Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 10

Văn bản gốc(Tây Tạng)

Trang 20 / 24 (50.000 ký tự/trang)
གས་པ་རྡོར་སེམས་ཡིན། །སེམས་ཅན་ཐར་པ་འགྲུབ་དོན་དུ། །ངན་འགྲོ་རྣམས་ནི་
དྲན་པར་གྱིས། །ཡང་དག་དེ་བཞིན་གཤེགས་པ་ཁྱོད། །ཁམས་གསུམ་གྱི་ནི་ཐུབ་པ་ཁྱོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ། །དགྲ་བཅོམ་པ་ནི་ཡང་དག་པའི། །བྱང་ཆུབ་ཏུ་ནི་ཁྱོད་ལུང་བསྟན། །ཕྱག་རྒྱ་ཆེན་པོའི་འབྲས་
བུ་རབ། །འདིས་གསུངས་པས་ནི་ཁྱོད་ཀྱིས་རྙེད། །དེ་ནས་སྐྱབས་ནི་སྦྱིན་པ་ནི། །གསང་བའི་སྒྲ་ནི་ཡོད་པའོ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་པའི་ཆགས་བྲལ་བ། །ཁྱོད་ཀྱིས་ཀྱང་ནི་ཡང་མ་བྱེད། །དམ་ཚིག་ཆེན་པོ་
ཡོད་པ་ནི། །ཧཱུཾ་ཕཊ་ཀྱིས་ནི་མཉམ་པའོ། །སྡིག་པ་ཐམས་ཅད་མེད་པ་ནི། །གསང་བའི་དཀྱིལ་འཁོར་ལ་བཞུགས་པས། །བདེ་ཆེན་ཐེག་པ་འདི་ལས་ནི། །ཕྱི་ནས་ཤི་བ་ཡོད་མེད་དེ། །སྲིད་པ་ཡང་དག་དངོས་གྲུབ་ཀྱིས། །སྲིད་དང་མྱ་ངན་འདས་བོར་རོ། །རྡོ་རྗེ་རིན་ཆེན་ནང་
ཡོད་པའི། །བྱང་ཆུབ་སེམས་ནི་སྤང་མི་རུང་། །དེ་ནི་འབྱུང་བ་ཙམ་གྱིས་ནི། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དམ་པའི་ཆོས་ལ་སྨད་མི་བྱ། །ནམས་ཀྱང་བོར་བར་མི་བྱའོ། །མ་རིག་པའམ་གཏི་མུག་གིས། །ཕྱི་ནས་འཇིགས་པས་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །
ནམ་ཡང་སྤང་བར་མི་བྱའོ། །སངས་རྒྱས་ཀུན་དང་མཉམ་པའི་ཕྱིར། །བླ་མ་སྨད་པར་ཡོང་མི་བྱ། །རང་བདག་ཡོངས་སུ་བོར་ནས་ནི། །དཀའ་ཐུབ་སྡུག་བསྔལ་མི་བྱའོ། །ཇི་ལྟར་བདེ་བར་བདེ་གཟུང་ན། །རྫོགས་པའི་སངས་རྒྱས་མ་འོངས་འབྱུང་། །ཡན་ལག་བཞི་པོ་
འདི་དག་དང་། །གནང་བའི་སྦྱིན་པ་ཕྱིར་མི་ལྡོག །དབང་ནི་དབང་ལྔ་ཟིན་ནས་ནི། །ཕྱི་ནས་འབད་དེ་སྦྱིན་པར་བྱ། །དགོངས་དང་དགོངས་མིན་བྱེ་བྲག་ནི། །སློབ་དཔོན་དབང་དུ་ཤེས་པར་བྱ། །བྱ་སྤྱོད་རྣལ་འབྱོར་རྒྱུད་ལས་ནི། །དབང་ནི་དྲུག་ཏུ་བཤད་པའོ། །ཕྱི་མའི་རྣལ་འབྱོར་

གསང་བའི་དབང་། །བདུན་པར་གྱེས་པ་ཡོད་པའོ། །ཤེས་རབ་ཡེ་ཤེས་དེ་ལྟར་ནི། །ཕྱི་མའི་ཕྱི་མ་དཔལ་རྣལ་འབྱོར། །འདི་དགུའི་དགྱེས་པར་ཤེས་པར་བྱ། །རྒྱུད་ལས་གསུངས་པའི་རིམ་པའོ། །ཆུ་དང་དབུ་རྒྱན་རྡོ་རྗེ་དང་། །དྲིལ་བུ་མིང་དང་དེ་ལྔ་དང་། །རིགས་
གསུམ་དམ་ཚིག་ཡོད་པ་ནི། །དབང་ནི་བརྒྱད་དུ་གྱེས་པ་གསུངས། །བརྟུལ་ཤུགས་ལུང་བསྟན་སྐྱབས་སྦྱིན་ནི། །དེ་དག་བཅུ་གཅིག་གཅིག་ཡིན་ནོ། །གཉིས་པ་ལ་ནི་གསང་བའི་དབང་། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །དེ་ལྟར་དེ་བཞིན་བཞི་པའོ། །ཡང་ན་སོ་སོར་ཤེས་པར་བྱ། །
དབང་བསྐུར་འདི་ནི་བཅུ་བཞི་པའོ། །སློབ་དཔོན་མདུན་དུ་རྩེ་གཅིག་གིས། །དེ་ནས་གུས་པས་ཞུ་བར་བྱ། །བྱང་ཆུབ་རྡོ་རྗེ་དཔལ་ཆེན་པོ། །གསང་བའི་དབང་ནི་བདག་ལ་སྩོལ། །ཡེ་ཤེས་བདུད་རྩི་བདག་ལ་སྩོལ། །རྡོ་རྗེ་འབྱུང་བ་བདག་ལ་སྩོལ། །དཔའ་བོ་ཆེན་པོ་ཁྱོད་ཕྱག་འཚལ། །ཁྱོད་
ལ་ཕྱག་འཚལ་ཕྱག་འཚལ་ལོ། །ཕྱག་འཚལ་ཕྱག་འཚལ་རྨད་བྱུང་ཁྱོད། །བདེ་ཆེན་བཞུགས་ལ་ཕྱག་འཚལ་ལོ། །རང་གི་རིགས་ཀྱི་བུ་མོ་རབ། །སྐྱེས་བུ་འདི་ལ་དགོངས་པ་ཡིན། །རང་གི་རིགས་ནི་མེད་གྱུར་ན། །གཞན་མ་གང་ཡང་མཚན་ལྡན་རུང་། །བཅུ་གཉིས་ཡང་ན་བཅུ་དྲུག་
གམ། །མེད་ན་ཉི་ཤུ་ལོན་པའང་རུང་། །དེ་ནི་ནུ་སྲ་གྱེས་པ་དང་། །མ་བཙས་པ་དང་བརྟན་པ་དང་། །སྐྲ་གནག་མིག་དཀྱུས་རིང་བ་དང་། །སྐད་སྙན་དག་ཏུ་སྨྲ་བའོ། །ཧ་ཅང་སྦོམ་མིན་ཕྲ་བ་མིན། །ཡན་ལག་དཀར་མིན་གནག་པ་མིན། །ཧ་ཅང་ཐུང་མིན་རིང་བ་མིན། །ལོངས་སྤྱོད་
དག་ལ་མཁས་པ་དང་། །རྐེད་དབུས་ཕྲ་ཞིང་བྷ་ག་རུབ། །སྐུ་སྨད་ཆ་ནི་རབ་ཞེང་ཆེ། །ཁུ་བ་མང་ཞིང་སྙིང་པོ་ཆུང་། །ཕྱི་ཞེང་ཆེ་ལ་སྲ་བ་དང་། །དྲི་ཞིམ་རེག་བྱ་འཇམ་པའི་ལུས། །འདོད་ཆགས་ཆེ་ལ་མི་དགའ་མིན། །སྨིན་མ་རིང་ཞིང་བར་མ་ཆད། །གཞུ་དངོས་འདྲ་ཞིང་འོད་འཕྲོ་
གནག །གཡོན་གྱི་སྲིན་ལག་རྩ་བ་ལ། །འཁོར་ལོ་ཡང་ན་པདྨ་རིན། །རྡོ་རྗེ་རལ་གྲི་དངོས་གསལ་བ། །སུ་ལ་འདི་འདྲའི་རྟགས་ཡོད་པ། །ཕྱག་རྒྱ་དེ་ཡི་གསང་བའི་དབང་། །དོན་ནི་འགྲུབ་པར་ནུས་པས་སོ། །དེ་ལ་ཁྲུས་སོགས་བྱུག་པ་བྱ། །དད་པས་བླ་མ་ལ་དབུལ་བྱ། །

ཁྱད་པར་གྱི་ནི་ཚིག་ཀྱང་བརྗོད། །མགོན་པོ་ཁྱོད་ལ་འདི་འཚལ་ལོ། །དེ་ནས་སློབ་མ་ཕྱིར་གྱེད་བྱ། །ནང་མིན་ཧ་ཅང་རིང་བའང་མིན། །རིམ་པས་བུ་མོ་དབང་བསྐུར་བྱ། །དེ་ལ་གསང་ཆོས་བཤད་པར་བྱ། །ཕྱག་རྒྱའི་བརྡ་དང་དབང་གི་དོན། །སྐད་ཅིག་རྣམས་ཀྱང་དེ་ལྟར་རོ། །
དེ་ནས་གཅིག་ཏུ་སྦྱོར་བ་ཡིས། །ལེགས་དགྱེས་དགྱེས་པ་རབ་བགྱེད་དོ། །སྣང་བ་རེག་བྱ་འདུས་པ་ནི། །ཡེ་ཤེས་གསུམ་ནི་འབྱུང་བར་འགྱུར། །ཡང་དག་ཡེ་ཤེས་གསུམ་སྐྱེས་ནི། །བྱང་ཆུབ་སེམས་ནི་སྤང་མི་རུང་། །སྤངས་ན་འགྲོ་བའི་གནས་སུ་ནི། །བདེ་ཆེན་སེམས་ནི་
འགྲོ་བར་འགྱུར། །འགྲོ་ན་དེ་ནི་ཆད་པ་ཡིན། །ཤེས་རབ་ཡེ་ཤེས་གསལ་ཡིན་ནོ། །དཔལ་གསང་འདུས་པའི་ནང་ནས་ཀྱང་། །རྡོ་རྗེ་ཉི་ནུབ་ཞེས་ནི་འབྱུང་། །མཚམས་ནི་སྣང་བ་ཐོབ་པ་ཡིན། །རིམ་པ་ལྔ་པ་ལས་ཀྱང་གསུངས། །དེ་ནི་གསང་བར་བཤད་པ་ཡིན། །གསང་
བར་སྣང་བ་མཆེད་པ་བཤད། །འདུད་ནས་དེ་ནི་སྣང་བ་མཆེད། །དེ་ནི་གཅིག་པུ་ཕོ་བྲང་གསང་། །དེར་ནི་རང་གིས་ཤེས་པར་བྱ། །སེམས་ནི་འདམ་སྐྱེས་ནམ་མཁར་མིན། །དེ་ནས་སློབ་མ་དགུག་པར་བྱ། །དེ་ནས་རས་ཀྱིས་གདོང་ཡང་དགབ། །པདྨ་རབ་ཀྱི་ཁ་དབུས་ནས། །རྡོ་རྗེ་
རྒྱལ་པོ་དྲང་བར་བྱ། །བུ་ཡི་ཁ་པད་ནང་དུ་ནི། །སྦོམ་པོ་ཐ་ལྟག་གིས་མནན་ནོ། །རྩ་གཉིས་མཆོག་གི་ནང་ནས་ནི། །ལོངས་སྤྱོད་འཁོར་ལོའི་ནང་དུ་བཏང་། །སྐྱེས་བུ་བདུད་རྩི་ཇི་ལྟ་བུ། །ཁྱོད་ཀྱིས་སྨྲོས་ཤིག་དགའ་བ་ཡིན། །ཨེ་མའོ་མཆོག་གི་བདུད་རྩི་ཡིན། །ཨེ་མའོ་ཡེ་ཤེས་
བདུད་རྩི་རབ། །ཨེ་མའོ་རོ་ནི་བརྗོད་མི་ལང་། །ཨེ་མའོ་རྡོ་རྗེ་བདུད་རྩི་རབ། །དི་རིང་བདག་སྐྱེས་འབྲས་བུ་མཆོག །དི་རིང་བདག་ནི་རབ་ཏུ་རྒྱལ། །དི་རིང་བདག་ནི་འཁོར་ལས་རྒྱལ། །དི་རིང་བདག་ལ་ཐེ་ཚོམ་མེད། །ཁྱོད་ཀྱི་བཀའ་དྲིན་ཡང་དག་མཆོག །བརྗོད་མེད་གནས་ནི་བདག་
གིས་རྙེད། །དེ་ནས་ཡང་ནི་ཞུ་བ་བྱ། །བསྟོད་པ་སྣ་ཚོགས་རབ་བགྱིས་ཏེ། །ཡེ་ཤེས་བདེ་བའི་གནས་བཞུགས་ཏེ། །རྒྱལ་འགྱུར་རྒྱལ་འགྱུར་མགོན་པོ་ཁྱོད། །ཨཱ་ལི་ཀཱ་ལི་གཉིས་བདག་ཅན། །ལེགས་དགྱེས་བདེ་མཚོ་རྒྱལ་གྱུར་ཅིག །མཆོག་དང་ཆད་པའི་དབུས་སུ་ནི། །རོལ་

ཅིག་ཁྱོད་ནི་རྒྱལ་གྱུར་ཅིག །མཆོག་གི་དབང་ཕྱུག་ཁྱོད་ཀྱིས་ནི། །ཤེས་རབ་ཡེ་ཤེས་དབང་བདག་སྩོལ། །ཁྱོད་ཀྱི་བཀའ་དྲིན་དེ་ཉིད་ཀྱིས། །རང་བཞིན་ཡེ་ཤེས་བདག་རྙེད་འོང་། །ཡང་ན་གཅིག་པུའི་གཞུང་དུ་སྦྱོར། །ཡང་ན་གཞན་གཞུང་གཞུང་བཟང་ངོ་། །ཤེས་
རབ་ཡེ་ཤེས་དབང་འདི་ནི། །བརྟགས་ལ་དེ་ཉིད་སྦྱིན་བྱ་སྟེ། །འདོད་ཆགས་ཆགས་བྲལ་མེད་པ་དང་། །མཉམ་ཉིད་ཡེ་ཤེས་སེམས་དཔའ་དང་། །ཆོས་རྣམས་ཐམས་ཅད་མི་ཆགས་པ། །ཇི་ལྟར་པད་ཆུས་མི་གོས་ཤིང་། །དེ་ལ་འབད་དེ་དབང་གི་རྒྱལ་པོ་ནི། །གཅིག་པུའི་ཡན་ལག་མ་
ལ་འདིར་སྐྱོན་མེད། །བླ་མས་རྟོག་པ་མེད་པར་སྦྱིན་པར་བྱ། །ཡེ་ཤེས་ཟླ་གནས་རྒྱུད་ལས་དེ་སྐད་འབྱུང་། །དོན་ཟིན་ནས་ནི་སྐད་ཅིག་གིས། །མ་དང་འདྲ་བས་བླ་མ་དབུལ། །འཕྱང་བའི་སྦྱོར་ཐབས་ལ་སོགས་ཀྱིས། །དང་པོར་བུ་མོའི་འདོད་མཆོག་བྱ། །དེ་ནས་སྐད་ཅིག་དགའ་ཡོན་
ཏན། །རང་བཞིན་དེ་ཡང་གསལ་བར་བྱ། །འདི་ནི་རང་བཞིན་གྱི་ནི་གནས། །གཉིས་ཀྱི་བར་ན་དེ་ནི་ཡོད། །རྡོ་རྗེ་དབང་ཕྱུག་མ་ཡི་རྩ། །ཉིད་ནི་འདི་ཡི་ནང་ན་བཞུགས། །ཀུན་རྫོབ་དངོས་པོའི་གཟུགས་སུ་ནི། །ཁྱོད་ནི་བུད་མེད་གཟུགས་ཡིན་གྱི། །ཁྱོད་ནི་གཅིག་པུ་དོན་དམ་པར། །ཕྱག་རྒྱ་
ཆེན་པོ་ཉིད་ཡིན་ནོ། །ཁྱོད་ཀྱིས་ཐམས་ཅད་ཀུན་བསྐྱབས་ན། །བྱང་ཆུབ་རབ་ནི་རྙེད་པར་འགྱུར། །ཤེས་རབ་སྐྱབས་སྦྱིན་བྱས་ལངས་ན། །སློབ་མའི་ལག་ཏུ་སྦྱིན་པར་བྱ། །འདི་ནས་ཁྱོད་གཟུང་བཟང་བ་ཡིན། །རྗེས་སུ་མཐུན་པར་སངས་རྒྱས་གསུང་། །ཡེ་ཤེས་གསུམ་གྱི་རིམ་པ་
ལས། །དམ་པའི་བདེ་བ་མྱོང་བྱེད་ཅིང་། །སངས་རྒྱས་རིན་ཆེན་སྣོད་ཀྱི་ནི། །གཡོན་ངོས་ལ་ནི་རྩ་ཡི་གནས། །དེ་ནི་ཁག་མུ་ཁ་དངོས། །རྡོར་དབྱིངས་དབང་ཕྱུག་མ་ནི་ཉིད། །ཐབས་གཞན་དག་གིས་བྱང་ཆུབ་ནི། །ནམ་ཡང་རྙེད་པར་ཡོང་མི་འགྱུར། །དེ་བས་ལྷན་ཅིག་མི་གནས་པ། །
དུས་འདི་ཕྱིན་ཆད་མ་བྱེད་ཅིག །དེ་ལ་ཡན་ལག་དྲི་ཞིམ་གོས་བཟང་བརྒྱན། །ཡན་ལག་མེ་ཏོག་སྣ་ཚོགས་མང་པོས་བརྒྱན། །གོས་མེད་ཆུ་སྐྱེས་སིག་སིག་ངག་བྱས་ཏེ། །ཆོས་ཀྱི་འབྱུང་གནས་གསལ་བར་སྟོན་པར་བྱེད། །དྲི་ཆེན་དྲི་ཆུ་ཟ་བ་འདི། །སྐྱེས་བུ་ཁྱོད་ཀྱིས་ནུས་སམ་

