས། །ཡང་ན་དབང་གི་དོན་དུ་ཡང་། །དཀྱིལ་འཁོར་ཕྱི་ཡི་འཁོར་ལོ་སྤངས། །འདིར་ནི་ཁྲོ་རྒྱལ་གཙུག་ཏོར་དང་། །གནོད་མཛེས་ཀྱི་ནི་རྒྱལ་པོ་དག །སྟེང་འོག་དག་ཏུ་གནས་པའང་བྱ། །ཟླ་བ་དྲུག་གིས་མ་རིག་སོགས། །དྲུག་ནི་རེག་པའི་ཡན་ལག་པར། །བདུན་པར་
ཚོར་བར་སྐྱེ་བ་ལ། །དབུ་མའི་དཀྱིལ་འཁོར་སྤྲོ་བར་བྱ། །དེ་ལ་སྤྲུལ་པའི་འཁོར་ལོར་ནི། །ཆུ་ཚོད་དྲུག་ཅུའི་རང་བཞིན་གནས། །ཤར་སོགས་ཕྱོགས་སུ་ཙ་རྩི་ཀཱ། །ལ་སོགས་རྡོ་རྗེའི་མིང་ཐོགས་ལྡན། །སྣ་ཚོགས་ཞལ་དང་རྒྱན་བཟང་ཅན། །སྤྱན་གསུམ་ལྡན་ཞིང་ཕྱག་བཞི་མ། །

དབང་པོ་ཚངས་པ་དབང་ཕྱུག་དང་། །གླང་པོའི་གདོང་དང་ལྷ་མིན་དང་། །ཁྱབ་འཇུག་མཐར་བྱེད་སྦེད་བྱེད་རྣམས། །གཞན་རིགས་ཐབས་ལ་འདི་དག་ནི། །ལག་པ་ཡིས་ནི་ཀུན་དུ་འཁྱུད། །ཡི་དགས་དམར་དང་མཁའ་འགྲོའི་དབང་། །མ་ཧེ་ལྟོས་འགྲོ་ཟ་བ་དང་། །གླང་པོ་ངང་པ་ཁྱུ་མཆོག་
དང་། །སེང་གེའི་རྒྱབ་ཏུ་པདྨ་བརྒྱད། །རང་རང་ཕྱོགས་སུ་ངེས་གསལ་བ། །ཕྱོགས་དང་ཕྱོགས་བྲལ་དམར་དང་དཀར། །པདྨའི་ལྟེ་བར་ཟླ་ཉི་བྲལ། །ས་གའི་སྟབས་ཀྱིས་གནས་པ་ལ། །ཁ་དོག་མཚུངས་པའི་མཚན་ཉིད་ཅན། །ལྷ་མོའི་ཚོགས་རྣམས་བརྒྱད་བརྒྱད་ཀྱི། །འདབ་
མར་རོལ་པའི་སྟབས་ཀྱིས་བསྐོར། །ཙ་རྩི་ཀཱ་ནི་གྲི་གུག་དང་། །མདུང་དང་ཐོད་པ་ཁ་ཊྭཱཾ་འཛིན། །ཁྱབ་འཇུག་མ་ནི་འཁོར་ལོ་དང་། །དབྱུག་པ་པདྨ་དུང་གིས་མཚན། །ཕག་མོའི་མཚོན་ཆ་དབྱུག་པ་མཆོག །རལ་གྲི་དང་ནི་ལྕགས་སྒྲོག་ཕུབ། །གཞོན་ནུ་མ་ནི་ལྷ་རྫས་མདུང་། །ལྕགས་ཀྱུ་
ཞགས་པ་ནོར་བུས་མཚན། །རྡོ་རྗེ་དབང་མོ་རྡོ་རྗེ་དང་། །མདའ་དང་དྲིལ་བུ་གཞུ་འཛིན་འགྱུར། །ཚངས་མ་ལག་པར་ཆུ་སྐྱེས་དང་། །ཚངས་དབྱུག་སྤྱི་བླུགས་ལྷུང་བཟེད་འཛིན། །དྲག་མོ་རྩེ་གསུམ་ཌ་མ་རུ། །ཁ་ཊྭཱཾ་ག་དང་སྦྲུལ་གྱིས་མཚན། །དཔལ་ཆེན་མོ་ནི་པདྨ་དང་། །བགྲང་ཕྲེང་ཆུ་སྐྱེས་རིན་ཆེན་
མཚན། །དེ་ནས་དེ་འདབ་ལྷ་མོ་ཡི། །མིང་གི་ཕྲེང་བ་བཤད་པར་བྱ། །འཇིགས་མ་དྲག་མོ་དུས་ཀྱི་ནི། །མཆེ་བ་མ་དང་མེ་འབར་གདོང་། །རླུང་གི་ཤུགས་མ་རབ་གཏུམ་མ། །སྤྱན་དྲངས་མ་དང་སྣ་ཆེན་མའོ། །གཙོ་བོ་ཁྱབ་འཇུག་མའི་འདབ་མར། །དཔལ་མོ་སྒྱུ་མ་དྲག་མ་དང་། །བཀྲ་ཤིས་མ་དང་
རྣམ་རྒྱལ་མ། །དཔལ་རྒྱལ་དཔལ་རྒྱལ་བྱེད་མ་དང་། །དཔལ་ལྡན་འཁོར་ལོ་ཅན་མའོ། །ཕག་མོའི་འདབ་མར་ཀེང་རུས་མ། །དུས་མཚན་མ་དང་ཁྲོས་མ་དང་། །དུས་ཀྱི་ལྕེ་མ་གཙིགས་མ་དང་། །ནག་མོ་དྲག་མོ་གཟུགས་ངན་མའོ། །པདྨ་ལུས་མེད་གཞོན་ནུ་མ། །རི་དགས་བདག་པོས་འགྲོ་
མ་དང་། །རིན་ཆེན་ཕྲེང་མ་མིག་བཟང་མ། །རུས་མ་བརྒྱད་པ་བཟང་མོའོ། །རྡོ་རྗེ་འོད་དང་རྡོ་རྗེ་ལུས། །གསེར་ལྡན་མ་དང་ཨུ་རྦ་སྟེ། །བཀྲ་བའི་རི་མོ་རབ་འབར་གྲགས། །ཟུག་རྔུ་མེད་མ་ལེགས་སྒྲོལ་མའོ། །རིག་བྱེད་འདོན་མ་པདྨའི་མིག །ཆུ་སྐྱེས་ལྡན་མ་བློ་མ་དང་། །ངག་གི་དབང་ཕྱུག་གླུ་

མ་དང་། །དེ་བཞིན་གློག་མ་དྲན་མའོ། །གང་དུ་དྲག་མོ་གཙོར་གྱུར་དེར། །དཀར་མོ་གངྒཱ་རྟག་མ་དང་། །མྱུར་མ་དང་ནི་འདེགས་མ་དང་། །མཚོན་བྱེད་དམར་སེར་ནག་མའོ། །དཔལ་ལྡན་དཀར་མོ་ཟླ་རིས་མ། །ཟླ་ཞལ་མ་དང་ངང་པའི་མདོག །འཛིན་མ་པདྨའི་དབང་མོ་
དང་། །སྐར་མིག་དྲི་མེད་རི་བོང་འཛིན། །སུམ་ཅུ་རྩ་དྲུག་གྲངས་མཉམ་པའི། །འདོད་དང་ཕྱིར་འདོད་ལྷ་མོ་རྣམས། །གསུང་སྐུའི་དཀྱིལ་འཁོར་ཁ་ཁྱེར་ལ། །ཞལ་གཅིག་རང་རང་ཕྱོགས་གསལ་བྱེད། །ཕྱོགས་ཆ་རེ་རེ་རྣམ་པ་དགུ། །རོལ་པའི་སྟབས་ཀྱིས་ལེགས་པར་བཞུགས། །ཤར་
དུ་རལ་གྲི་ཕུབ་འཛིན་ཏེ། །གཤིན་རྗེར་མདའ་དང་གཞུ་འཛིན་རྣམས། །ཀླུར་ནི་འཁོར་ལོ་དུང་འཛིན་ཏེ། །ནོར་སྦྱིན་ཐོ་བ་ཆུ་སྐྱེས་འཛིན། །སྟེང་དང་འོག་གི་རིགས་གཉིས་ནི། །ལག་ན་གྲི་གུག་ཐོད་པ་འདོད། །གསོད་དང་བསྐྱེད་པར་འདོད་མ་ནི། །རྟ་བབས་རྩ་བའམ་སྟེང་འོག་ཏུའོ། །འདི་རྣམས་
གང་གིས་བསྐྱེད་པ་ནི། །རྒྱས་པར་དོགས་པས་མ་བཤད་དོ། །ཟླ་བ་བརྒྱད་པ་སྲེག་པ་ཡི། །ཡན་ལག་སྐུ་ཡི་དཀྱིལ་འཁོར་སྤྲོ། །ལས་དང་བྱ་བའི་འཁོར་ལོ་ཡི། །རྩ་རྣམས་རྣམ་པར་དག་པ་དང་། །ནག་སོགས་ཟླ་བ་དག་པ་ལས། །དེར་ནི་ལྷ་རྣམས་བཅུ་གཉིས་འགྱུར། །རྡོ་རྗེ་དང་པོའི་མིང་ལྡན་པ། །
སྔར་བཞིན་ཡང་དག་ཡེ་ཤེས་སྦྱོང་། །ཤར་སྒོའི་གཡས་ནས་བརྩམས་བྱས་ཏེ། །དེ་རྣམས་མཁའ་སྙིང་ལ་སོགས་བཞིན། །སྒྲ་དང་སྒོ་ཡི་ངོས་རྣམས་སུའོ། །སྒོ་རྣམས་སུ་ནི་རང་རང་གི །བཞོན་པའི་རྒྱབ་གནས་སྒོ་སྐྱོང་རྣམས། །ཕྱོགས་དང་ཕྱོགས་བྲལ་དམར་དང་དཀར། །གེ་སར་ཟེ་འབྲུ་འོད་འཕྲོ་
བ། །ཟླ་ཉི་བྲལ་བའི་འདམ་སྐྱེས་ལ། །རྡོ་རྗེའི་གདན་བཞུགས་རང་ཕྱོགས་མདོག །གཉིས་མེད་ཤེས་རབ་ལ་མངོན་ཕྱོགས། །འདབ་མ་ཉི་ཤུ་རྩ་བརྒྱད་ལ། །རོལ་པའི་རྐང་སྟབས་ཀྱིས་གནས་པ། །ཀུན་ཀྱང་ཕྱག་བཞི་ཁ་དོག་དང་། །མཚན་མ་མཚུངས་པའི་ལྷ་མོས་བསྐོར། །ཡི་དགས་
དམར་པོ་བདེན་བྲལ་ནག །རལ་གྲི་གྲི་གུག་ཕུབ་ཐོད་འཛིན། །རི་དགས་ལ་ནི་རླུང་གི་ལྷ། །ལྗོན་ཤིང་དབང་པོའི་མེ་ཏོག་དང་། །ཨིནྡྲ་ནཱི་ལ་ཨུཏྤལ་དམར། །མ་ཧེའི་པདྨར་གཤིན་རྗེ་དབྱུག །རལ་གྲི་ལྕགས་སྒྲོག་ཞགས་པ་འཛིན། །ར་ཡི་པདྨར་མེ་ལྷ་མདུང་། །དབྱུག་པ་པདྨ་ཆུ་སྐྱེས་འཛིན། །

གདོང་དྲུག་ཤཀྟི་མདུང་རིན་ཆེན། །མེ་ལོང་ལྡན་པར་རྨ་བྱར་གནས། །གླང་པོའི་པདྨར་གནོད་སྦྱིན་ནི། །རིན་པོ་ཆེ་དང་བེ་ཅོན་དང་། །ནེའུ་ལེ་དང་དུང་རྣམས་འཛིན། །དབང་པོ་ས་སྲུང་བུ་ལ་གནས། །རྡོ་རྗེ་དྲིལ་བུ་མདའ་གཞུ་འཛིན། །ངང་པའི་པདྨར་ཚངས་པ་ཁབ། །བགྲང་ཕྲེང་ཆུ་སྐྱེས་སྤྱི་བླུགས་
ཅན། །གླང་གི་པདྨར་དྲག་པོ་ནི། །མདུང་དང་མདའ་དང་སྦྲུལ་གཞུ་འཛིན། །ཆུ་སྲིན་པདྨར་རྒྱ་མཚོ་ནི། །ཞགས་པ་རིན་ཆེན་ངོས་གཉིས་ལྡན། །བྱི་བའི་པདྨར་ཚོགས་བདག་ནི། །དགྲ་སྟ་མཆོག་གི་རྡོ་རྗེ་དང་། །ཞགས་པ་དང་ནི་རིན་ཆེན་ལྡན། །མཁའ་འགྲོ་དབང་པོ་ལ་གནས་པའི། །
ཁྱབ་འཇུག་འཁོར་ལོ་བེ་ཅོན་དང་། །ཆུ་སྐྱེས་སྐྱེ་བ་ལྔ་དུང་འཛིན། །མཆོག་སྡེའི་དོན་དང་རྗེས་མཐུན་པར། །འདི་རྣམས་ཕྱག་རྒྱ་འབྱུང་འགྱུར་བ། །སྲིན་མོ་དང་ནི་རབ་གཏུམ་མ། །གཤིན་རྗེ་མ་དང་ཆུ་ལྷ་མོ། །དཔལ་ཆེན་ནོར་དབང་རླུང་ལྷ་མོ། །གློག་མ་དཀར་མོ་ཕག་མོ་དང་། །གཞོན་ནུ་མ་
དང་དཔལ་མོ་རྣམས། །དཀྱིལ་འཁོར་པདྨར་བསྟན་པ་བཞིན། །ཁྱབ་འཇུག་དང་ནི་མཐར་བྱེད་དང་། །འཕྲོག་བྱེད་དང་ནི་ནོར་དབང་དག །རིམ་བཞིན་ལྗང་དང་སྔོན་པོའོ། །སྟེང་དང་འོག་གི་རིགས་ཉིད་ཀྱིས། །དེར་མ་ཡང་ན་འདོད་པས་བརྗོད། །མ་བཤད་ཕྱག་རྒྱའི་གཟུགས་རྣམས་ཀྱང་། །ཇི་
སྐད་བཤད་པའི་མིང་ཉིད་ཀྱིས། །མངོན་ཕྱོགས་ཕྱག་རྒྱ་རྣམས་ཀྱི་ཡང་། །མཚོན་ཆ་གཞན་རིགས་ཉིད་དུ་འདོད། །འདབ་མའི་ལྷ་མོ་དེ་རྣམས་ཀྱིས། །མིང་ནི་ས་བོན་མཐའ་རྡོ་རྗེ། །བཞི་བརྒྱད་མི་གདགས་འདབ་མར་ནི། །འཆད་འགྱུར་རྣམས་ལ་བརྗོད་པར་བྱ། །ལག་པ་རྐང་པའི་མཐིལ་
གཙུག་ཏོར། །བཤང་ལམ་རྩ་ཡི་རང་བཞིན་ལས། །དྲུག་དྲུག་སྒོ་བའི་ཁྲོ་བོ་དང་། །དེ་ཡི་ལྷ་མོ་ཡང་དག་སྤྲོ། །ལྷ་བདག་ཕྱོགས་སུ་དབྱུག་སྔོན་ཅན། །རལ་གྲི་རྡོ་རྗེ་ཕུབ་སྦྲུལ་ལྡན། །གཤིན་རྗེའི་ཕྱོགས་སུ་འདོད་པའི་རྒྱལ། །མདའ་དང་ལྕགས་ཀྱུ་གཞུ་ཞགས་ལྡན། །སྟོབས་ཆེན་འཁོར་
ལོ་དབྱུག་པ་དུང་། །རིན་ཆེན་ལྡན་པ་ཆུ་བདག་ཏུའོ། །མི་གཡོ་ཐོ་བ་མདུང་པདྨ། །མེ་ལོང་ལྡན་པ་ནོར་སྦྱིན་དུ། །གཙུག་ཏོར་ཅན་ནི་དགྲ་སྟ་དང་། །རྩེ་གསུམ་སྦྲུལ་ཞགས་ཁ་ཊྭཱཾ་ལྡན། །གནོད་མཛེས་ཕྱག་བཞི་གྲི་གུག་དང་། །རྡོ་རྗེ་ཐོད་པ་དྲིལ་བུ་ལྡན། །འདི་དག་གཡས་བརྐྱང་སྟབས་