ཅི། །རཀྟ་ཤུ་ཀྲ་ཤ་ཆེན་དང་། །བུད་མེད་བརྟུལ་ཞུགས་དེ་བཞིན་ནོ། །བྷ་གའི་པདྨ་འཇིབ་ནུས་སམ། །སྐྱེས་བུ་སྨྲོས་དང་ཇི་ལྟ་བུ། །ལྷ་མོ་བདག་གིས་ཅི་མི་ནུས། །རཀྟ་ཤུ་ཀྲ་སོགས་ཟ་ནུས། །རྟག་ཏུ་བུད་མེད་བརྟུལ་ཞུགས་བགྱིད། །བྷ་ག་ཡང་ནི་གཞིབ་པར་བྱ། །དེ་ནས་དགའ་
བའི་བདག་ཉིད་དེས། །བྱམས་པའི་སྤྱན་རས་ཀྱིས་ནི་གཟིགས། །བདེ་བ་ཐམས་ཅད་འདུག་པ་ནི། །བདག་གིས་པད་རྒྱས་ཨེ་མའོ། །གང་འདི་རབ་དང་བྱེད་པ་ཡི། །དེ་ཡི་མདུན་དུ་བདག་འདུག་གིས། །ཇི་ལྟར་པདྨའི་དོན་གྱིས་ཤིག །ཡང་དག་སངས་རྒྱས་མཉེས་སོགས་བྱ། །
ཉིད་ཀྱི་བདེ་ཆེན་རྒྱལ་པོ་ནི། །འདི་ནི་དུས་རྟག་ཡོད་ཕྱིར་རོ། །བདེ་བ་ཆེན་པོའི་དམར་ཐིགས་འདི། །ངོ་ཡི་ཆུ་སྐྱེས་ཀྱིས་མཉེས་ཀྱིས། །དེ་ཉིད་གསུམ་གྱི་དགའ་སྦྱོར་བས། །རྡོ་རྗེ་ཆུ་སྐྱེས་བསྐྱོད་པར་གྱིས། །བརྟན་པའི་དོན་ནི་ཁྱོད་ཀྱིས་གྱིས། །བརྟན་པ་མེད་ན་བདེ་མི་འགྲུབ། །སྔར་གསུངས་པ་ཡི་བླ་མའི་བཀའ། །
མ་བརྗེད་རྩེ་གཅིག་གིས་ནི་བསམ། །རྡོར་དབྱིངས་དབང་ཕྱུག་མ་ཡི་རྩ། །གཡོན་གྱི་ངོས་ལ་བཞུགས་པ་ནི། །བླ་མའི་མན་ངག་ཡང་དག་གིས། །ཕྲ་མོའི་ལྟ་བས་བལྟ་བར་བྱ། །ལྟ་བའི་བདག་ཉིད་རྣལ་འབྱོར་གྱིས། །ས་བོན་འབབ་པར་མི་བྱའོ། །ས་བོན་སྙིང་པོ་ཡོད་པ་ན། །ངོ་
མཚར་དགའ་བའི་བདེ་བ་འབྱུང་། །ཐམས་ཅད་བདེ་བའི་གཏེར་གྱུར་པའི། །བྱང་ཆུབ་སེམས་བདེ་བབས་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་འོང་བས། །དངོས་གྲུབ་རབ་དེ་ག་ལ་འགྲུབ། །ལ་ལ་མདའ་ལ་མཉམ་སྦྱོར་བས། །རེག་བྱ་ལ་ནི་བདེ་འདི་འབྱུང་། །དེ་དག་སྨིན་པས་
མཆོག་གི་དགའ། །སྣང་བ་མཆེད་པའི་གཟུགས་ཅན་ཙམ། །བསྐྱོད་པའི་རེག་བྱ་བབས་པ་ཡིས། །ཆད་དང་སྣང་བ་ཐོབ་པ་ཡིན། །ལྟ་བ་བརྟན་པས་དེ་ཉིད་ལ། །རྣལ་འབྱོར་པས་ནི་མི་གཡོ་བལྟ། །ལ་ལའི་བལྟ་བ་ནམ་མཁའ་ཡི། །མདའ་ལ་གཉིས་ཀྱི་ཕོ་བྲང་མནན། །རྡོ་རྗེ་སྐྱིལ་ཀྲུང་གི་ནི་
སེམས། །རིན་ཆེན་ནང་དུ་བལྟ་བར་བྱ། །གསུང་ལམ་གྱིས་ནི་བརྗོད་མེད་པའི། །ཡེ་ཤེས་མཆོག་འདི་སྐྱེ་བར་འགྱུར། །འདི་ནི་དེ་ཉིད་མན་ངག་ཡིན། །མཁས་པ་ཡིས་ཀྱང་རྙེད་དཀའ་བ། །སྐལ་དང་ལྡན་པའི་དོན་བསྒྲུབ་ཕྱིར། །དེ་ནི་བདག་གིས་གསལ་བར་བྱས། །འདོད་ཆགས་

མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །དེ་ནི་ཡང་དག་དྲི་མེད་གནས། །བདེ་བ་ཆེན་པོའི་འབྲས་གཟུགས་ཅན། །ཡེ་ཤེས་ལྟ་བའི་རྣལ་འབྱོར་ན། །འགྲོ་བ་མེད་པའི་བདེ་བ་བརྟན། །སྔ་དྲོ་དུས་ན་ཉིན་གཅིག་དང་། །བསྐལ་པ་སྟོང་གི་བར་དུ་ནི། །དཔལ་
རྡོར་དབང་ཕྱུག་ཇི་ལྟ་བར། །ཡེ་ཤེས་ང་རྒྱལ་བརྟན་སྦྱོར་བའོ། །ཀྱེ་མགོན་གང་གིས་ཁྱོད་ལ་བསྟོད། །ཇི་ཙམ་བདག་གིས་ཁྱོད་བསྟོད་བྱ། །ཚད་མེད་པ་དང་བརྗོད་མི་ནུས། །རྨད་བྱུང་ཆེན་པོ་གཞལ་དུ་མེད། །ཁྱོད་ཀྱི་ཡོན་ཏན་ཡང་དག་ནི། །ཁ་ཅིག་གིས་ནི་བརྗོད་མི་ནུས། །ཅིག་གིས་དད་
པས་ཅི་བསྟོད་ཀྱང་། །དེ་ནི་བདག་ལ་བཟོད་པར་མཛོད། །རེག་བྱ་ནང་འཇམ་ལ་ཕྱག་འཚལ། །རེག་བྱ་ནང་གྲོལ་ལ་ཕྱག་འཚལ། །རེག་བྱ་ནང་སྦྱིན་ལ་ཕྱག་འཚལ། །བཞི་པའི་དབང་བསྐུར་མཆོག་འདི་ནི། །མཆོག་གི་དབང་ཕྱུག་བདག་ལ་སྩོལ། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །
ཁྱོད་ཀྱིས་བརྫུན་དུ་སྨྲ་བར་གྱིས། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོང་། །གཞན་གྱི་བུད་མེད་སྤྱད་པར་གྱིས། །འདི་རྣམས་བྱས་ན་སྡིག་མེད་ཅིང་། །བསོད་ནམས་ཆེན་པོ་འབྱུང་བར་འགྱུར། །དེ་རྣམས་ཁྱོད་ཀྱིས་ནུས་ན་ནི། །བཞི་པའི་དབང་ནི་སྦྱིན་པར་བྱ། །ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་ལ། །
མགོན་པོ་ཆེན་པོ་བདག་གིས་ནི། །སློབ་པའི་སྤྱོད་པ་སེམས་ཀྱིས་བརྟག །ཇི་ལྟར་དབང་སྦྱིན་རིམ་པས་གསུངས། །གཏོང་དུལ་གཏིང་རིང་སྤྱོད་ཡོད་ན། །དབང་ནི་རིན་ཆེན་ཚིག་གིས་སྦྱིན། །ཤེས་རབ་ཡེ་ཤེས་མ་རྙེད་ན། །དམ་ཚིག་སྦྱིན་པར་མི་བྱའོ། །དམ་ཚིག་ཉམས་པས་འཇིགས་
ཕྱིར་རོ། །ཕྱག་ན་རྡོ་རྗེས་མ་གནང་ངོ་། །ཡང་དག་དབང་ནི་མ་རྙེད་ན། །ཕྱི་ནས་དེ་ལྟར་སྦྱིན་པར་བྱ། །དབང་བསྐུར་དེ་ནི་བཞི་པ་ཅན། །བཞི་རུ་གྱེས་པ་ཡོད་པས་སོ། །བུམ་པ་ལ་སོགས་ནུ་རེག་པས། །དང་པོའི་འབྲས་བུ་དགའ་བ་ཡིན། །གཉིས་པ་གསང་བའི་སྦྱིན་པ་ཡིས། །གསང་
བ་མཆོག་གི་དགའ་བ་ཡིན། །གསུམ་པ་གཅིག་ཏུ་སྦྱོར་བ་ཡིས། །ཤེས་རབ་འདོད་ཆགས་མེ་འོག་གིས། །ཡོངས་སུ་གྱུར་པས་ཆད་པ་ཡིན། །དེ་ནས་ཤེས་རབ་ཡེ་ཤེས་བཤད། །དེ་ཡི་འགོག་པ་བཞི་པ་ཡིན། །རང་བཞིན་དེ་ནི་དེ་ལྟར་འོང་། །དེ་ནི་དགོངས་པར་བཤད་མ་ཡིན། །

མཁས་པས་འབད་པས་ཤེས་པར་བྱ། །བཞི་པ་ཡི་ནི་དོན་རྣམས་ལ། །མི་མཐུན་པ་ནི་མང་སྨྲ་སྟེ། །དེ་ལ་གཞན་ནི་འདི་སྐད་གསུངས། །བཏང་སྙོམས་དངོས་པོ་བསྒོམ་པ་ཡིས། །འབྲས་ཡོད་བདེ་བའི་དངོས་པོ་ནི། །ཡེ་ཤེས་གསལ་བར་འབྱུང་བར་འགྱུར། །བཏང་སྙོམས་དངོས་པོར་
བདག་སྦྱོར་བའི། །ལྷ་མོའི་དེ་ཉིད་བསྒོམ་པ་ཡིས། །འབྲས་བུའི་རྒྱུན་ནི་རྙེད་པར་འགྱུར། །གཞན་གྱི་གཞུང་གིས་དེ་སྐད་གསུངས། །ལྷ་ཡི་དངོས་པོ་མེད་པ་དང་། །བཏང་སྙོམས་དངོས་པོ་ཡོད་པ་ཡིས། །བདེ་བ་ཡོད་པ་འབྲས་བུར་འགྱུར། །གཞན་གྱི་གཞུང་གིས་དེ་སྐད་གསུངས། །
བག་ཆགས་བདེ་བ་ཁྱེར་ནས་ནི། །བག་ཆགས་མ་ཡིན་བདེ་བར་འགྱུར། །ཡང་དག་མཆོག་ནི་རྫོགས་པ་ཡིན། །གཞན་གྱི་གཞུང་གིས་དེ་སྐད་གསུངས། །བག་ཆགས་མ་ཡིན་བདེ་བའི་དངོས། །ལྷ་ཡི་བསྒོམ་པ་ཡང་དག་གིས། །རབ་ཏུ་བདེ་བའི་ཡེ་ཤེས་འབྱུང་། །དེ་ནི་གཞན་
གྱིས་གསུངས་པའོ། །དེ་གཞུང་ཚད་མ་མ་ཡིན་ཏེ། །དེ་དོན་ཚད་མ་ཡང་མ་ཡིན། །བཏང་སྙོམས་བསྒོམ་པའི་དོན་གྱིས་ནི། །འབྲས་བུ་བདེ་བ་རྙེད་གྱུར་ན། །དེ་ནི་སྦྱོར་བ་མ་ཡིན་པ། །ནམ་མཁའ་མེ་ཏོག་སྐྱེ་བའི་དཔེ། །དེ་བཞིན་གསུངས་པ་ཁ་ཆེ་ཡི། །རིན་ཆེན་རྡོ་རྗེ་ཞབས་ཀྱི་ནི། །
མ་མཐོང་བ་ལ་བསྒོམ་པ་མེད། །མཐོང་བ་ལ་ཡང་བསྒོམ་པ་མེད། །བདག་ལ་བཏང་སྙོམས་སྦྱོར་ཡོད་དམ། །ལྷ་ཡི་བསྒོམ་པ་ཡོད་པ་ཡིས། །འབྲས་བུ་རྒྱུན་དུ་རྙེད་འགྱུར་ཟེར། །དེ་ནི་རྨོངས་པའི་གཞུང་ཡིན་ནོ། །ཐམས་ཅད་དངོས་པོའི་བཏང་སྙོམས་ཀྱིས། །དངོས་པོ་མ་ཡིན་
འོང་བ་ཡིན། །དངོས་པོ་མ་ཡིན་ལྷ་ཡི་དངོས། །དེ་སྐད་འབྱུང་བ་སུ་ཡི་གཞུང་། །འབྱུང་བ་ཡིན་ན་དེ་ཉིད་མིན། །དངོས་པོའི་གཟུགས་ཅན་འཁྲུལ་པ་ཡིན། །དངོས་པོ་མི་རྟག་བདེན་པ་ཡིན། །དེ་ཡི་དོན་ལ་ཐེ་ཚོམ་མེད། །བཏང་སྙོམས་དངོས་པོ་ཡོད་པ་དང་། །ལྷ་ཡི་དངོས་པོ་མེད་པ་
ཡིས། །དྲི་མེད་འབྲས་བུ་འབྱུང་འགྱུར་ན། །མཁས་པ་རྣམས་ནི་འགོད་པར་འགྱུར། །ལྷ་ཡི་དངོས་པོ་མེད་གྱུར་ན། །བཏང་སྙོམས་དེ་ཡིས་ཅི་ཞིག་བྱ། །ཡོད་ན་དེ་ལ་བཏང་སྙོམས་དགོས། །དངོས་པོ་མིན་ན་མི་དགོས་སོ། །རྟག་པ་ཡི་ནི་གནས་མེད་དེ། །རི་བོང་རྭ་སོགས་དཔེ་དང་

འདྲ། །བག་ཆགས་བདེ་བ་བཟུང་ན་ནི། །བག་ཆགས་མ་ཡིན་འོང་འགྱུར་ན། །དེ་ནི་སྐྱོན་དུ་འགྱུར་བའི་ཚིག །འབྲུ་ནང་ལས་ནི་ནན་ཡང་མིན། །འབྲས་ལ་སོགས་པ་འབྱུང་མི་སྲིད། །མཉམ་པ་ཀུན་གྱི་གཞུང་ལུགས་སོ། །ཡང་དག་རབ་བདེའི་བསྒོམ་པ་ཡིས། །རབ་ཏུ་
བདེ་འབྲས་འབྱུང་འགྱུར་ན། །དེ་ལ་ཁྱད་པར་ཅི་ཞིག་ཡོད། །ཅི་ཕྱིར་དོན་དུ་སྒོམ་པར་བྱེད། །རབ་བདེ་བ་ལ་ཁྱད་ཡོད་ན། །དེ་ལ་བསྒོམ་པ་བྱ་དགོས་སོ། །ཁྱད་པར་གནས་འགྲོ་ན་ཡང་སྐྱོན། །དེ་ནི་དེ་ཉིད་མཚན་མ་ཡིན། །གཉིས་སུ་མེད་པའི་མཆོག་དགའ་དངོས། །ལྷ་ཡི་དངོས་པོ་རབ་བདེ་བ། །
སྒྱུ་འཕྲུལ་ཡེ་ཤེས་ཆེན་པོ་ཡི། །འབྲས་བུ་དེ་ནི་རང་བཞིན་གཞུང་། །རང་བརྟགས་ཡང་ན་གཏི་མུག་གིས། །དེ་ལ་མཁས་པ་རྣམས་ནི་འཁྲུལ། །དེ་ཡི་གཞུང་ལུགས་གསལ་བརྟགས་ནས། །ཕྱི་ནས་རང་གཞུང་གསལ་བར་བྱ། །ཤེས་རབ་ཡེ་ཤེས་ཟིན་ནས་སེམས། །མྱོང་བ་དེ་ནི་བཞི་
པ་ཡིན། །དེ་ཡི་མན་ངག་སློབ་རྣམས་ལ། །སློབ་དཔོན་གཅིག་གིས་ཚིག་གིས་བཤད། །ཤེས་རབ་ཡེ་ཤེས་ཟིན་ནས་སུ། །སློབ་དཔོན་སློབ་ལ་གསུངས་པ་འདི། །རྡོ་རྗེ་ཉི་མ་ནུབ་ལས་ནི། །འདི་ཡི་ཡེ་ཤེས་གསལ་བར་འབྱུང་། །ཡང་དག་དེ་ཡི་དོན་ཤེས་ནི། །གཞན་བཞི་པ་རབ་ཡིན་པར་
གསུངས། །ཤེས་རབ་ཡེ་ཤེས་ཟིན་ནས་སུ། །མཚོ་སྐྱེས་འབྱུང་བར་བབས་པ་ནི། །རིན་ཆེན་སྐར་ཁུང་ཁ་མི་རེག །ཐམས་ཅད་ཀྱི་ནི་དངོས་པོ་ལ། །འདུ་ཤེས་མེད་པ་བཞི་པ་ཡིན། །གཞན་དག་དེ་སྐད་གསུང་བ་ཡིན། །ཤེས་རབ་ཡེ་ཤེས་ཟིན་ནས་སུ། །འདམ་སྐྱེས་འབྱུང་བ་བབས་
པ་འདི། །རིན་ཆེན་སྐར་ཁུང་ཁ་རེག་པ། །འདི་ཡིས་དངོས་པོ་ཐམས་ཅད་ལ། །དྲན་པ་མེད་པ་བཞི་པའོ། །གཞན་དག་གིས་ནི་དེ་སྐད་གསུངས། །ཤེས་རབ་ཡེ་ཤེས་ཟིན་ནས་སུ། །དང་པོའི་ཡིད་ནི་ནམ་མཁའི་དབྱིངས། །བབས་པས་ཆོས་རྣམས་ཐམས་ཅད་ལ། །རྙེད་པ་མེད་པར་
གྱུར་པས་སོ། །དེ་ནི་བཞི་པ་ཡང་དག་རབ། །གཞན་གྱིས་དེ་སྐད་གསལ་བར་གསུངས། །ཐམས་ཅད་པདྨ་འབྱུང་བ་ནི། །ནམ་མཁའི་དབྱིངས་སུ་བབས་གྱུར་ན། །ཆོས་ཐམས་ཅད་ལ་བཏང་སྙོམས་སོ། །གཞན་གྱིས་བཞི་པ་གསུངས་པའོ། །དེ་དག་ཐམས་ཅད་དོར་བྱས་ཏེ། །རིགས་