ཀྱིས་ནི། །རང་རང་ཤེས་རབ་ཤིང་རྟར་གནས། །ཕག་རྟ་གླང་པོ་གདོང་ལྔ་པ། །བདུན་གྱི་གྲངས་དང་ལྡན་པས་དྲངས། །ཕྱོགས་ཀྱི་མདོག་དང་ལྷན་ཅིག་པ། །སྟེང་དང་འོག་གི་ཤིང་རྟ་ཡང་། །ལྗང་གུ་དང་ནི་སྔོན་པོ་སྟེ། །གྲངས་བདུན་མཁའ་ལྡིང་ཨ་ནི་ལ། །སེང་གེ་
རྐང་པ་བརྒྱད་པས་དྲངས། དེ་རྣམས་ཀྱི་ནི་ཤེས་རབ་ཀྱང་། །འོད་ཟེར་ཅན་དང་སྐུལ་བྱེད་མ། །དཔལ་ལྡན་རྡོ་རྗེ་ལུ་གུ་རྒྱུད། །ཁྲོ་གཉེར་ཅན་དང་ཤིན་ཏུ་སྔོ། །དྲག་ཅན་མ་རྣམས་གཞན་གྱི་རིགས། །ཟླ་བ་དགུ་པར་ལེན་པ་ལ། །སོར་མོ་ཉི་ཤུའི་རྩ་རྣམས་ནི། །རྣམ་དག་ཀླུ་དབང་བཅུ་རྣམས་དང་། །
རབ་གཏུམ་མ་རྣམས་ཡང་དག་སྤྲོ། །རྟ་བབས་ཀ་བའི་རྩ་རྣམས་སུ། །རེ་མིག་ཟུང་བཞིར་ཀླུ་རྣམས་ཏེ། །རླུང་མེ་ས་ཆུར་བུམ་པ་དང་། །རྡོ་རྗེ་པདྨ་རིན་ཆེན་ལྡན། །ཤར་དུ་པདྨ་སྟོབས་རྒྱུ་དག །གཤིན་རྗེར་ནོར་རྒྱས་དུང་སྐྱོང་དག །ནུབ་ཏུ་འཇོག་པོ་པད་ཆེན་ཏེ། །བྱང་དུ་རིགས་ལྡན་མཐའ་ཡས་སོ། །
ཀླུ་དབང་རྒྱལ་བ་རྣམ་རྒྱལ་ཞེས། །འདི་དག་མཁའ་དང་ས་འོག་ཏུ། །མཁའ་དང་ཡེ་ཤེས་དཀྱིལ་འཁོར་ལ། །རྣལ་འབྱོར་དབང་པོས་བསྒོམ་པར་བྱ། །མགོ་བོ་རྣམས་ནི་གདེངས་ཀས་བཀབ། །རང་རང་ཕྱོགས་ཀྱི་མདོག་དང་ལྡན། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །ཐམས་ཅད་རྡོ་རྗེའི་
གདན་གྱིས་གནས། །དམ་པའི་བདེ་སླད་ཁྱི་གདོང་མ། །ལ་སོགས་རབ་གཏུམ་ཕྱག་རྒྱར་འགྱུར། །པདྨ་ལ་སོགས་འདི་རྣམས་ཀྱང་། །ཐབས་ཀྱི་ཚུལ་ནི་ཇི་ལྟ་བར། །ཞལ་གཅིག་ཕྱག་གཉིས་ཕྱག་རྒྱ་ལྔ། །ལྡན་ཞིང་མི་མགོའི་ཕྲེང་བ་ཅན། །ལུས་ལ་མི་རུས་ཕྲེང་བ་དང་། །ཐོད་པའི་ཕྲེང་བ་དར་
དཔྱངས་ལྡན། །གོས་དང་ལྡན་ཞིང་སྐྲ་གྲོལ་མ། །གྲི་གུག་དང་ནི་ཐོད་པ་འཛིན། །རང་གི་བཞོན་པའི་སྟེང་རྣམས་སུ། །འཁོར་ལོར་ཟླུམ་པོའི་སྟབས་ཀྱིས་གནས། །མེ་རླུང་འཁོར་ཡུག་བར་གྱི་ནི། །དུར་ཁྲོད་དུ་ནི་བཞོན་པ་རྣམས། །ཤར་དུ་བསེ་དང་མ་མཚམས་སུ། །བྷེ་རུཎྜ་དང་ལྷོ་རུ་དོམ། །
བདེན་བྲལ་ཁྲུང་ཁྲུང་ནུབ་ཕྱོགས་སུ། །སེང་གེ་རླུང་དུ་མིག་སྔོན་པོ། །ནོར་བདག་ཕྱོགས་སུ་འབྲི་དང་ནི། །དབང་ལྡན་དུ་ནི་བཤང་ལམ་གདོང་། །མདུང་གིས་འབིགས་པར་ཁྱི་གདོང་མ། །ལྷག་མ་ཟ་བར་ཁྭ་གདོང་མ། །རོ་བསྲེགས་པར་ནི་ཕག་གདོང་མ། །དྲག་པོའི་གཡུལ་དུ་བྱ་རྒོད་གདོང་། །

ཅེ་སྤྱང་གདོང་མ་རྣག་གི་དྲིར། །སྦྲུལ་གྱིས་ཟོས་པར་མཁའ་ལྡིང་གདོང་། །རུས་པ་བཅས་པར་སྟག་གདོང་མ། །བྱིས་པ་ཤི་བར་ལུག་གདོང་མ། །སྔོན་མོ་རྡོ་རྗེ་མིག་མ་དག །ཀུན་གྱི་སྟེང་གི་ནམ་མཁའ་དང་། །ཀུན་གྱི་འོག་གི་ས་འོག་ཏུ། །ཨ་ནི་ལ་དང་རྐང་བརྒྱད་པའི། །ཤིང་རྟར་གནས་པ་བསྒོམ་
པར་བྱ། །ཀུན་ནས་རླུང་གི་ཁོར་ཡུག་མཐར། །ཞལ་མདོག་མཚོན་ཆ་སྣ་ཚོགས་པའི། །འབྱུང་པོ་བྱེ་བ་ཕྱེད་དང་བཞིའི། །ཚོགས་རྣམས་སྒྲུབ་པ་པོ་ཡིས་བསྒོམ། །དེ་ལྟར་དཔལ་ལྡན་དུས་འཁོར་ཞེས། །བསམས་ནས་དཀྱིལ་འཁོར་གསུམ་ནང་དུ། །འགྲོ་དྲུག་གནས་པའི་སེམས་ཅན་རྣམས། །
གསང་མཆོག་དཀྱིལ་འཁོར་དུ་བཀུག་ནས། །རྣམ་པར་སྣང་མཛད་སོགས་སངས་རྒྱས། །ཁམས་དང་བཅས་པ་སྙིང་གར་གཞུག །བྱང་ཆུབ་སེམས་སུ་ཞུ་གྱུར་པ། །རྡོ་རྗེ་ནས་ནི་ཡང་དག་སྤྲོ། །བྱང་ཆུབ་སེམས་དེས་དབང་བསྐུར་བར། །བསམས་ཏེ་རེག་པའི་སྐད་ཅིག་དེར། །ཞུ་བའི་ས་བོན་
སོགས་ངོ་བོས། །ཞལ་མདོག་མཚོན་ཆ་སྣ་ཚོགས་པ། །ལྷ་ཡི་གཟུགས་ཀྱི་སྐུ་ཡིས་ནི། །ཤེས་རབ་ཐབས་ཀྱི་བདག་ཉིད་ཅན། །དགའ་ཆེན་བདེ་བས་གང་གྱུར་པ། །རང་ལུས་དཀྱིལ་འཁོར་བདག་ཉིད་གྱུར། །གང་ཕྱིར་གསལ་བྱེད་སྣ་ཚོགས་པ། །ས་བོན་དབྱངས་དང་ལྡན་རྣམས་ཏེ། །
གསལ་བྱེད་མ་ལུས་བདག་ཉིད་ཅན། །སོ་སོར་བསྡུ་བའི་ཚུལ་ལས་ཀྵ། །སུམ་ཅུ་རྩ་གཉིས་དབྱངས་ལྡན་པ། །དེ་ནི་ས་བོན་རྣམས་སུ་འགྱུར། །ཀྵ་ཀྵི་ཀྵྼྀ་ཀྵུ་ཀྵླྀ། ཀྵཱ་ཀྵཱི་ཀྵྼཱྀ་ཀྵཱུ་ཀྵླཱྀ། ཀྵ་ཀྵེ་ཀྵར་ཀྵོ་ཀྵལ་ཀྵཾ། ཀྵཱ་ཀྵཻ་ཀྵཱར་ཀྵཽ་ཀྵཱལ་ཀྵཱ། ཀྵྷ་ཀྵྻ་ཀྵྼ་ཀྵྺ་ཀྵླ། ཀྵཱ་ཀྵྻཱ་ཀྵྼཱ་ཀྵླཱ་ཀྵླཱ། ཕུང་པོ་ཁམས་དབང་
ཡུལ་རྣམས་དང་། །ལས་དབང་དང་ནི་བྱ་བ་རྣམས། །སུམ་ཅུ་རྩ་གཉིས་མཚན་དུ་གྱུར། །རྩ་བའི་རྒྱུད་ལས་ཇི་སྐད་དུ། །སངས་རྒྱས་ཞིང་ན་སེམས་ཅན་གང་། །སྐུ་གསུམ་དམ་ཚིག་བདུད་རྩི་ཡིས། །བསྐྱེད་ཅིང་རྡོ་རྗེའི་དཔལ་གྱིས་རེག །ཐམས་ཅད་དེར་ནི་དེ་བཞིན་གཤེགས། །རྡོ་རྗེ་
གསུམ་གྱི་ཡེ་ཤེས་འཐོབ། །འདིར་ནི་རྫོགས་པའི་སངས་རྒྱས་གྱུར། །བསྒོམས་ཏེ་དེ་ནས་དེ་དག་རྣམས། །རང་རང་ཞིང་དུ་རབ་ཏུ་གཞུག །ཅེས་གསུངས་སོ། །སྲིད་པའི་ཡན་ལག་སྲོག་སྤྲོ་བ། །རྡོ་རྗེའི་གསུང་བསྐྱེད་བཙའ་བ་བརྗོད། །གཙུག་ཏོར་དང་ནི་ལྟེ་བ་ཧོཿ། །དཔྲལ་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ། །

ལྟེ་བའི་ཧོཿཡིག་འོད་རྣམས་ཀྱིས། །དཔལ་ལྡན་བདེ་ཆེན་པདྨ་རུ། །ཤེས་རབ་དང་བཅས་རྡོ་རྗེ་ཅན། །ཤེས་རབ་ཆགས་པས་ཁུ་བར་ཞུ། །དེ་མཐོང་ཡིད་མི་བདེ་བ་ཡིས། །སྒྲོལ་མ་ལ་སོགས་ཤས་ཆེར་བརྩོན། །བྱམས་སོགས་མཆོག་གི་རང་བཞིན་ཅན། །འགྲོ་བའི་དོན་ལ་རབ་འཇུག་ཕྱིར། །
སྙན་པའི་དབྱངས་ཀྱིས་སྟོད་བྱེད་ཅིང་། །སྟོན་པ་ལ་ནི་གླུ་དག་མཛད། །སྤྱན་མ་བདག་ནི་འགྲོ་བའི་ཡུམ། །རྣལ་འབྱོར་པ་ཡི་རྒྱུ་མཐུན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །མཱ་མ་ཀཱི་བདག་སྲིང་མོ་སྟེ། །རྣལ་འབྱོར་པ་ཡི་རྣམ་སྨིན་གནས། །བདག་གི་
དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །གོས་དཀར་མོ་བདག་བུ་མོ་ཀྱེ། །རྣལ་འབྱོར་པ་ཡི་སྐྱེས་བུར་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྒྲོལ་མ་བདག་ནི་ཚ་མོ་སྟེ། །རྣལ་འབྱོར་པ་ཡི་དྲི་བྲལ་གནས། །བདག་
གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྟོང་པའི་དཀྱིལ་འཁོར་ཉམས་མྱོང་ནས། །འགྲོ་བ་གདོན་པའི་བསམ་པ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །འགྲོ་བའི་མགོན་པོས་སྤྲོ་བར་མཛོད། །ཅེས་སོ། །སྒྲོལ་མ་བྱམས་པའི་རང་བཞིན་ཏེ། །མཱ་མ་ཀཱི་ནི་
བརྩེ་བའི་སྐུ། །གོས་དཀར་དགའ་བའི་རང་བཞིན་ཏེ། །སྤྱན་མ་བཏང་སྙོམས་སྐུ་ཅན་ནོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །ཐམས་ཅད་ལ་ནི་ཁྱབ་བདག་ཉིད། །རིམ་པས་སྤྱན་མ་ལ་སོགས་གླུ། །རྒྱུ་མཐུན་འབྲས་སོགས་རིམ་པ་སྟེ། །ཐུགས་སྐུ་གསུང་དང་ཡེ་ཤེས་བདག །རྡོ་རྗེ་གླུ་ཡིས་བསྐུལ་གྱུར་པ། །དེ་
གསན་ནས་ནི་སྲིད་པ་གསུམ། །མིག་འཕྲུལ་ལྟ་བུར་གཟིགས་གྱུར་ནས། །སྔར་བཞིན་ས་བོན་སོགས་ངོ་བོས། །ཁྱབ་བདག་རྫོགས་པར་བསྡོམ་བྱ་སྟེ། །དཀྱིལ་འཁོར་སྤྲོ་བའང་དེ་བཞིན་ནོ། །ཟླ་བ་བཅུ་བར་མངའ་བཅས་པ། །རྣམ་ལྔ་མངོན་པར་རྫོགས་བྱང་ཆུབ། །སྐུ་བསྐྱེད་པ་ཡི་མཚན་ཉིད་ཅན། །བསྙེན་
པའི་ཡན་ལག་དང་པོ་འདི། །ཕྱིས་ཀྱང་དེ་ལྟར་བསྒོམ་པར་བྱ། །ཨོཾ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝཱ་ཏྨ་ཀོ྅ཧཾ། བསྙེན་པའི་ཡན་ལག་གཉིས་པ་ནི། །གསུང་བསྐྱེད་པ་ཡི་རྒྱུ་ལས་འགྱུར། །ཧོཿཡིག་གཉིས་ཀྱི་བར་གནས་པའི། །ཡི་གེ་སུཾ་ནི་སྔར་བཞིན་དགོད། །སྐུ་གསུང་ཐུགས་ལས་ཡང་དག་བྱུང་། །ཟླ་ཉི་སྒྲ་

གཅན་མཚན་ཉིད་ཅན། །འོག་དང་སྟེང་དུ་དུས་ཀྱི་མེ། །དེ་ནི་ཤེས་རབ་གསུམ་པོའོ། །དེ་ཡི་འོད་ཀྱིས་བདག་ཉིད་ནི། །ཟླ་བ་བཞིན་དུ་ཞུ་བར་བལྟ། །མཐོང་ནས་འདིར་ཡང་བསྐུལ་བ་དང་། །ཆོ་ག་ཐམས་ཅད་སྔར་བཞིན་དུ། །གཅིག་ནི་སྲོག་འབྱུང་ཆེད་དུ་སྟེ། །གཞན་ནི་བརྒྱད་གཉིས་ལོ་ཡི་མཐར། །
བདེ་བར་སྐྱེད་པའི་ཆེད་དུའོ། །མངལ་སྐྱེས་རྣམས་ཀྱི་སྲོག་རླུང་དང་། །ཁམས་རྣམས་ཇི་བཞིན་བསྐྱེད་པ་དང་། །རྣམ་ཤེས་རབ་ཏུ་སད་བྱེད་པ། །དེ་བཞིན་སྤྱན་མ་ལ་སོགས་རྣམས། །ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ། །དུང་ཅན་མ་ལ་བརྟེན་པའི་སེམས། །དཀྱིལ་འཁོར་ལྔ་ནི་འབབ་དོན་དང་། །འགྲོ་
བའི་དོན་ཕྱིར་རྡོ་རྗེ་ཅན། །གླུ་གསན་རྡོ་རྗེ་ཆེ་ལྡན་པ། །ཁུ་བའི་གཟུགས་ནི་དོར་ནས་ཀྱང་། །སྟེང་པའི་དཀྱིལ་འཁོར་འབབ་པ་ཡི། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས། །འཁྱུད་ཙམ་ཉིད་ཀྱིས་གཞོན་དུ་ནི། །སྣ་ཚོགས་ཡུམ་དང་ལྷན་ཅིག་བཞེངས། །བྱིས་པ་རྣམས་ལ་སྲོག་ལ་སོགས། །རླུང་བཅུ་
ངེས་པར་འབབ་པ་སྟེ། །འདི་ནི་དམ་ཚིག་དཀྱིལ་འཁོར་དུ། །སྐུ་རྫོགས་པ་ཡི་མཚན་ཉིད་ཅན། །འདི་དེ་དཀྱིལ་འཁོར་རྒྱལ་པོ་ནི། །མཆོག་གི་ཏིང་ངེ་འཛིན་ཞེས་བྱ། །ཉེ་བར་བསྒྲུབ་པའི་ཡན་ལག་ཀྱང་། །ཡེ་ཤེས་སེམས་དཔའ་གཞུག་པ་སྟེ། །བྱིས་པའི་ཡུལ་དང་དབང་པོ་དག །ཡང་དག་སད་པའི་
དབྱེ་བ་ལས། །གསུང་ནི་མངོན་དུ་རྫོགས་གྱུར་པ། །རྣམ་པ་ཉི་ཤུས་རྫོགས་བྱང་ཆུབ། །བསྐྱེད་རིམ་རྣམ་གཉིས་ཤེས་བྱ་སྟེ། །སྒོང་སྐྱེས་དང་ནི་མངལ་ནས་སྐྱེས། །དེ་ནི་འཇིག་རྟེན་ཁམས་བསྐྱེད་དང་། །མི་རྣམས་བསྐྱེད་པ་ཉིད་ཀྱང་ངོ་། །སྐད་ཅིག་གིས་ནི་བསྐྱེད་པ་གང་། །དེ་ནི་རྫུས་ཏེ་སྐྱེ་བར་
འགྱུར། །རྒྱལ་བས་སེམས་ཅན་བསམ་དབང་ལས། །དེ་ཡང་བསྐྱེད་པའི་རིམ་པར་གསུངས། །གང་དུ་བསྐྱེད་པའི་རིམ་པ་དེའི། །རྟོག་པའི་དྲ་བ་སྤངས་པ་ནི། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་སོགས་རྣམས་ཀྱིས་རབ་ཏུ་བརྗོད། །བྱིས་པ་བཙས་པའི་སྲོག་གང་དག །དབུ་མ་ཨ་བ་
དྷཱུ་ཏཱིར་གནས། །དེ་ལས་བྱུང་ནས་དབང་པོ་དྲུག །རྣམ་ཤེས་ཡུལ་རྣམས་དང་ལྷན་ཅིག །རབ་འཇུག་དེས་ན་འོད་སྔོན་པོ། །རྡོ་རྗེ་ཤུགས་ནི་མཁས་པས་སྤྲོ། །རྐང་པ་བརྒྱད་པའི་ཤིང་རྟ་ཞོན། །ཧཱུྃ་ཡིག་རྡོ་རྗེ་ལས་བྱུང་བ། །འོད་ཟེར་རྣོན་པོས་ནམ་མཁའ་ཁྱབ། །སྲུང་འཁོར་ལས་བསྲུངས་མཚན་

ཉིད་ཅན། །བདུད་དང་ཉོན་མོངས་མཐར་བྱེད་པ། །གཙོ་དེས་ཡེ་ཤེས་འཁོར་ལོ་དགུག །ལྟེ་བར་ལྕགས་ཀྱུ་བསྣུན་བྱས་ཤིང་། །མཚོན་ཆ་རྣམས་ཀྱིས་འཇིགས་བྱས་ཏེ། །ཉི་ཤུ་རྩ་བཞིའི་ཕྱག་རྣམས་ཀྱང་། །འདི་ཡི་ཞགས་པས་རབ་བཅིངས་ཏེ། །བསྒྲུབ་པར་བྱས་ནས་རང་གནས་
སུ། །འོང་བར་རྣམ་པར་བསྒོམ་པར་བྱ། །བྱིས་པའི་སྣ་ཚོགས་ཡུལ་རྣམས་ནི། །མཐའ་དག་དངོས་པོའི་མཚན་ཉིད་དོ། །བསྐྱོད་ནས་གཉུག་མའི་གནས་སུ་ནི། །རྣམ་ཤེས་འཇུག་པ་དེ་ཇི་བཞིན། །ཀུན་གཞི་ལས་སྐྱེས་མིག་དང་ལུས། །ལྕེ་དང་སྣ་ཡི་དབང་པོ་རྣམས། །རྣམ་དག་རྨུགས་བྱེད་
རེངས་བྱེད་དང་། །ཁེངས་བྱེད་དང་ནི་ཤིན་ཏུ་སྟོབས། །རིམ་བཞིན་གཞུག་དང་བཅིང་བ་དང་། །དེ་བཞིན་མཉེས་དང་རོ་མཉམ་བྱེད། །ཛཿཧཱུྃ་བཾ་ཧོཿརིམ་ཉིད་དང་། །ལྕགས་ཀྱུ་རྡོ་རྗེ་ཞགས་པ་དང་། །དྲིལ་བུ་ཧྲིཿལས་བྱུང་དབྱུག་པ། །དེ་རྣམས་ས་བོན་མཚན་མ་ཉིད། །དེ་བཞིན་སྔར་བཞིན་
ལེགས་མཆོད་ནས། །ཡེ་ཤེས་འཁོར་ལོ་ཆོ་ག་བཞིན། །མྱུར་དུ་དམ་ཚིག་འཁོར་ལོ་དང་། །གཅིག་ཏུ་གྱུར་པ་རྣམ་བསྒོམ་བྱ། །ཡབ་ཡུམ་ས་བོན་ཧཱུྃ་དང་ཕྲེཾ། །ཕུང་པོ་ཁམས་དང་དབང་པོ་ཡུལ། །ཐུང་ངུ་རིང་པོ་ཡོན་ཏན་སོགས། །འདི་ནི་ཨོཾ་དང་ཆོས་དབྱིངས་ཨཱཿ། །ཧཾ་ཧཿགཙུག་
ཏོར་ཤིན་ཏུ་སྔོ། །ཧ་ཧཱ་གནོད་མཛེས་དྲག་ལྡན་མ། །ཡཾ་རཾ་ཝཾ་ལཾ་ཁྲོ་བོ་བཞི། །ལཱཿབཱཿརཱཿཡཱཿཁྲོ་མོ་རྣམས། །ཡ་ར་ལ་ཝ་དབྱུག་སྔོན་དང་། །འདོད་པ་སྟོབས་ཆེན་མི་གཡོའོ། །སྲུང་བའི་འཁོར་ལོ་གཞན་དུ་བཤད། །ལཱ་ཝཱ་ཡཱ་རཱ་ཁྲོ་མོ་རྣམས། །ཨ་ཨཿཨཱ་ཨཾ་ཧ་ཧཿཧཱ། །ཧཾ་རྣམས་
ཕྱོགས་དང་མཚམས་རིམ་བཞིན། །ནག་མོ་འབར་སོགས་དུ་བ་སོགས། །ཨོཾ་ཨཱཿཧོཿཧཱུྃ་རིམ་པ་བཞིན། །ཡིད་བཞིན་ནོར་བུ་ལ་སོགས་རྣམས། །ཧི་ཧཱི་ཧྼྀ་ཧྼཱྀ་ཧླི་ཧླཱྀ་ཧུ། །ཧཱུྃ་རྣམས་བུམ་པ་རྣམས་ཀྱིའོ། །ཧ་ཀྵ་ཧཿཀྵཿཧཱ་ཀྵཱ་དང་། །ཧཾ་ཀྵཾ་ཙརྩི་ཀ་སོགས་རིམ། །ཕྱོགས་ཀྱི་པདྨའི་མདུན་རྒྱབ་ཀྱི། །
འདབ་མ་གཉིས་ལ་ཧི་ཧཱི་དང་། །ཧྼྀ་ཧྼཱྀ་ཧླྀ་ཧླཱྀ་ཧུ་ཧཱུ་རྣམས། །ཕྱོགས་བྲལ་པདྨའི་མདུན་རྒྱབ་ཀྱི། །འདབ་མ་གཉིས་སུ་ཀྵི་ཀྵཱི་དང་། །ཀྵྼྀ་ཀྵྼཱྀ་ཀྵླྀ་ཀྵླཱྀ་ཀྵུ་ཀྵཱུ་རྣམས། །ཕྱོགས་ཀྱི་པདྨའི་འདབ་མ་ནི། །ལྷག་མ་རྣམས་སུ་ཡ་ལ་སོགས། །ཐུང་ངུའི་དབྱངས་ཀྱིས་ཕྱེ་བ་དྲུག །ཕྱོགས་བྲལ་པདྨའི་འདབ་

མ་ནི། །ལྷག་མ་རྣམས་སུ་ཡ་ལ་སོགས། །རིང་པོའི་དབྱངས་ཀྱིས་ཕྱེ་བ་དྲུག །ཙ་སྡེ་ལ་སོགས་སྡེ་པ་དྲུག །ཡ་ཎའི་སྡེ་པ་ཧ་ཀྵ་ལྡན། །རྣམ་བཅད་བཅས་དང་ཐིག་ལེར་བཅས། །འདོད་དང་ཕྱིར་འདོད་ཚོགས་ཀྱིའོ། །སྐུ་ཡི་དཀྱིལ་འཁོར་པདྨ་ཡི། །ལྟེ་བ་བཅུ་གཉིས་རྣམས་སུ་ནི། །བདེན་བྲལ་སོགས་
ཀྱི་ཙཾ་ཉཿདང་། །ཊཾ་ཎཿཏཾ་ནཿཔཾ་མཿརྣམས། །ཁྱབ་འཇུག་མཐར་བྱེད་དབང་ལྡན་དང་། །ནོར་སྦྱིན་ཀཾ་ངཿསཾ་ྈྐཿའོ། །འདབ་མ་རྣམས་ལ་ཉ་ཉི་སོགས། །རིང་དང་ཐུང་ངུས་ཕྱེ་བ་དྲུག །ཕྱི་ནས་བརྩམས་ཏེ་དགོད་པར་བྱ། །ཛྲྀ་ནི་ལྟེ་བར་ཤེས་རབ་མ། །རླུང་ལྷའི་པདྨར་ཙཱ་ལ་སོགས། །རིང་པོའི་དབྱངས་ལྡན་འབྱུང་
བ་སྟེ། །འདི་ནི་སྡུད་པའི་དབྱེ་བ་ལས། །ཛྲཱྀ་ནི་ལྟེ་བར་ཤེས་རབ་མའོ། །ཁྱི་གདོང་མ་སོགས་ལྷ་མོ་ཡི། །ས་བོན་བརྩེགས་པར་རྣམ་སྒོམ་སྟེ། །ཤར་དུ་ཀ་སྡེ་བརྩེགས་པ་ཅན། །ལ་ཐོག་ཀྵ་ཐའི་པ་ན་ལྷོ། །ནུབ་ཏུ་ས་འོག་བརྩེགས་པ་དང་། །ལ་ཐོག་ཏ་ཐའི་ཡ་ཎ་བྱང་། །ཟུར་དུ་ཅ་ཊ་ཏ་པ་སོགས། །ཀུན་
ནས་བརྩེགས་པའི་ས་བོན་ནོ། །རྒྱལ་བའི་ཧཱུཾ་དང་རྣམ་རྒྱལ་ཀྵཱུ། །ཤིན་ཏུ་སྔོན་མོ་རྡོ་རྗེ་མིག །རྣམ་བཅད་བཅས་དང་ཐིག་ལེར་བཅས། །ཀ་ས་དང་པོའི་སྡེ་པ་བརྩེགས། །འབྱུང་པོ་བྱེ་བ་ཕྱེད་དང་བཞི། །མ་ལུས་ས་བོན་སྣ་ཚོགས་པའོ། །འདིར་ནི་བཙས་པའི་བྱིས་པ་རྣམས། །ངེས་པར་གནས་སྐབས་གསུམ་
དུ་འགྱུར། །སད་དང་རྨི་ལམ་གཉིད་ལོག་ཉིད། །དེས་ན་སྐུ་སོགས་བྱིན་གྱིས་བརླབ། །དཔྲལ་བ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་བ་གཙུག་ཏོར་ཏེ། །ཨོཾ་ཨཱཿཧཱུྃ་ཧོཿདེ་བཞིན་དུ། །སྭཱ་ཧཱ་ས་རིམ་བཞིན་བྱིན་གྱིས་བརླབས། །བྱིན་གྱིས་བརླབ་པ་འདི་ཉིད་ནི། །བྱིས་པ་མ་ཡིས་འཁྱུད་དང་མཚུངས། །
དེ་བཞིན་བདག་པོ་རྣལ་འབྱོར་པས། །ལྷ་མོའི་ཚོགས་ཀྱིས་བཀྲུ་བར་བྱ། །དཔྲལ་བར་ཨཾ་ལས་བྱུང་ཟླ་བར། །ཨོཾ་ལས་འཁོར་ལོ་རྩིབས་བརྒྱད་པ། །ལས་བྱུང་སྐུའི་རྡོ་རྗེ་དཀར། །ཞལ་གསུམ་གཡས་གཡོན་ནག་དང་དམར། །ཕྱག་དྲུག་གཡས་ན་འཁོར་ལོ་དང་། །རྡོ་རྗེ་པདྨ་འཛིན་པར་དྲན། །རལ་གྲི་
དྲིལ་བུ་ནོར་བུ་གཡོན། །ཤེས་རབ་ལྷན་ཅིག་རལ་པ་འཛིན། །དཔྲལ་བ་ནས་ནི་དེ་ཕྱུང་སྟེ། །དེ་ཡིས་ནམ་མཁའ་ཀུན་ནས་དགོང་། །སྐུ་ཡི་རྡོ་རྗེའི་གདུལ་བྱ་ལ། །ཆོས་སྟོན་བྱ་བ་མཛད་ནས་སླར། །བཀུག་སྟེ་མདུན་དུ་བཞག་པ་ལ། །དབང་བསྐུར་དོན་དུ་གསོལ་བ་གདབ། །ངག་གིས་བར་དུ་མཆོད་