པ་མེད་པས་གཞུང་ལུགས་མིན། །ཤེས་རབ་གང་ཡིན་ཡེ་ཤེས་གང་། །དེ་ཡི་འབྲས་བུ་གང་ཡིན་གསུངས། །འདི་ཡི་དོན་དེ་མི་ཤེས་ན། །གཞན་གྱི་གཞུང་ལ་འབྲས་བུ་མེད། །མ་ཟིན་ན་ནི་མྱོང་བ་མེད། །ཟིན་ན་མྱོང་བ་ཡོད་པ་ཡིན། །ཟིན་ན་མྱོང་བ་ཅི་ཞིག་ཡོད། །སོང་ནས་འོངས་
པ་ག་ལ་ཡོད། །ཟིན་ནས་མྱོང་བ་ཕྱིར་གྱི་སྟེ། །བྱོལ་སོང་གི་ནི་ལས་ཡིན་ནོ། །དང་པོ་དང་ནི་ཟིན་ནས་གཅིག །ཕྱི་མ་ནུས་ནས་དེ་བཞིན་ནོ། །ཟིན་ནས་ནུབ་པ་ཡོད་པ་ཡིས། །དེ་ལ་དཔེ་ནི་གང་གིས་བྱེད། །ཟིན་ནས་ནུབ་པ་དེ་ནི་གཅིག །དེ་ལ་ཁྱད་པར་ཅི་ཡང་མེད། །ཟིན་ནས་རིན་
ཆེན་ཁ་ལ་ནི། །མ་རེག་འགྲོ་བ་དེ་གཞུང་ན། །འགྲོ་ན་དེ་ནི་ཆད་པ་ཡིན། །དེ་ལ་བལྟ་རྒྱུ་མ་མཆིས་སོ། །རེག་ནས་འགྲོ་བ་དེ་དང་མཉམ། །གང་དུ་སྨྲས་པ་དེ་ཡིན་ནོ། །དང་པོ་ནམ་མཁའི་དབྱིངས་ལ་ནི། །རིམ་པས་གཞན་ཡང་འགྲོ་བར་འགྱུར། །ཐམས་ཅད་དེ་ནི་བབས་གྱུར་ན། །ཐ་
མལ་པ་དང་མཉམ་པའོ། །ཐ་མལ་པས་ནི་བདེ་ཆེན་ནི། །ནམ་ཡང་ཤེས་པ་མ་ཡིན་ནོ། །དེ་ལ་བདེ་ཆེན་མེད་པར་ནི། །ཡེ་ཤེས་འབྱུང་བར་ག་ལ་འགྱུར། །ཡེ་ཤེས་སྲིད་པ་ཉམས་དགའ་བ། །ཤེས་རབ་མྱ་ངན་འདས་ལས་ཆད། །དེ་གཉིས་འབྲས་བུ་དེ་ཉིད་ཡོད། །དེ་ཡི་
འབྲས་བུ་དོན་དམ་ཡིན། །དེ་བཞིན་ཀྱེ་ཡི་རྡོ་རྗེ་ཡི། །ལེའུ་བརྒྱད་པའི་ནང་ནས་གསུངས། །དེ་ནི་གཉིས་མེད་ཞི་ཆེན་པོ། །འདོད་ཆགས་ཆགས་བྲལ་མེད་པ་དང་། །རང་རིག་བརྗོད་དུ་མེད་པ་དང་། །རྟོག་པ་ཐམས་ཅད་མེད་པའོ། །རང་བཞིན་སྒྲུབ་ཐབས་སོགས་ཀྱིས་ནི། །ཡན་ལག་
གསུམ་ནི་ཡོད་པ་ཡི། །རང་བཞིན་ཉིད་ནི་བཞི་པའོ། །ལ་ལ་མདའ་ལ་མཉམ་སྦྱོར་བ། །སྒྲུབ་ཐབས་ཕྱི་མ་ཡིན་པར་བཤད། །ཧཱུཾ་ཕཊ་ཀྱི་ནི་མཉམ་པ་ནི། །བསྒྲུབས་པས་དེ་ནི་སྒྲུབ་ཐབས་སོ། །སྒྲུབ་ཐབས་ནང་ན་སེམས་ཡོད་ན། །རྟགས་ནི་འདི་ལྟ་བུ་དག་སྐྱེ། །འདར་དང་རྡུལ་དང་
མྱོས་པ་དང་། །ལུས་མི་བརྟན་པར་དབུགས་རྒོད་དང་། །བཀྲག་དང་དྲོད་ནི་དེ་ལྟར་བརྒྱད། །འབྲས་བུའི་དུས་ན་སྐྱེ་བར་འགྱུར། །སྒྲུབ་ཆེན་ཡན་ལག་འབྲས་བུ་འདི། །ཡེ་ཤེས་གསུམ་ནི་མེད་པའོ། །རང་བདེ་མཆོག་ནི་ཞི་ཆེན་པོ། །ཡེ་ཤེས་འོད་ནི་རང་བཞིན་ཅན། །དེ་ཡི་རྫོགས་པའི་

རིམ་པ་ཡིས། །འབྲས་བུ་འབད་དེ་ཤེས་པར་བྱ། །དེ་འབྲས་ཡེ་ཤེས་རིགས་པས་ནི། །སློབ་མ་ལ་ནི་ཚིག་གིས་ནི། །བླ་མས་དོན་ནི་བཤད་པར་བྱ། །བལྟ་བར་དགའ་བའི་མཚན་ཉིད་དོ། །དབང་གསུམ་ལས་གཞན་གཞན་ན་མེད། །བཞི་པ་གང་ན་ཡོད་པ་ཡིན། །འབྲས་
བུ་གཟུགས་ཅན་དེ་ཉིད་ནི། །གསལ་བར་དེ་ལྟར་བཞི་པའོ། །དེ་བཞིན་དཔལ་རིན་རྡོར་ཞབས་ཀྱིས། །དཔལ་བསྒོམ་པ་ཡི་རིམ་ལས་གསུངས། །གསུམ་ནི་མེད་པ་གསུམ་རང་སྟེ། །དེ་བཞིན་གཞུང་ཡིན་དེ་ལྟར་རོ། །གཞན་གྱི་དོན་ལ་རབ་དགའ་བས། །རོ་ཡི་དགུག་པས་དབང་དུ་བྱ། །གསང་
བའི་གསང་བ་ཅི་བརྗོད་པ། །ཐུགས་རྗེ་ཅན་རྣམས་བཟོད་པར་མཛོད། །ཐབས་ཀྱི་རྒྱུད་ནི་འདུས་པ་ལས། །དེ་ལྟའི་གཞུང་ལུགས་མེད་ན་ཡང་། །དེ་བཞིན་རིགས་པ་ཅི་སྨྲས་པ། །ཤེས་རབ་རྒྱུད་ཀྱི་རིམ་ལས་སོ། །ཐབས་དང་ཤེས་རབ་གཉིས་མེད་དངོས། །དེ་ནི་རྒྱལ་བས་གསུངས་པའོ། །
འཁོར་ལོ་བཞི་ནི་མཉམ་སྦྱར་བ། །ཕྲ་མོའི་ཐིག་ལེ་དེ་ནང་དུ། །རང་བཞིན་གཅིག་ཅིག་གཞན་མ་མེད། །དངོས་པོ་མེད་པའི་དངོས་པོ་ཅན། །གཞན་མ་གསུམ་ནི་འདབ་ལ་གནས། །འཁོར་ལོ་རེ་རེ་སོ་སོ་ཡིན། །སྤྲུལ་པའི་འཁོར་ལོ་འདབ་མ་གསུམ། །ཆུ་སྐྱེས་ལྟེ་བ་ཡོད་པའོ། །
དེ་ནི་ཕྱི་རོལ་ཤེས་པར་བྱ། །བརྒྱད་པོ་བརྒྱད་ནི་དེ་ནང་དུའོ། །དེ་ཡི་ནང་ན་གསང་བ་བཞུགས། །སངས་རྒྱས་རིན་པོ་ཆེ་ཡི་སྣོད། །བཾ་གྱི་དངོས་པོ་ཡང་དག་འཇམ། །སྣ་ཚོགས་ཅན་ནི་གཡོ་བའོ། །སངས་རྒྱས་རིན་ཆེན་དེ་ན་གནས། །རང་བཞིན་ཡེ་ཤེས་མཚན་ཉིད་དོ། །འཕྱང་བའི་རྩ་
ཡི་ནང་ན་བཞུགས། །ཁམས་གསུམ་དུ་ནི་རོལ་པ་མཛད། །གསུམ་ནི་རབ་ཏུ་ཡོད་པ་སྟེ། །ནང་དང་ཕྱི་རོལ་བར་མ་ཡིན། །ཕྱི་རོལ་གཡས་ཀྱི་ར་ས་ནཱ། །ནང་གི་གཡོན་གྱི་ལ་ལ་ནཱ། །དབུས་ཀྱི་ཨ་བ་དྷཱུ་ཏཱི་ལ། །ཉིད་ཀྱི་འདུག་ས་བྱེད་པའོ། །གཅིག་པུ་ཡི་ནི་གཙོ་མོ་ཡི། །ཀུན་
རྫོབ་ཏུ་ནི་གསུམ་དུ་འགྱུར། །དེ་བཞིན་བྱང་ཆུབ་སེམས་ནི་གཅིག །སྣ་ཚོགས་གཟུགས་སུ་ཡོད་པའོ། །དབང་བྱེད་ལོངས་སྤྱོད་བརླག་པ་ནི། །དེ་རྣམས་ངལ་སོར་བསྟན་པའོ། །དབང་བྱེད་མགྲིན་པའི་གནས་སུ་ནི། །ལོངས་སྤྱོད་བར་དུ་མཆོག་འདི་བསྟན། །བརླག་ནི་ཁ་ལས་ཤེས་པར་

བྱ། །དེ་ནི་ཆད་པ་གསལ་བའོ། །མཆོག་ནི་མགྲིན་པའི་གནས་སུ་སྟེ། །རང་བཞིན་བར་ན་ཡོད་པའོ། །ནང་དང་ཕྱི་རོལ་དབུས་ཀྱི་ནི། །རྣལ་འབྱོར་དེ་ཡང་མི་ཤེས་ན། །དེ་དུས་རང་བཞིན་མི་རྙེད་དེ། །ཤེས་ན་རྙེད་པར་ཐེ་ཚོམ་མེད། །དེ་ནི་ཤེས་རབ་སྐྱབས་ཡང་དག །ཤེས་རབ་བླ་མའི་ཁ་ལས་
འགྱུར། །རྩ་རྣམས་དེ་ནི་མེད་གྱུར་ན། །ཁུ་བ་ཁྲག་ནི་སྦྱོར་བ་མེད། །ཁུ་བ་ཁྲག་ནི་མེད་གྱུར་ན། །རྣམ་པར་ཤེས་པ་སྦྱོར་བ་མེད། །རྣམ་པར་ཤེས་པ་མེད་གྱུར་ན། །ཐམས་ཅད་གཡོ་བ་མེད་པར་ཐལ། །གཡོ་མེད་བདེ་བ་ཆེན་པོ་ནི། །རྣམ་ཡང་ཤེས་པར་མི་འགྱུར་རོ། །བདེ་བ་ཆེན་པོ་
མེད་གྱུར་ན། །ནམ་ཡང་བྱང་ཆུབ་མི་རྙེད་དེ། །ཏིང་འཛིན་བཟླས་པ་སྦྱིན་པ་ནི། །བསྐལ་པ་བརྒྱར་ནི་སྤྱད་ན་ཡང་། །མན་ངག་དེ་ནི་མེད་གྱུར་ན། །ཇི་ལྟར་རྡོ་སྟེངས་ས་བོན་བཞིན། །དེ་ནི་ཐམས་ཅད་འགྲུབ་དོན་དུ། །ཐབས་ནི་ཅུང་ཟད་བདག་གིས་བཤད། །ཐབས་གང་གིས་ནི་རྣལ་འབྱོར་
རྣམས། །རང་བཞིན་གྱི་ནི་གནས་དེར་འགྱུར། །སྦྱིན་སྲེག་ཐབ་ནི་མེད་གྱུར་ན། །རྣལ་འབྱོར་དངོས་གྲུབ་ཐོབ་མི་འགྱུར། །ལྟེ་བའི་ཧོམ་ཁུང་གཏུམ་མོའི་གནས། །ཤེས་རབ་རང་རིག་མཚན་ཉིད་དོ། །རྡོ་རྗེ་ཆུ་སྐྱེས་མཉམ་སྦྱོར་བས། །ཡང་དག་འཇིགས་པར་འབར་བའོ། །ཕུང་པོ་
ལྔ་ཡི་རིགས་ལྔ་ཡི། །རྣམ་པར་རྟོག་པའི་སྲེག་པ་དང་། །དེ་བཞིན་སྤྱན་ལ་སོགས་པ་ནི། །སྐྱེ་མཆེད་ཁམས་ནི་གཟུགས་ཅན་ནོ། །ཕུང་པོ་ལ་སོགས་ཡམ་ཤིང་དང་། །དང་པོར་སྲེག་རྫས་གསལ་བར་བྱ། །ཡམ་ཤིང་ཐམས་ཅད་བསྲེགས་པའོ། །ཧཾ་གི་དངོས་པོ་ཁ་བུབ་ནི། །ཡོན་
པོའི་རང་བཞིན་མཚན་ཉིད་ཅན། །སྨིན་ཕྲག་འཁོར་ལོའི་ནང་ན་ཡོད། །དེ་ནས་དེ་ནི་ཡང་དག་འབབ། །ཤུ་ཀྲ་བདུད་རྩི་རབ་རྒྱུན་ནོ། །དེ་ཡི་གསང་བའི་སྲེག་རྫས་སྦྱིན། །ལྟེ་བའི་ཧོཾ་ཁུང་ཕྱི་རོལ་མིན། །ཡང་དག་པར་ནི་དགྱེས་ནས་ནི། །ཅི་བསམས་པ་ཡི་འབྲས་བུ་སྨིན། །འོད་ཀྱི་གཟུགས་
ནི་གཏུམ་མོ་ཡིན། །ཨ་བ་དྷཱུ་ཏཱིའི་ཞི་བའི་གཟུགས། །ཆོས་དང་ལོངས་སྤྱོད་རྫོགས་ལམ་གནས། །འགྲོ་དང་འོང་བ་ཡང་དང་ཡང་། །སྐྲ་ཡི་རྩེ་མོ་འབུམ་གྱི་ཆ། །ཆེ་བར་ལྟ་བས་མཐོང་མི་འགྱུར། །དེ་ཡི་རོ་ཡོད་མཉམ་པ་ཡིས། །བླ་མའི་ཞབས་ཀྱི་བཀའ་དྲིན་ལ། །ཕྲ་མོར་ལྟ་བའི་

མཚན་ཉིད་ཀྱིས། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །དེ་ཡི་ནང་ན་སེམས་ཡོད་ན། །སྐད་ཅིག་གཅིག་གིས་བྱང་ཆུབ་སེམས། །འདི་ནི་གསང་བ་མཆོག་ཡིན་ཏེ། །ལུང་ལས་གསལ་བར་བྱས་པས་སོ། །བདག་གིས་སྔོན་མེད་རང་བཟོར་ནི། །རྒྱུད་རྣམས་དོན་ལས་
མི་མང་ངོ་། །དེ་ཡི་འབྲས་བུ་ཇི་སྙེད་པ། །བླ་མ་རབ་ཀྱི་བཀའ་དྲིན་ནོ། །འཇིག་རྟེན་ཚད་མེད་མྱུར་བར་ནི། །དེ་ཡིས་འགྲོ་བ་གྲོལ་བར་ཤོག །སྲིད་པའི་གཏི་མུག་དགོན་པ་ལ། །རྣལ་འབྱོར་རྣམས་ཀྱི་ལམ་རབ་གཏོར། །ཤེས་རབ་དཔལ་ནི་གསང་བས་ནི། །རིན་ཆེན་སྣང་བ་གསལ་
བྱས་པས། །སུ་ལ་བདག་གིས་དབང་བསྐུར་བས། །བདག་ལ་དེ་བཞིན་གང་གིས་ཐོས། །དེ་ནི་རང་གིས་འདི་ཤེས་ལ། །གཞན་དག་ལ་ཡང་འཆད་ནུས་སོ། །གང་ལ་བདག་གིས་བསྐུར་བ་མིན། །གང་གིས་བདག་ལ་ཐོས་མིན་ལ། །དེ་ནི་རང་གིས་མི་ཤེས་ཏེ། །གཞན་ལ་འཆད་པར་
ནུས་མིན་ནོ། །དབང་རིན་ཆེན་སྣང་བ་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ཤེས་རབ་གསང་བའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་ཤེས་རབ་གསང་བའི་ཞབས་དང་། བོད་ཀྱི་ལོ་ཙཱ་བ་ཀམ་དགེ་བསྙེན་ཆོས་ཀྱི་ཡེ་ཤེས་དང་། ཕྱུག་བརྩམས་
དབང་ཕྱུག་རྒྱ་མཚོས་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཛྙཱ་ན་ཌཱ་ཀི་ཤྭ་ར་སཱ་དྷ་ནཾ་ནོ་པི་ཀ །བོད་སྐད་དུ། དཔལ་ཆེན་པོ་ཡེ་ཤེས་མཁའ་འགྲོའི་དབང་ཕྱུག་གི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །
སྲིད་དང་མྱ་ངན་འདས་ན་བཞུགས། །སྲིད་དང་མྱ་ངན་འདས་དང་བྲལ། །བཞུགས་དང་བྲལ་ལས་རྣམ་གྲོལ་བ། །བརྗོད་དུ་མེད་པ་ལ་ཕྱག་འཚལ། །དཔལ་ལྡན་ཐིག་ལེའི་རྒྱུད་དབང་པོ། །རྒྱུད་ཀུན་གྱི་ནི་མངའ་བདག་ཆེ། །གང་གི་དྲིན་གྱིས་རྙེད་སླ་བ། །བླ་མའི་ཞལ་སྔ་བདག་ཕྱག་
འཚལ། །རྒྱུད་འདི་ཡི་ནི་རྒྱལ་པོ་ཡིས། །སྐལ་ལྡན་རྣམས་ནི་འགྲུབ་དོན་དུ། །རྒྱུད་ཀྱི་བསྐྱེད་པའི་རིམ་པ་ཡི། །མདོར་བསྡུས་སྒྲུབ་ཐབས་བདག་གིས་བཤད། །དྲི་མེད་ཆུ་ཡིས་བསྐོར་བ་ཡི། །ནེའུ་སིང་འཇམ་མོ་དང་ལྡན་པ། །མེ་ཏོག་འབྲས་ཤིང་ཡོད་པ་ཡི། །དེར་གནས་