པར། །སྐུ་ཡི་རྡོ་རྗེ་འཛིན་པ་རྣམས། །བདག་ལ་མངོན་པར་དབང་བསྐུར་གསོལ། །སྐུ་ཡི་རིགས་ལས་བྱུང་བ་ཡི། །ལྷ་མོ་རྣམས་ཀྱིས་བདུད་རྩི་ཡིས། །གང་བའི་བུམ་པས་དབང་བསྐུར་ཞིང་། །བྱིན་གྱིས་བརླབ་པར་ཡང་ནི་བྱ། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ། །སྐུ་ཡི་རྡོ་རྗེ་
བཅུག་ནས་ནི། །དེ་ལ་གསོལ་བ་གདབ་པ་ཡི། །ཚིགས་བཅད་འདི་གཉིས་བརྗོད་པར་བྱ། །དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་
ཕྱེད་གསུམ་བསྒོམས་ནས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དིང་བདག་མཛོད། །མགྲིན་པར་རེ་ཕ་ལས་བྱུང་བའི། །ཉི་མར་ཨ་ཡིག་གྱུར་ལས་སྐྱེས། །པདྨ་དམར་པོ་འདབ་བརྒྱད་པ། །དེ་ལས་གསུང་གི་རྡོ་རྗེ་བསྒོམ། །ཤེས་རབ་དང་བཅས་རྩ་ཞལ་དམར། །གཡོན་དང་ཅིག་ཤོས་
དཀར་དང་ནག །ཆུ་སྐྱེས་རྡོ་རྗེ་འཁོར་ལོ་གཡས། །ནོར་བུ་དྲིལ་བུ་རལ་གྲི་གཡོན། །སྔ་མ་བཞིན་དུ་ཕྱུང་ནས་ནི། །ལྷག་མ་མིང་ཙམ་གཞན་ཐ་དད། །དེ་བཞིན་སྙིང་གར་ཐིག་ལེ་ལས། །བྱུང་བའི་སྒྲ་གཅན་དཀྱིལ་འཁོར་ནི། །སྔོན་པོ་དེར་ཡང་ཧཱུྃ་ཡིག་ལས། །ཡང་དག་བསྐྱེད་པའི་རྩེ་ལྔ་པ། །རྡོ་རྗེ་
དེ་ཡོངས་གྱུར་པ་ལས། །ཐུགས་ཀྱི་རྡོ་རྗེ་རྣམ་པར་བསྒོམ། །ཤེས་རབ་བཅས་ཤིང་རྩ་ཞལ་ནས། །གཞན་དག་དམར་དར་དཀར་པོ་ཉིད། །རྡོ་རྗེ་འཁོར་ལོ་ཆུ་སྐྱེས་གཡས། །དྲིལ་བུ་རིན་ཆེན་རལ་གྲི་གཡོན། །ཕྱུང་ནས་སྔ་མ་བཞིན་དུ་སྟེ། །ཐམས་ཅད་རྒྱས་པར་མ་བྲིས་སོ། །དེ་ནས་གཅིག་ཉིད་
སྔགས་འདི་ཡིས། །ང་རྒྱལ་ཀུན་དུ་གཟུང་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀྩིཏྟ་བཛྲ་སྭ་བྷཱ་བཱ་ཏྨ་ཀོ྅ཧཾ། དེ་བཞིན་ཁོ་ནར་ཤེས་རབ་ཀྱི། །ལྟེ་བའི་ཕྱོགས་སུ་ཧོཿཡིག་སྟེ། །གསང་བར་སྭཱ་ཡིག་གཙུག་ཏོར་དུ། །ཧཱ་ཡིག་རིགས་དྲུག་དགོད་པར་བྱ། །ཁུ་བ་གཅིག་པུའི་ཆོས་ལས་ནི། །གང་ཕྱིར་ཐབས་ནི་
རིགས་གསུམ་ཉིད། །རྡུལ་དང་ཁུ་བའི་བདག་ཉིད་ཀྱིས། །ཤེས་རབ་ཀྱི་ནི་རིགས་དྲུག་འགྱུར། །དབང་བསྐུར་དེ་ནས་དེ་མ་ཐག །རང་རང་རིགས་བདག་གིས་རྒྱས་གདབ། །རྒྱས་འདེབས་སངས་རྒྱས་ཀུན་ཀྱང་ནི། །གཙུག་ཏོར་ཆོས་གོས་འཛིན་ཤེས་བྱ། །རྡོ་རྗེ་སེམས་དཔའ་ཡང་དེར་འདིར། །སྔོན་པོ་མི་བསྐྱོད་མཚུངས་པར་

འགྱུར། །སངས་རྒྱས་རྣམ་ཤེས་རྒྱས་བཏབ་པ། །སངས་རྒྱས་རྒྱས་བཏབ་སངས་རྒྱས་སྐྱེས། །ཡེ་ཤེས་རྣམ་ཤེས་ཀྱིས་རྒྱས་བཏབ། །རྣམ་ཤེས་ཡེ་ཤེས་ཀྱིས་རྒྱས་བཏབ། །འདི་ནི་ལས་ཀྱི་རྒྱལ་པོ་མཆོག །བསྐྱེད་པའི་མཚན་ཉིད་ཇི་སྲིད་པའོ། །ཞེས་པ་དེ་ལྟར་རྡོ་རྗེ་ཅན། །སྲིད་གསུམ་ཐམས་ཅད་
དཀྱིལ་འཁོར་ཏེ། །ཕྱི་དང་ལུས་དང་གཞན་ལ་ཡང་། །དེ་རྣམས་སྤྲོ་དང་སྡུད་པ་སྟེ། །དངོས་པོའི་རིགས་རྣམས་ལ་ནི་དེ། །མཁའ་ཁམས་བཞིན་དུ་ཡང་དག་གནས། །རྣམ་གསུམ་སྲིད་པར་གནས་པ་དེ། །མི་རྟག་ཉིད་དུ་མི་འགྱུར་རོ། །གང་ཕྱིར་མིག་འཕྲུལ་ཇི་ལྟ་བཞིན། །འབྱུང་བའི་ཚོགས་ནི་མི་རྟག་
འགྱུར། །དེ་བཞིན་རྟག་དང་མི་རྟག་པ། །མཚུངས་མཐོང་མི་ཤེས་ཡིད་ཅན་རྣམས། །དག་ཕྱིར་འཇིག་རྟེན་བདེན་པ་ཡིས། །རྡོ་རྗེ་ཅན་གྱི་སྒྲུབ་ཐབས་བརྗོད། །སྐུ་གཅིག་ཡུམ་དང་ལྡན་པའམ། །ཡང་ན་ལྷ་མོ་དགུ་དང་ལྡན། །ཉི་ཤུ་ལྔ་པའི་བདག་ཉིད་སོགས། །རྒྱལ་བས་གདུལ་བྱའི་བསམ་པས་
གསུངས། །འདིར་ནི་སེམས་ཀྱི་ངོ་བོ་ཡིས། །གནས་པའི་བསྒྲུབ་བྱ་འགའ་ཡང་མེད། །བསྒྲུབ་བྱ་གང་ཞིག་སྒྲུབ་པ་པོ། །རྡོ་རྗེ་ཅན་གྱིས་བསྒྲུབ་པ་འཁྲུལ། །དེ་ཕྱིར་རང་སེམས་དྲི་མ་བྲལ། །དཀྱིལ་འཁོར་གྱི་ནི་གཙོ་བོར་བྱ། །ད་ནི་ཐིག་ལེ་ཕྲ་མོ་སོགས། །རྣལ་འབྱོར་བཟླས་པ་བརྗོད་པར་བྱ། །གང་ཕྱིར་མི་
རྣམས་བཅུ་དྲུག་ལོས། །ཐིག་ལེའི་བདེ་བ་ཀུན་དུ་འབྱུང་། །སེམས་མཆོག་ཐིག་ལེ་རྫོགས་པ་ནི། །ཐིག་ལེའི་རྣལ་འབྱོར་ཞེས་བྱར་བརྗོད། །འཛག་པའི་བདེ་ལ་དམིགས་པ་ནི། །ཕྲ་མོའི་རྣལ་འབྱོར་ཞེས་བྱར་བརྗོད། །མི་རྣམས་ལག་པ་འཛིན་པ་དང་། །ཤེས་རབ་མ་ཡང་གཏོད་པར་བྱེད། །དབང་བརྟུལ་ལ་
སོགས་རྣལ་འབྱོར་པས། །ལས་དང་ཡེ་ཤེས་ཕྱག་རྒྱ་སྟེ། །རྣལ་འབྱོར་གཉིས་དང་དེ་བཞིན་བཟླས། །རྩ་བའི་རྒྱུད་བཞིན་བརྗོད་པར་བྱ། །བཅུ་དྲུག་ལོ་འམ་རིག་ལྡན་མ། །གཟུགས་དང་ལང་ཚོས་བརྒྱན་པ་ལ། །དང་པོར་ལེགས་པར་བསླབ་བྱས་ཏེ། །དབང་བསྐུར་ནས་ནི་བསྒྲུབ་པ་བརྩམ། །སྐུ་
གསུང་ཐུགས་བྱིན་བརླབ་པ་ནི། །དཔྲལ་བ་ལ་སོགས་རྣམས་ལ་དགོད། །སྭཱ་ཧཱ་གསང་བ་གཙུག་ཏོར་ཆེ། །དེ་ནས་པདྨ་རྣམ་པར་སྦྱངས། །ཨ་ཡིག་དམ་པ་འདབ་བརྒྱད་པ། །ཧཱུྃ་ཡིག་གིས་ནི་རྡོ་རྗེ་ལྡན། །དེ་བཞིན་རྡོ་རྗེ་དང་བཅས་པའི། །ཤེས་རབ་པདྨ་བསྐྱོད་རྒྱུ་ལས། །ཧཱུྃ་གིས་རང་གི་རྡོ་རྗེ་ནི། །

རྩེ་མོ་ལྔ་པར་རྣམ་པར་བསྒོམ། །དེ་དབུས་པདྨ་འདབ་བརྒྱད་པ། །ཨཱ་ཡིག་གིས་ནི་རབ་ཏུ་བརྟགས། །དེ་ལྟར་རྡོ་རྗེ་པདྨ་དང་། །བཅས་པར་བྱས་ནས་པདྨར་བཞུགས། །དེ་ལྟར་རྡོ་རྗེ་འཛིན་པའི་སྙེ་མས། །འཛིན་ཅིང་རྣལ་འབྱོར་ཧཱུྃ་ཕཊ་བྱ། །བྷ་གར་ལིངྒ་རབ་བཀོད་ནས། །བྱང་ཆུབ་སེམས་
སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་ནས། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་མིག་ལ་སོགས་པ་ཡང་། །བསྲེགས་ནས་རི་བོང་ཅན་ཧཾ་འཛག །
བདུད་རྩི་ཁུ་བའི་ཆོས་ཅན་ནི། །ཐིག་ལེའི་གཟུགས་ཀྱིས་འཛག་པར་བྱེད། །ཐིག་ལེའི་རྣལ་འབྱོར་ཞེས་གྲགས་པ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཕྲ་མོའི་རྣལ་འབྱོར་ཞེས་གྲགས་པ། །རྒྱུ་མཐུན་ལ་སོགས་སྟེང་དུ་འགྲོ། །དུང་ཅན་མ་འདི་ཕྱག་རྒྱ་ཆེ། །དེ་ནི་གཏུམ་མོ་རབ་ཏུ་བརྗོད། །ལྟེ་བའི་སྟེང་དུ་གཡུང་མོ་གང་། །ཨ་
བ་དྷཱུ་ཏཱི་མི་ཡི་སྣ། །འོད་ཟེར་ལྔ་ཡི་རང་བཞིན་སོགས། །དཀྱིལ་འཁོར་ལྔ་ནི་འབབ་བྱེད་པ། །སྣ་རྩེར་ཡུངས་ཀར་དུ་གྲགས་པ། །དེ་ཡང་སྲོག་དང་རྩོལ་བར་བཤད། །ཁམས་གསུམ་པོ་ནི་མ་ལུས་ནས། །སྲིད་པ་གསུམ་ནི་ཡོངས་ཤེས་པ། །སྲོག་འགོག་པ་ནི་ཡུངས་ཀར་མ། །དེ་ཡང་རྒྱུ་བཅས་
རྒྱུ་མེད་དུའོ། །སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །གང་ཞིག་ཁོ་ནར་ཡིད་དག་ནི། །བཀོད་པ་དེ་ཡི་ཕྱོགས་སུ་སྣང་། །མཚན་མའི་མཐར་ནི་རེ་ཁཱ་གང་། །དེ་ལ་བརྟན་དང་གཡོ་བའི་གཟུགས། །རྣལ་འབྱོར་བསམ་གཏན་སོགས་དེ་ཡང་། །ཞེས་གསུངས་སོ། །
དེ་ལྟར་རྣམ་པ་སྣ་ཚོགས་སོགས། །མན་ངག་ཇི་བཞིན་རབ་དབྱེ་བས། །དགའ་བའི་ཐིག་ལེ་གཙོ་བོ་ལས། །སྐུ་གསུང་ཐུགས་དང་བཞི་པར་གྲགས། །རྒྱུ་མཐུན་ལ་སོགས་རིམ་པ་ཡིས། །ཇི་ལྟར་བྱོན་པ་དེ་བཞིན་གཤེགས། །དཔྲལ་བ་སོགས་དང་ལྟེ་བ་སོགས། །ཤེས་རབ་ཆོས་འབྱུང་
བདག་ཉིད་ལའོ། །གང་ཚེ་ཐིག་ལེ་ཕྲ་མོས་ཀྱང་། །དུས་གསུམ་པ་ཡི་སྲིད་གསུམ་ཤེས། །དུ་བ་ལ་སོགས་མཚན་མའི་མཐའ། །མཐར་ཐུག་གཟུགས་བརྙན་མཐོང་བར་བྱེད། །རྣལ་འབྱོར་པ་ཡི་དཀྱིལ་འཁོར་གྱི། །འཁོར་ལོ་སྤྲོ་བ་ཉིད་དང་ཡང་། །འཁོར་བ་པ་རྣམས་བུ་སོགས་སྤྲོ། །དེ་