ཧེ་རུ་ཀ་མཉེས་བྱ། །དང་པོ་རྣལ་འབྱོར་དབང་ཕྱུག་གིས། །འདི་ལྟར་བུར་ནི་རབ་བསྒོམ་བྱ། །ལྟེ་བའི་རྩ་བར་ཡཾ་ཡིག་འབྲུ། །ཡཾ་ལས་རླུང་གི་དཀྱིལ་འཁོར་རོ། །དེ་ཡི་སྟེང་དུ་རཾ་ཡིག་འབྲུ། །རཾ་ལས་མེ་ཡི་དཀྱིལ་འཁོར་རོ། །དེ་གཉིས་ཡོངས་སུ་གྱུར་པ་ཡིས། །འབར་བའི་མེ་ནི་
ཡང་དག་བསྒོམ། །རྟོག་པའི་བདག་ཉིད་ལུས་པོ་ཀུན། །མེ་དེ་ཡིས་ནི་སྲེག་པར་བྱེད། །བདེ་འཁོར་བདུད་རྩི་ཡོད་པ་དང་། །འོད་དུ་ཞུ་བའི་གཟུགས་བསྒོམ་བྱ། །རྒྱུན་མི་འཆད་པར་འབྱུང་བ་ཡིས། །བསྲེགས་པའི་ལུས་པོ་གསོ་བར་བྱ། །དངོས་པོ་ཀུན་གྱི་ངོ་བོ་ཉིད། །དབང་པོའི་གཞུ་
དང་མཚུངས་པར་བལྟ། །གཟུགས་ཀྱི་ཕུང་པོའི་བདག་ཉིད་ནི། །འགྲོ་བ་ཀུན་ལ་ཁྱབ་པ་ཡིན། །དེ་ནི་གཏི་མུག་ཡིན་པའི་ཕྱིར། །སངས་རྒྱས་རྣམ་པར་སྣང་མཛད་བདག །ཚོར་བའང་དེ་བཞིན་ཀུན་ལ་ཁྱབ། །རིན་ཆེན་འབྱུང་ལྡན་ང་རྒྱལ་ཕྱིར། །འདུ་ཤེས་ཀྱང་ནི་འགྲོ་ལ་ཁྱབ། །སྣང་
བ་མཐའ་ཡས་ཆགས་པའི་ཕྱིར། །འདུ་བྱེད་འགྲོ་ལ་ཁྱབ་པ་སྟེ། །དོན་ཡོད་གྲུབ་པ་ཕྲག་དོག་ཕྱིར། །རྣམ་པར་ཤེས་པས་འགྲོ་ཀུན་ཁྱབ། །མི་བསྐྱོད་པ་ནི་ཞེ་སྡང་ཕྱིར། །དེ་བཞིན་གཤེགས་ཀུན་གཟུགས་སུ་ནི། །ཧེ་རུ་ཀ་དཔལ་བདག་ཉིད་བཞུགས། །མིག་དང་རྣ་བ་སྣ་དང་ནི། །ལྕེ་
དང་ལུས་དང་དེ་བཞིན་ཡིད། །རང་རང་གི་ནི་རང་འོད་ཅན། །ཤེས་རབ་དབང་པོ་དག་པ་ཡིན། །ས་དང་ཆུ་དང་མེ་དང་རླུང་། །མཱ་མ་ཀཱི་སོགས་ཁམས་ཡིན་ནོ། །ལེགས་དགྱེས་དབང་མོ་རྣལ་འབྱོར་མ། །ནམ་མཁའི་ཁམས་སུ་ཤེས་པར་བྱ། །དེ་ཀུན་གྱི་ནི་ངོ་བོ་བདག །ཡིན་པར་འདི་དག་དཔྱད་
པར་བྱ། །ཆོས་འདི་ཀུན་གྱི་རང་ངོ་བོས། །བདག་མེད་མ་སྐྱེས་པ་ཡིན་ནོ། །དེ་དག་འཁྲུལ་པས་མིག་ཡོར་ནི། །སྨིག་རྒྱུ་ཆུ་ཟླ་ཇི་བཞིན་ནི། །བྱང་ཆུབ་ཀྱི་ནི་ཚོགས་བསྒོམ་པས། །སེམས་ཙམ་ཉིད་ལ་རབ་གནས་ཤིང་། །དེ་ནས་རང་སྙིང་མཁའ་པད་དུ། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་
བྱ། །སེམས་ཀྱི་ས་བོན་དེ་དབུས་སུ། །འོད་ཟེར་ལྔ་ནི་རབ་ཏུ་འཕྲོ། །དེ་ཡི་སྣང་བས་མདུན་དུ་ནི། །ནམ་མཁར་གསེར་གྱི་པདྨོ་ཆེ། །འོད་ཟེར་འབར་བ་དང་ལྡན་པ། །ལྟེ་བ་ཡོད་པའི་འདབ་མ་འབུམ། །འདབ་མར་སངས་རྒྱས་བྱང་ཆུབ་སེམས། །ཆོས་ཀྱི་ཕྱག་རྒྱ་འཛིན་པའི་མཆོག །

དབུས་སུ་རྡོ་རྗེ་སེམས་དཔའ་ནི། །ཡེ་ཤེས་སེམས་དཔའི་ངོ་བོ་ཉིད། །ནམ་མཁའ་ཁྱབ་པར་མཐོང་ནས་སུ། །མཆོད་པ་བྱས་ནས་སྐྱབས་སུ་འགྲོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་
རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་འདུས་གཙོ་ལ། །བྱང་ཆུབ་ཐོབ་པར་སྐྱབས་སུ་མཆི། །རང་དང་གཞན་ནི་འགྲུབ་དོན་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་མཆོག་འབྱུང་བྱས་ནས། །སེམས་ཅན་ཐམས་ཅད་མགྲོན་དུ་གཉེར། །འགྲོ་བ་ཀུན་ལ་ཕན་
དོན་དུ། །བདག་ནི་སངས་རྒྱས་ཐོབ་བྱའི་ཕྱིར། །དགྱེས་མཆོག་བྱང་ཆུབ་སྤྱད་པར་བགྱི། །དེ་ནས་ཚངས་པ་ཡི་ནི་གནས། །བྱམས་པ་ལ་སོགས་ལྡན་བསྒོམ་བྱ། །བུ་གཅིག་པ་ཡི་མ་ལྟ་བུར། །བརྩེ་བའི་སེམས་ཀྱིས་མཐོང་བ་ཡིན། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །སེམས་
བགྱིད་དེ་ནི་བྱམས་པའོ། །གང་གིས་ཐབས་ཀྱི་སེམས་ཅན་འདི། །སྡུག་བསྔལ་མེ་ལས་བདག་གིས་གདོན། །དེ་ལྟ་བུར་ནི་གང་ཞིག་སེམས། །དེ་ནི་སྙིང་རྗེར་བསྟན་པའོ། །སྡུག་བསྔལ་མེ་ལས་བཏོན་པ་ཡིས། །རང་གི་ཡིད་ནི་དགའ་བ་ཡིན། །བདག་གིས་སེམས་ཅན་ཕན་དོན་
བྱས། །དེ་ནི་དགའ་བར་བཤད་པའོ། །གདུལ་དཀའ་འདུལ་བའི་སེམས་ཅན་རྣམས། །དེ་ལ་ཞེ་སྡང་བསྐྱེད་མི་བྱ། །བཏང་སྙོམས་ཀྱང་ནི་མི་བྱ་སྟེ། །སེམས་ཅན་ནང་ན་ཡོད་ཕྱིར་རོ། །དེ་ལྟ་མིན་ན་སྨོན་ལམ་ནི། །ཐེ་ཚོམ་མེད་པར་དོན་མེད་འགྱུར། །སྐྱོན་ལ་བཏང་སྙོམས་ལྡན་པའི་
སེམས། །དེ་ནི་བཏང་སྙོམས་མཆོག་ཡིན་ནོ། །དེ་ཡི་བསོད་ནམས་ཀྱི་ནི་ཚོགས། །ཡང་དག་པར་ནི་འཕེལ་བར་འགྱུར། །ཡེ་ཤེས་ཚོགས་ནི་འཕེལ་དོན་དུ། །སྟོང་པ་ཉིད་ནི་བདག་ཉིད་ཡིན། །འདས་པ་དང་ནི་མ་འོངས་པ། །ད་ལྟར་བྱུང་བའི་འཁོར་བ་གསུམ། །ངོ་བོ་ཉིད་
བྲལ་སྟོང་པ་ཡིན། །ཇི་ལྟར་ནམ་མཁའ་དེ་བཞིན་ནོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་སྭ་བྷཱ་ཝ་ཤཱུ་ནྱ་ཏཱ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤཱུ་ནྱ་ཏཱ་ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ཡིས་ཡེ་ཤེས་ཀྱི་ནི་ཚོགས། །ཡང་དག་པར་ནི་འཕེལ་བར་འགྱུར། །ཚོགས་གཉིས་པོ་

ནི་རྫོགས་པ་ཡིས། །ཐེ་ཚོམ་མེད་པར་བྱང་ཆུབ་འཐོབ། །དེ་ནས་པཾ་བྱུང་པདྨ་ནི། །ཁ་དོག་དམར་པོ་འདབ་མ་བརྒྱད། །དེ་ཡི་ལྟེ་བའི་དབུས་སུ་ནི། །རཾ་ལས་ཉི་མའི་དཀྱིལ་འཁོར་རོ། །དེ་ཡི་སྟེང་དུ་ས་བོན་ཧཱུྃ། །འོད་ཟེར་ལྔ་ནི་འཕྲོ་བ་ཡིན། །དེ་ཉིད་ཡོངས་སུ་གྱུར་པ་ཡིས། །སྐད་ཅིག་
གསུམ་རྒྱལ་ཉིད་དུ་འགྱུར། །སྐུ་མདོག་གནག་ལ་འཇིགས་བྱེད་ཆེ། །བསྐལ་པའི་མེ་བས་དྲག་འཇིགས་ཆེ། །ཞལ་བཞི་པ་ལ་ཕྱག་བཞི་པ། །ཞབས་བཞི་དང་ནི་ལྡན་པའོ། །ཞབས་ཀྱིས་བདུད་བཞི་པོ་ནི་མནན། །ཞལ་ནི་རེ་རེ་སྤྱན་གསུམ་ལྡན། །རྩ་བའི་ཕྱག་གཉིས་བདུད་ཕུར་
འདྲིལ། །གཞན་ནི་རལ་གྲི་དབྱུག་པ་འཛིན། །དེ་ལྟ་བུ་ཡི་ཁྲོ་རྒྱལ་པོ། །བདག་རང་ཉིད་ནི་བསྒོམ་པར་བྱ། །བདག་ནི་སུཾ་བྷ་ཉིད་ཡིན་ཕྱིར། །དེ་ལ་གོ་ཆ་དགོས་མ་ཡིན། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་
བཛྲ་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཤར་ཕྱོགས་ལ་སོགས་སེ་གོལ་གྱིས། །སུཾ་བྷའི་རྣམ་པས་སྔགས་གདབ་བྱ། །སྣ་ཚོགས་རྡོ་རྗེ་ས་ཡི་འོག །ཧཱུཾ་ལས་འོད་ནི་སྤྲོ་བར་བྱ། །དེ་ཡི་འོད་ཀྱིས་སྣང་བ་ཡིས། །རྩིག་པ་དང་ནི་བླ་རེའོ། །རྡོ་རྗེ་མེ་ལྕེ་འབར་བ་ཡིན། །སྟེང་དུ་མདའ་ཡི་དྲ་བའོ། །ཨོཾ་གྷ་
གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ། ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། དེ་ལྟའི་ཆོ་གའི་སྦྱོར་བ་ཡིས། །རྡོ་རྗེའི་གུར་ནི་བསམ་པར་བྱ། །དེ་ཡི་
དབུས་སུ་སྙོམས་པ་ནི། །ཆོས་ཀྱི་དབྱིངས་ཀྱི་བྷ་གའི་དབྱིབས། །རླུང་ལ་སོགས་པའི་འཁོར་ལོ་བཞི། །དེ་ཡི་ནང་དུ་བསྒོམ་པར་བྱ། །ཡཾ་གི་ཡིག་འབྲུ་ལས་བྱུང་རླུང་། །དཀྱིལ་འཁོར་གཞུ་ཡི་དབྱིབས་ལྟ་བུ། །ཆོས་ཀྱི་དབྱིངས་ཀྱི་ནང་དུ་ནི། །ནག་པོ་རྒྱལ་མཚན་དང་ལྡན་བསྒོམ། །
རཾ་གྱི་ཡིག་འབྲུ་ལས་བྱུང་མེ། །དཀྱིལ་འཁོར་གྲུ་གསུམ་ཁ་དོག་དམར། །མེ་ལྕེ་དང་ནི་ལྡན་པ་སྟེ། །རླུང་གི་དཀྱིལ་འཁོར་སྟེང་དུ་བསྒོམ། །བཾ་གྱི་ཡིག་འབྲུ་ལས་བྱུང་ཆུ། །དཀྱིལ་འཁོར་ཟླུམ་པོའི་དབྱིབས་ལྟ་བུ། །བུམ་པས་མཚན་པ་ཁ་དོག་དཀར། །མེ་ཡི་སྟེང་

དུ་བསྒོམ་པར་བྱ། །ལཾ་གྱི་ཡིག་འབྲུ་ལས་བྱུང་ས། །དཀྱིལ་འཁོར་གྲུ་བཞིའི་དབྱིབས་ལྟ་བུ། །རྡོ་རྗེས་མཚན་པ་ཁ་དོག་སེར། །ཆུ་ཡི་སྟེང་དུ་བསྒོམ་པར་བྱ། །འཁོར་བཞི་ཡོངས་སུ་གྱུར་པ་ལས། །གཞལ་ཡས་ཁང་དུ་རབ་ཏུ་བསྒྱུར། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་
བབས་བཞིས་ནི་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་ཆུན་འཕྱང་དང་། །འདོད་ཡོན་རིན་ཆེན་ལ་སོགས་བརྒྱན། །དེ་ཡི་ཕྱི་རོལ་དུར་ཁྲོད་བཅས། །ཕྱོགས་མཚམས་བྱེ་བྲག་བརྒྱད་པོ་རུ། །གཏུམ་དྲག་དེ་ནི་ཚིག་པ་ཡིན། །དབྱིབས་ཅན་དེ་ནི་མ་ཚིག་པ། །ཚང་ཚིང་དུམ་བུར་གྱུར་པ་ཡིན། །
འབར་བ་དུམ་བུར་མ་གྱུར་པ། །དམྱལ་སོགས་འཇིགས་པར་བཤད་པ་ཡིན། །མི་བཟད་པ་ནི་འཇིགས་པར་བྱེད། །ཧ་ཧར་དགོད་ནི་མདུང་རྩེར་བསྐྱོན། །གཡེར་ཀ་ཅན་ནི་འགེགས་པའོ། །པ་ཏ་ལི་དང་པནྡ་ལི། །ས་ལེ་ཤིང་དང་ཤི་རི་ཥ། །ཨུ་དུམྺཱ་ར་ནྱ་གྲོ་དྷ། །ཨ་ཤྭཏ་ནཱ་ག་གེ་
སར་ཤིང་། །དུར་ཁྲོད་རེ་རེ་ཤིང་རེ་ནི། །དཔའ་བོ་སོགས་ཀྱིས་དབང་དུ་བྱས། །བྱ་རོག་བྱི་ལ་འུག་པ་དང་། །སྟག་དང་ཁྱི་དང་བྱ་རྒོད་ཕག །ཤ་ཟའི་གདོང་བཅས་བརྒྱད་པོ་ནི། །ཤིང་རྣམས་སྟེང་ན་འདུག་པ་ཡིན། །བྱ་རོག་སྤྱང་ཀི་འུག་པ་དང་། །དཔའ་བོ་ཁྱི་དང་སྲིན་པོ་དང་། །ཕག་
པ་དང་ནི་རོ་ལངས་དག །རང་རང་རྣམ་པར་འོག་ན་གནས། །དེ་ལྟ་བུ་ཡི་དུར་ཁྲོད་ཀྱིས། །གཞལ་ཡས་ཁང་ནི་ཡང་དག་བསྐོར། །སྣ་ཚོགས་པདྨ་འདབ་མ་བརྒྱད། །དེ་ཡི་དབུས་སུ་བསྒོམ་པར་བྱ། །ལྟེ་བའི་ནང་དུ་ཕྱག་རྒྱ་ནི། །གྲུ་གསུམ་མེ་ཏོག་ཀུནྡ་མཚུངས། །ཉི་ཟླ་ཨཱ་ལི་
ཀཱ་ལི་ལས། །རྡོ་རྗེ་སེམས་དཔའི་རང་བཞིན་ཅན། །རང་གི་རིག་པ་དང་ལྡན་པ། །ཕྱག་རྒྱ་ཡི་ནི་དཀྱིལ་དུ་བསྒོམ། །བདེ་བ་ཆེན་པོ་འབྱུང་བ་ནི། །མཆོག་གི་དགའ་བའི་ཕོ་བྲང་ལས། །རྡོ་རྗེ་རོ་ལངས་མ་ནི་འཕྲོས། །དེ་ནི་དང་པོའི་རོ་ལས་སོ། །གཉིས་པའི་རོ་ནི་འབྱུང་བ་ལས། །རྡོ་
རྗེ་དྲ་བ་མ་ནི་འཕྲོས། །གསུམ་པའི་རོ་ནི་འབྱུང་བ་ལས། །རྡོ་རྗེ་རྩེ་མོ་མ་ནི་འཕྲོས། །བཞི་པའི་རོ་ནི་འབྱུང་བ་ལས། །རྡོ་རྗེ་ཟླུམ་པོ་མ་ནི་འཕྲོས། །གཅེར་བུ་དང་ནི་སྐྲ་གྲོལ་བ། །ཤར་སྒོ་ལ་སོགས་ཤེས་པར་བྱ། །གནག་དང་དམར་དང་སེར་དང་དཀར། །སྤྱན་གསུམ་པ་དང་