བཞིན་སྒྲུབ་པ་ཆེན་པོའོ། །ལུས་དང་དབྱེར་མེད་སྔགས་བཟླས་པ། །དེ་ཡང་སྲོག་དང་རྩོལ་བར་བཤད། །ལུས་ངག་སེམས་ཀྱི་རྩ་རྣམས་ནི། །གཡས་དང་གཡོན་དང་དབུ་མ་རུ། །གློག་ལས་གཞོམ་དུ་མེད་པའི་སྐད། །ཡན་ལག་དྲུག་གིས་དེ་བཞིན་བཟླས། །སོ་སོར་སྡུད་དང་བསམ་གཏན་དང་། །
སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །དབུ་མ་མཆོག་གི་དབུགས་དང་ནི། །དྲི་ཡི་ཆུ་དང་བཅས་པ་ཡིས། །རྟག་ཏུ་རིག་སྔགས་མ་མཆོད་བྱ། །ཁྱད་པར་དུས་ཀྱི་ཕོ་ཉ་མོ། །དྲང་བའི་དོན་དུ་རྣལ་འབྱོར་པ། །ཐུན་མོང་དངོས་གྲུབ་
འདོད་པས་ཀྱང་། །བགྲང་ཕྲེང་ལ་སོགས་ཆོ་ག་ཡིས། །རྟག་ཏུ་མཉམ་པར་གཞག་པས་བཟླ། །ལས་ཀུན་པ་ལ་རྡོ་རྗེ་བཞི། །འཇིག་རྟེན་ཁམས་མཐར་སྭཱ་ཧཱ་སྦྱར། །གང་ཚེ་རྣལ་འབྱོར་བཟླས་པས་སྐྱོ། །རྣམ་པར་གཡེང་བའི་སེམས་ལྡན་ན། །མཆོག་སྦྱིན་རྡོ་རྗེ་མཆོག་སོགས་ཀྱི། །བསྟོད་
པ་བྱས་ནས་རབ་མཆོད་དེ། །གཙུག་ཏོར་སྤྱི་བོ་མགྲིན་སྙིང་ག །ལྟེ་བ་གསང་བ་རྣམས་སུ་ནི། །རྡོ་རྗེ་རྩེ་མོ་བཞི་པ་དང་། །རྩེ་མོ་བཅུ་དྲུག་བར་རྣམས་བཅས། །རྩེ་མོ་སུམ་ཅུ་རྩ་གཉིས་རྣམས། །བསམས་ནས་དེ་ཡི་ལྟེ་དབུས་གཤེགས། །ལས་དང་བྱ་བའི་འཁོར་ལོར་ཡང་། །སུམ་ཅུ་པ་དང་རྩེ་
ལྔ་པར། །ཇི་ལྟར་རིགས་པར་གཤེགས་གསོལ་བྱ། །དུང་དང་གཎྜཱི་ནོར་བུ་ལྗོན། །དུ་སོགས་ཕུང་ཁམས་ལྷ་དང་བཅས། །བདེ་བ་ཆེན་པོའི་གནས་སུའོ། །སྐྱེ་མཆེད་བཅུ་གཉིས་ཁྲོ་བོ་དང་། །ཙརྩི་ཀཱ་སོགས་ཤིང་རྟར་གནས། །འོད་ཟེར་ཅན་སོགས་ལྷ་མོ་དང་། །ཀླུ་དང་ཁྱི་གདོང་མ་ལ་སོགས། །
ཇི་ལྟར་རིགས་པས་གཤེགས་གསོལ་བྱ། །རྣལ་འབྱོར་པ་ཡིས་ཐུན་གསུམ་དུ། །སྔར་བཤད་ཆོ་གས་བདུད་རྩི་ལྔ། །ལེགས་པར་སྦྱངས་ཏེ་གཏོར་མ་སྦྱིན། །རྣལ་འབྱོར་དབང་པོས་ཉིན་སོ་སོར། །བདག་ཉིད་ཚིམ་པར་བྱ་བ་ཡང་། །སྐྱིལ་ཀྲུང་དང་ནི་སོ་རྣམས་ཉིད། །ཅུང་ཟད་ཕྱེ་ཞིང་བཀུག་ནས་
བསྐྱོད། །ཡང་ན་དཔྲལ་བར་ཐིག་ལེ་དཀར། །བསམས་ནས་ཡོངས་སུ་ངལ་བ་བསོ། །ཨོཾ་ཨཱཿཧཱུྃ་ཧོཿརིམ་གནས་པ། །དེ་ཡིས་སྦྱངས་དང་རྟོགས་པ་དང་། །འབར་བ་དང་ནི་བདུད་རྩིར་བྱ། །མཐེ་བོང་མིང་མེད་དག་གིས་ནི། །སྣོད་དེ་ཆང་གི་ཐིགས་པ་ཡིས། །ཕྱི་རོལ་དུ་ནི་གྲུ་གསུམ་དང་། །དེ་དབུས་ཟླུམ་

པོ་བྱས་ནས་ནི། །ཉི་མའི་གཟུགས་ལྟར་རབ་གསལ་བ། །དེ་ཡི་དབུས་སུ་ཡེ་ཤེས་ཀྱི། །འཁོར་ལོ་སྲིད་གསུམ་མཆོག་བསྒོམས་ནས། །ཚིམ་པ་སོགས་ལ་འབད་པར་བྱ། །དེ་བཞིན་ནང་གི་དཀྱིལ་འཁོར་ཡང་། །སྔར་བཞིན་ཟས་དང་ཁྲུས་དང་ནི། །ལྷ་མོའི་ཚོགས་ཀྱིས་དབང་བསྐུར་རོ། །
ཉལ་ཚེ་སྟོང་པ་ཉིད་ལ་གཞུག །ལྡང་ཚེ་གླུ་ཡིས་བསྐུལ་བ་སྟེ། །དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །རྡོ་རྗེའི་རྣལ་འབྱོར་རྟག་དྲན་བྱ། །ཡུལ་བདག་གྲོང་བདག་དག་ལ་ཡང་། །གཏོར་མ་ཆོ་ག་ཇི་བཞིན་སྦྱིན། །འཕྲོག་མ་ལ་ནི་ཆང་བུ་གཉིས། །ཕོ་ཉ་མོ་ལ་ཕུད་ཀྱི་ནི། །ཆང་བུ་ས་ལ་གཞག་པར་བྱ། །ཟོས་
ལྷག་འབྱུང་པོ་རྣམས་ལ་སྟེ། །སྦྱིན་པའི་ཚིགས་བཅད་བརྗོད་པར་བྱ། །རྣལ་འབྱོར་མ་ཐོབ་རྣལ་འབྱོར་དབང་། །གལ་ཏེ་གཡོ་བའི་སེམས་དབང་ལས། །ནམ་ཞིག་ཤི་བར་གྱུར་པ་ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ། །རབ་མཆོག་རིགས་སུ་སྐྱེ་བར་ཤོག །དེར་ཡང་སྔོན་གོམས་རྣལ་འབྱོར་ལྡན། །ཡེ་ཤེས་
རྣལ་འབྱོར་རབ་ཡངས་པ། །དེ་ལ་སླར་ཡང་སྤྱོད་བྱེད་ཅིང་། །ཚོགས་གཉིས་ཡང་དག་བསགས་པ་ལས། །མི་འགྱུར་མཆོག་གི་གོ་འཕང་གི །ཡེ་ཤེས་ངེས་པར་ཐོབ་གྱུར་ཏེ། །གང་དུའང་སྐྱེ་ལྡན་མིན་གྱུར་ཅིག །ཅེས་བྱའོ། །རྡོ་རྗེ་སློབ་དཔོན་ལས་ཀྱི་ཆོ་ག་ལ། །སྔོན་དུ་ནན་ཏན་བྱ་བ་གང་ཡིན་པ། །རྒྱས་
འགྲེལ་མཛད་པའི་མཁྱེན་ལྟར་སྒྲུབ་པའི་ཐབས། །འདི་ནི་རྣལ་འབྱོར་རབ་གསལ་ཞེས་བྱའོ། །མཁས་པའི་མན་ངག་དང་བཅས་བྲིས་པ་ལས། །དགེ་བ་ཡངས་པ་བདག་གིས་ཐོབ་པ་དེས། །འགྲོ་བ་མྱུར་དུ་མི་འགྱུར་བདེ་བ་ཆེ། །དཔལ་ལྡན་རྡོ་རྗེ་འཛིན་པ་ཉིད་གྱུར་ཅིག །དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་དང་པོའི་
སངས་རྒྱས་སུ་གྲགས་པའི་བསྐྱེད་པའི་རིམ་པ་ཐམས་ཅད་གཙོ་བོར་གྱུར་པའི་སྒྲུབ་ཐབས་དབུ་མ་ཆེན་པོའི་པཎྜི་ཏ་མཻ་ཏྲི་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།འདིའི་གཞུང་གི་ཚད་ནི་ཅུང་ཟད་ལྷག་པའི་བཞི་བརྒྱའོ། །གཞུང་འདི་བོད་སྐད་དུ། གཅིག་ཏུ་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ལ་
གཅེས་སྤྲས་མཛད་ཅིང་། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ལ་མངའ་འབྱོར་བས་ཐུབ་པའི་དབང་པོ་དང་གཉིས་སུ་མེད་པར་ལྷར་བཅས་སྐྱེ་དགུའི་གཙུག་རྒྱན་དཔལ་ལྡན་བླ་མ་དམ་པ། ཞྭ་དམར་ཅོད་པན་འཛིན་པ་བཞི་པའི་ཞལ་སྔ་ནས་ལེགས་པར་སྒྱུར་ཅིག་ཅེས་བཀའ་སྩལ་པ་

བཞིན་དུ། །བསྟན་པ་རིན་པོ་ཆེ་གུས་པས་མཆོད་པའི་ས་སྐྱོང་ཆོས་ཀྱི་སྤྱན་ལྡན་དཔོན་ཆེན་ཀུན་དགའ་རིན་ཆེན་རྒྱལ་པོ་བས་མཐུན་རྐྱེན་སྩལ་ཏེ། ལེགས་པར་སྦྱར་བའི་སྐད་ཀྱི་བརྡ་སྤྲོད་པའི་གཞུང་གི་ཆ་ཙམ་རྟོགས་ཤིང་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་དམ་པའི་ཆོས་ཇི་ལྟར་བསྒྱུར་བའི་ཚུལ་རྗེས་སུ་
དཔག་པ་ལས་རྟོགས་པའི་ཞ་ལུ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་ལུགས་གཉིས་ཀྱི་འདུན་ས་གཞིས་ཀ་ལྷུན་གྲུབ་གླིང་གི་སྐྱེད་མོས་ཚལ་དུ་ཟིལ་གནོན་གྱི་ལོ་ཆུ་སྟོད་ཀྱི་ཟླ་བའི་ཚེས་བཅུ་དྲུག་ལ་རྫོགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་དགེ་བའི་བཤེས་གཉེན་བླ་མ་ཤེས་རབ་འཕགས་པ་
ཞེས་བགྱི་བའོ།། ༄༅༅། །རྒྱ་གར་སྐད་དུ། ཥ་ཌཾ་གཡོ་ག་ནཱ་མ། བོད་སྐད་དུ། སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ཐབས་ནི་ཡན་ལག་དྲུག་གི་རྣལ་འབྱོར་ཏེ། འདིར་བར་མ་རིམ་པ་ལས་བཟློག་
པས་བསྟན་ཅིང་ནང་གི་ཡན་ལག་རེ་རེ་དོར་བ་སྔ་མ་མ་བསྟན་པའི་ཡན་ལག་ཕྱི་མ་བསྟན་པའི་ཤུགས་ཉིད་ཀྱིས་རྟོགས་པར་བྱ་སྟེ། དཔེར་ན་འདི་ནི་ཉིན་སྤྱོད་ཅེས་བརྗོད་པས་གཞན་མཚན་སྤྱོད་ཅེས་བྱ་བ་མ་བརྗོད་ཀྱང་ཤུགས་ཉིད་ཀྱིས་ཉེ་བར་དམིགས་པར་འགྱུར་རོ། །དེ་བཞིན་དུ་ཡང་གང་ཞིག་ཕན་ཚུན་ལྟོས་
པའི་ཆོས་ནི་མ་བསྟན་པ་ཡང་བསྟན་པའི་ཆོས་ཀྱིས་ཉེ་བར་རྟོགས་སོ། །དེའི་ཕྱིར་རྒྱུད་འདིར་ཡན་ལག་རེ་རེའི་ཁོངས་སུ་གཏོགས་པའི་ཡན་ལག་གསུམ་བསྟན་ཏོ། །བར་དུ་བཤད་པའི་ཡན་ལག་དང་པོར་བྱ་བ་ནི་འདིར་བླ་མའི་མན་ངག་སྟེ། གཞན་དུ་ན་གང་གི་ཚེ་རྒྱུད་ལས་གསུངས་པའི་རིམ་པས་གཟུང་ན་ནི་དེའི་
ཚེ་བླ་མའི་མན་ངག་ཅི་ཞིག་དགོས། །དེའི་ཕྱིར་དགོངས་པས་བཤད་པ་ལ་སོགས་པ་ཐམས་ཅད་བླ་མའི་མན་ངག་ལས་རྟོགས་པར་བྱ་བ་འམ། ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་འགྲེལ་པ་ལས་ཤེས་པར་བྱ་བ་ཡིན་གྱི་མཁས་པའི་ང་རྒྱལ་དང་ལྡན་པ་རྣམས་ཀྱིས་བྱས་པ་དེ་ལས་ནི་མ་ཡིན་
ནོ། །དེས་ན་བསམ་གཏན་ཞེས་བྱ་བ་ལ་སོགས་པས་ཡན་ལག་གཞན་གསུམ་ཤེས་པར་བྱའོ། །རྒྱུད་གཞན་དུ་ཡན་ལག་དྲུག་གསུངས་པ་འདིར་མདོར་བྱས་པའི་དོན་གྱིས་ཡན་ལག་གསུམ་དུ་རྟོགས་པར་བྱ་བ་སྟེ། འདིར་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། སོ་སོར་སྡུད་དང་བསམ་གཏན་དང་། །