ཕྱག་བཞི་པ། །ཆུ་སྲིན་ཉ་དང་སེང་གེ་དང་། །ག་རུ་ཌ་ནི་ཕྱག་གཡས་བསྣམས། །ཀ་པཱ་ལ་དང་ཁ་ཊྭཱཾ་ག །སྒེག་མོ་ཡི་ནི་ཕྱག་གཡོན་བསྣམས། །གཞན་གཉིས་རྡོ་རྗེ་མདའ་གཞུ་ནི། །རྣ་ལྟག་ཏུ་ནི་འགེངས་པར་མཛད། །ཀུན་ཀྱང་ཕྱག་རྒྱ་ལྔ་པོ་འཆང་། །སྣ་ཚོགས་པ་ཡི་རྒྱན་
གྱིས་བརྒྱན། །འཇིགས་བྱེད་རོ་ཡི་གདན་གནས་ནས། །སེམས་ཅན་རྣམས་ཀྱི་དོན་མཛད་པ། །ཡང་ན་ཤེས་རབ་ཐབས་སྦྱོར་བས། །བདེ་ཆེན་རྒྱ་མཚོའི་ཕོ་བྲང་ལས། །རྡོ་རྗེའི་སྐེ་རགས་མ་ནི་འཕྲོས། །དེ་ནི་ལྔ་པའི་རོ་ལས་སོ། །དྲུག་པོའི་རོ་ཡི་འབྱུང་བ་ལས། །རྡོ་རྗེ་སེར་མོ་མ་
ནི་འཕྲོས། །བདུན་པའི་རོ་ཡི་འབྱུང་བ་ལས། །རྡོ་རྗེ་རྒོད་མ་མ་ནི་འཕྲོས། །བརྒྱད་པའི་རོ་ཡི་འབྱུང་བ་ལས། །རྡོ་རྗེ་ཉི་མ་མོ་ནི་འཕྲོས། །བཅོམ་ལྡན་འདས་ནི་མཉེས་བྱེད་གནས། །མཚམས་ནི་བཞི་པོ་དག་ན་བཞུགས། །རྔ་དང་དེ་བཞིན་གླིང་བུ་དང་། །རྒྱུད་མངས་དང་ནི་རྫ་
རྔ་དང་། །རྫ་རྔ་ཆུང་ངུ་ཆལ་ཆུང་དང་། །ཏམ་བུ་ར་དང་ཀ་ར་ཏོ། །དེ་རྣམས་ཕྱག་ནི་གཉིས་གཉིས་ཤེས། །གཟུགས་གཉིས་པ་ལ་འཇིག་ཆེན་མ། །ཡང་ནི་ཤེས་རབ་ཐབས་སྦྱོར་བས། །བདེ་བའི་ནང་གི་པད་ཆེན་ལས། །རྡོ་རྗེ་ལེགས་དགྱེས་མ་ནི་འཕྲོས། །དེ་ནི་དང་པོའི་དགའ་བ་
ལས། །གཉིས་པའི་དགའ་བ་འབྱུང་བ་ལས། །རྡོ་རྗེ་རྒྱ་མཚོ་མ་ནི་འཕྲོས། །གསུམ་པའི་དགའ་བ་འབྱུང་བ་ལས། །རྡོ་རྗེ་གླང་ཆེན་མ་ནི་འཕྲོས། །དེ་དག་གནག་དང་སེར་དང་དམར། །ཕྱག་རྒྱ་ཡི་ནི་གྲྭ་ན་བཞུགས། །གུར་ཀུམ་རོ་དང་ག་པུར་དང་། །དེ་ཡིས་པད་སྣོད་བཀང་བའོ། །
གཡས་པ་ཡི་ནི་ཕྱག་ན་བསྣམས། །ཁ་ཊྭཱཾ་ག་ནི་གཡོན་ནའོ། །གྲུ་གསུམ་ཕྱག་རྒྱ་དབུ་སྟེང་དུ། །མཛུབ་རྩེ་གཉིས་ནི་ཐུར་དུ་བཙུགས། །གཡོན་བརྐྱང་བ་ཡི་གནས་པས་བཞུགས། །ཕྱག་རྒྱའི་དངོས་གྲུབ་སྟེར་བའོ། །ཡང་ནི་ཤེས་རབ་ཐབས་སྦྱོར་བས། །རང་བཞིན་གྱིས་ནི་དགའ་
བ་འབྱུང་། །རང་གི་རིག་མ་དང་ལྡན་པ། །རང་བཞིན་ལས་ནི་ཉི་འོད་ཞུ། །དེ་ནས་སྨོན་ལམ་གཞན་དོན་དུ། །རྣལ་འབྱོར་མ་ལ་ལྷ་མོས་ཞུ། །བདེ་ཆེན་ལེགས་དགྱེས་མགོན་པོ་བཞེངས། །རྡོ་རྗེ་ལེགས་དགྱེས་བདག་དགའ་མཛོད། །མགོན་པོ་ཁྱོད་མིན་བདག་རོ་འདྲ། །ཐུགས་

རྗེ་རོ་ཡིས་བདག་སྐྱེ་མཛོད། །ཀྱེ་མགོན་སྟོང་པ་ཆད་པའི་མཚན། །རྡོར་མཚོ་མ་བདག་དགའ་བར་མཛོད། །པདྨའི་ཁ་ཕྱི་རོལ་ཅིག་རོལ། །མགོན་པོ་སྟོང་པའི་རང་བཞིན་མིན། །ཨ་ལ་ལ་ལ་ལེགས་དགྱེས་མགོན། །རྡོ་རྗེ་གླང་ཆེན་མ་དགའ་མཛོད། །ཁྱོད་རང་གིས་
གསུངས་བདག་མིན་ན། །སངས་རྒྱས་འབྱུང་བར་མི་འགྱུར་རོ། །གླུ་འདི་ཡི་ནི་ངོར་མཛད་ནས། །སོཾ་ཧཱུཾ་འོད་དུ་ཞུ་ལས་འཕྲོས། །དེ་ལས་རྡོ་རྗེ་གྲི་གུག་ནི། །ཡོངས་སུ་གྱུར་པ་ལས་ནི་ཉིད། །དཔལ་ཆེན་ཡེ་ཤེས་མཁའ་འགྲོ་ཆེ། །ལྷ་མོ་ལེགས་དགྱེས་དབང་མོས་འཁྱུད། །སེམས་
ཅན་ཀུན་ལ་ཕན་དོན་དུ། །སྙིང་རྗེ་ཡིས་ནི་རྔམ་པ་བཞེངས། །སྐུ་མདོག་སྤྲིན་གྱི་གནག་དང་མཚུངས། །ཞལ་བཞི་པ་ལ་ཕྱག་བརྒྱད་པ། །ཞལ་ནི་རེ་རེ་སྤྱན་གསུམ་པ། །ཞབས་གཅིག་གྱེན་དུ་བསྒྲེང་བ་སྟེ། །བདུད་བཞི་ཡན་ལག་མ་དང་ལྡན། །ཞབས་གཅིག་གིས་ནི་གནོན་པ་ཡིན། །
ཐོད་རློན་ཕྲེང་བའི་དོ་ཤལ་བྱས། །སྣ་ཚོགས་འོད་ལྡན་ཉི་ལ་བཞུགས། །དཔའ་བོ་མི་བསྐྱོད་པས་དབུ་བརྒྱན། །ཕྱག་རྒྱ་དྲུག་གིས་ཡན་ལག་བརྒྱན། །ཐོད་པའི་ཕྲེང་བས་དབུ་ལ་བརྒྱན། །ཐོར་ཅོག་ཟླ་བ་ཕྱེད་ཀྱིས་མཚན། །སྐུ་སྨད་གཤིན་རྗེའི་པགས་པས་དཀྲིས། །གར་དགུའི་རོ་
དང་ལྡན་པའོ། །གནག་དང་སེར་དང་དམར་དང་ལྗང་། །གཡོན་ནས་བསྐོར་བའི་ཞལ་དང་ལྡན། །འཁྱུད་པའི་ཕྱག་གཡས་རྡོ་རྗེ་བསྣམས། །གཡོན་པ་ན་ནི་དྲིལ་བུའོ། །ཉི་མ་མདའ་དང་ཀ་པཱ་ལ། །ཁྲག་གིས་བཀང་བ་གཡས་ན་བསྣམས། །ཟླ་བ་གཞུ་དང་ཁ་ཊྭཱཾ་ག །རྡོ་
རྗེས་མཚན་པ་གཡོན་ན་བསྣམས། །ལེགས་དགྱེས་དབང་མོ་དེ་དང་མཉམ། །ཡང་ན་ཕྱག་ནི་གཉིས་དང་ལྡན། །ཞལ་གཅིག་པ་དང་སྤྱན་གསུམ་པ། །སྣ་ཚོགས་རྒྱན་གྱིས་བརྒྱན་པའོ། །ཕྱག་ན་གྲི་གུག་སྣོད་ནི་བསྣམས། །བྱིན་པ་གཉིས་ཀྱིས་ལེགས་འཁྱུད་ཅིང་། །མཆོག་
གི་རྣམ་པ་རང་འོད་འབྱུང་། །མཚན་ཀུན་དང་ནི་ལྡན་པའོ། །སྐྲ་གྲོལ་བ་དང་སྤྱན་རིང་བ། །སྐུ་སྨད་སྐེ་རགས་བར་དུ་ཆད། །ཇི་ལྟར་སྒོ་སོགས་རྣལ་འབྱོར་མ། །བརྐྱང་བ་ལ་སོགས་པ་ཡིས་བཞུགས། །དེ་བཞིན་གྲུ་གསུམ་གྲྭར་བཞུགས་པ། །སྒོམ་པ་ཡིས་ནི་ཤེས་པར་བྱ། །

དེ་ལྟའི་ཡེ་ཤེས་འཁོར་ལོ་ནི། །བདག་ཉིད་དང་ནི་བཅས་པར་བསྒོམ། །དེ་ནས་བདེ་བ་ཆེན་པོའི་གཞི། །པདྨའི་སྣོད་ཀྱི་དབུས་སུ་ནི། །བདུད་རྩི་ལྔ་ཡི་ལྷ་ཡི་མཆོག །དེ་བཞིན་གཤེགས་པ་ཀུན་བདག་ཉིད། །ལྟེ་བའི་མེ་འོད་ཚ་བ་ཡིས། །བདུད་རྩི་དེ་ནི་ཞུ་བར་བྱ། །རྡོར་གསུམ་ཡེ་ཤེས་
ས་བོན་གྱིས། །དཀར་བྱས་དག་བྱས་འབར་བྱས་སོ། །སྔགས་ཀྱི་བྱིན་གྱི་རླབས་ཀྱིས་ནི། །རང་གི་ལྕེ་ཡི་འདབ་མར་གཞག །ཕྱི་དང་ནང་གི་སྦྱོར་བ་ཡིས། །ལུས་ནི་དེ་ཡིས་ཚིམ་པར་བྱ། །ཨོཾ་ཡོ་ག་ཨ་མྲྀ་ཏ་ཤུདྡྷཿསརྦ་དྷརྨ་ཡོ་ག་ཨ་མྲྀ་ཏ་ཤུདྡྷོ྅ཧཾ། །དེ་ནས་མགོན་པོའི་སྙིང་པོ་ནི། །
ཐམས་ཅད་འགྲུབ་དོན་བཟླས་པར་བྱ། །ཨོཾ་མ་ཧཱ་ཀྲོ་དྷེ་ཤྭ་ར་ཛཱ་ཡ་ཝེ་ཛ་ཡཊྚཊྚ་ཧཱ་ས་མ་ཧཱ་ཀ་པཱ་ལཱགྣེ་བྷ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའོ། །ཨོཾ་བཛྲ་ཊི་ཛུ་གྲ་ཧྲྀཾ་ཧྲྀཾ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་སོ་ར་ཏ་ས་མ་ཡེ་ཤྭ་རེ་ཧཱུཾ་ཧཱུཾ་ཕཊ། བཅོམ་ལྡན་འདས་མའི་སྔགས་སོ། །
ཨོཾ་ཀླིཾ་བླྀཾ་ཛླྀཾ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཐོག་མར་ཨོཾ་དང་ཧཱུཾ་ཕཊ་མཐར། །བར་དུ་མིང་ནི་སྤེལ་བར་བྱ། །འཁོར་གྱི་ལྷ་མོ་ཐམས་ཅད་ཀྱི། །མཆོད་པའི་སྔགས་སུ་དྲན་པའོ། །སྔགས་དང་ཕྱག་རྒྱར་ལྡན་པ་ཡིས། །དེ་ནས་གཏོར་མ་གཏང་བར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅངས་
ནས། །རྒྱབ་དང་རྒྱབ་ནི་སྤྲད་པའོ། །མཐེའུ་ཆུང་ལུག་རྒྱུད་རྣམ་པའི་ཚུལ། །མཛུབ་མོ་གཉིས་ནི་ཅུང་ཟད་དགུག །རྣལ་འབྱོར་མ་རྣམས་ཐམས་ཅད་དང་། །མཁའ་འགྲོ་མ་ཐམས་ཅད་ཚུར་སྤྱོན། །ཤ་དང་ཉ་ལ་སོགས་པ་ཡི། །གཏོར་མ་འདི་ལོང་དམ་ཚིག་བསྲུངས། །བདག་གི་
དོན་ཐམས་ཅད་ལ་གྲོགས་མཛོད། སྒྲུབ་ཐབས་འདི་ལ་དད་པ་ཡོད་པ་དེ་བསྲུང་བའི་དོན་དུ་སྩོལ་ཅིག །ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། གྲུ་གསུམ་ཕྱག་རྒྱ་སྟེང་བཞག་སྟེ། །འབད་པ་ཡིས་ནི་གཏོར་མ་གཏང་། །ལས་རིམ་དེ་དག་ཀུན་རྫོགས་ནས། །དེ་སོགས་རྣམ་པར་དག་པར་བྱ། །དགའ་བ་བཞི་
ནི་རབ་གནས་ཕྱིར། །ཞལ་བཞི་པོ་ནི་མཛེས་པ་ཡིན། །དེ་ཉིད་ཡེ་ཤེས་གསུམ་དག་པས། །ཞལ་ནི་སོ་སོའི་སྤྱན་གསུམ་མོ། །སྲིད་དང་མྱ་ངན་འདས་གཅིག་པ། །དེ་བས་ཞབས་གཅིག་གྱེན་དུ་བསྒྲེང་། །ཕ་རོལ་ཕྱིན་པ་དྲུག་ལམ་གྱིས། །ཕྱག་རྒྱ་དྲུག་པོས་ཡན་ལག་བརྒྱན། །ཚངས་པའི་

སྤྱོད་པ་ཆེན་པོ་ཡིས། །གཤིན་རྗེའི་པགས་པས་སྐུ་སྨད་དཀྲིས། །བྱམས་པ་ཆེན་པོའི་བདག་ཉིད་ནི། །དེ་བས་སྤྲིན་གྱི་མདོག་དང་མཚུངས། །གཉིས་སུ་མེད་པའི་ཤེས་རབ་ཐབས། །དེ་ཕྱིར་རྡོ་རྗེ་དྲིལ་བུ་ལྡན། །བདུད་ཀུན་བསྡིགས་པར་བྱེད་པའི་ཕྱིར། །མདའ་དང་གཞུ་ནི་
ཁེངས་པར་འགེངས། །སྣང་བ་དང་ནི་སྣང་བ་མཆེད། །དེ་ལ་བདག་རང་བདག་པོ་ཡིན། །དེ་བས་ཟླ་བ་ཉི་མ་གཉིས། །རོལ་པ་ཡིས་ནི་ཕྱག་ན་བསྣམས། །དངོས་དང་དངོས་མིན་རྟོག་པ་མེད། །དེ་ཕྱིར་མགོ་བོའི་པདྨའི་སྣོད། །ཆོས་ཀུན་སྟོང་པའི་ངོ་བོ་ཉིད། །དེ་བས་ཁ་ཊྭཱཾ་ག་བསྣམས་པ། །ཕྱག་
རྒྱ་ཆེན་པོའི་བདག་ཉིད་ཡིན། །ཟླ་བ་ཕྱེད་པས་ཐོར་ཅོག་བརྒྱན། །ནམ་མཁའ་ཇི་བཞིན་ངོ་བོ་ཡིས། །དེ་བས་མི་བསྐྱོད་པས་དབུ་བརྒྱན། །སྙིང་རྗེ་ཆེན་པོས་རྔམ་པའི་དོན། །དེ་ཕྱིར་ཡང་དག་འཇིགས་པའི་ཚུལ། །མུ་སྟེགས་རྣམས་ལ་ཁྲེལ་རྒོད་ཕྱིར། །རུས་པ་ལ་སོགས་པ་ཡིས་བརྒྱན། །
བདུད་ཀུན་གྱིས་ནི་མི་ཚུགས་པ། །དེ་བས་བདུད་ཀྱི་སྟེང་ན་བཞུགས། །ཆགས་པ་ལ་སོགས་སྤངས་པ་ཡིས། །དེ་ཕྱིར་དུར་ཁྲོད་ནང་དུ་རོལ། །དེ་ཀུན་དག་པ་ཤེས་པས་ན། །ད་ནི་ངལ་བསོ་བྱ་བའོ། །རང་གི་སྙིང་གར་མཁའ་པད་དུ། །དྲི་མེད་རྒྱས་པའི་ཟླ་བ་བསྒོམ། །དེ་ཡི་དབུས་
སུ་ཚུལ་ཙམ་ནི། །མཆོག་གི་རྣམ་པ་སྐྱེ་མེད་མཁའ། །ཕྲ་མོའི་འོད་ཀྱི་རང་བཞིན་ཅན། །རླབས་མེད་པ་ཡི་རང་རིག་གོ། །དེ་ཉིད་བསྒོམས་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །དངོས་གྲུབ་ཆེན་པོ་འདོད་གྱུར་ན། །དེ་ལ་ཐེ་ཚོམ་མི་བྱའོ། །གང་ཞིག་རྒྱུད་
ཀྱི་ནང་མེད་པ། །དེ་ནི་བདག་གི་རང་བཟོ་མིན། །འདི་བྱས་བསོད་ནམས་རྙེད་པ་གང་། །སེམས་ཅན་ཀུན་གྱིས་ཐོབ་པར་ཤོག །དཔལ་ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ལོངས་སྤྱོད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཤྲཱི་གུཔྟ་ཉིད་
དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་པཱ་པཾ་ཤུདྡྷ་ཨགྣི་པཱུ་ཛནཱ་མ་ས་མཱ་དྷི། བོད་སྐད་དུ། སྡིག་པ་ཐམས་ཅད་འདག་པའི་མེའི་མཆོད་པའི་ཏིང་ངེ་འཛིན་ཞེས་བྱ་བ། །

དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མ་ཧཱ་མུ་དྲ་ཏི་ལ་ལས། །བྱུང་བའི་ཁང་པ་བརྩེགས་མ་རུ། །སྙིང་རྗེ་བྱང་ཆུབ་སེམས་ལྡན་པས། །བདུད་རྩི་ལྔ་ཡིས་ཁྲུས་བྱས་ཏེ། །སྔགས་ནི་བྱེ་བ་བཟླས་པར་བྱ། །ཨོཾ་བཛྲ་ན་ལ་ཀ་མྲེ་ཏ་མ་ལ་ན་དྷེ་རོ་ཏེ་ད་ར་རོ་རོ་ག་སྭཱ་ཧཱ། རྫོགས་
དང་རྣལ་འབྱོར་མ་འདུས་ནས། །བདག་ལ་ལུང་རྩོལ་སྦྱིན་བྱེད་མ། །བཅུ་དྲུག་ལོན་པའི་མཚན་བཟང་མོ། །སི་ལ་ག་པུར་མང་ཡོད་པ། །ཀྱེ་བུ་འདི་ཁྱེར་སྦྱོར་བ་གྱིས། །ལུང་སྟོན་ཐོབ་པའི་བུ་མོ་ལ། །དབང་བསྐུར་རྩ་བའི་རྒྱུ་འབྲས་བཤད། །ཤིན་ཏུ་དབེན་པའི་གནས་དག་ཏུ། །
ནྱ་གྲོ་དྷ་ལ་ལ་བཞུགས་ཏེ། །རྟོག་པའི་ཁམས་ལ་རྣལ་འབྱོར་བྱ། །དུས་ཀྱང་ངལ་སོ་མཉམ་པར་གཟུང་། །རྡུལ་གྱིས་མེ་སྤར་དངོས་པོ་སྦྱར། །ཡམ་ཤིང་མེ་སྤར་དཀྱིལ་འཁོར་གསལ། །སྲེག་རྫས་པདྨའི་མར་གཞུ་སྟེ། །དགང་གཟར་ཧཾ་ལས་རྡོ་རྗེ་དགང་། །ཧོཾ་ཁུང་ཕྱི་རོལ་འཛག་
མི་བྱ། །རེག་བྱ་མེད་པའི་མཆོད་པ་ཡིས། །རང་བཞིན་དཀྱིལ་འཁོར་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་དང་མཁའ་འགྲོའང་མཉེས། །ཉ་ལ་ཐུག་ནས་གཤེགས་སུ་གསོལ། །བསམ་པ་ཐམས་ཅད་འགྲུབ་པ་དང་། །ཆོས་སྐུ་ཐོབ་པར་ཐེ་ཚོམ་མེད། །མར་མེ་རྫས་རྙེད་ཇི་བཞིན་དུ། །དུས་
ཐམས་ཅད་དུ་མི་གནས་པའོ། །ལུས་ནི་ནན་ཏན་གང་བྱེད་པ། །རྫོགས་པའི་རྣལ་འབྱོར་ཡིན་ཞེས་བྱའོ། །སྦྱིན་སྲེག་གསང་བའི་མན་ངག་རིན་ཆེན་རྡོ་རྗེ་དཔལ་གྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨཱ་ནནྡ་པུཥྤ་མཱ་ལཱ། བོད་སྐད་དུ། དཔལ་དགའ་བའི་མེ་
ཏོག་གི་ཕྲེང་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྐྱེད་ཚལ་ཡེ་ཤེས་ཐིག་དཔལ་ལས། །གསང་མཆོད་དོན་གྱི་རྒྱུ་ཡི་ཕྱིར། །དགའ་བ་ཡི་ནི་མེ་ཏོག་ཕྲེང་། །ཡེ་ཤེས་མཁའ་འགྲོ་ལ་འདུད་བྱའོ། །བདེ་བར་གཤེགས་པ་ཀུན་གྱི་ཡེ་ཤེས་ཆེན་པོ་ཤིན་ཏུ་ཟབ་པའི་གསང་བ་
རྨད་དུ་བྱུང་བའི། དཔལ་ཨཽཌྱན་པའི་རྡོ་རྗེ་གནས་ཆེན་པོའི་གཙོ་མོ་དཔལ་ལྡན་ཡན་ལག་རབ་མའི་ཞབས་ཀྱི་པདྨའི་བཀའ་དྲིན་གྱིས། གང་ཞིག་ཡོངས་སུ་ཤེས་པ་དེ་ནི་སློབ་མ་དམ་པའི་ཚོགས་ཀྱིས་དགའ་བ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་ལ་གནས་ནས། འགྲོ་བའི་གཏམ་

བསྟན་པར་བྱའོ། །དང་པོ་རེ་ཞིག་ཆུ་ངོགས་ཆེན་པོར་ཉེ་བར་འདུག་ནས། བདུད་རྩི་ལྔ་ལ་སོགས་པ་གསོལ་ཏེ། བརྟུལ་ཞུགས་ཆེན་པོའི་སྤྱོད་པ་བྱའོ། །བརྟུལ་ཞུགས་ཆེན་པོའི་དུས་སུ་གྲོང་བའི་ཆོས་ཀུན་བརྟགས་དང་། གཞན་དབང་དུ་འཛིན་པ་སྤང་བར་བྱའོ། །
ཚངས་པའི་སྤྱོད་པར་གྱུར་པས་འདོད་པ་ལྔ་བཟའ་བར་བྱའོ། །གཉིས་སུ་མེད་པའི་སེམས་ཀྱིས་སུ། །དེ་ནི་ཇི་ལྟར་འདོད་པ་བསྙེན། །ཞེས་ལུང་ངོ་། །དེ་ནི་ཚངས་པའི་སྤྱོད་པའོ། །ཐིག་ལེ་དང་ཚུལ་གྱི་ངོགས་གཉིས་ཀྱི་བར་དུ། རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་སེམས་རིན་ཆེན་གྱི་ནང་དུ་སླེབས་
པ་ལྟ་བ་ཆེན་པོས་བལྟ་བར་བྱ་ཞེས་མན་ངག་གོ། །ཡང་ན་ཆུ་ངོགས་ཆེན་པོའི་རྩ་བའི་བསྐྱེད་པའི་གནས་སུ་བཞུགས་ཏེ་ཐིག་ལེས་ཚུལ་ཕུག་ནས་ཐམས་ཅད་ཁྱབ་པར་བྱེད་པ་ཆར་ཡང་ཆེན་པོར་འཇུག་པར་བྱའོ། །དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས། ཤེས་རབ་མཁའ་འགྲོ་
ལ་མཆོད་པའི་དོན་གྱིས་གནས་དང་། བདུད་རྩི་ལྔ་བཟའ་བ་དང་བརྟུལ་ཞུགས་ཆེན་པོའི་སྤྱོད་པ་དང་། འདོད་པ་ལྔ་བསྟེན་པ་དང་། ཐིག་ཚུལ་ལ་སོགས་པའི་རིམ་པས་བཞག་པ་དང་། ཆར་ཡང་ཆེན་པོའི་འཇུག་པ་བསྟན་པ་ཞེས་བྱ་བ་སྟེ་དང་པོའོ།། །།དེ་ནས་གཞན་ཡང་
དཔལ་ཡེ་ཤེས་མཁའ་འགྲོ་ལ་མཆོད་པའི་དོན་དུ་དབང་བསྐུར་བ་བསྟན་པར་བྱའོ། །ཆུ་དང་དབུ་རྒྱན་དང་རྡོ་རྗེ་ལ་སོགས་པ་བཅུ་གཅིག་གི་དབྱེ་བས་དགའ་བ་བཅུ་གཅིག་དང་ལྡན་པའོ། །དང་པོའི་རྩ་བའི་གནས་སུ་གཙུག་ཏོར་རིན་པོ་ཆེའི་གཡས་གཡོན་ཟླ་བ་ཉི་མ་ཤར་བའི་
དུས་སུ་རྐན་གྱི་ནང་དུ་རོ་མ་འཇུག་པ་སླེབས་པས་རྩ་བཞི་ཉེ་བར་རྙེད་པའི་རོ་མྱང་བ་ལས་འདར་བ་ལ་སོགས་པའི་རོ་ཐོབ་པའི་ཆུའི་དབང་བསྐུར་སྦྱིན་པར་བྱའོ། །དེ་ནི་ཤིན་ཏུ་ཀུན་དགའ་བའི་མཆོག་གསེར་ལས་གྲུབ་པའི་ཆོས་ཀྱི་དབྱིངས་ཀྱི་རྣམ་པའི་བུམ་པ་འབྲུ་དང་། འབྲས་
བུ་དང་། ཁ་རྒྱན་དང་། ཞོ་དང་། སྦྲང་རྩི་དང་། དར་ལ་སོགས་པ་དང་ལྡན་པ་བྱའོ། །དབང་བསྐུར་བའི་དུས་སུ་རོལ་མོ་སྣ་ཚོགས་གར་དང་གླུ་དང་མཆོད་སྦྱིན་དང་། གདུགས་དང་རྒྱལ་མཚན་དང་། འཕན་ལ་སོགས་པའི་གཟུགས་སྣ་ཚོགས་དང་། དྲི་ཞིམ་པོའི་མེ་ཏོག་

ཆེན་པོ་བཀོད་ཅིང་ཆལ་པར་བཀྲམ་པ་དང་། སྤོས་ཆེན་པོ་སྣ་ཚོགས་ཀྱི་དྲི་དུ་མའི་རོས་ཉེ་བར་གྲུབ་པར་བྱས་པ་གཟུགས་སྣ་ཚོགས་ཀྱི་མཆོད་སྦྱིན་སེམས་ཅན་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ་དེའི་དམ་ཚིག་གིས་དུས་སུ་དབུལ་བར་བྱའོ། །དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས།
དགའ་བ་བཅུ་གཅིག་གི་བདག་ཉིད་དང་ལྡན་པ། འདར་བའི་རོ་ལ་སོགས་པའི་འབྲས་བུའི་མཆོད་པ་དང་བཅས་པའི་ཆུའི་དབང་བསྐུར་གྱི་དོན་བསྟན་པ་ཞེས་བྱ་བ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའ་འགྲོ་ལ་མཆོད་པའི་དོན་དུ་སྔགས་ཀྱི་དབང་བསྐུར་བ་
སྟོན་ཏེ། ཀ་བ་གཅིག་པ་སྒོ་དགུ་པ། །མཚན་དང་དཔེ་བྱད་དང་ལྡན་པ། །དེའི་སྙིང་གའི་ནམ་མཁའི་དཀྱིལ་གྱི་གནས་སུ་པདྨ་འདབ་མ་བརྒྱད་པ་དག་པ་ཆུ་ཤིང་གི་མེ་ཏོག་ལྟ་བུའི་དངོས་པོ། ཁ་སྦུབ་སྡོང་བུ་དང་བཅས་པ། །ཡི་གེ་རབ་མཆོག་གི་ནི་གནས། །དེའི་ལྟེ་བའི་དབུས་ན་
བཞུགས་པ། དེ་ནི་འཇུག་པ་དང་གནས་པ་དང་འགྲོ་བའི་གནས་གསུམ་དུ་འགྲོ་བ་དང་འོང་བར་བྱེད་དོ། །བཞི་པའི་གནས་སུའམ། དང་པོའི་གནས་རང་བཞིན་གྱིས་སྐབས་སུ་རང་དབང་དུ་བཞུགས་སོ། །དང་པོའི་གནས་སུ་འཁྱུག་པའི་གདུ་བུའི་རྣམ་པ་བཞིན་ནམ་མཁའི་རང་གི་དགའ་
བའི་དུས་སུ་འདོན་ནོ། །དབུས་ཀྱི་གནས་སུ་གསལ་བྱེད་དང་བཅས་པ་རྟོག་མེད་འོད་ཀྱི་བདག་ཉིད་དགའ་བའི་དུས་སུ་འབྱུང་ངོ་། །མཐའ་མའི་གནས་སུ་ཤིན་ཏུ་དབྱངས་ལས་གྲུབ་པ་སྐྱེ་འཇིག་བྱེད་པ་ཆད་པའི་དགའ་བའི་དུས་སུ་འབྱུང་ངོ་། །བཞི་པའི་གནས་སུ་དབྱངས་དང་གསལ་བྱེད་དང་
དགའ་བ་དང་། སྐད་ཅིག་དང་པོ་དང་རྒྱུ་ལ་སོགས་པ་དང་བྲལ་བ་དང་། བརྗོད་དུ་མེད་པ་རང་རིག་པ་རླབས་མེད་པའི་རྣམ་པའི་ངོ་བོའི་ཐིག་ལེ་དང་། ཚུལ་ལ་སོགས་པ་དང་། རྩ་བའི་ཀུན་སྤྱོད་དང་། རྒྱུ་དང་འབྲས་བུ་ལ་སོགས་པ་དང་། ཕྲ་བ་ལ་སོགས་པ་དང་། སྲིད་པ་དང་མྱ་ངན་ལས་
འདས་པ་དང་། འཁོར་ལོ་དང་། ཡེ་ཤེས་དང་། རྒྱུད་དང་། སྔགས་དང་། རིམ་པ་དང་། བསྟན་བཅོས་དང་། སྒྲོན་མ་དང་། སྤྱོད་པ་དང་། བརྟུལ་ཞུགས་དང་། ལོངས་སྤྱོད་དང་། རླག་པ་དང་། དབང་དང་། རྟོག་པའི་བྱ་བ་དང་། གནས་དང་ཉེ་བའི་གནས་ལ་སོགས་པ་དང་། རབ་

ཏུ་སྦྱོར་བ་ལ་སོགས་པ་དང་། ཤར་བ་དང་། ནུབ་པ་དང་། དུས་དང་། དུས་ཚོད་དང་། སྐབས་ལ་སོགས་པ་དང་། ཐོག་མ་དང་། བར་དང་། མཐར་དང་། བཟླས་པ་དང་། མཆོད་སྦྱིན་དང་། སྦྱིན་སྲེག་དང་། རྟག་པ་དང་། མི་རྟག་པ་དང་། སྟོང་པ་དང་། མཐའ་མེད་
འོད་ཀྱི་ངོ་བོ་ལ་སོགས་པ་དང་བྲལ་བ་དེ་ནི་ཡི་གེ་མཆོག་གི་གནས་ཞེས་པའོ། །དེ་ཡང་རྐན་མཆུའི་འཕར་མ་ཚིགས་རྒྱས་པའི་སྒོ་འགོག་པ་བྱས་ཏེ། བདེ་བ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་རྡོ་རྗེའི་བུ་མོ་བླངས་ཏེ་མཆོག་གི་ཡི་གེའི་སྔགས་བརྗོད་པར་བྱའོ། །པད་མཉམ་འཕར་མ་སྦྱོར་བ་ཡི། །
རྡོ་རྗེ་ཡེ་ཤེས་སྟོབས་ཀྱིས་ཀྱང་། །ཧཱུཾ་ཕཊ་ཀྱིས་ནི་མཉམ་སྦྱོར་ལས། །མངོན་པར་དགའ་བ་འབྱུང་བར་འགྱུར། །རྡོ་རྗེ་གཞོན་ནུ་མ་མཉམ་པར་ལྡན་པའི་མཆོག་གི་ཡི་གེའི་སྔགས་བརྗོད་པའི་དུས་སུ་དམ་ཚིག་ཆེན་པོའི་མཆོད་པ་བྱས་ནས། བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་
མདུད་པའི་ནང་ན་ཡོད་པ་རྟོག་མེད་མའི་སྙིང་གར་འགྲོ་བ་རླབས་དང་བྲལ་བའི་རྣམ་པ་རང་གི་སེམས་ཀྱིས་ཚོར་བར་བྱས་ནས་བདུད་རྩིའི་མཆོད་སྦྱིན་དབུལ་བར་བྱའོ། །དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས། ཀ་བ་གཅིག་དང་། སྒོ་དགུ་དང་། མཆོག་གི་ཡི་གེའི་སྔགས་ཀྱི་བརྗོད་པ་དང་།
གནས་གསུམ་གྱི་དོན་དང་། བདུད་རྩིའི་མཆོད་སྦྱིན་དབུལ་བའི་དོན་བསྟན་པ་ཞེས་བྱ་བ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའ་འགྲོ་ལ་མཆོད་པའི་དོན་དུ་ཡེ་ཤེས་ཀྱི་དབང་བསྐུར་བ་བསྟན་ཏེ། བོ་ལ་ཀཀྐོ་ལ་གཉིས་སུ་མེད་པར་སྦྱོར་བའི་རོ་ལས་བདེ་བ་ཆེན་པོའི་
དགའ་བས་མྱོས་པའི་ནང་གི་རེག་བྱ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་སྦྱོར་བས་ཀུན་མྱོས་ནས། དེ་དག་ཉིད་ཕྱིའི་རེག་བྱའི་བདག་ཉིད་ཀྱི་ཤེས་རབ་ཆུའི་གཏེར་བཞིན་དུ། དབུས་ནས་རླབས་པའི་རྣམ་པས་ཡེ་ཤེས་ཀྱི་དབང་བསྐུར་བ་རྫོགས་པར་བྱས་ནས། །རང་གི་གནས་སུ་ཕྱིས་རབ་ཏུ་ཐིམ་མོ། །དེ་ཡང་
ཤེས་རབ་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་འཁོར་ལོའི་ནང་ན་ཡོད་པ་བདེ་བ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་སྒོ་དགུའི་བདག་ཉིད་ཀྱི་སྐུའི་འཁོར་ལོ་དྲུག་གི་ནང་དུ་ཆར་ཡང་དྲུག་གི་ཡེ་ཤེས་སྣང་བར་བྱེད་པ། སྲིད་པ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་རང་བཞིན་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་

བའི་ནང་དུ་གནས་པར་རང་གི་ཚོགས་ཀྱི་འཁོར་ལོའི་དབུས་སུ་འཁོར་ལོས་སྒྱུར་བའི་རྒྱལ་ཐབས་བྱེད་དོ། །སྣ་ཚོགས་པདྨ་ཁ་སྦུབ་ཤིན་ཏུ་འཛུམ་པ་ཡང་མ་ཡིན། རབ་ཏུ་རྒྱས་པ་ཡང་མ་ཡིན་པ་སྡོང་བུ་དང་ལྡན་པ་གཞོན་ནུས་ཆོས་ཀྱི་འཁོར་ལོའི་ཐིག་ལེའི་གདན་ཞེས་བྱའོ། །བི་རཾ་བྷཱུ་ཏིའི་
ཞལ་སྔ་ནས་ཚུལ་གྱི་རང་བཞིན་དེ་ནི་ཤེས་རབ་ཆར་ཡང་བདག་ཉིད་ལྟེ་བར་དགའ་བས་གྲུབ་པའི་པདྨ་ཞེས་བཤད་དོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ལས། བཅོམ་ལྡན་འདས་ཀྱི་གང་ཞིག་ཐིག་ལེ་དང་ཚུལ་དང་། ཆར་ཡང་དང་། དགའ་བ་དེ་ནི་རྩ་བཞིས་འཇུག་པ་དང་། གནས་
པ་དང་འགྲོ་བར་བྱེད་པ་གསུམ་སྟོན་ཅིག་ཅེས་གསུངས་སོ། །སྲོག་གི་རྩའི་ནང་ནས་འགྲོ་བ་གསུམ་འཇུག་པ་དང་གནས་པ་དང་འགྲོ་བར་བྱེད་པ་ཞེས་དཔལ་གྲུབ་པའི་བླ་མའི་ཞབས་ཀྱི་པདྨའི་ཞལ་ནས་ཐོས་ཏེ་འདིར་བསྟན་ཏོ། །ལུང་ལས་གསུང་གི་བདག་ཉིད་རྟོག་མེད་ཐོག་མ་དང་ཐ་མ་
དང་དབུས་སུ་སྐུ་གསུང་ཐུགས་ཀྱི་རང་གི་ངོ་བོ་སྦོམ་པ་ཉིད་དོ་ཞེས་གསུངས་སོ། །ཐོག་མ་དང་ཐ་མ་དང་དབུས་ནི་སྐུ་གསུང་ཐུགས་དགའ་བ་གསུམ་དང་བྲལ་བ་ཕྲ་བ་ཏོ་ར་ཡ་ཞེས་བྱ་བའི་མན་ངག་གོ། །དཔེའི་སློབ་དཔོན་ནི་དེ་ཡང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་འཁོར་ལོའི་དབུས་སུ།
གནས་བྱེད་པ་དཔལ་རིག་མའི་ཐོག་མའི་གནས་སུ་ཆུ་སྐྱེས་ཀྱི་ལྟེ་བའི་དབུས་སུ་ཕྲ་མའི་རྣམ་པ་ཞེས་འཆད་དོ། །དཔལ་བཛྲ་བྷཱུ་ཏིའི་ཞལ་སྔ་ནས། དབུས་ཀྱི་པདྨ་སྦོམ་པོའི་རྣམ་པའོ། །ཐ་མའི་གནས་དག་གཉིས་ལ་ཕྲ་བ་ཞེས་བྱ་བ་བདག་ཉིད་ཀྱི་ཡེ་ཤེས་ཀྱི་གནས་ཉེ་བའི་ལྟ་བ་ཞེས་
བཤད་དོ། །རང་རིག་པ་རྨད་དུ་བྱུང་བ་དྲི་མ་མེད་པ་ནམ་མཁའ་བཞིན་དུ་གཉིས་སུ་མེད་པའི་ཤེས་རབ་དང་ཐབས་ཀྱི་རང་གི་ངོ་བོ་ལས་དོན་དེ་ནི་ཏོ་ར་ཡའི་མན་ངག་གོ། །ཕྲ་མོའི་མན་ངག་རབ་ཏུ་ཤེས་པའི་ཤེས་རབ་དགའ་བ་བསྐྱེད་པ་ཤིན་ཏུ་མཚན་དང་ལྡན་པ། དང་པོར་བླ་མས་བྱིན་གྱིས་
བརླབས་ཏེ། མཆོད་པ་དང་དྲི་མ་མེད་པ་དང་། བློ་གྲོས་ཀྱི་སྐུ་སྐྱེས་བུའི་ལག་པའི་པདྨར་བྱིན་ནས་ཤེས་རབ་དང་། ཐབས་གཉིས་ཀྱི་ལག་པ་བཟུང་སྟེ། སངས་རྒྱས་རིན་པོ་ཆེའི་སྣོད་ཀྱི་བྱ་གདོང་ལ་སོགས་པའི་གནས་བལྟ་ཞིང་འགྲོ་བའི་ཚིག་སྦྱིན་པའི་ཕྱིར་ཡེ་ཤེས་ཀྱི་དབང་བསྐུར་རོ། །

དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས། གཉིས་ཀྱི་དབྱེ་བའི་རྣམ་པའི་ཤེས་རབ་བསྟན་པ་དང་། རྩ་བཞིའི་རྟགས་རབ་ཏུ་བལྟ་བ་དང་། འཇུག་པ་དང་གནས་པ་དང་། འགྲོ་བ་སྦོམ་པ་དང་། ཕྲ་བའི་གནས་བལྟ་བ་དང་། ཤེས་རབ་ཐབས་གཉིས་སུ་མེད་པའི་གཞུང་དང་། བྱ་གདོང་ལ་
སོགས་པའི་གནས་བསྟན་པ་ཞེས་བྱ་བ་སྟེ་བཞི་པའོ།། །།དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའ་འགྲོ་ལ་མཆོད་པའི་དོན་དུ་དོན་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་བཤད་དེ། རྟོག་པ་ཀུན་གྱི་དྲ་བའི་ཕྱིའི་རྣམ་པ་སྤངས་ནས་ནང་གི་རེག་བྱ་འཇམ་པའི་ཤེས་རབ་མཆོག་གི་འོད་ཀྱི་ངོ་བོ་ཅན་དེ་དང་ལྷན་ཅིག་
གཉིས་སུ་མེད་པའི་སྦྱོར་བས་གཉིས་སུ་མེད་པའི་ཡེ་ཤེས་བདག་ཉིད་མཆོག་གི་དགའ་བ་བདེ་བ་ཆེན་པོ་ཀུན་དུ་སྤྱོད་ནས་དེ་ཁོ་ན་ཉིད་ཀྱི་བདག་ཉིད་དུ་འགྱུར་རོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་དཔལ་རཏྣ་བྷཱུ་ཏིའི་ཞལ་སྔ་ནས་ཡེ་ཤེས་ཆེན་པོའི་དེ་ཁོ་ན་ཉིད་འབྲས་བུའོ་ཞེས་བཤད་དོ། །ཡེ་ཤེས་
ཀྱི་རྟེན་བརྟེན་པ་དང་གནས་དང་བྱེ་བྲག་དང་། དགའ་བ་ལ་སོགས་པ་དང་། རྒྱུ་དང་འབྲས་བུ་དང་ངེས་པར་བསྟན་པ་དང་། བསམ་གཏན་ལ་སོགས་པ་དང་སྦྱོར་བ་ཡོད་དོ། །ཤེས་རབ་དང་ཐབས་གཉིས་གཉིས་སུ་མེད་པའི་སྦྱོར་བས་ཡེ་ཤེས་ཆེན་པོའི་འབྱུང་བའི་དུས་སུ། བླ་མའི་མན་ངག་
ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ལ་རེག་པ་དང་། རྡོ་རྗེ་རིན་པོ་ཆེའི་དཀྱིལ་དུ་བདེ་བ་ཆེན་པོ་བརྟེན་པར་བྱེད་པ་ཞེས་བྱ་བ་དེ་ནི་མན་ངག་གོ། །ཡེ་ཤེས་ཀྱི་ས་ལ་མངོན་པར་ཞེན་པའི་ཡིད་ལ་རྟགས་བརྒྱད་རབ་ཏུ་འབྱུང་བར་འགྱུར་རོ། །རྟགས་ཡོངས་སུ་གྲུབ་པས་གནས་གསུམ་ཡོད་པའི་ཉམས་སུ་མྱོང་
བ་བླ་མའི་ལྟ་བས་ཡིན་ནའང་། དེ་ལྟ་མོད་ཀྱི་སྐྱེ་བ་མེད་པའི་སྣང་བ་གསལ་བའོ། །ད་ནི་མཆོག་གི་རྨད་དུ་བྱུང་བ་བདེ་བ་ཆེན་པོ་རང་གིས་ཉམས་སུ་མྱོང་བ་དགའ་བ་མཛེས་པ། བརྗོད་དུ་མེད་པ་ཡི་གེ་དང་བྲལ་བ། མི་ཟད་པ། དཔྱོད་པས་མི་རྙེད་པ། མི་རྟོག་པ། ཤིན་ཏུ་ལྐོག་ཏུ་གྱུར་པ།
དབང་པོས་བལྟར་མེད་པ། མཐའ་མེད་པ། གཏིང་དཔག་དཀའ་བ། ཟབ་པ། ཚད་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པ། ནམ་མཁའ་དང་འདྲ་བ། ཆོས་ཐམས་ཅད་ཀྱིས་གོས་པ་མེད་པ། རང་བཞིན་གྱིས་འོད་རབ་དེ་ནི་ཁོ་ན་ཉིད་ཅེས་བྱའོ། །དཔལ་དགའ་བའི་མེ་ཏོག་

གི་ཕྲེང་བ་ལས། ཡེ་ཤེས་ཆེན་པོ་བསྟན་པ་དང་། བདེ་བ་ཆེན་པོ་བརྟན་པར་བྱེད་པ་དང་། དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཀྱི་འབྲས་བུའི་དོན་བསྟན་པ་ཞེས་བྱ་བ་སྟེ་ལྔ་པའོ།། །།དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའ་འགྲོ་ལ་མཆོད་པའི་དོན་དུ་མཆོད་པའི་ཆོ་ག་བཤད་དེ། དང་པོར་རེ་ཞིག་སློབ་དཔོན་
སྔགས་དང་། རྒྱུད་དང་། དབང་བསྐུར་བ་དང་། མན་ངག་ལ་མཁས་པ་རང་གི་ཡོན་ཏན་དང་ལྡན་པའི་ཤེས་རབ་དང་ལྷན་ཅིག་དཀྱིལ་འཁོར་གྱི་གནས་ཀྱི་སྙིང་པོར་འཇུག་ན་ཐིག་ལེ་དང་། ཚུལ་དང་། ཆར་ཡང་དང་། དགའ་བ་ཆེན་པོ་དང་། བཞིའི་བདག་ཉིད་ཀྱི་གྲུ་བཞི་པའི་དཀྱིལ་འཁོར་
གྱི་དབུས་སུ་རྒྱུད་ལས་གསུངས་པའི་ཆོ་གས་ཐིག་གདབ་པ་ལ་སོགས་པ་བྱའོ། །དཀྱིལ་འཁོར་སྐུ་ནི་ཞེས་པར་བརྗོད། །དཀྱིལ་འཁོར་བྷ་ག་ཡིན་པར་བཤད། །དཀྱིལ་འཁོར་བྱང་ཆུབ་ཀྱི་ནི་སེམས། །དཀྱིལ་འཁོར་གསུམ་དུ་རྟོགས་པའོ། །དེ་ལྟར་ཤེས་པའི་མན་ངག་གིས་ཕྱི་དང་
ནང་གི་རིམ་པས་སྤྱད་པར་བྱའོ། །ཧཱུཾ་ལས་བྱུང་བའི་རྡོ་རྗེ་གུར་ཆེན་པོའི་རྡོ་རྗེ་ར་བ་ལ་སོགས་པ་དང་ལྡན་པ། འབྱུང་བ་ཆེན་པོ་བཞི་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་དུར་ཁྲོད་བརྒྱད་དང་ལྡན་པ། རྡོ་རྗེའི་གནས་ཆེན་པོ་རྨད་དུ་བྱུང་བ་ཞེས་བྱའོ། །མི་བཟད་མི་སྡུག་ཅེ་སྤྱང་ཚོགས་དྲག་པོ། །
འཇིགས་རུང་ཤ་ཟའི་ཁ་དང་ཧ་ཧར་དགོད། །ནག་པོའི་མེ་དང་དེ་ནས་འཇིགས་བྱེད་བརྒྱད། །ཤིང་སོགས་དང་ལྡན་རྨད་བྱུང་འཇིགས་བྱེད་བསྟོད། །མེ་ཏོག་མིག་རྫི་ནཱ་ག་གེ་སར་དཔལ། །པ་ཏྲ་པ་ལ་ཤ་ར་ཁཪྴ་མི། །དཔའ་བོ་དུ་མ་རྣལ་འབྱོར་མ་ཚོགས་ཀྱིས། །དཔལ་དང་ལྡན་
པ་དུར་ཁྲོད་རྒྱལ་པོ་ཤིན་ཏུ་མཛེས། །ལུང་ལས་ཡི་དགས་སྲེག་པའི་དུས་སུ་དུར་ཁྲོད་ཀུན་ལ་རྔམ་པ་འབྱུང་བར་འགྱུར་རོ། །རྔམ་པའི་སྐབས་སུ་ཤིང་ཀུན་ལས་མེ་ཏོག་དང་འབྲས་བུ་དང་ཡལ་ག་འཕེལ་བར་འབྱུང་བར་འགྱུར་རོ། །དུར་ཁྲོད་ལ་དབང་བྱེད་པ་ཤིང་ཁ་ན་དཔའ་བོ་ཀུན་གནས་སོ་
ཞེས་གསུངས་སོ། །དཔའ་བོ་ཀུན་སྣ་ཚོགས་པའི་གཟུགས་འཛིན་པ། བྱི་ལ་དང་། བྱ་རྒོད་དང་། ཉི་མས་འཇིགས་པ་དང་། སྟག་དང་། གླང་ཆེན་བགྲད་དང་། ཅེ་སྤྱང་དང་། ཁྱི་དང་། རྟ་དང་བརྒྱད་ནི་ཧ་ཧར་དགོད་ཆེན་པོར་རྗོད་པར་བྱེད་པ། མཆེ་བ་འཇིགས་པར་བགྲད་པ་ཞལ་གསུམ་

པ། སྤྱན་གསུམ་པ་ཕྱག་བཞི་པ་རྩ་བའི་ཕྱག་གཉིས་པོས་ཤ་ཆེན་པོའི་མགོ་བོ་ལ་སོགས་པ་ཟ་བར་བྱེད་པ། ཕྱག་གཞན་གཉིས་ན་ཞགས་པ་དང་། ལྕགས་ཀྱུ་དང་། གཡས་དང་གཡོན་པའི་ཞལ་བྱ་རོག་དང་། ཕག་དང་། རྟ་དང་། གླང་ཆེན་དང་། དོམ་དང་།
ནེའུ་ལེ་དང་། ཉ་དང་། ཆུ་སྲིན་དང་། བྱ་ཁྱུང་དང་། ཤ་ར་བ་དང་། ཁྲུང་ཁྲུང་དང་། སྦྲུལ་དང་། རྨ་བྱ་དང་། སྤྱོད་མར་དང་། ཕྱི་བ་དང་། འབྱུང་པོ་ཁ་ཅིག་ནི་གཟུགས་སྣ་ཚོགས་པ་ཞེས་བྱའོ། །བྱི་ལ་ལ་སོགས་པ་རང་རང་གི་བྱད་གཟུགས་ཞལ་གཉིས་པོ་ཤིང་གི་འོག་ན་ཕན་
ཚུན་ཤིན་ཏུ་ཁྲོ་བས་ཤ་ཆེན་པོ་ལ་རྟོད་པ། འཇིགས་པའི་བྱད་ཁས་ཁེངས་པ། གྱེན་དུ་ཅེ་སྤྱང་གི་སྒྲ་སྒྲོགས་པའོ། །ལུང་ལས་ཕྱོགས་དང་མཚམས་བྱེ་བྲག་ཏུ་འཇིག་རྟེན་སྐྱོང་བ་བརྒྱད་ཕྱག་བཞི་པ་རང་གི་སྟན་སྟེང་ན་རང་གི་ཡན་ལག་མ་དང་ལྡན་པ། རུས་པའི་རྒྱན་ལ་སོགས་
པས་བརྒྱན་པ། བཅོམ་ལྡན་འདས་ལ་ལྟ་བར་བྱེད་པ། ཕྱག་གི་སྙིམ་པ་ཅོད་པན་དུ་བཅིངས་ནས་འདུད་པ་ཁོ་ནའོ་ཞེས་གསུངས་སོ། །གཞན་ཡང་དཔའ་བོ་ཆེན་པོ་དང་པོའི་གྲུབ་པ་བྱང་ཆུབ་སེམས་དཔའ་ཆེན་པོ་དུར་ཁྲོད་ཆེན་པོའི་དབུས་སུ་ཨུཏྤལ་སྔོན་པོའི་མདོག་ཤེས་
རབ་ཡན་ལག་མ་དང་སྦྱར་བ་ལས་མཆོག་གི་དགའ་བས་མཛེས་པ་ཞལ་བཞི་པ་ཕྱག་བཞི་པ་སྤྱན་གསུམ་པ། སྣ་ཚོགས་རྡོ་རྗེ་དང་པདྨ་ལ་བཞུགས་པ། མེའི་དཀྱིལ་འཁོར་ན་གནས་པ། འཇིགས་བྱེད་ཆེན་པོའི་གདན་གྱི་སྟེང་ན་རྒྱལ་པོའི་བཞུགས་ཐབས་ཀྱིས་ཟླ་བ་དང་ཉི་མ་ཞབས་
ཀྱིས་གནན་པ། རྡོ་རྗེ་དང་དྲིལ་བུ་དང་རྔེའུ་ཆུང་དང་ཐོད་པ་བསྣམས་པ། ཕྱག་རྒྱ་ལྔས་ཡན་ལག་བརྒྱན་པ། མི་བསྐྱོད་པ་ལ་སོགས་པའི་ཕྱག་རྒྱའི་ཕྲེང་བས་རལ་པའི་དབུ་རྒྱན་དར་གྱིས་བཅིངས་པ། ཤེས་རབ་མ་ཡང་སྐུ་མདོག་འདྲ་བ་ཞལ་གཅིག་སྤྱན་གསུམ་མ། ཕྱག་གཉིས་
པ་གྲི་གུག་དང་ཐོད་པ་བསྣམས་པ། རུས་པའི་རྒྱན་དང་ལྡན་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། སྐྲ་གྲོལ་བ་ཕྱོགས་ཀྱི་ན་བཟའ་ཅན། ནུ་མ་སྲ་བ་དང་མཐོ་བ། རྐེད་ཞེང་ལུས་ཕྲ་བའོ། །ཡང་ན་དཔའ་བོ་ཆེན་པོའི་གཟུགས་སྣ་ཚོགས་ཀྱི་ཞལ། གནག་པ་དང་། དཀར་