སྲོག་དང་རྩོལ་དང་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་ཏེ། དེས་ན་བསམ་གཏན་གྱི་སྔོན་དུ་འགྲོ་བ་ནི་སོ་སོར་སྡུད་པའོ། །སྔགས་བཟླས་པའི་སྔོན་དུ་འགྲོ་བ་ནི་སྲོག་དང་རྩོལ་བ་སྟེ། འདིར་སྔགས་བཟླས་པའི་སྒྲས་
ནི་མ་ནིང་གི་བཟླས་པའམ། རྡོ་རྗེའི་བཟླས་པ་སྟེ། སྲོག་གི་རླུང་འཛིན་པར་བརྗོད་དོ། །བདེ་བའི་སྔོན་དུ་འགྲོ་བ་ནི་རྗེས་སུ་དྲན་པ་སྟེ། དེ་ལ་བདེ་བའི་སྒྲས་ཏིང་ངེ་འཛིན་བསྟན་ཏོ། །དེ་ལྟར་ན་ཡན་ལག་དྲུག་གི་རྣལ་འབྱོར་པ་ཉིད་ནི་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་རོ། །ཐ་མལ་པའི་ཕྱིའི་འཇིག་
རྟེན་པའི་རྣལ་འབྱོར་གྲུབ་པ་ནི་ལས་དང་པོ་པའི་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྔགས་བཟླས་པ་དང་བསམ་གཏན་གྱིས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་བརྟགས་པའི་བསྒོམ་པའི་སེམས་དང་བདེ་བ་ནི་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་བྱུང་བའི་འཇིག་རྟེན་པའི་བདེ་བ་དང་། འབབ་པའི་རང་
བཞིན་གྱི་བདེ་བ་འཇིག་རྟེན་པའི་བདེ་བས་ནི་འོག་མིན་གྱི་གནས་ཀྱི་བར་གྱི་འཇིག་རྟེན་པའི་འབྲས་བུའོ། །དེ་ལྟར་རིམ་པ་གཉིས་ཀྱིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཉིད་འགྲུབ་པར་འགྱུར་རོ། །འདིར་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཉིད་མཆོག་གི་ཡན་ལག་དྲུག་གི་སྦྱོར་བས་
འགྲུབ་པ་ཇི་ལྟ་བ་དེ་བཞིན་དུ་བསྟན་པར་བྱ་སྟེ། །འདིར་སོ་སོར་སྡུད་པ་ནི་ཕྱིའི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པ་མི་འཇུག་ཅིང་། ནང་གི་ཡུལ་རྣམས་ལ་ལྷའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་རྣམ་པར་ཤེས་པ་འཇུག་པ་སྟེ། །ནང་གི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་
ཀྱི་དམིགས་པ་རྣམ་པར་མ་བརྟགས་པར་མཐོང་བ་ནི་དངོས་པོ་ཐམས་ཅད་མཐོང་བ་སྟོང་པ་ཉིད་ཀྱིས་ཏེ། ཇི་ལྟར་བུ་མོས་གཟུགས་བརྙན་མཐོང་བ་ལྟར་ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བ་ནི་སོ་སོར་སྡུད་པ་ཞེས་བྱ་བ་ཡན་ལག་དང་པོའོ། །དེ་ནས་བསམ་གཏན་ནི་དངོས་པོ་ཡོད་པ་
ཐམས་ཅད་ཀྱི་སྟོང་པ་ཤེས་རབ་ཏུ་འདུས་པ་ལ་སེམས་ཀྱི་འཇུག་པའོ། །རྟོག་པ་ཞེས་བྱ་བ་ནི་སེམས་ཀྱི་དངོས་པོའི་དོན་འཛིན་པའོ། །དཔྱོད་པ་ཞེས་བྱ་བ་ནི་དངོས་པོའི་ཁྱད་པར་འཛིན་པའོ། །དགའ་བ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ལ་སེམས་གནས་པའོ། །བདེ་བ་ནི་དངོས་པོ་ཐམས་ཅད་ཀྱི་མི་གཡོ་བའི་ཕུད་

སུམ་ཚོགས་པའོ། །དེ་ལྟར་བསམ་གཏན་གྱི་ཡན་ལག་ལྔ་བསྟན་ཏོ། །དེ་ནས་སྲོག་དང་རྩོལ་བ་ཞེས་བྱ་བ་ནི་ལ་ལ་ནཱ་དང་། ར་ས་ནཱ་སྟེ་གཡས་པ་དང་གཡོན་པ་འགགས་ཤིང་ཨ་བ་དྷཱུ་ཏཱིར་ཐིམ་སྟེ་དབུས་ཀྱི་ལམ་དུ་སྲོག་གི་རླུང་རྟག་ཏུ་འཇུག་པའོ། །རྔུབ་པ་དང་། གནས་པ་དང་། འབྱུང་བའི་སྦྱོར་བས་ཨ་བ་དྷཱུ་
ཏཱིར་ཨོཾ་གྱིས་འཇུག་པ་དང་། ཧཱུྃ་གིས་འགོག་པ་དང་། ཨཿས་འབྱུང་བ་དང་། ཟླ་བ་དང་། སྒྲ་གཅན་དང་། ཉི་མའི་རང་བཞིན་གྱིས་གོམས་པར་བྱེད་པ་ནི་སྲོག་དང་རྩོལ་བའི་རང་བཞིན་དུ་བསྟན་ཏོ། །དེ་ནས་འཛིན་པ་ཞེས་བྱ་བ་ནི་སྲོག་གི་རླུང་ལྟེ་བ་དང་། སྙིང་ག་དང་། ལྐོག་མ་དང་། དཔྲལ་བའི་དབང་ཆེན་
དང་། ཆུ་དང་། མེ་དང་། རླུང་གི་དཀྱིལ་འཁོར་རྣམས་སུ་འཇུག་པས་ཐིག་ལེ་ལ་སྲོག་གནས་ཤིང་ཕྱིར་མི་འབྱུང་བ་ནི་འཛིན་པའི་ཡན་ལག་ཏུ་བསྟན་ཏོ། །དེ་ནས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་རང་དད་པའི་ལྷའི་གཟུགས་བརྙན་མཐོང་བས་རྣམ་པར་རྟོག་པ་སྤང་བའོ། །དེ་ལས་འོད་ཟེར་དུ་མ་འཕྲོ་བའི་གཟུགས་ཅན་
རབ་ཏུ་སྣང་བའི་དཀྱིལ་འཁོར་སྣ་ཚོགས་ཀྱི་ཚུལ་ཅན་ཁམས་གསུམ་དུ་སྤྲོ་བ་དེ་རྗེས་སུ་དྲན་པའི་ཡན་ལག་གོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་རང་དད་པའི་ལྷ་ལ་རྗེས་སུ་ཆགས་ཤིང་མི་འཇིགས་པའི་བདེ་བ། གཟུང་བ་དང་འཛིན་པ་མེད་པར་སེམས་རྩེ་གཅིག་པ་ཡིན་ནོ་ཞེས་ཏིང་ངེ་འཛིན་གྱི་ཡན་ལག་དེ་བཞིན་
གཤེགས་པས་གསུངས་སོ། །འདིར་ཡན་ལག་དྲུག་ནི་རྣལ་འབྱོར་མདོར་གསུངས་པ་སྟེ་རྒྱས་པར་ནི་འབུམ་སྡེའམ། དཔལ་མཆོག་དང་པོའམ། བླ་མའི་མན་ངག་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པའི་རྣལ་འབྱོར་པས་ཁོང་དུ་ཆུད་པར་བྱའོ། །འདིར་ཡན་ལག་དྲུག་གི་རྣལ་འབྱོར་དང་པོའི་ལམ་དུ་
བསྒོམ་པའི་མན་ངག་བསྟན་པ་རྒྱུད་གཞན་རྣམས་སུ་གསུངས་པ་ནི་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་བསྙེན་པ་དང་། ཉེ་བར་སྒྲུབ་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་རྣམས་ཏེ། ཇི་སྐད་དུ། བསྙེན་དུས་གཙུག་ཏོར་ཆེན་པོ་ཡི། །གཟུགས་སུ་འབད་པས་བསྒོམ་པར་བྱ། །ཉེ་སྒྲུབ་དུས་སུ་དེ་བཞིན་དུ། །
བདུད་རྩི་འཁྱིལ་པའི་གཟུགས་བསྒོམ་བྱ། །སྒྲུབ་པ་ལ་ནི་ལྷ་ཡི་གཟུགས། །རྣལ་འབྱོར་བརྩོན་པས་བསྒོམ་པར་བྱ། །སངས་རྒྱས་མངའ་བདག་གཟུགས་ཉིད་ནི། །སྒྲུབ་པ་ཆེ་ལ་རྣམ་པར་བརྟག །ཅེས་གསུངས་ཏེ། འདིར་དགོངས་པའི་ཚིག་གཞན་གྱིས་གཙུག་ཏོར་ཆེན་པོའི་གཟུགས་ནི་ཁམས་གསུམ་

མ་ལུས་པའི་སངས་རྒྱས་ཀྱི་སྐུ་ནམ་མཁའ་ཆོས་འབྱུང་བར་ཐུགས་རྗེ་རབ་ཏུ་གཞག་ཅིང་བསྙེན་པའི་དུས་དང་པོར་སོ་སོར་སྡུད་པས་སྒོམ་ཞིང་བསམ་གཏན་གྱི་ཡན་ལག་གིས་ཀྱང་བརྟན་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་ནི། རྟོག་པ་ཐམས་ཅད་རྣམ་སྤངས་ཏེ། །
ཉིན་ཞག་གཅིག་ལ་རྣམ་པར་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་ཚིག་བརྫུན་ཡིན། །དེ་ལ་རྟགས་ནི་དུ་བ་ལ་སོགས་པའི་མཚན་མའོ། །གཞན་དུ་སྔགས་ལ་སོགས་པས་མ་ཡིན་ནོ། །ཞག་གཅིག་ལ་སྒྲུབ་པ་གང་གིས་སྔགས་པ་ལ་རྟགས་འབྱུང་སྟེ། དེའི་ཕྱིར་སྔགས་པས་ཡོད་པ་དང་
མེད་པའི་བློ་སྤངས་ནས་ལྟོས་པ་མེད་པར་བྱས་ལ་ཟབ་ཅིང་མི་དམིགས་པའི་སྟོང་པ་ཉིད་ལས་དུ་བ་ལ་སོགས་པའི་རྟགས་རྣམས་འབྱུང་བ་དེ་དག་བསྒོམ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །བྱེད་དང་བཅིངས་པའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཞེས་བྱ་བ་ལ་ས་གསུམ་པའི་སངས་
རྒྱས་ཀྱི་སྐུ་མིག་ལ་སོགས་པའི་བྱེད་པ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ཉིད་ཀྱི་མན་ངག་ནི། ཞལ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལ་བླ་མའི་མན་ངག་གིས་རྣལ་འབྱོར་པས་དང་པོར་ནམ་མཁའ་ལ་དུ་བ་ལྟ་བུ་མཐོང་སྟེ་སྨིག་རྒྱུ་ནི་མ་ཡིན་ཞེས་རང་གིས་ཉམས་སུ་མྱོང་བར་ཤེས་པར་བྱའོ། །དེ་ནས་སྨིག་རྒྱུ་ལྟ་
བུ་སྟེ། དུ་བ་ལ་སོགས་པ་དེ་ཉིད་རྟོག་པ་མེད་པར་གཟུགས་བརྙན་བཞིན་དུའོ། །དང་པོ་དུ་བ་ལྟ་བུ་དང་། གཉིས་པ་སྨིག་རྒྱུ་ལྟ་བུ་དང་། གསུམ་པ་ནམ་མཁའ་ལྟ་བུ་དང་། བཞི་པ་མར་མེ་ལྟ་བུ་དང་། ལྔ་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་རྟགས་གསང་བ་འདུས་པ་དང་། མཁའ་འགྲོ་མའི་དྲ་བ་
ལས་གསུངས་སོ། །གཞན་ཡང་མཁའ་འགྲོ་མ་རྡོ་རྗེ་དྲ་བ་ལས། བཅོམ་ལྡན་འདས་ཀྱིས། སྒྱུ་མ་ལྟ་བུའི་རྣམ་པ་དང་། །སྐད་ཅིག་རྨི་ལམ་ལྟ་བུའི་རྗེས། །དེ་ནི་ཀུན་མཁྱེན་རྒྱུ་ཡིན་ཏེ། །དངོས་གྲུབ་ཉེ་བར་སྟེར་བྱེད་པའོ། །ཞེས་གསུངས་ཏེ། དེས་ན་བཅོམ་ལྡན་འདས་ཀྱི་བཀའ་ལས་དང་
པོ་དུ་བ་ལྟ་བུ་ལ་སོགས་པའི་མཚན་མ་ནི་བསྒོམ་པའི་རྟགས་སུ་འགྱུར་རོ། །ཁ་ཅིག་ནི་གྲུབ་པའི་དུས་སུ་ཞེས་སྨྲ་སྟེ། དེ་རྣམས་ནི་དེ་བཞིན་གཤེགས་པའི་དམ་བཅའ་མ་ཉམས་པར་བྱེད་པ་སྟེ། རྟོག་པ་ཐམས་ཅད་ཡོངས་སྤང་སྟེ། །ཉིན་ཞག་གཅིག་ལ་བརྟག་པར་བྱ། །ཞེས་བྱ་བའི་བཅོམ་ལྡན་

འདས་ཀྱི་བཀའ་སུན་འབྱིན་པར་འགྱུར་རོ། །གྲུབ་པའི་དུས་སུ་འཇིག་རྟེན་པའི་དུ་བ་ལ་སོགས་པ་དང་། སྒྱུ་མ་ལ་སོགས་པ་གང་ཡིན་པ་དེ་རྟགས་སུ་མི་འགྱུར་ཏེ། དངོས་སུ་དུ་བ་དང་། འབར་བ་དང་། སྲེག་པའི་བྱ་བ་ནུས་པའི་ཕྱིར་རོ། །དཔེར་ན་གུར་གུམ་དང་། མེ་ཏོག་དང་། རིན་པོ་ཆེ་དང་། གསེར་ལ་
སོགས་པའི་ཆར་གྱིས་ཀྱང་ངོ་། །དེའི་ཕྱིར་ཡན་ལག་དྲུག་གི་རྣལ་འབྱོར་གྱི་རྟགས་སུ་དུ་བ་ལ་སོགས་པར་འགྱུར་བ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ། །དེ་ལྟར་མཁའ་འགྲོ་མའི་རྡོ་རྗེ་དྲ་བའི་རྒྱུད་ལས་ཀྱང་། ཡན་ལག་དྲུག་བསྒོམས་དེ་ནས་ནི། །སླར་ཡང་བདག་བྱིན་བརླབ་པར་བྱ། །དེ་ནས་གོ་རིམས་
ཇི་ལྟ་བའི། །ཆོ་གས་མཚན་མ་རྟོགས་པར་བྱ། །ཞེས་གསུངས་ཏེ། དེ་ལ་བདག་བྱིན་གྱིས་བརླབ་པ་ནི་ཀུན་རྫོབ་ཀྱི་སྟོང་པ་ཉིད་མཐོང་བའོ། །སོ་སོར་སྡུད་པའི་མཚན་མ་ནི་སྤྲིན་དང་དུ་བ་ལ་སོགས་པ་ལྟ་བུར་སྣང་བ་སྟེ། དེ་ཡང་མར་མེའི་མཐའ། དེ་ནས་སྤྲིན་མེད་པའི་ནམ་མཁའ་དྲི་མ་མེད་པའི་
བར་དུའོ། །རྒྱུད་གཞན་རྣམས་སུ་དང་པོ་འབར་བ་ནས་ཐིག་ལེ་མཐའི་བར་དུ་སྟེ། སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་གྱི་ལེའུ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་མཛད། །
ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་དྲག་མངའ་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་སྒྱུ་འཕྲུལ་དྲ་པར་རྟགས་གཞན་ཡང་བཅོམ་ལྡན་འདས་
ཀྱིས་དགོངས་པའི་ཚིག་གིས་གསུངས་སོ། །སྤྲིན་མེད་པའི་ནམ་མཁའ་ལས་བྱུང་བ་གང་ཡིན་པ་དེ་ནི་ནམ་མཁའ་ལས་བྱུང་རང་བྱུང་བ་སྟེ། །རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་བྱ་བ་ནི་འབར་བ་ལྟར་སྣང་བའོ། །འོད་ཆེན་རྣམ་པར་སྣང་བར་མཛད། །
ཅེས་བྱ་བ་ནི་ཟླ་བ་ལྟར་སྣང་བ་སྟེ། དེ་ཉིད་ཁོ་ནར་ཡེ་ཤེས་སྣང་བ་ལམ་མེ་བའོ། །འགྲོ་བའི་མར་མེ་ཞེས་བྱ་བ་ནི་ཉི་མའི་སྣང་བའོ། །ཡེ་ཤེས་སྒྲོན་ཞེས་བྱ་བ་ནི་སྒ་གཅན་ལྟར་སྣང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་ལྟར་སྣང་བའོ། །སྔགས་དྲག་མངའ་བདག་རིག་སྔགས་རྒྱལ། །

ཞེས་བྱ་བ་ནི་ཐིག་ལེ་ལྟར་སྣང་བ་སྟེ་ཟླ་བའི་དཀྱིལ་འཁོར་ཁ་དོག་སྔོན་པོའི་རྣམ་པའོ། །གསང་སྔགས་རྒྱལ་པོ་དོན་ཆེན་མཛད། །ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་ཁམས་གསུམ་གྱི་དངོས་པོའི་སྣང་བ་སྒྱུ་མ་དང་རྨི་ལམ་དང་མཚུངས་པ་སོ་སོར་སྡུད་པའི་སྦྱོར་བས་མཐོང་བའོ། །མིག་
གི་དབང་པོའི་བྱེད་པ་དང་། དེ་ནས་སྲོག་དང་རྩོལ་བའི་བཅིང་བ་སྟེ། བྱེད་པ་འདི་རྣམས་དང་བཅིངས་པའི་སྦྱོར་བས་ས་གསུམ་པོ་ནི་བསྒྲུབ་པར་བྱ་སྟེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་མཚན་ཉིད་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྡོ་རྗེ་མཁའ་འགྲོ་
མའི་དྲ་བ་ལས་ཀྱང་། འགྲོ་དང་མི་འགྲོ་ཁམས་གསུམ་ནི། །ཇི་སྲིད་འཇིག་རྟེན་ཁམས་རྣམས་དང་། །རྡོ་རྗེའི་ལུས་ལྡན་ཇི་སྲིད་པར། །མ་ལུས་ལུས་པ་མེད་པ་འགྲུབ། །ཅེས་ཡན་ལག་དྲུག་གིས་སོ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་ངེས་པའོ། །དེ་བཞིན་དུ་གསང་བ་འདུས་པ་ལས་ཀྱང་། དངོས་པོ་
མེད་ཅིང་སྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་ཏེ། འདིར་དངོས་པོ་མེད་པ་ནི་སྤྲིན་མེད་པའི་ནམ་མཁའོ། །སྒོམ་པ་ནི་སོ་སོར་སྡུད་པའོ། །དེ་ཉིད་ནི། དངོས་པོ་མེད་པ་བསྒོམ་པ་མིན། །ཞེས་བྱ་བའོ། །འདིར་སོ་སོར་
སྡུད་པའི་བསྒོམ་པའི་ཡུལ་ནི་སྤྲིན་མེད་པའི་ནམ་མཁའ་ཡིན་པས་བསྒོམ་པ་ཡང་ཡོད་པ་མ་ཡིན་ཏེ། རྣམ་པར་རྟོག་པའི་སྒོམ་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་དངོས་པོ་ནི་སོ་སོར་སྡུད་པས་མཐོང་བ་དེ་ཡང་དངོས་པོ་མ་ཡིན་ཏེ་མ་བརྟགས་པར་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་
རྣམས་དངོས་པོ་མེད་པར་མཐོང་བའོ། །དེ་ནས་སོ་སོར་སྡུད་པ་བསྒོམ་པའི་ཕྱིར་རྣམ་པར་རྟོག་པ་སྒོམ་པ་མི་དམིགས་སོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །བསྒོམ་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་འདི་ལྟ་སྟེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་
དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཇི་ལྟར་རྙེད་པར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་ནམ་མཁའ་ལ་སྦྱོར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །དེ་བཞིན་དུ་

ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི་གཟུགས་བརྙན་དང་སྒྱུ་མ་དང་མཚུངས་པ་དང་། སྤྲིན་མེད་པའི་ནམ་མཁའ་ལྟར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དེ་ལྟར་སོ་སོར་སྡུད་པ་དང་། བསམ་གཏན་གྱིས་བསྙེན་པའི་ཡན་ལག་བསྟན་ཏོ། །དེ་ནས་བདུད་རྩི་འཁྱིལ་པའི་གཟུགས་དགོངས་པས་རླུང་དུ་བཤད་དོ། །
དེའང་རྣམ་པ་གཉིས་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་བཅོམ་ལྡན་འདས་ཀྱིས། རིན་ཆེན་ལྔ་ཡི་རང་བཞིན་དབུགས། །སངས་རྒྱས་ལྔ་ཡི་བྱིན་གྱིས་བརླབས། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་པར་བསྒོམ། །ཞེས་གསུངས་པ་ལ། འདིར་རིན་ཆེན་ལྔའི་སྒྲས་
ནི་ར་ས་ནཱ་ལ་དཀྱིལ་འཁོར་ལྔའི་ཆོས་ཅན་ས་ལ་སོགས་པའི་ཁམས་ལྔའོ། །དེའི་བདག་ཉིད་ཀྱི་དབུགས་ནི་རིན་པོ་ཆེ་ལྔའི་རང་བཞིན་སྣ་བུག་གཡས་པ་ལའོ། །དེ་བཞིན་དུ་སངས་རྒྱས་ལྔ་ནི་ལ་ལ་ནཱ་ལ་དཀྱིལ་འཁོར་ལྔའི་ཆོས་ཅན་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་སྟེ། དེ་རྣམས་ཀྱིས་
བྱིན་གྱིས་བརླབས་པ་སྣ་ཁུང་གཡོན་པ་ལའོ། །གོང་བུའི་གཟུགས་ཀྱིས་ཕྱུང་བ་ནི་འདིར་གོང་བུའི་གཡས་པ་དང་གཡོན་པའི་དཀྱིལ་འཁོར་རྣམས་ཀྱི་སྲོག་གི་རླུང་དབུས་མ་ཨ་བ་དྷཱུ་ཏཱིར་གཅིག་ཏུ་གྱུར་པའི། །སྲོག་གི་རླུང་དེ་ཡང་གོང་བུའི་གཟུགས་ཀྱིས་ཕྱུང་ནས་སྣའི་རྩེ་མོར་སྒོམ་པ་སྟེ། དེ་ལ་སྣའི་
རྩེ་མོའི་སྒྲས་ལྟེ་བ་དང་། སྙིང་ག་དང་། ལྐོག་མ་དང་། དཔྲལ་བ་དང་། གཙུག་ཏོར་གྱི་པདྨའི་ལྟེ་བ་བསྟན་ཏེ་དེའི་རྩེ་མོར་བསྒོམ་པར་བྱའོ། །སྣའི་རྩེ་མོར་བསྒོམ་པ་ནི་གཡས་པ་དང་གཡོན་པའི་དབུས་ཀྱི་པདྨའི་ལྟེ་བར་རོ། །དེ་ལྟར་ཐིག་ལེའི་གནས་སུ་གོང་བུའི་ཚུལ་ཅན་སྲོག་འཛིན་པས་ན་
དེ་ཉིད་འཛིན་པར་བསྟན་ཏོ། །དེ་བཞིན་དུ་ཡན་ལག་གཉིས་ཉེ་བར་བསྒྲུབ་པ་ནི་བདུད་རྩི་འཁྱིལ་པའི་གཟུགས་ཏེ། ཉེ་བར་བསྒྲུབ་པ་དེ་ཉིད་རྡོ་རྗེ་བཟླས་པར་ཡང་བསྟན་ཏེ་ཡན་ལག་མ་ཉམས་པའི་བཟླས་པ་ནི་གཡས་པ་དང་གཡོན་པའི་རྩ་ལ་མི་རྒྱུ་བའོ། །གཙུག་ཏོར་གྱི་གཟུགས་མཐོང་ནས། ཕྱི་ནས་
སྔགས་པས་སྲོག་དང་རྩོལ་བ་ལ་བྱ་བ་སྟེ། བླ་མའི་མན་ངག་དང་དགོངས་པའི་ཚིག་ལས་རྟོགས་པར་བྱའོ་ཞེས་བྱ་བ་ནི་སྲོག་དང་རྩོལ་བ་དང་འཛིན་པ་དེའང་ཉེ་བར་བསྒྲུབ་པའོ། །དེ་ནས། བསྒྲུབ་པ་ལ་ནི་ལྷ་ཡི་གཟུགས། །ཞེས་གསུངས་པ་ལ། འདིར་འཛིན་པའི་སྟོབས་ཀྱིས་ལྟེ་བར་གནས་པའི་ཙཎྜ་

ལཱི་འབར་བར་རྣལ་འབྱོར་པས་མཐོང་བ་སྟེ། སྒྲིབ་པ་ཐམས་ཅད་དང་བྲལ་བས་གཟུགས་བརྙན་ལྟ་བུའི་ཕྱག་རྒྱ་ཆེན་པོ་འབར་ཞིང་སངས་རྒྱས་ཀྱི་སྤྲིན་མཐའ་ཡས་པའི་འོད་ཟེར་གྱི་སྤྲིན་འཕྲོ་བའི་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ་ཅན་ཏེ་རྗེས་སུ་དྲན་པས་ནི་སྒྲུབ་པ་བསྟན་ཏོ། །
འཛིན་པའི་མཐར་ཙཎྜ་ལཱིའི་སྦྱོར་བ་སྒོམ་པ་འདི་ནི་ངེས་པའོ། །དེ་ནས་དེའི་ཡེ་ཤེས་ཀྱི་འོད་ཀྱིས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་བསྲེགས་ནས་རོ་གཅིག་པར་བྱ་ཞིང་གཡས་པ་དང་གཡོན་པའི་རྩ་ལ་གནས་པའི་རྣམ་པར་ཤེས་པ་ལ་སོགས་པ་དང་། ས་ལ་སོགས་པའི་དཀྱིལ་འཁོར་
རྣམས་ཀྱི་རང་བཞིན་དཔྲལ་བར་ཟླ་བའི་དཀྱིལ་འཁོར་དུ་ཞུགས་པ་དང་། དེ་ནས་ཙཎྜ་ལཱིའི་ཡེ་ཤེས་ཀྱི་མེའི་འོད་ཀྱིས་ཟླ་བ་ཞུ་བའི་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྣམ་པས་འོག་ཏུ་བབ་སྟེ། ལྐོག་མ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བའི་པདྨར་དགའ་བ་དང་། མཆོག་ཏུ་དགའ་བ་དང་། སྣ་ཚོགས་པའི་དགའ་བའི་
རང་བཞིན་གྱིས། དེ་ནས་རྡོ་རྗེ་ནོར་བུའི་མཐར་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་དམ། ཡང་ན་རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་འཇོམས་པ་དང་། མཚན་ཉིད་བྲལ་བའི་རང་བཞིན་གྱིས་ཏེ། དེ་ལྟར་བཅུ་དྲུག་གི་ཆ་ཡོངས་སུ་རྫོགས་ཤིང་བསྒོམས་པའི་སྟོབས་
ཀྱིས་ནོར་བུའི་ནང་དུ་ཆུད་པའི་བདེ་བ་གང་གི་ཚེ་འབྱུང་བ་དེའི་ཚེ་ཚིག་གི་བདེ་བ་ལྟ་བུ་དཔེ་ཙམ་ཏེ། ངོ་བོ་ཉིད་ནི་དབང་པོ་གཉིས་ལས་བྱུང་བའི་འཇིག་རྟེན་པའི་བདེ་བ་དེས་ནི་མཆོག་ཏུ་མི་འཇིག་པའི་བདེ་བའི་བྱེ་བ་ཕྲག་སྟོང་གི་ཆར་ཡང་མི་ཕོད་དོ། །འདིར་མི་འཇིག་པའི་བདེ་བ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་
གྱི་གནས་སྐབས་ནི་ཚིག་གི་ཡུལ་མ་ཡིན་པ་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྣམ་པར་མི་ཤེས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བསྟན་ཏེ། འཇིག་རྟེན་ལ་གྲགས་པའི་མེད་པ་ཉིད་ཀྱི་དོན་དུ་ལྷུང་བར་བྱེད་པ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །དེ་ལྟ་ན་ཡན་ལག་དྲུག་གི་
རྣལ་འབྱོར། སྔགས་བཟླས་པ་དང་། བསམ་གཏན་དང་། བདེ་བས་རྣལ་འབྱོར་པ་ཉིད་སངས་རྒྱས་ཉིད་དེ། དག་བྱེད་སྡིག་པ་འཇིག་པར་བྱེད་པའི་མཆོག་རྣལ་འབྱོར་པས་ཚེ་འདི་ལ་བསྒྲུབ་ཅེས་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ངེས་པ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །སྦྱོར་བ་ཡན་ལག་དྲུག་ཅེས་བྱ་

བ་གསང་བ་པའི་བདག་པོ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་རབ་འབྱོར་ཞི་བའི་ཞལ་སྔ་ནས་ལོ་ཙཱ་བ་ཅོག་རོ་དགེ་སློང་ཏིང་འཛིན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བོ།།
༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་གརྦྷཱ་ལཾ་ཀ་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་སྙིང་པོའི་རྒྱན་ཞེས་བྱ་བའི་སྒྲུབ་ཐབས། བཅོམ་ལྡན་འདས་དཔལ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མངའ་བདག་དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་
འཚལ་ལོ། །དུས་འཁོར་བདེན་པ་གཉིས་ཀྱི་བདག །ཆོས་སྐུ་ཟབ་མོ་ལོངས་སྤྱོད་རྫོགས། །འགྲོ་བ་དད་མོས་སྤྲུལ་སྐུ་དང་། །མཉམ་པ་ཉིད་ལ་ཕྱག་འཚལ་ལོ། །ཀཱ་ནི་མི་འགྱུར་ཞི་བ་སྟེ། །ལ་ནི་འདི་ལ་སྟོབས་དང་ལྡན། །ཙ་ནི་སེམས་ཀྱི་གཡོ་བ་ཉིད། །ཀྲ་ནི་རིགས་ཀྱིས་འཆིང་བ་སྟེ། །
ཡེ་ཤེས་གསུམ་ལ་ཕྱག་འཚལ་ལོ། །ཐམས་ཅད་རྨི་ལམ་ཐུགས་ཆུད་ཅིང་། །མི་མཁྱེན་མི་མངའ་ས་ལེ་མཁྱེན། །ཐུགས་ཀྱི་ཆོས་དབྱིངས་ཉིད་ལས་འབྱུང་། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐུ་ཡི་གསུང་དང་ཐུགས། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །སྤྲུལ་
པའི་སྐུ་ཡི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་ཏུ་སྦྱོར་ལ་འདུད། །དཔལ་ལྡན་དུས་འཁོར་སྦྱོར་བ་འདི། །རྩོད་པའི་དུས་ཀྱི་སེམས་ཅན་གྱིས། །ཡེ་ཤེས་འདོད་ལུགས་མི་ཤེས་པས། །ང་མཁས་ཟེར་ཞིང་བྱིས་པ་འདྲིད། །རྨོངས་པ་ང་རྒྱལ་ཅན་ནི་གླེགས་བམ་མཐོང་བས་ཁེངས། །རྡོ་རྗེ་
འཛིན་འདྲའི་བླ་མ་ལ་བརྙས་ཤིང་། །ཤི་མ་ཐག་ཏུ་རྡོ་རྗེ་དམྱལ་བར་འགྲོ། །དེ་ཕྱིར་དུས་འཁོར་རྒྱན་འདི་བདག་གིས་བྲི། །དེ་ལ་དང་པོ་ཁོ་ནར་བདག་ཉིད་ལ་གནས་པ་སྟེ་རྣལ་འབྱོར་པའི་ལུས་ལ་ཁམས་དྲུག་སྟེ། འཁོར་ལོ་དྲུག་ལ་ལ་ལ་ནཱ་དང་། ར་ས་ནཱ་དང་། དབུ་མ་ཨ་བ་དྷཱུ་ཏཱི་རྩ་གསུམ་དང་བཅས་
པ་གནས་ཏེ། གཙུག་ཏོར་གྱི་འཁོར་ལོ་ལ་རྩ་འདབ་མ་ལྔའི་དབུས་ན། ཨ་ཀུ་ཧའི་སྡེ་ཆན་དང་རྣམ་པར་ཤེས་པའི་ཕུང་པོ་དང་ནམ་མཁའི་ཁམས་དང་། རྣ་བའི་དབང་པོ་དང་། ཆོས་དང་། བྷ་ག་དང་། ཁུ་བ་དང་། འདི་རྣམས་ཀྱི་མཚན་ཉིད་དང་རང་བཞིན་བསྐྱེད་པའོ། །དཔྲལ་བར་བདེ་བ་ཆེན་པོའི་