བ་དང་། དམར་བ་དང་། ནམ་མཁའི་ཁ་དོག་དང་ལྗང་གུ་དང་། པདྨའི་སྔོན་པོ་ལྟ་བུ་དང་། ཟླ་བ་དཀར་བ་དང་། དམར་ཆེན་དང་། ཨུཏྤ་ལ་སྔོན་པོ་དང་འདྲ་བ་དང་། གུར་ཀུམ་གྱི་མདོག་དང་། མིག་སྨན་དང་། དུ་བའི་མདོག་དང་། སྤྲིན་དང་། གསེར་འོད་དང་། ནག་སེར་དང་། སེར་
པོའི་གཟུགས་བྱའོ། །དཔའ་བོ་ཆེན་པོའི་ཡན་ལག་མ། ཟླ་མ་དང་། གཡོན་པ་མ་དང་། ཉི་མཉམ་མ་དང་། རླུང་ཟ་མ་དང་། བསིལ་སྦྱིན་མ་དང་། སྙིང་པོའི་འདབ་མ་དང་། བག་ཡོད་ཐོར་ཅོག་མ་དང་། ཉི་མ་འདུལ་མ་དང་། ཞི་བ་འཆི་བའི་ཕོ་ཉ་མ་དང་། ལྗང་བརྩོན་མ་དང་། འོད་
འདུན་མ་དང་། ཚངས་པའི་མ་དང་། ཁྱབ་འཇུག་གི་མ་དང་ཐོག་ཁ་མ་དང་། ཐམས་ཅད་སྐྱེད་བྱེད་མ་དང་། དཔའ་བོའི་ཡུམ་དང་གཉིས་སུ་མེད་པའི་སྦྱོར་བས་བདེ་བ་ཆེན་པོའི་དགའ་བས་དགྱེས་པའི་ཡིད་དང་ལྡན་པ། དཔའ་བོ་ཆེན་པོ་ཤིན་ཏུ་མཛེས་པ། དཔལ་ནམ་མཁའ་དྲི་མེད་
དང་། ཤིན་ཏུ་རྩལ་ཆེན་དང་། ལྷའི་དབང་ཕྱུག་དང་། གསང་བའི་བདག་པོ་དང་། འོད་དྲག་དང་། ཉི་དགྲ་དང་། མཆོག་དགའ་དང་། ཐམས་ཅད་ཀྱི་བྱེད་པ་པོ་དང་། ཨུཏྤ་ལའི་སྙིང་པོ་དང་། ཞི་བ་ཆེན་པོའི་བདག་པོ་དང་། ནག་པོ་འདུལ་བ་དང་། རྨད་འབྱུང་དཔའ་བོ་དང་། དྲེགས་ཆེན་
དང་། ནག་པོ་ཆེན་པོ་དྲག་འཇོམས་དང་། རི་རབ་བརྟན་པོ་དང་། ནམ་མཁའི་ཞལ་ཏེ་དགའ་བ་བཅུ་དྲུག་གིས་རྣམ་པར་དག་པས་དགའ་བ་ཆེན་པོ་མཐར་གྱི་དུས་སུ་རྟོག་མེད་མ་འབྱུང་བའི་རྔམ་པ་དང་བྲལ་བའི་ནང་གི་རེག་བྱའི་ཡེ་ཤེས་ཀྱི་སྐབས་སུ་རྒྱུ་མཐུན་པའི་འབྲས་བུ་ལས་སྟེང་གི་རླུང་གཡོ་བ་
མེད་པར་གྱུར་པས། ཐིག་ལེ་དང་ཚུལ་ནང་གི་རང་བཞིན་གྱི་རླུང་རང་གི་གནས་པ་ལས་གང་ཞིག་གློ་བུར་གྱི་རྔམ་པ་དེ་ལྟ་བུའི་བདག་ཉིད་ཀྱི་རྔམ་པའི་དུར་ཁྲོད་དུ་དཔའ་བོ་ཆེན་པོ་བཞུགས་སོ། །ལུང་ལས་སྤྲུལ་པ་དང་ཆོས་དང་ལོངས་སྤྱོད་དང་བདེ་བ་ཆེན་པོ་བཞི། འདབ་མ་བརྒྱད་ཀྱི་
པདྨའི་རྣམ་པ་གེ་སར་ལ་སོགས་པ་དང་བཅས་པའི་དབུས་སུ་གནས་གཅིག་དང་ལྡན་པའོ་ཞེས་གསུངས་སོ། །ལུང་ལས་དང་པོའི་གནས་ཆུ་སྐྱེས་ཀྱི་ཤར་གྱི་འདབ་མར་ཨཽ་ཌྱན་དུ་གཟུགས་ལྡན་མ། བྱང་དུ་ཛཱ་ལནྡྷ་རར་བུམ་ལྡན་མ། ནུབ་ཏུ་པུལླཱི་རར་བྱ་རོག་སྣ། ལྷོའི་འདབ་མར་ཀཱ་མ་

རཱུ་པར་དུ་མ། མེ་མཚམས་སུ་མཱ་ལཱ་བར་གླང་ཆེན་ཁ། སྲིན་པོའི་མཚམས་སུ་སིནྡྷུ་ར་དང་པོའི་སྟོབས་མའོ། །རླུང་མཚམས་སུ་ནཱ་གར་ལྟོག་མའོ། །དབང་ལྡན་མཚམས་སུ་སིངྒ་ལར་ལྕེ་རིས་མའོ། །དེ་དག་ནི་གནས་དང་ཉེ་བའི་གནས་ཤེས་རབ་དང་ཐབས་གཉིས་
སུ་མེད་པའི་སྦྱོར་བས་ཐམས་ཅད་ནང་གི་དགའ་བ་ཞེས་གསུངས་སོ། །དབུས་ཀྱི་གནས་ཀྱི་པདྨའི་ཤར་གྱི་འདབ་མར་མ་རུ་ནིར་ལོ་མ་རིང་། བྱང་དུ་དེ་ཝཱི་ཀོ་ཊཱིར་ལྟོ་བ་ཆེ། ནུབ་ཏུ་ཀོ་ལུ་ཏར་དྲི་ལྡན་མ། ལྷོར་ཨརྦུ་དར་དྲི་དོ་མ། མེའི་མཚམས་སུ་ཧ་རེ་ཀེ་ལ་བར་བསིལ་སྦྱིན་མ། སྲིན་པོའི་མཚམས་
སུ་ཀོ་ཏ་བར་འོད་མ། རླུང་མཚམས་སུ་ལམྦ་ཀར་དབྱངས་སྙན་མ། དབང་ལྡན་མཚམས་སུ་ཀཱཉྩི་ཀར་པུ་ལིང་ཏ་མ། དེ་དག་ནི་ཞིང་དང་ཉེ་བའི་ཞིང་དང་འདུན་པ་དང་ཉེ་བའི་འདུན་པའི་མཆོག་དགའོ། །ཐ་མའི་གནས་ཀྱི་པདྨའི་ཤར་གྱི་འདབ་མར་ལས་ཀྱི་གྲོང་དུ་ཨུཏྤ་ལའི་དྲི། བྱང་དུ་
གསེར་གླིང་དུ་པདྨའི་ཁྲི། ནུབ་ཏུ་ཀོང་ཀ་ནར་མཚོ་མེ་ཚིག་བྱེད། ལྷོར་བྷིན་དར་རྐང་རིང་། མེའི་མཚམས་སུ་ཡི་དགས་འདུས་པར་རུས་ལྡན་མ། སྲིན་པོའི་མཚམས་སུ་རྒྱ་མཚོའི་ངོས་སུ་ཆུ་སྲིན་མིག་མ། རླུང་གི་མཚམས་སུ་ཙ་རི་ཏྲར་ཉའི་ཁ། དབང་ལྡན་གྱི་མཚམས་སུ་གཞོན་
ནུའི་གྲོང་ཁྱེར་དུ་སྣ་ཚོགས་ཡན་ལག་མའོ། །དེ་དག་ནི་འདུས་པ་དང་ཉེ་བའི་འདུས་པ་དང་། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཚད་པའི་དགའ་བའོ། །བཞི་པའི་གནས་ཀྱི་པདྨའི་ཤར་དུ་ཀསྨ་རིར་ག་པུར་ལུས་མ། བྱང་དུ་ཀེ་ར་ཏར་རྨ་བྱའི་སྒྲོ་མ། ནུབ་ཏུ་ནེ་པ་ལེར་འདོད་མ། ལྷོར་ཀར་ནུ་ཟར་
དག་པའི་ལུས་མ། མེ་མཚམས་སུ་འཆི་མེད་གྲོང་ཁྱེར་དུ་སྒྲ་ལེགས་མ། སྲིན་པོའི་མཚམས་སུ་མི་ཡུལ་དུ་སྣ་ཚོགས་པདྨ། རླུང་གི་མཚམས་སུ་ས་འོག་ཏུ་འདོད་པའི་སྐེ་རགས་མ། །དབང་ལྡན་གྱི་མཚམས་སུ་རི་རབ་རྩེར་པདྨའི་ཞལ་ལོ། །དེ་དག་ནི་བྱི་ལ་དང་། སྦྱོར་བ་དང་། ཉེ་བའི་
སྦྱོར་བའི་རང་བཞིན་དགའ་བའོ། །དང་པོའི་ལྟེ་བར་ཤར་གྱི་ལུས་འཕགས་སུ་སྲོག་མ། དབུས་སུ་བྱང་གི་སྒྲ་མི་སྙན་དུ་ལ་ལ་ནཱ། ཐ་མའི་ནང་དུ་བ་ལང་སྤྱོད་དུ་ར་ས་ནཱ། བཞི་པའི་གནས་སུ་ལྷོའི་འཛམ་བུའི་གླིང་དུ་ཨ་བ་དྷཱུ་ཏཱིའོ། །ལུང་ལས་དཔའ་བོ་ཆེན་པོ་དང་བཅས་པར་ནང་གི་འཁོར་ལོའི་

རིམ་པའི་ཤེས་རབ་ཐབས་ཀྱི་རྣམ་པར་དག་པ་ཞེས་བལྟས་ཏེ། དེ་ནི་ལམ་དང་ཉེ་བའི་ལམ་མོ། །དུར་ཁྲོད་བརྒྱད་ཀྱི་ནང་དུ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བ་ལ་ཨཱ་ལི་ཀཱ་ལི་ཧཱུཾ་གི་ཡི་གེ་རྡོ་རྗེ་སེམས་དཔའི་རང་བཞིན་རང་གི་འོད་ཀྱི་རིག་མ་དང་གཉིས་སུ་མེད་པའི་སྦྱོར་བ། ཞལ་བཅུ་དྲུག་པ། ཕྱག་བཅུ་དྲུག་པ།
བདེ་བ་ཆེན་པོ་མངོན་པར་དགའ་བའི་རང་བཞིན་ཡེ་ཤེས་སེམས་དཔའ་དཀྱིལ་འཁོར་ལ་བཞུགས་ཞེས་བྱའོ། །དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུར་ཁྲོད་ལ་སོགས་པའི་གནས་ཀྱི་དོན་བསྟན་པ་ཞེས་བྱ་བ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་
དཔལ་ཡེ་ཤེས་མཁའ་འགྲོ་ལ་མཆོད་པའི་དོན་དུ་བསམ་གཏན་བསྟན་ཏེ། དཔའི་སློབ་དཔོན་ནི་ཀུན་རྫོབ་དང་དོན་དམ་པ་མི་སྤང་བའི་བྱ་བས་ཡེ་ཤེས་ཆེན་པོ་འབྱུང་བའི་ཕྱིར་སྟེང་གི་ཚིགས་རྒྱས་པའི་དོན་དུ་མན་ངག་ལས་སྒོ་གཞན་ཐམས་ཅད་འགོག་གི །ལུས་ལ་སོགས་པའི་སྡུག་
བསྔལ་གྱིས་མནན་པ་དེ་ལྟར་མ་ཡིན་ཞེས་འཆད་དོ། །དེའི་རྗེས་སུ་རྒྱལ་སྲས་མོ་བཞིན་དུ་རང་གིས་དབང་བསྐུར་བ་དང་སྲ་བ་དང་མཐོ་བའི་ནུ་མ་དང་། པདྨ་མཛེས་པ་དང་ཨུཏྤ་ལའི་འདབ་མ་རིང་བའི་སྤྱན་ཅན། ཙནྡན་རློན་པའི་དྲིས་ཁྱབ་པ། བླ་མའི་མན་ངག་ལས་བསྲུབ་དང་བསྲུབས་
པ་ཆེན་པོས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གནས་ཉེ་བར་བལྟས་ཏེ། ཡང་ན་བཙུམས་པ་དང་བྱེ་བ་ལ་སོགས་པའི་རབ་ཏུ་སྦྱོར་བས། ལྟེ་བའི་དབུས་ན་བཞུགས་པའི་འོད་ཆེན་པོའི་བདག་ཉིད་གཏུམ་མོ་རབ་རྒྱས་པར་ལས་ཀྱི་རླུང་གིས་གྲོགས་བྱས་ཏེ་རང་གི་གནས་སུ་རང་གི་འོད་ཀྱིས་
དགའ་བ་དང་མངོན་པར་དགའ་བ་དགའ་བ་དང་བྲལ་བས་འབར་བ་དང་། མྱོས་པ་དང་ཆུང་ཟད་གཡོ་བ་རྣམ་པར་གཡོ་བ་དང་། ཁྲོ་བ་ཆེན་པོས་ཤིན་ཏུ་འབར་བར་རྨད་དུ་བྱུང་བ། གློག་ཆེན་པོའི་གཡོ་བའི་རྣམ་པ་ལྟར་སྒྲ་ཆེན་པོ་སྒྲོགས་པ་ཁོ་ནས་གསང་བའི་ལྟེ་བའི་གནས་ཀྱི་དབུས་
ནས་ལངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཤིན་ཏུ་བསྲེགས་ནས། དང་པོ་དང་དབུས་དང་ཐ་མའི་ལམ་ནས་སྨིན་ཕྲག་གི་འཁོར་ལོའི་ལམ་ཨོ་ཌྱན་གྱི་ཚིགས་རྒྱས་པར་གསེར་སྒོའི་ཛཱ་ལནྡྷ་རར་སྤྱི་གཙུག་གི་མཚམས་སུ་ནང་གི་བུ་

གའི་བདེ་བ་ཆེན་པོའི་གནས་བདུད་རྩིའི་གནས་སུ་འཇུག་གོ། །དེར་རང་དགའ་བས་ངལ་སོ་ནས་དགའ་བའི་འོད་ཀྱིས་བདེ་བ་ཆེན་པོ་གྲུབ་པ། བྱང་ཆུབ་ཀྱི་སེམས་ཤིན་ཏུ་ཁེངས་པར་གསོལ་ནས་མངོན་པར་དགའ་བའི་ནང་གི་རེག་བྱ་ལས། རོ་ཆེན་པོ་འོང་བའི་དབང་གིས་སྔར་
བསྲེགས་པ་ཡང་རབ་ཏུ་ཚིམ་པའི་དོན་དུ་ཐུགས་རྗེ་ཆེན་པོའི་སྤྲིན་རྟག་ཏུ་རྒྱུན་མ་ཆད་བར་བདུད་རྩིའི་རྒྱུན་གྱི་ཆར་འབབ་པར་བྱེད་དོ། །དེ་ནས་ཡང་རྟེན་གྱི་རྩའི་འཁོར་ལོ་འཛིན་ཁྱེར་ཏེ། ཞི་བའི་གཟུགས་ཀྱིས་བདེ་བ་ཆེན་པོའི་དགའ་བའི་དགྱེས་པའི་ཡིད་ཀྱིས་རླག་པ་དང་ལོངས་སྤྱོད་དང་དབང་གི་ང་
རྒྱལ་གྱིས་རང་གི་གནས་སུ་རྗེས་སུ་གཤེགས་སོ། །རླག་པ་དང་ལོངས་སྤྱོད་དང་ངལ་སོ་བ་དང་འགྲོ་བ་དང་ཁེངས་པ་དང་བུམ་པ་དང་དུས་དང་ཚེ་དང་གནས་སྐབས་དང་། གཡས་པ་དང་གཡོན་པ་དང་། དབུས་ལ་བརྟེན་ནས་ཆུ་ཚོད་སུམ་ཅུ་རྩ་དྲུག་གི་བར་དུ་བདེ་བ་ཆེན་པོའི་བདག་ཉིད་ཀྱི་
གཏུམ་མོ་བསྐལ་པས་གོ་རིམས་སུ་རྩའི་འཁོར་ལོར་ཤར་བའོ། །ཛྙཱ་ན་བྷཱུ་ཏིའི་ཞལ་སྔ་ནས། རྩ་ཞེས་བྱ་བའི་དངོས་པོ་མེད་པ་ན། བདེ་བ་ཆེན་པོ་ལ་སོགས་པ་ཕྱི་ནང་གི་རེག་བྱ་ཉེ་བར་མི་རྙེད་