འཁོར་ལོའི་རྩ་འདབ་མ་བཅུ་དྲུག་ལ་དེའི་དབུས་ན་ཨུ་པུ་ཝ་ཝའི་སྡེ་ཚན་དང་། འདུ་ཤེས་ཀྱི་ཕུང་པོ་དང་། ཆུའི་ཁམས་དང་། ལྕེའི་དབང་པོ་དང་། ཡུལ་གཟུགས་དང་། རྐང་པའི་དབང་པོ་དང་། ལེན་པ་དང་། འདི་རྣམས་སྐྱེད་པར་བྱེད་པའོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་
རྩ་འདབ་སུམ་ཅུ་རྩ་གཉིས་ནི་རྀ་ཊུ་ར་ཥའི་སྡེ་ཚན་དང་། ཚོར་བའི་ཕུང་པོ་དང་། མེའི་ཁམས་དང་། མིག་གི་དབང་པོ་དང་། རོ་དང་། ལག་པ་དང་། འགྲོ་བ་དང་། འདི་རྣམས་སྐྱེད་པའོ། །སྙིང་གར་ཆོས་ཀྱི་འཁོར་ལོ་རྩ་འདབ་མ་བརྒྱད་ན་ཨི་ཙུ་ཡ་ཤའི་སྡེ་ཚན་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རླུང་གི་ཁམས་
དང་། སྣའི་དབང་པོ་དང་། ཡུལ་རེག་བྱ་དང་། ངག་གི་དབང་པོ་དང་། དྲི་ཆེན་འཛག་པ་དང་། འདི་རྣམས་སྐྱེད་པར་བྱེད་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་མ་དྲུག་ཅུ་རྩ་བཞི་ན་ལྀ་ཏུ་ས་ལའི་སྡེ་ཚན་དང་། གཟུགས་ཀྱི་ཕུང་པོ་དང་། སའི་ཁམས་དང་། ལུས་ཀྱི་དབང་པོ་དང་། དྲི་དང་། བཤང་བའི་
དབང་པོ་དང་། བརྗོད་པ་དང་། འདི་རྣམས་སྐྱེད་པར་བྱེད་པ་སྟེ། སྟོང་པ་ཆེན་པོ་ཡི་གེ་ལྔ། །ཞེས་བྱའོ། །དྲུག་པ་ནི་གསང་བའི་འཁོར་ལོ་རྩ་འདབ་མ་སུམ་ཅུ་རྩ་གཉིས་ན་ཡེ་ཤེས་ཀྱི་ཕུང་པོ་དང་། ཡེ་ཤེས་ཀྱི་ཁམས་དང་། ཡིད་ཀྱི་དབང་པོ་དང་། སྒྲ་དང་། དབང་པོ་དམ་པ་དང་། དྲི་ཆུ་འཛག་པ་དང་། འདི་
རྣམས་སྐྱེད་པའོ། །རོ་མཉམ་ཞིང་སྐྱེད་པ་གཅིག་ཏུ་འདྲེས་པ་ནི་ཐིག་ལེ་སྟོང་པ་ཡི་གེ་དྲུག་པའི་ངོ་བོ་ཤེས་རབ་ཀྱི་རྣམ་པ་ཨེའི་ཆ་བྱད་ཅན་ལྔ་པོ་ནི་ཐབས་ཀྱི་རྣམ་པ་ཝཾ་གྱི་རང་བཞིན་ཏེ། འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཨེ་དང་པདྨ་ནམ་མཁའི་དབྱིངས། །བྷ་ག་ཆོས་འབྱུང་ཆུ་
སྐྱེས་ཀྱི། །ཡིག་གདན་རྡོ་རྗེ་ཅན་ཞུགས་པ། །བདག་གི་རྒྱུད་ཀྱི་ནང་དུ་གསུངས། །རྡོ་རྗེ་ཅན་ཝཾ་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཤྲཱི་ཧེ་རུ་ཀ་དུས་འཁོར་ལོ། །དང་པོའི་སངས་རྒྱས་སོགས་མིང་དང་། །སྣ་ཚོགས་ཡུམ་གྱི་མིང་རྣམས་ཀྱིས། །གནས་དང་རྟེན་གྱི་མཚན་ཉིད་དང་། །
བརྟེན་པ་དག་གིས་གསུངས་པ་ནི། །སེམས་ཅན་བསམ་པའི་དབང་གིས་ཏེ། །སྟོན་པ་ཀུན་མཁྱེན་རྡོ་རྗེ་འཆང་། །སངས་རྒྱས་སེང་གེའི་གདན་བཞུགས་པ། །དུས་ཀྱི་འཁོར་ལོ་སྟོན་པ་པོ། །ཟླ་བ་བཟང་པོ་ཁྱོད་ཀྱིས་ཞུས། །ཞེས་གསུངས་སོ། །གཅིག་པ་ནི་རྣམ་པར་ཤེས་པའི་བདག་ཉིད་སེམས་གཅིག་

གི་རང་བཞིན་ནོ། །དེ་ལ་ལ་ལ་ནི་རྣམ་པར་ཤེས་པ་བརྒྱད་དུ་འདོད་དོ། །ལ་ལ་ནི་དྲུག་ཏུ་འདོད་དོ། །ལ་ལ་ནི་གསུམ་དུ་འདོད་དོ། །ལ་ལ་ནི་རྩ་བའི་རྣམ་པར་ཤེས་པ་དང་དགུ་རུ་འདོད་དོ། །ངེས་པའི་དོན་དུ་རྣམ་པར་ཤེས་པ་གཅིག་ཉིད་ཡིན་གྱི་དུ་མ་ནི་མ་ཡིན་ནོ། །དེ་ཡང་ལུང་དང་རིགས་པས་མངོན་ཏེ། ལུང་
དེ་མདོ་སྡེ་ལང་གར་གཤེགས་པ་ལས། ཀུན་གཞི་རྣམ་པར་ཤེས་པ་རྒྱ་མཚོ་ཆེན་པོ་ལ་འཇུག་པའི་རྣམ་པར་ཤེས་པ་ཡུལ་གྱི་ཀླུང་གི་དབའ་རླབས་དང་འདྲ་བ་འབྱུང་ཞེས་པ་དང་། སྡེ་སྣོད་གསུམ་ལས་ཀྱང་། རིང་དུ་རྒྱུ་ཞིང་གཅིག་པར་གནས། །ལུས་མེད་དབང་པོའི་ཕུག་སོང་བ། །གདུལ་བར་དཀའ་
བའི་སེམས་འདུལ་བྱེད། །འདི་ནི་བྲམ་ཟེ་ངས་བཤད་དེ། །བདུད་ཀྱིས་བཅིངས་པ་ལས་གྲོལ་འགྱུར། །ཞེས་པ་དང་། རྒྱུད་ཀྱི་རྒྱལ་པོ་ཉིད་ལས་ཀྱང་། བྱ་བ་པོ་དང་བྱེད་པ་པོ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཡིན་གྱི་ཇི་ལྟར་སྦུབས་ཀྱི་སྲིན་བུ་བཞིན་ནོ་ཞེས་སོ། །དཔལ་སངས་རྒྱས་ཐོད་པ་ལས་ཀྱང་།
སེམས་གཅིག་དྲི་མེད་མེ་ལོང་བཞིན། །གང་བསམ་དེ་ནི་གཟུགས་བརྙན་ཏེ། །རྨི་ལམ་ལྟ་བུར་ཤེས་མོད་ཀྱི། །འོན་ཀྱང་རྣམ་པར་རྟོག་པས་གཟུང་། །ཞེས་པ་སྟེ། རྡོ་རྗེ་བདུད་རྩི་འབྱུང་བའི་རྒྱུད་ལས་ཀྱང་། རྣམ་པར་ཤེས་པ་གཅིག་ཉིད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིགས་པས་
ཀྱང་རྣམ་པར་ཤེས་པ་བརྒྱད་ནི་མི་འཐད་དེ། ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་བཞི་ལ་ལ་ནི་ཆོས་ཅན་ལ་དམིགས་པ། ལ་ལ་ནི་ཆོས་དང་ཆོས་ཅན་གཉིས་ཀ་ལ་དམིགས་ཟེར་ཏེ། གང་ཆོས་ཅན་ལ་དམིགས་པའི་ཡེ་ཤེས་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་
མ་ཡིན་ཏེ། ཆོས་ཅན་ལ་དམིགས་པའི་ཕྱིར་དཔེར་ན་སེམས་ཅན་བཞིན་ནོ། །ཁ་ཅིག་ན་རེ་ཀུན་གཞི་རྣམ་པར་ཤེས་པ་རྒྱུན་བརྟན་པ་ཡིན་ལ་འཇུག་པའི་རྣམ་པར་ཤེས་པ་མི་བརྟན་པ་ཡིན་ཟེར་རོ། །དེ་ལ་སྐད་ཅིག་མ་སྐྱེ་འགག་བྱེད་མི་བྱེད་བརྟགས་ཏེ། དེ་ལ་དུ་མ་ནི་ཀུན་གཞི་སྐད་ཅིག་མ་ཁས་ལེན་ཏེ།
སྐད་ཅིག་མ་མི་རྟག་པ་དེ་དང་རྒྱུན་གྱི་མི་རྟག་པ་དེ་གཉིས་སྐད་ཅིག་མ་མི་རྟག་པར་ཁྱད་པར་མེད་དེ་མི་རྟག་པའི་ཕྱིར་ནའོ། །དཔེར་ན་ཡིད་ཀྱི་རྣམ་པར་ཤེས་པ་བཞིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་དུ་མ་མ་ཡིན་ཏེ་གཅིག་ཁོ་ན་ཐེ་ཚོམ་ཡིན་ནོ། །འདི་ལ་ཁ་ཅིག་འདི་སྐད་དུ་སེམས་པར་འགྱུར་ཏེ། འདུ་ཤེས་

ཀྱི་ཕུང་པོ་དང་ཚོར་བའི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་པ་ལ་སོགས་པ་རང་རིག་པའི་དབྱེ་བ་ལ་སོགས་པ་ཉམས་སུ་མྱོང་བས་ན་རྣམ་པར་ཤེས་པ་ཡིན་ནོ། །གཟུགས་ཀྱི་ཕུང་པོ་ཇི་ལྟར་རྣམ་པར་ཤེས་པ་ཡིན་ཞེ་ན། སྨྲས་པ། མངོན་པའི་མདོ་ལས་ཀྱང་། རྡུལ་ཕྲ་རབ་ཀྱི་ས་མ་བྱས། །ས་རྣམས་
ལྟ་བུར་ཀུན་གཞི་སྣང་། །ཇི་ལྟར་འོ་མ་གྱུར་པ་ལས། །ཡོན་ཏན་ཞོ་དང་དར་བ་འབྱུང་། །དེ་བཞིན་རྣམ་ཤེས་གྱུར་པས་ནི། །རྣམ་པར་གྱུར་ནས་གཟུགས་སུ་སྣང་། །ཞེས་གསུངས་པ་དང་། ཡང་ཐེག་པ་ཆེན་པོའི་མདོ་སྡེ་ལང་ཀར་གཤེགས་པ་ལས་ཀྱང་། ཇི་ལྟར་བྱིས་པས་བརྟག་པ་ཡི། །ཕྱི་རོལ་
དངོས་པོ་ཡོད་མིན་པར། །བག་ཆགས་ཀྱིས་ནི་སྦགས་པའི་སེམས། །དོན་གྱི་དངོས་པོར་རབ་ཏུ་སྐྱེས། །ཞེས་སོ། །མདོ་སྡེ་ས་བཅུ་པ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་སོ། །དེའི་ཕྱིར་ན་ཁམས་གསུམ་པ་འདི་དག་ཐམས་ཅད་ནི་རྣམ་པར་
ཤེས་པ་ལས་གུད་ན་སྐྲའི་རྩེ་མོ་བརྒྱར་གཤགས་པ་ཙམ་ཡང་གྲུབ་པ་མེད་དོ། །དེས་ན་ཁམས་གསུམ་འདི་དག་ནི་རང་གི་སེམས་ཉིད་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། ཡེ་ཤེས་ལ་སོགས་པར་རྣམ་པ་སྣ་ཚོགས་སུ་སྣང་ངོ་། །དེ་ཡང་ཤེས་པའི་རང་གི་མཚན་ཉིད་དུ་གཅིག་གོ། །
དེ་ཡང་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་གསལ་བར་གསུངས་ཏེ། དེ་ཡང་རྒྱུད་ཀྱི་རྒྱལ་པོ་ལས་ཀྱང་། རྣམ་པ་ཀུན་ནི་རང་གི་སེམས་ཉིད་དེ། །ཡུལ་དང་བྲལ་བ་རང་གི་སེམས་ཉིད་མིན། །ཞེས་པ་དང་། དཔལ་གསང་བ་འདུས་པ་ལས་ཀྱང་། ལུས་སེམས་ལྟ་བུ་སྐྱེད་ཅིག་ཅེས་བྱ་བ་ལ་སོགས་
པ་གསུངས་སོ། །དེ་ནས་ཐོག་མ་མེད་པ་ནས་སྤྲོས་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་བྱེ་བྲག་གིས་ཡུལ་སེམས་ཐ་དད་པར་སྣང་ཞིང་ངོ་བོ་ཐ་དད་པ་ནི་མ་ཡིན་ནོ། །དེ་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་སཾ་པུ་ཊ་ལས། ཆུ་བོའི་རྒྱུན་དང་དེ་བཞིན་
རྒྱ་མཚོ་བཞིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆུ་བོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཐམས་ཅད་ཀྱང་རྒྱ་མཚོ་ལས་བྱུང་ནས་སླར་ཡང་རྒྱ་མཚོར་འཇུག་པ་དེ་བཞིན་དུ་གཟུགས་དང་ཚོར་བ་ལ་སོགས་པ་ཐམས་ཅད་ཀྱང་རྣམ་པར་ཤེས་པ་ལས་བྱུང་ནས་སླར་རྣམ་པར་ཤེས་པ་ལ་འཇུག་གོ། །སྨྲས་པ་

རྣམ་པར་ཤེས་པ་ཉིད་ཐོག་མ་མེད་པ་ནས་སྤྲོས་པའི་བག་ཆགས་ལ་ཞེན་པའི་དབང་གིས་གཟུང་འཛིན་དུ་སྣང་བ་དང་། བེམ་པོ་རུ་སྣང་བ་དེའི་ཕྱིར་ཏེ། རྣམ་པར་ཤེས་པ་ཉིད་ཐ་དད་དུ