Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 10
Văn bản gốc(Tây Tạng)
Trang 2 / 24 (50.000 ký tự/trang)
་ཉིད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ བལྟ་བར་བྱའོ། །དེ་ལས་མཁའ་འགྲོ་མའི་རྣམ་པ་ཅན་གྱི་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་སྤྲོ་ཞིང་ཡང་དག་པར་བསྡུས་པའི་སྦྱོར་བས་དེ་དག་ཐམས་ཅད་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུའི་སེམས་ཀྱི་རང་བཞིན་གཉུག་མ་ལ་ལྟོས་པར་དཔག་པར་བྱ་ཞིང་། ཟླ་བ་དང་ཉི་མ་ཕྱག་མཚན་ དང་ས་བོན་ཡོངས་སུ་གྱུར་པ་ལས་བྱུང་བའི་ཧེ་རུ་ཀའི་གཟུགས་བདག་མེད་མ་དང་སྙོམས་པར་འཇུག་པའི་བདག་ཉིད་བསྒོམ་པར་བྱའོ། །ཞབས་རྣམས་ས་ལ་བརྟེན་མཛད་ཅིང་། །ལྷ་དང་ལྷ་མིན་བསྡིགས་པར་མཛད། །མིག་ནི་དམར་ཞིང་ཟླུམ་ལ་འགྱུར། ། ཁྲོས་ཤིང་སྒེག་པ་རལ་པ་ཅན། །ཞབས་ནི་བཞི་དང་ཞལ་བརྒྱད་དང་། །ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །ཕུང་པོ་ཉོན་མོངས་འཆི་བདག་ལྷའི། །བུ་ཡི་བདུད་བཞི་མཉམ་པར་གནོན། །སྐྱིལ་ཀྲུང་ཕྱེད་པའི་གར་ཐབས་ཅན། །ཁྲག་འཛག་མགོ་བོ་ལྔ་བཅུའི་ཕྲེང་། །ཤིན་ཏུ་ འཇིགས་རུང་ཉམ་ངར་གནས། །སྤྱི་གཙུག་སྣ་ཚོགས་རྡོ་རྗེ་འཛིན། །འཇིག་དུས་མེ་ལྟར་འབར་བའི་འོད། །ཞལ་ནས་ཧཱུྃ་ནི་སྒྲོགས་མཛད་ཅིང་། །སྐུ་ལ་ཐལ་བའི་རྡུལ་གྱིས་བསྒོས། །འཇིག་དུས་སྦྱིན་དང་དབང་སྔོན་འདྲའི། །རྩ་བའི་ཞལ་དང་སྐུ་ལུས་ཅན། །རི་བོང་ཅན་འདྲའི་འོད་དང་ནི། ། ཉིན་མོ་བྱེད་པའི་འོད་འདྲ་བའི། །གཡས་དང་གཡོན་པའི་ཞལ་མདོག་གོ། །སྟེང་མའི་ཞལ་ནི་དུད་མདོག་འདྲ། །རྣམ་པར་འགྱུར་དང་བུང་བ་འདྲ། །ལྷག་མའི་ཞལ་ནི་བཞི་པའོ། །ཞལ་ཀུན་ཀྱང་མཆེ་བ་གཙིགས་པ་སྤྱན་གསུམ་གྱིས་མཛེས་པ། དཔྲལ་བའི་སྟེང་དུ་ཐོད་པའི་དུམ་བུ་ལྔས་ བརྒྱན་པ། སྨིན་མ་གཡོ་བ། སྐྲ་དམར་སེར་གྱེན་དུ་འགྲེང་བ། གཅེར་བུ་གར་དགུ་དང་ལྡན་པ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །འཁོར་ལོ་རྣ་ཆ་མགུལ་རྒྱན་དང་། །ལག་པ་གདུ་བུ་སྐ་རགས་སོ། །གློ་དང་དབུགས་རྒོད་དེ་བཞིན་སྨྱོ། །ཟ་བྱེད་མཛེ་དང་ཟ་གཡའ་དང་། །དམུ་ཆུ་སྤྲི་ཧའི་ རང་བཞིན་ཉིད། །གླང་པོ་རྟ་བོང་གླང་རྔ་མོ། །དེ་བཞིན་མི་དང་སེང་བྱི་ལ། །གཡས་པའི་ཐོད་པ་བརྒྱད་པོ་རུ། །གཉིས་འཐུང་ལ་སོགས་རིམ་ཤེས་བྱ། །ས་དང་ཆུ་དང་མེ་དང་རླུང་། །ཟླ་བ་དང་ནི་ཉི་མ་དང་། །མཐར་བྱེད་དང་ནི་ནོར་སྦྱིན་རྣམས། །གཡོན་པའི་ཐོད་པ་བརྒྱད་ནའོ། །ལྷ་མོ་ བདག་མེད་མ་དེ་ནི། །ཕྱག་གཉིས་ཀྱིས་ནི་རྣམ་པར་བརྒྱན། །བདུད་བཞིའི་ཁྲག་གིས་བཀང་བ་ཡི། །ཐོད་པ་ཡིས་ནི་ཕྱག་གཡོན་བྲེལ། །གཡས་ན་ཉོན་མོངས་གཅོད་པ་ཡི། །གྲི་གུག་བསྣམས་པར་མཛད་པ་ཡིན། །གཅེར་བུ་ཁ་དོག་ནག་མོ་སྟེ། །བཅོམ་ལྡན་འདས་ཀྱི་མགུལ་ ནས་འཁྱུད། །སྤྱན་གསུམ་གྱིས་ནི་རྣམ་པར་བརྒྱན། གཡས་བརྐྱང་པ་ཡི་གནས་པས་གནས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །དཔྲལ་བའི་སྟེང་དུ་མགོ་སྐམ་ཕྲེང་། །མཛེས་པ་དག་གིས་མཛེས་པར་བྱས། །ཁྲག་མེད་མགོ་ཡི་ཕྲེང་བ་ཡིས། །གྲུབ་པའི་མཁའ་འགྲོ་མ་ ལ་བརྒྱན། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་པདྨ་ལ་གནས་པའི་ཉི་མ་ལ་ནི་ཧཱུྃ་ངོ་། །དེ་ནས་བཅོམ་ལྡན་འདས་མའི་ཐུགས་ཀའི་པདྨ་ལ་གནས་པའི་ཟླ་བ་ལ་ཡི་གེ་ཨཾ་བལྟ་བར་བྱ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལམ་ཚོ་སྐྱེས་དང་། སྲོག་སོང་བའི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཨཱ་ཨི་ཨཱི་ཨུཾ་གི་ས་བོན་ལས་སྐྱེས་པས་མཚན་མའི་གྲི་གུག་དང་། ཟླ་བ་དང་ཉི་མ་ཁ་སྦྱོར་དུ་བྱས་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་མ་ལ་སོགས་པའི་མཁའ་འགྲོ་མ་དཀར་མོ། ནག་མོ། སེར་མོ། །དམར་མོ། །ལྗང་གུ་ ནི་གཏི་མུག་དང་། ཞེ་སྡང་དང་། ཕྲ་མ་དང་། འདོད་ཆགས་དང་། ཕྲག་དོག་ནི་བདག་མེད་མ་མཁའ་འགྲོ་མའི་རང་བཞིན་ཏེ། གྲི་གུག་དང་ཐོད་པ་བསྣམས་པའི་དཀྱིལ་འཁོར་ཕྱེད་པའི་གར་གྱིས་བཞུགས་པ་བསྒོམ་པར་བྱའོ། །རྡོ་རྗེ་མ་ལ་སོགས་པའི་མཁའ་འགྲོ་མ་ལྔ་པོ་འདི་དག་ནི་ རིམ་པ་ཇི་ལྟ་བ་བཞིན་དུ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོར་བསམ་པར་བྱའོ། །དེ་བཞིན་དུ་གཏི་མུག་དང་། ཞེ་སྡང་དང་། ང་རྒྱལ་དང་། ཕྲ་མ་དང་། འདོད་ཆགས་དང་། ཕྲག་དོག་དང་། གཟུགས་ལ་སོགས་པའི་ཡུལ་རྣམས་ལ་ ནི། གཽ་རཱི་དང་། ཙཽ་རཱི་དང་། བེ་ཏཱ་ལཱི་དང་། གྷསྨ་རཱི་དང་། ས་སྤྱོད་མ་དང་། མཁའ་སྤྱོད་མ་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་ནམ་མཁའ་ལ་ནི། པུཀྐ་སཱི་དང་། ས་པ་རཱི་དང་། ཙཎྜ་ལཱི་དང་། ཌོཾ་བི་ནཱིའོ། །ལུས་དང་། ངག་དང་། ཡིད་ལ་ནི་སྡིག་སོང་བའི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་ སྟེང་དུ་ཨོཾ་ཨཱཾ་གི་ས་བོན་ལས་སྐྱེས་པའི། དཀར་མོ་དང་། དམར་མོ་དང་། ནག་མོ་དང་། ས་སྤྱོད་མ་དང་། མཁའ་སྤྱོད་མ་དང་། བདག་མེད་མའི་རྣལ་འབྱོར་མ་རྣམས་རྡོ་རྗེ་མ་ལ་སོགས་པ་བཞིན་དུ་ཡོངས་སུ་རྫོགས་པས་གནས་ནས་སུའོ། །ཤ་ནི་པུཀྐ་སཱི་རུ་གྲགས། །ཁྲག་ནི་ ས་བ་རཱི་རུ་བརྟགས། །ཙཎྜ་ལཱི་ནི་ཁུ་བར་བསྟན། །ཌོཾ་བི་རྐང་ཚིལ་དག་པ་སྟེ། །འདི་དག་ལྷ་ཡི་རྣམ་དག་གོ། །ད་ནི་རྣམ་པར་དག་པ་གཞན་དག་བརྗོད་པར་བྱ་སྟེ། པགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་འཕགས་པའི་བདེན་པ་བཞི། །ཐུགས་ རྗེའི་སྤྱན་ནི་དམར་པོ་སྟེ། །བྱམས་པའི་ཐུགས་ཀྱིས་ཡན་ལག་ནག །བསྡུ་བའི་དངོས་པོ་བཞི་དག་གིས། །ཞབས་བཞི་དག་ཏུ་དྲན་པར་བྱ། །ཞལ་བརྒྱད་རྣམ་པར་ཐར་པ་སྟེ། །ཕྱག་ནི་སྟོང་པ་བཅུ་དྲུག་གོ། །ཚད་ནི་སངས་རྒྱས་ལྔ་ཡིན་ཏེ། །ཁྲོ་བ་གདུག་པ་འདུལ་བ་པོ། །སྤྱན་ནི་རྣམ་ དག་རྡོ་རྗེ་གསུམ། །བརྟེན་པའི་སེམས་ཀྱིས་དངོས་གྲུབ་འགྱུར། །དྲུག་ཅུ་རྩ་བཞི་བརྒྱད་ཅུ་དྲུག །འདབ་མ་སུམ་ཅུ་གཉིས་པདྨ། །སྤྲུལ་པ་ཆོས་དང་ལོངས་སྤྱོད་དང་། །བདེ་ཆེན་ཞེས་བྱ་གོ་རིམས་བཞིན། །ལྟེ་བ་སྙིང་ག་མགྲིན་པ་མགོར། །འཁོར་ལོ་བཞི་པོ་བསྒོམ་པར་བྱ། །འོད་ཟེར་ལྔ་ པོ་དཀར་དང་ནག །དམར་དང་སྔོ་བ་དེ་བཞིན་ཏེ། །ཨོཾ་ཧཱུྃ་ཨཾ་ཧཾ་ཅི་རིགས་པར། །སྟེང་དང་འོག་ཏུ་ཁ་བལྟས་ནས། །ཤེས་རབ་ཐབས་ཀྱི་རྣམ་དག་གིས། །གཉིས་གཉིས་དག་ཏུ་ཉེ་བར་བསྟན། །དེ་ནས་རང་གི་སྙིང་གའི་ས་བོན་གཉུག་མའི་འོད་ཟེར་གྱི་ཚོགས་ཀྱིས་གདོད་མ་ནས་གྲུབ་པའི་ཁམས་ གསུམ་ན་བཞུགས་པའི་རྒྱལ་བ་མཆོག་གི་ཚོགས་སྤྱན་དྲངས་པ་ནམ་མཁར་བཞུགས་སུ་གསོལ་ཏེ། ཕྱི་དང་ནང་དང་གསང་བ་མཆོད་པའི་ཁྱད་པར་གྱིས་ཡང་དག་པར་མཆོད་ལ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བས་གསོལ་བ་བཏབ་པ་དང་། ཧེ་རུ་ཀའི་གཟུགས་སུ་གྱུར་པའི་དེ་ བཞིན་གཤེགས་པ་དེ་དག་གིས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བདུད་རྩི་ལྔའི་རང་བཞིན་བུམ་པ་ལྔ་ལག་པའི་པདྨས་གཟུང་བས་དབང་བསྐུར་བར་བྱའོ། །དབང་བསྐུར་མ་ཐག་ཏུ་སྤྱི་བོར་ཐུགས་ཀྱི་བདག་པོར་གཞག་གོ། །མེ་ཏོག་གི་ཆར་དང་གུར་གུམ་གྱི་ཆར་ཡང་འབབ་པར་འགྱུར་ རོ། །རྔའི་སྒྲ་ཡང་སྒྲོགས་པར་བྱེད་དོ། །གཟུགས་རྡོ་རྗེ་ལ་སོགས་པས་ཀྱང་མཆོད་པར་བྱེད་དོ། །སངས་རྒྱས་སྤྱན་ལ་སོགས་པས་ཀྱང་སྟོད་པར་བྱེད་དོ། །དེའི་རྗེས་ལ་རང་རིག་པ་ཐུགས་ཀར་གནས་པས་དབང་བསྐུར་བས་མིག་ལ་སོགས་པ་འཐོབ་པར་བསྒོམས་ལ། ཚོགས་ལྷག་པར་ བྱ་བའི་དོན་དུ་རིགས་ལྔས་བྱིན་གྱིས་བརླབ་པར་བྱའོ། །དེའི་རིམ་པ་འདི་ཡིན་ཏེ། མགོ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བ་དང་། བརླ་རྣམས་སུ། ཨོཾ་ཧཱུྃ་སྭ་ཨཱཿཧཱའི་ས་བོན་ལྔ་ལས་རྫོགས་པའི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་ མཐའ་ཡས་དང་། དོན་ཡོད་གྲུབ་པའི་རང་བཞིན་གྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་སྐུ་ཅན་བསྒོམ་པར་བྱའོ། །ཧཱུྃ་དང་ཨའི་ས་བོན་ལས་ངེས་པར་བྱུང་བའི་པདྨ་འདབ་མ་བརྒྱད་པའི་ཟེ་བ་ལ་ཧཱུྃ་དང་ཨོཾ་ལས་བྱུང་བའི་རྣལ་འབྱོར་པའི་རྡོ་རྗེའི་ནོར་བུ་ཇི་ལྟར་རིགས་པར་སྔགས་གཉིས་ཀྱིས་བྱིན་གྱིས་ བརླབས་ཏེ། ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་ག་སུ་ཁ་དྷ་ར། ཙ་ཏུར་ཨཱ་ནནྡ་བྷ་ག་བི་ཤཱ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། ཙ་ཏུར་ཨཱ་ནནྡ་ད་ཡ་ཀ་ཁ་ག་མུ་ཁེ་ཀ་རཱ་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ། ཀརྱཾ་ཀུ་རུ་ཥྭ་མེ་ཞེས་བྱ་བ་དེ་དང་ལྷན་ཅིག་ཏུ་དགའ་བ་བརྩམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་དང་པོའི་རྣལ་འབྱོར་ཞེས་བྱ་བའི་ ཏིང་ངེ་འཛིན་ཏོ། །དེའི་རྗེས་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱི་ལྕགས་ཀྱུས་ཧེ་རུ་ཀའི་འཁོར་ལོ་སྤྱན་དྲངས་ནས་བདག་ཉིད་ལ་བཅུག་ལ་ཞུ་བར་བྱས་ནས། ཟླ་བ་ཞུ་བ་ལྟ་བུར་གྱུར་པ་པདྨའི་ནང་དུ་ལྷུང་བ་ལས་བསྐྱེད་པའོ། །རང་གི་ས་བོན་དང་ཕྱག་མཚན་ལས་རྫོགས་པའི་དཀྱིལ་འཁོར་ གྱི་དབང་ཕྱུག་དང་། གཽ་རཱི་ལ་སོགས་པའི་མཁའ་འགྲོ་མའི་ཚོགས་བསྐྱེད་ཅིང་། ཧཱུྃ་ཨཾ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཞེས་བྱ་བའི་འབྱིན་པའི་སྔགས་ཀྱིས་སྤྲུལ་ཅིང་གདོན་ནོ། །དེ་ལ་བཅོམ་ལྡན་འདས་མ་དང་ལྷན་ཅིག་བཅོམ་ལྡན་འདས་ཇི་སྐད་བསྟན་པའི་ཕྱག་དང་ཞལ་སྐུ་མདོག་ལ་སོགས་ པས་མཚོན་པ་རང་གི་བདག་ཉིད་གཞུག་གོ། །གཽ་རཱི་ཁ་དོག་ནག་མོ་སྟེ། །གཡས་དང་གཞན་ལ་གྲི་གུག་དང་། །རོ་ཧི་ཏ་ཡི་ཉ་བསྣམས་ལ། །ཤར་སྒོར་ཉི་མའི་གདན་ལ་བསམ་པར་བྱའོ། །དེ་བཞིན་དུ་ཙཽ་རཱི་ནི་བཙོད་ཀྱི་མདོག་ལྟ་བུ་རྔེའུ་ཆུང་དང་ཕག་པ་བསྣམས་པ་ལྷོའི་གདན་ ལའོ། །དེ་བཞིན་དུ་རོ་ལངས་མ་ནི་གསེར་བཙོ་མའི་མདོག་ལྟ་བུ་རུས་སྦལ་དང་། པདྨའི་སྣོད་བསྣམས་པ་ནུབ་ཀྱི་སྒོའི་གདན་ལའོ། །དེ་བཞིན་དུ་གྷསྨ་རཱི་ནི་ནོར་བུ་མ་ར་ཀ་ཏ་ལྟ་བུ་སྟེ། སྦྲུལ་དང་རྣལ་འབྱོར་གྱི་སྣོད་བསྣམས་པ་བྱང་ཕྱོགས་ཀྱི་གདན་ལའོ། །དེ་བཞིན་དུ་པུཀྐ་སཱི་ནི་ཨིནྡྲ་ནཱི་ ལ་ལྟ་བུ་སྟེ། སེང་གེ་དང་དགྲ་སྟ་བསྣམས་པ་དབང་ལྡན་མཚམས་ཀྱི་གདན་ལའོ། །དེ་བཞིན་དུ་ས་བ་རཱི་ནི་ཟླ་བ་ཉ་བ་ལྟ་བུ་སྟེ། དགེ་སློང་དང་འཁར་གསིལ་བསྣམས་པ་མེའི་མཚམས་གདན་ལའོ། །དེ་བཞིན་དུ་ཙཎྜ་ལཱི་ནི་ནམ་མཁའ་ལྟར་སྔོ་བསངས་ཏེ། འཁོར་ ལོ་དང་གཤོལ་མདའ་བསྣམས་པ་བདེན་བྲལ་མཚམས་ཀྱི་གདན་ལའོ། །དེ་བཞིན་ཌོཾ་བི་ནཱི་ནི་སྣ་ཚོགས་པའི་མདོག་ཅན་ཕྱག་ན་རྡོ་རྗེ་དང་སྡིགས་མཛུབ་བསྣམས་པ་སྟེ། རླུང་གི་མཚམས་ཀྱི་གདན་ལ་གནས་པར་བསམ་པར་བྱའོ། །རྡོ་རྗེ་རྣལ་འབྱོར་མ་ཀུན་ཀྱང་། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ གནས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །དབུ་སྐྲ་དམར་སེར་གྱེན་དུ་འགྲེང་། །སྤྱན་གསུམ་དམར་ཞིང་ཟླུམ་པ་སྟེ། །ཁྲག་མེད་མི་མགོའི་ཕྲེང་བ་ཡིས། །རྣམ་པར་བརྒྱན་ཅིང་བདག་པོ་ལ། །བདེ་མཆོག་སྦྱིན་པ་གཅེར་བུའོ། །ཞེས་བྱ་བས་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ་ བལྟས་ལ། །ཕྱག་རྒྱ་བྱིན་རླབས་སྦྱོར་བ་ཡིས། །ཉམས་མེད་ཡེ་ཤེས་ཐོབ་བྱའི་ཕྱིར། །མཚོ་སྐྱེས་རྡོ་རྗེས་བུག་པ་རུ། །ཕཊ་སེར་པོ་ནི་བསམ་པར་བྱ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱི་ལྕགས་ཀྱུས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ། ཤར་ཕྱོགས་ཀྱི་སྒོར་ཕྱོགས་པར་བལྟས་ ལ་ཡོན་ཆབ་ལ་སོགས་པ་ཕུལ་ཏེ། ཨོཾ་བཛྲ་གཽ་རཱི་ཨཱ་ཀཪྵ་ཡ་ཛཿཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཨོཾ་བཛྲ་བེ་ཏཱ་ལཱི་བནྡྷ་བཾ། ཨོཾ་བཛྲ་གྷསྨ་རཱི་ཏོ་ཥ་ཡ་ཧོཿ ཞེས་བྱ་བ་སྤྱན་དྲང་བ་དང་། གཞུག་པ་དང་། བཅིང་བ་དང་། མཉེས་པར་བྱས་པས་དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཅིག་ཏུ་གྱུར་པར་རྣམ་པར་ བསམས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རྒྱལ་བ་མཆོག་གི་ཚོགས་སྤྱན་དྲངས་ཤིང་མཆོད་ལ་དབང་བསྐུར་བ་བྱ་བའི་ཕྱིར་གསོལ་བ་གདབ་པར་བྱའོ། །དེ་ལྟར་དེ་དག་གིས་དབང་བསྐུར་བ་བྱས་མ་ཐག་ཏུ་མིང་གིས་དབང་བསྐུར་བའི་རྒྱལ་བ་མགོར་གནས་པར་འགྱུར་རོ། །དེ་ལ་ཐུགས་དང་ སངས་རྒྱས་རིན་ཆེན་དང་། །རྡོ་རྗེ་ཆོས་ཀྱི་རྒྱ་ཡིས་ནི། །གཽ་རཱི་ཙཽ་རཱི་བེ་ཏཱ་ལཱི། །གྷསྨ་རཱི་ལ་གོ་རིམས་བཞིན། །ལྷ་མོ་པུཀྐ་སཱི་སོགས་བཞི། །སངས་རྒྱས་འདི་དག་གོ་རིམས་བཞིན། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་སྒོ་ལས་བྱུང་བའི་མཁའ་འགྲོ་མ་རྣམས་ལག་པའི་ཡལ་གས་ མཆོད་པ་རྣམ་པ་སྣ་ཚོགས་ཐོགས་པ། རྫས་དང་། བལྟ་བ་དང་། དགེ་བ་མ་ལུས་པ་སྒྱུ་མ་ལྟ་བུར་བལྟ་བའི་ངོ་བོ་དང་། དེ་ལས་གཞན་པའི་ཕྱི་རོལ་གྱི་མཆོད་པ་ཁྱད་པར་ཅན་གྱི་བདག་ཉིད་ཁམས་གསུམ་པའི་བདག་ཉིད་ཅན་དཀྱིལ་འཁོར་གྱི་འཁོར་ལོའི་ངོ་བོ་ལ་མཆོད་པ་དང་། མཆོད་པ་ པོ་དང་མཆོད་པའི་གནས་ཀྱི་དབྱེ་བའི་བློ་མི་བྱ་བར་ཡང་དག་པར་མཆོད་པར་བྱ་ཞིང་། སྒྲའི་གྲོང་ཁྱེར་བྲག་ཅ་ལྟ་བུར་ཤེས་པས་བསྟོད་པར་ཡང་བྱའོ། །རྣལ་འབྱོར་མ་ཡི་ཚོགས་ཀྱིས་ཁྱོད། །བསྐོར་ཞིང་ཁྱོད་སེམས་མཆོག་ཐོབ་འགྱུར། །དེ་ཡིས་འགྲོ་བ་བརྟན་གཡོ་སྦྱངས། །ཐུགས་རྗེའི་ ཐུགས་ཀྱིས་སེམས་ཅན་བསླང་། །སྒྱུ་མའི་སྤྲུལ་པར་ཁྱོད་ཀྱིས་རྡོ་རྗེ་ཕོབ། །དཔལ་ལྡན་ཁྲག་འཐུང་རྡོ་རྗེས་བདག་ལ་ཐུགས་ཀྱིས་དགོངས། དེ་ནས་མདུན་དུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་རྒྱལ་མཚན་གྱིས་མཚན་པའོ། །དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་འབར་ བས་མཚན་པའོ། །དེའི་སྟེང་དུ་ཨཾ་ལས་བྱུང་བའི་པདྨའི་སྣོད་དོ། །དེའི་དཀྱིལ་དུ་བདུད་རྩི་ལྔ་དང་གསལ་བྱེད་ལྔ། །དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་མཚན་པ་སྦར་བ་དང་། བསྐོར་བ་དང་། དྲི་མ་མེད་པར་སྦྱངས་པས་ཤེལ་ལྟར་གྱུར་པ་དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་རྡོ་རྗེའི་འོད་ཀྱིས་ཞུ་བར་གྱུར་པ། ཨོཾ་གྱིས་བྱིན་གྱིས་བརླབས་པ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ལ་དེ་དང་རོ་མཉམ་པར་བྱས་པ་ལ་དེ་ཁོ་ན་ཉིད་གསུམ་གྱིས་བྱིན་གྱིས་བརླབས་པ། རོ་དང་། ནུས་པ་དང་། དཔེ་མེད་པའི་སྨིན་པའི་རང་བཞིན་ཧཱུྃ་ལས་བྱུང་བའི་ལྕེ་དང་། སྙིང་ག་དང་། ཉི་མ་ལ་བཀོད་པའི་དཀྱིལ་འཁོར་ཚིམ་པར་བྱ་ཞིང་མཁའ་འགྲོ་མའི་དབུས་ན་གནས་པའི་གཙོ་བོ་བསྒོམས་པ་ལ་ཡང་དེ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ད་ནི་གཽ་རཱི་ལ་སོགས་པའི་མཁའ་འགྲོ་མའི་ཚོགས་ཀྱི་དཀྱིལ་འཁོར་གྱི་དབང་ཕྱུག་མཐར་ཐུག་པའི་རེ་རེ་ནས་གོ་རིམས་བཞིན་དུ་ཕྱོགས་བཅུར་ཡང་དག་པར་སྤྲོས་ལ། ཇི་ལྟར་རིགས་པར་རྗེས་སུ་བརྟན་པར་བྱས་ནས། བྱ་བ་བྱས་ཤིང་བྱེད་པ་བྱས་པའི་དཀྱིལ་འཁོར་མ་ལུས་པ་རྣམ་པར་མི་ རྟོག་པ་བདེ་བའི་རང་བཞིན་དུ་བལྟ་བར་བྱའོ། །དེའི་རྗེས་ལ་དང་པོ་སྤྲུལ་པའི་འཁོར་ལོ་ཡི་གེ་ཨཾ་ཁ་དོག་ནག་པོ་འོད་དང་བཅས་པའོ། །དེ་ཡོངས་སུ་གྱུར་པ་མར་མེའི་འོད་ལྟར་འབར་བའི་འོད་ཟེར་བ་སྤུའི་བུ་ག་ནས་བྱུང་བས། གཽ་རཱི་ལ་སོགས་པ་ལྷ་མོའི་ ཚོགས་སྣང་བར་བྱས་ནས། དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་དབང་ཕྱུག་ནག་པོ་ཆེན་པོ་མིག་སྨན་ནག་པོ་བཅག་པ་ལྟ་བུའི་ལུས་སྤྲོ་ཞིང་བསྡུ་བ་བསྒོམ་པར་བྱའོ། །རིམ་པ་འདི་ཉིད་ཀྱིས་གཉིས་པར་དམར་པོ། གསུམ་པར་སེར་པོ། བཞི་པར་ལྗང་གུ། ལྔ་པར་སྔོན་པོ། དྲུག་པར་དཀར་ པོ་ཞེས་བྱ་བ་ཡན་ལག་དྲུག་བསྒོམ་པར་བྱའོ། །ཕྱི་ནས་དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་བྱ་བ་གཽ་རཱི་ལ་སོགས་པ་མཁའ་འགྲོ་མ་བརྒྱད་རང་རང་གི་ཕྱོགས་ཀྱི་ཞལ་བརྒྱད་དུ་བཞུགས་ནས་ཉིད་ཀྱི་ཐུགས་ཀའི་ས་བོན་གཉུག་མར་གནས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མ་བདག་ མེད་མ་ཡང་བཅོམ་ལྡན་འདས་ཀྱི་ཐུགས་ཀར་བཞུགས་པར་བསམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱང་འཁོར་ལོ་བཞི་པོ་འོད་ཟེར་གྱི་ཚོགས་སྤྲོས་པས་བདག་ཉིད་འོད་ཀྱི་རང་བཞིན་དུ་གྱུར་པས། ཉིད་ཀྱི་ཐུགས་ཀའི་ཉི་མ་ལ་གནས་པའི་ས་བོན་གཉུག་མ་ལ་འཇུག་པར་བྱའོ། །ཉི་ མ་ཡང་ས་བོན་ལ། ས་བོན་ཡང་ཐིག་ལེར་གྱུར་ནས། ཐིག་ལེ་དང་བཅས་པའི་འཁོར་ལོ་གསུམ་ནི་དེས་མཚོན་པ་བདེ་བ་ཆེན་པོའི་རང་བཞིན་འོད་ཟེར་དཀར་པོའི་ཚོགས་ཀྱི་རྣམ་པ་ཅན་དུ་བསྒོམ་པར་བྱའོ། །རིམ་གྱིས་རང་གི་བདག་ཉིད་དུ་ཞུ་བར་གྱུར་པས་མི་དམིགས་པར་བྱའོ། །དེ་ལྟ་ བུའི་སེམས་ཀྱི་རང་བཞིན་གཉུག་མའི་ངོ་བོ་ཉིད་བདེ་བ་ཆེན་པོའི་རྣམ་པར་རོ་གཅིག་པར་གྱུར་ཏོ་ཞེས་བྱ་བ་ཡིན་ནོ། །བསྒོམས་པས་སྐྱོ་བར་གྱུར་ན། སྔགས་བཟླས་པ་བྱ་སྟེ། བདག་ཉིད་དང་འཁོར་ལོའི་རྣམ་པ་བསམས། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སམ། རྒྱུད་ནས་འབྱུང་བའི་རྩ་བའི་སྔགས་སྙིང་གའི་ཉི་མ་ལ་སྔགས་ཀྱི་ཡི་གེ་མགོ་གྱེན་དུ་བལྟས་པ་དཀྱིལ་འཁོར་གྱི་རྣམ་པ་ལྟར་ཡང་དག་པར་གནས་པ་རབ་ཏུ་འབར་བ་རྣམས་ཡིད་ཀྱིས་བྲིས་ལ་ཡིད་ཀྱིས་བལྟས་པ་འདི་ནི་རྡོ་རྗེ་བཟླས་པའོ། །ཡང་ན་ཁྲོ་བོའི་བཟླས་པ་བྱ་སྟེ། ཞལ་བརྒྱད་དང་། གཽ་རཱི་ ལ་སོགས་པ་མཁའ་འགྲོ་མ་རྣམས་ཀྱིས་ཞལ་ནས་སྔགས་བརྗོད་པར་ལྷག་པར་མོས་པ་བྱའོ་ཞེས་བྱ་བ་ནི་བཟླས་པ་མདོར་བསྡུས་པའོ། །བཟླས་པས་སྐྱོ་བར་གྱུར་ན་སྨོན་ལམ་གདབ་པར་བྱ་སྟེ། རིགས་བཟངས་སྐྱེ་དང་དམ་ཚིག་ཅན། །རྒྱགས་མེད་དགྱེས་པའི་རྡོ་རྗེ་འཆང་། །བླ་མ་ ལ་གུས་སྙིང་རྗེ་དང་། །ལྡན་ཞིང་སྐྱེ་ཞིང་སྐྱེ་བར་འགྱུར། །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་འདོན་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟ་བར། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་བྱའོ། །ཡང་ན་སྔ་མ་བཞིན་དུ་རང་གི་ལྷག་པའི་ལྷའི་འཁོར་གྱི་འཁོར་ལོ་ཡང་དག་པར་ མཆོད་ལ། རང་གི་སྙིང་གའི་ས་བོན་གཉུག་མ་ལས་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བར་ལྷག་པར་མོས་པར་བྱས་ལ་མཁའ་འགྲོ་མའི་ཚོགས་ཁོངས་སུ་ཆུད་པར་བསྒོམས་ནས། ལྷའི་ང་རྒྱལ་ཉིད་བྱའོ། །ཡིད་ཀྱིས་ལངས་ལ་བྱ་བ་རྣམས་ལ་སྤྱད་པར་བྱའོ། །ཐུན་གཉིས་པོ་ གཞན་ལ་ཡང་ཡིད་དང་མཐུན་པའི་གནས་སུ་ཉེ་བར་འདུག་ལ། སྔ་མ་བཞིན་དུ་གཞལ་ཡས་ཁང་ལྷག་པར་མོས་པར་བྱས་ལ། དེའི་དཀྱིལ་དུ་བདག་ཉིད་བདག་མེད་མ་དང་མཉམ་པར་འདུས་པའི་ཞལ་བརྒྱད་པའི་གཟུགས་ཀྱིས་དེ་ཁོ་ན་ཉིད་གསུམ་བརྗོད་པས། རང་རང་གི་ལས་ ངེས་པར་བྱུང་བའི་མཁའ་འགྲོ་མའི་ཚོགས་གསལ་པོར་བལྟས་ལ་གནས་ཇི་ལྟ་བ་བཞིན་དུ་བཀོད་ལ། དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་བདེ་བ་ཆེན་པོའི་རང་བཞིན་དུ་བསྒོམས་ལ་མཆོད་པ་དང་། བསྟོད་པ་ལ་སོགས་པ་ཡང་བྱའོ། །ཉལ་དུས་སུ་ཡང་དགའ་བྲལ་མཐའ་ཅན་ གྱི་རྣལ་འབྱོར་མངོན་སུམ་དུ་བྱས་ལ། གཉིད་ལོག་པར་བྱའོ། །སད་པའི་དུས་སུ་ཡང་པུཀྐ་སཱི་ལ་སོགས་པ་ལྷ་མོ་བཞིས་གླུས་བསྐུལ་བས་ལངས་པར་བསམ་མོ། །ལངས་ནས་ཀྱང་དེ་ལྟ་བུ་ཉིད་དུ་གནས་པར་བྱའོ། །ཇི་སྲིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཀྱི་བར་དུ་ཉིན་ རེ་བཞིན་བྱའོ་ཞེས་བྱ་བ་ནི་ལས་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །གལ་ཏེ་ཕྱག་བཅུ་དྲུག་པ་ལ་མོས་པར་བྱེད་ན། གཞལ་ཡས་ཁང་དེ་ཉིད་དུ་ཕྱག་དྲུག་པའམ་ཕྱག་བཞི་པ་བསྒོམ་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཉིད་ཀྱི་ས་བོན་དང་། ཕྱག་མཚན་ལ་སོགས་པ་ནི་ཕ་ རོལ་ཏུ་ཕྱིན་པ་དྲུག་གོ། །སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམ་པར་དག་པས་ཞལ་གསུམ་མོ། །སྐུ་དང་རྩ་བའི་ཞལ་ནི་འདམ་སྐྱེས་སྔོན་པོ་འདྲའོ། །གཡོན་ནི་དམར་པོའོ། །གཡས་ནི་ཟླ་བའི་འོད་ལྟ་བུའོ། །སྤྱན་གསུམ་པ་སྐྱིལ་ཀྲུང་ ཕྱེད་པས་གནས་པ། །ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེའོ། །ཕྱག་གཉིས་པ་ན་གྲི་གུག་གོ། །ཕྱག་གཡོན་གྱི་དང་པོ་ན་རྩེ་གསུམ་པའོ། །ཕྱག་གཉིས་པ་ན་དྲིལ་བུའོ། །ཕྱག་ལྷག་མས་ནི་རྡོ་རྗེ་ལུ་གུ་རྒྱུད་མ་ལ་མཉམ་པར་འཁྱུད་པ་ཁམས་གསུམ་གྱི་བདག་ཉིད་ཅན་གྱིས་རོ་ མནན་པའོ། །རྡོ་རྗེ་ལུ་གུ་རྒྱུད་མ་ནི་མདོག་སྔོན་པོ་སྟེ། བདག་མེད་མ་ལྟར་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །གྲི་གུག་དང་ཐོད་པ་བསྣམས་པའི་ཕྱག་གཉིས་ཀྱིས་རང་གི་བདག་པོ་གཉུག་མའི་མགུལ་ནས་འཁྱུད་པར་བསྒོམ་པར་བྱའོ། །དེ་བཞིན་དུ་བདུད་ངེས་པར་བཅོམ་པའི་རྣམ་པར་དག་ པས་ཕྱག་བཞི་སྟེ། འདམ་སྐྱེས་སྔོན་པོ་དང་འདྲའོ། །སྤྱན་གསུམ་པ། རོ་རྣམ་པར་གནོན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མནན་པའོ། །གཡས་ཀྱི་དང་པོ་ན་ནི་རྡོ་རྗེའོ། །ཕྱག་གཡོན་གྱི་དང་པོ་ན་ནི་མིའི་ཐོད་པ་ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་གང་བའོ། །ཕྱག་ལྷག་མས་ནི་རྡོ་རྗེ་ཕག་མོ་ལ་ འཁྱུད་པའོ། །བཅོམ་ལྡན་འདས་མ་ནི་སྐུ་མདོག་སྔོན་མོ་སྟེ། ཕྱག་གཡས་དང་གཞན་ལ་ནི་གྲི་གུག་དང་ཐོད་པ་འཛིན་པའོ། །རྒྱུའི་རྡོ་རྗེ་འཛིན་འདི་དག་གི་ཕྱག་མཚན་དང་འཁོར་ལོ་ཡང་འབྲས་བུ་བཞིན་ཏེ། ཁྱད་པར་ཟླ་བའི་གདན་དང་། ཟླ་བའི་འོད་བསྒོམ་པར་བྱའོ། །ཕྱག་དྲུག་པ་དང་། ཕྱག་བཞི་པ་ལ་ཞལ་བརྒྱད་པ་མེད་ན་ཡང་། མཁའ་འགྲོ་མའི་ཚོགས་རང་རང་གི་ཕྱོགས་ཀྱི་བ་སྤུའི་བུ་གར་གཞུག་པར་བྱའོ། །ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་ཕྱག་དྲུག་པའི་འོ། །ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་ཕྱག་བཞི་པའི་འོ། །ལྷག་མ་ནི་ སྔ་མ་བཞིན་དུ་རྟོགས་པར་བྱའོ། །དཔལ་ལྡན་ཡན་ལག་མེད་རྡོ་རྗེ། །ཡེ་ཤེས་བསམ་ཡས་བརྙེས་གྱུར་པས། །ཡང་དག་རྗེས་གནང་ཐོབ་གྱུར་ནས། །བྲིས་ཀྱི་མངོན་པའི་ང་རྒྱལ་མིན། །བདག་གིས་འདི་བྲིས་ནོངས་པ་རྣམས། །སྟོན་ཀའི་དྲི་མེད་འོད་འདྲ་བའི། །ཡིད་དང་ལྡན་ པའི་མཁས་རྣམས་དང་། །རྣལ་འབྱོར་པ་རྣམས་བཟོད་པར་འོས། །ཁྲག་འཐུང་སྒྲུབ་ཐབས་བྱས་པ་ལས། །ལེགས་པ་བདག་གིས་གང་བསགས་པ། །དེས་ནི་འཇིག་རྟེན་མ་ལུས་རྣམས། །ཀུན་མཁྱེན་ཡེ་ཤེས་ཕ་རོལ་སོན། །དཔལ་རྣལ་འབྱོར་པ་ཡན་ལག་མེད་པའི་རྡོ་རྗེས་ མཛད་པ། དཔལ་དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀུན་དུ་བཟང་པོ་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་སཱ་དྷ་ནཾ། བོད་སྐད་དུ། ཧེ་རུ་ཀའི་སྒྲུབ་ཐབས། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཁྲག་འཐུང་འཇིག་རྟེན་གསུམ་ལས་བསྐྱོད། །དཔལ་ལྡན་བླ་མར་མགོས་བཏུད་ནས། །དེ་ཡི་སྒྲུབ་ཐབས་ཞི་བ་ནི། །གསུངས་པའི་ཆོ་ག་མདོར་བསྡུས་བྱ། །དཔའ་བོ་ཞལ་གཅིག་ཕྱག་གཉིས་པ། །བདག་མེད་མ་ ཡིས་མགུལ་ནས་འཁྱུད། །འཁོར་ལོ་ལ་སོགས་རྒྱན་དང་ལྡན། །སྤྱན་གསུམ་སྟག་གི་ཤམ་ཐབས་ཅན། །རྒྱུད་འདིར་བསྒོམ་པ་ལ་དབང་བའི་རྣལ་འབྱོར་བས་ཐོ་རངས་ལངས་ཏེ། སྟན་བདེ་བ་ལ་འདུག་ནས། རང་གི་སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་བལྟས་ཏེ། དེའི་འོད་ཟེར་གྱིས་ དཔལ་ཧེ་རུ་ཀ་མངོན་དུ་བྱས་ལ། མེ་ཏོག་ལ་སོགས་པ་མཆོད་པ་ལྔས་ཡང་དག་པར་མཆོད་པར་བྱའོ། །དེའི་སྤྱན་སྔར་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་བྱས་ཏེ། བྱང་ཆུབ་ཆེན་པོར་སེམས་བསྐྱེད་དོ། །སེམས་ཅན་ ཐམས་ཅད་བདེ་བ་ལ་དགོད་པར་འདོད་པའི་བྱམས་པ་དང་། སྡུག་བསྔལ་ཐམས་ཅད་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་དང་། བདེ་བ་ངེས་པར་རྒྱུན་མི་འཆད་པར་འདོད་པའི་དགའ་བ་དང་། ཉོན་མོངས་པ་ཐམས་ཅད་དང་། ཉེ་བའི་ཉོན་མོངས་པ་དང་། གཟུང་བ་དང་འཛིན་པ་ལ་ སོགས་པའི་རྟོག་པའི་དྲི་མས་མ་གོས་པའི་རང་བཞིན་སྟོན་ཀའི་དྲི་མ་མེད་པའི་ནམ་མཁའི་དཀྱིལ་ལྟར་གཉིས་སུ་མེད་པའི་ཡེ་ཤེས་ཚུལ་དང་གཅིག་པའི་སྟོང་པ་ཉིད་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པོ། །དེ་ནས་ ལངས་ཏེ་ནམ་མཁའི་ཕྱོགས་སུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་བལྟས་ཏེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཉི་མ་ལ་ཧཱུྃ་བསམ་པར་བྱའོ། །དེའི་འོད་ཁ་ནས་འཐོན་ཏེ། དཔལ་ཧེ་རུ་ཀའི་གཟུགས་ཀྱིས་འགྲོ་བ་མ་ལུས་པའི་དོན་བྱས་ ནས་དེ་ཉིད་དུ་ཞུགས་པ་དང་། དེ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་པདྨ་སྣ་ཚོགས་འདབ་མ་ཅན་ལ་རོའི་སྟེང་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། ཞལ་གཅིག་པ་ཕྱག་གཉིས་པ་སྤྱན་གསུམ་པ། ཕྱག་གཡས་ན་རྡོ་རྗེ། གཡོན་ན་རྡོ་རྗེས་མཚན་པའི་ཐོད་པ་བསྣམས་པ། གར་གྱི་ སྟངས་དང་ལྡན་པ་སྟག་གི་ཤམ་ཐབས་ཅན་སྤྱི་བོར་མི་བསྐྱོད་པའི་བདག་ཉིད་མིའི་མགོ་བོ་ལས་བྱས་པའི་འཁོར་ལོ་འཛིན་པ་དང་། རྣ་བར་འོད་དཔག་མེད་ཀྱི་བདག་ཉིད་མིའི་རུས་པའི་རྣ་ཆ་དང་། མགུལ་པར་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་མགུལ་རྒྱན་དང་ལྡན་པ། ལག་པ་ལ་རྣམ་ པར་སྣང་མཛད་ཀྱི་རང་བཞིན་གདུ་བུ་དང་ལྡན་པ། རྐེད་པར་དོན་ཡོད་གྲུབ་པའི་བདག་ཉིད་སྐེ་རགས་ཀྱིས་བརྒྱན་པ། སྐྲའི་མཆོད་ཕྱིར་ཐོགས་དང་། དཔུང་རྒྱན་དང་། རྐང་གདུབ་ཀྱིས་བརྒྱན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྗེས་པ། བདག་མེད་མ་ཞལ་གཅིག་ཕྱག་གཉིས་པ། གྲི་གུག་ དང་ཐོད་པ་བསྣམས་པའི་མགུལ་ནས་འཁྱུད་པའོ། །དེ་ལྟ་བུར་གྱུར་པར་བདག་ཉིད་བསམས་ལ། རྣ་བར་བདག་མེད་མའོ། །མིག་ནི་རྡོ་རྗེ་མའོ། །སྣ་ལ་གསང་བའི་གཽ་རཱི་མ། ལྕེ་ལ་ཆུའི་རྣལ་འབྱོར་མ། །ལུས་ལ་རྡོ་རྗེ་མཁའ་འགྲོ་མ། །ཡིད་ལ་བདག་མེད་མས་བྱིན་གྱིས་ བརླབས་པར་བསམ་པར་བྱའོ། །དེ་ནས་སྤྱི་བོར་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བ་ལ། ཧཾ་ཁ་ཐུར་དུ་བལྟས་པའོ། །མགྲིན་པར་པདྨ་འདབ་མ་བཅུ་དྲུག་པ་ལ་ཨཾ་གྱེན་དུ་བལྟས་པའོ། །སྙིང་གར་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཧཱུྃ་ཁ་ཐུར་དུ་བལྟས་པའོ། །ལྟེ་བར་ པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའི་སྟེང་དུ་ཨཾ་ཁ་གྱེན་དུ་བསམ་པར་བྱའོ། །དེ་ནས་དམ་ཚིག་སེམས་དཔའ་ལྟ་བུའི་ཡེ་ཤེས་སེམས་དཔའ་བཀུག་སྟེ། ཛཿཧཱུྃ་བཾ་ཧོཿ ཞེས་པའི་སྔགས་ཀྱིས་དགུག་པ་དང་གཞུག་པ་དང་། བཅིང་བ་དང་དབང་དུ་བྱའོ། །ཆུ་དང་འོ་མ་བསྲེས་པ་ལྟ་བུ་ རོ་མཉམ་པར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གར་ཉི་མ་ལ་རྡོ་རྗེ། དེའི་ལྟེ་བར་ཧཱུྃ་གི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དཔལ་ཧེ་རུ་ཀ་བཀུག་ལ་མཆོད་པ་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་ཅིག་ཅེས་གསོལ་བ་གདབ་པོ། །དེ་ དག་གིས་བདུད་རྩི་ལྔས་གང་བའི་རིན་པོ་ཆེའི་བུམ་པས་དབང་བསྐུར་བས་བདག་ལ་མི་བསྐྱོད་པ་མགོན་པོའི་དབུ་རྒྱན་དང་བཅས་པ་བསམ་པར་བྱའོ། །དེ་ནས་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་རང་རང་གི་བྱང་ཆུབ་སེམས་ཀྱི་རྫས་ཀྱིས་མཆོད་པར་བསམ་མོ། །དེ་ནས། མཆེ་བ་ གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པ། །ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཅེས་བྱ་བས་བསྟོད་པར་བྱའོ། །དེ་ནས་སྙིང་གར་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ། དེའི་འོག་ཏུ་ཨོཾ་ཡོངས་སུ་གྱུར་པ་ལས་པདྨའི་སྣོད་བསྐྱེད་དེ། དེའི་དབུས་སུ་ཨོཾ་གྱིས་མཚན་པའི། གོ་ཀུ་ད་ཧ་ན་མ་ར་མུ་སུ་བི་ལ་སོགས་པ་དམ་ཚིག་གི་རྫས་བསམ་པར་བྱའོ། །དེ་ནས་རྡོ་རྗེ་དང་། པདྨའི་སྦྱོར་བས། མེ་འབར་བ་དེས་རྫས་རྣམས་བསྲེགས་ཏེ་བསྐོལ་ནས་ཞུ་བར་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་ བལྟས་ཏེ། ཡེ་ཤེས་ཀྱི་ཉི་མ་འབར་བ། ཡེ་ཤེས་ཀྱི་ས་བོན་དེའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་རྩི་བཀུག་ནས། དངོས་པོ་དེ་དག་དང་ལྷན་ཅིག་པར་བྱ་སྟེ། ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་ཡི་གེས་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ནས་ཧཱུྃ་དཀར་པོའི་རང་བཞིན་གྱིས་ལྕེ་ སྦྱངས་ལ། བདག་ཉིད་དེ་ཡིས་ཚིམ་པར་བྱའོ། །དེ་ནས་སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་ལ་བསྐོར་ནས་གནས་པའི། ཨོཾ་ཏྲཻ་ལོ་ཀྱཱ་ཀྵེ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་ཡི་གེ་བཅུ་གཉིས་ཀྱི་སྔགས་ཀྱི་ཕྲེང་བ་མར་མེའི་ཕྲེང་བ་ལྟར་འབར་ཞིང་གསལ་བ་ཡིད་ཀྱིས་བྲིས་ཏེ། ཀློག་པའི་ རིམ་པ་བཞིན་དུ། མི་འགྱུར་བར་བཟླས་པར་བྱའོ། །གུང་དང་དགོངས་ཀྱི་དུས་སུ་ཡང་བདག་ཉིད་ཧེ་རུ་ཀའི་རང་བཞིན་དུ་སྐད་ཅིག་གིས་བསྐྱེད་དེ། དེ་ནས་མིག་ལ་སོགས་པའི་རྣམ་པར་དག་པ་དང་། འཁོར་ལོའི་བསྒོམ་པ་དང་། མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་དང་། བཟླས་པ་ལ་སོགས་པ་བྱས་ཏེ། ཇི་བཞིན་པར་གནས་ནས་གཤེགས་སུ་གསོལ་བར་བྱ་སྟེ། གཏོར་མ་གཏང་བ་ལ་སོགས་པ་བྱའོ། །དེ་ནས་དཀྱིལ་འཁོར་བསྡུས་ཏེ། སྐད་ཅིག་མས་ལྷར་སྤྲུལ་པ་ཅི་བདེར་གནས་པར་བྱའོ། །དཔའ་བོ་འཇིག་རྟེན་ གསུམ་བསྐྱོད་པའི། །སྒྲུབ་ཐབས་བླ་མེད་བྱས་པ་ལས། །བསོད་ནམས་གང་ཞིག་བསགས་པ་དེས། །འཇིག་རྟེན་རྡོ་རྗེ་འཛིན་པར་ཤོག །དགྱེས་པ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་རྫོགས་སོ།། །།སློབ་དཔོན་ཆེན་པོ་ས་ཧ་ཛ་བི་ལ་སའི་ཞལ་སྔ་ནས་ མཛད་པ། རྒྱ་གར་གྱི་མཁན་པོ་བ་ལེནྡྲ་རུ་ཙིའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏྲི་ཀྲ་མ་ཨུ་བ་དེ་ཤ་ནཱ་མ། བོད་སྐད་དུ། མན་ངག་རིམ་པ་གསུམ་པ་ཞེས་བྱ་བ། དཔལ་ དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པས་ཐོག་མར་རླུང་མ་དང་། གཉིད་མ་རྩེ་སྤྲད་ལ་ཙཎྜ་ལཱི་ཤིན་ཏུ་དྲག་ལ་ཡུན་ཐུང་བར་སྦར་ཏེ། དེས་དེ་བཞིན་གཤེགས་པ་དང་། སྤྱན་ལ་སོགས་པའི་རྟོག་པ་བསྲེག་གོ། །དེ་ལྟར་ཡང་ནས་ཡང་དུ་བསྲེགས་པ་དང་། སྦར་བས་ཕྱིའི་ དངོས་པོ་གང་ལ་དམིགས་ཤིང་བལྟས་ཀྱང་འཕར་ཞིང་འདར་བ་བྱུང་ན་སྔགས་ཀྱི་རིམ་པ་མཐར་ཕྱིན་པ་ཡིན་ཏེ། བསྒོམ་པ་འཕྲོ་བཅད་ལ། བདེ་བ་ཆེན་པོ་ཕབ་ལ་ནོར་བུའི་དཀྱིལ་དུ་སྲོག་གི་རླུང་བཟུང་ལ་སེམས་རྩེ་གཅིག་ཏུ་ཤིན་ཏུ་བསྒྲིམས་ལ་ཡང་དང་ཡང་དུ་གཏད་དོ། །དེ་ལྟར་གཏད་ པ་དང་ནོར་བུ་འགས་པ་སྙམ་བྱེད་ཅིང་མི་བཟོད་ན། རྡོ་རྗེའི་རྐེད་པར་སེམས་བདེ་བ་ལ་ཡང་དང་ཡང་དུ་གཏད། དེ་ལྟར་གཏད་པ་དང་བདེ་བས་མི་བཟོད་པ་དང་། རྩ་བར་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པ་དང་། ཡང་མི་བཟོད་པ་དང་། ལྟེ་བར་བདེ་བ་ལ་སེམས་གཏད། དེ་ ལྟར་གཏད་པ་དེ་ཡང་མི་བཟོད་ན་དེ་ནས་གྱེན་དུ་བཞི་ཆ་གཅིག་གི་གནས་སུ་སེམས་གཏད། དེ་ལྟར་སེམས་གཏད་པ་དང་ཡང་མི་བཟོད་ན་ཡང་གྱེན་དུ་བཞི་ཆ་གཅིག་གི་ནང་དུ་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པ་དང་ཡང་མི་བཟོད་ན་ཡང་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་ སེམས་གཏད། དེ་ལྟར་གཏད་པ་དང་། ཡང་བདེ་བ་མི་བཟོད་ན་སྙིང་གར་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པ་ན་བདེ་བས་མི་བཟོད་ཅིང་སྙིང་འདར་ཞིང་སྤྲུགས་པ་སྙམ་བྱེད་ན། ཡང་གྱེན་དུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པ་དང་ཡང་ བདེ་བས་མི་བཟོད་ན་ཡང་གྱེན་དུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པ་དང་བདེ་བས་ཡང་མི་བཟོད་ན་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པ་དང་ཡང་མི་བཟོད་ན་ཡང་གྱེན་དུ་བཞི་ཆ་གཅིག་ཏུ་བདེ་བ་ལ་ སེམས་གཏད། དེ་ལྟར་གཏད་པ་དང་། ཡང་བདེ་བ་ལ་མི་བཟོད་ན། ལྐོག་མར་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པ་ན། བདེ་བ་མི་བཟོད་ཅིང་ཡང་གྱེན་དུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པ་དང་། མི་བཟོད་པ་སྙམ་བྱེད་ན་ཡང་གྱེན་ དུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་གཏད། དེ་ལྟར་ཡང་གཏད་པ་དང་མི་བཟོད་པ་སྙམ་བྱེད་ན། སྐད་འགགས་པ་སྙམ་བྱེད་ཅིང་སྨྲ་མི་ཤེས་པ་སྙམ་བྱེད་པ་ན་ཡང་གྱེན་དུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པ་དང་། ཡང་མི་བཟོད་པ་ སྙམ་བྱེད་ན་ཡང་གྱེན་དུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པ་དང་། ཡང་མི་བཟོད་པ་སྙམ་བྱེད་ན་སྨིན་མཚམས་ཕྲག་ཏུ་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པ་དང་། སྨྱོ་བའམ་འགྱེལ་བའམ། དངོས་པོ་གང་ལ་དམིགས་ཤིང་བལྟས་ཀྱང་ སྨྱོས་པ་སྙམ་བྱེད་ན་ཡེ་ཤེས་རིམ་པ་མཐར་ཕྱིན་པ་ཡིན་ཏེ། འཕྲོ་བཅད་པ་ལ་གསང་བའི་རིམ་པ་ལ་བྱའོ། །དེར་ཡང་སྣ་སྒོར་དབུགས་བསྡམས། ནང་གི་སེམས་དང་སེམས་ལས་བྱུང་བར་ཆོས་ཐམས་ཅད་འདུས་པས་ཕྱི་རོལ་གྱི་ཡུལ་ལ་མི་རྟོག་པར། ནང་གི་སེམས་ཀྱི་རྟོག་པའི་ བྱུང་ཚོར་ཅི་བྱུང་བ་ལ་མི་དམིགས་པར་བསྒོམ་མོ། །དེ་ལྟར་བསྒོམས་པ་དང་ལུས་རས་བལ་གྱི་འདབ་མ་བཞིན་དུ་ཡང་ཞིང་སྨིག་རྒྱུ་ལྟ་བུ་ལ་སོགས་པ་རྟགས་ལྔ་མངོན་སུམ་དུ་མཐོང་བར་འགྱུར་བ་དང་། གསང་བའི་རིམ་པ་མཐར་ཕྱིན་པ་ཡིན་ཏེ། དེ་བས་ན་ནང་གི་སེམས་དང་ཕྱིའི་ཡུལ་ ཐམས་ཅད་དབྱེར་མི་ཕྱེད་ཅིང་གཉིས་སུ་མེད་པར་མི་དམིགས་པར་བསྒོམ་མོ། །དེ་ལྟར་བསྒོམས་པ་དང་། མངོན་པར་ཤེས་པ་ལྔ་རིམ་གྱིས་སྐྱེས་ན་བདེ་བ་ཆེན་པོ་ཐོབ་བོ། །རོ་སྨད་བཤལ་ཞིང་མི་ཐེག་པ་སྙམ་བྱེད་ཅིང་། འགྲོང་གི་ཕྲག་ཏུ་ཟུག་ཅིང་ན་ན་ ཐུར་དུ་སེལ་བའི་རླུང་ཟིན་པས་ཤིན་ཏུ་རྒྱས་པ་ཡིན་ཏེ། དེ་ཞི་བར་བྱ་བའི་ཕྱིར་སྨིན་ཕྲག་ཏུ་བདེ་བ་ལ་སེམས་གཏད་དོ། །དེ་ལྟར་གཏད་པ་དང་། སྣ་རུས་ན་བ་དང་། མིག་རུས་ན་བ་དང་། སྤྱི་གཙུག་ན་བ་དང་། རྣ་བ་ན་ཞིང་འུར་འུར་ཟེར་ན་གྱེན་དུ་རྒྱུ་བའི་རླུང་ཟིན་པས་ཤིན་ཏུ་རྒྱས་པ་ཡིན་ཏེ། དེ་ཞི་བར་བྱ་བའི་ཕྱིར་ལྟེ་བར་བདེ་བ་ལ་སེམས་གཏད། དེ་ལྟར་སེམས་གཏད་པ་དང་། ལྟེ་བར་ཟུག་ཅིང་སྦོས་པ་སྙམ་བྱེད་ན། །མེ་དང་མཉམ་དུ་གནས་པའི་རླུང་ཟིན་པས་རྒྱས་པ་ཡིན་ཏེ། དེ་ཞི་བར་བྱ་བའི་ཕྱིར་མགྲིན་པར་བདེ་བ་ལ་སེམས་གཏད། ཁ་མཆུ་སྦྲིད་ཅིང་སྐད་འགགས་ པ་སྙམ་བྱེད་ན། ལྕེའི་དབང་པོ་ལ་གནས་པའི་རླུང་ཟིན་པས་ཤིན་ཏུ་རྒྱས་པ་ཡིན་ཏེ། དེ་ཞི་བར་བྱ་བའི་ཕྱིར་སྙིང་གར་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པ་དང་སྙིང་གཅུ་ཞིང་སྤྲུགས་པ་སྙམ་བྱེད་ན། རླུང་ལ་གནས་པའི་རླུང་ཟིན་པས་རྒྱས་པ་ཡིན། དེ་ཞི་བར་བྱ་བའི་ཕྱིར་ནོར་བུའི་ དཀྱིལ་དུ་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པ་དང་ལུས་ཀྱི་ཚིགས་ཐམས་ཅད་ན་ཞིང་སྦྲིད་པ་སྙམ་བྱེད་ཅིང་ལུས་ཐམས་ཅད་ལ་བེར་བ་ལངས་ན། ཁྱབ་བྱེད་ཀྱི་རླུང་ཟིན་པས་རྒྱས་པ་ཡིན་ཏེ། དེ་ཞི་བར་བྱ་བའི་ཕྱིར་བདེ་བ་ལ་རང་བཞིན་མེད་པར་བསྒོམ་མོ། །དེ་ལྟར་བསྒོམས་པ་ དང་། དགོད་སྙིང་འདོད་ཅིང་ཀུ་ཅོའི་སྒྲ་འདོན་སྙིང་འདོད་ན་ཤིན་ཏུ་རྒྱས་པ་བདེ་བ་ལ་རྒྱས་པ་ཡིན་ཏེ། ཤིན་ཏུ་ཡང་བསྒྲིམས་ལ་བདེ་བ་ལ་མི་དམིགས་པར་བསྒོམ་མོ། །དེ་ལྟར་བསྒོམས་པ་དང་ཤིན་ཏུ་མྱོས་ཤིང་དྲན་པ་མེད་ཅིང་རྨོངས་ན། ཞི་གནས་ཤས་ཆེ་བ་ཡིན་ཏེ། དེ་མེད་པར་བྱ་ བའི་ཕྱིར་ནང་གི་ཆོས་ཐམས་ཅད་སྒྱུ་མར་བསྒོམ་མོ། །དེ་ལྟར་བསྒོམས་པ་དང་སེམས་རྒོད་ཅིང་འཕྲོ་ན་སྒྱུ་མ་མི་དམིགས་པར་བསྒོམ། དེ་ལྟར་ཆ་སྙོམས་ནས་ཡང་དང་ཡང་དུ་བསྒོམས་པས་གསལ་བ་རྟོག་པ་མེད་པ་སྐྱེས་ནས་བདེ་བ་ཆེན་པོ་ཐོབ་པར་འགྱུར་རོ། །གོང་མ་དེ་ལྟར་བསྒོམ་ པའི་ཚེ་མཁའ་འགྲོ་མ་ཉམས་སད་པའི་ཕྱིར་འོང་བའི་ཚེ་བརྡ་བྱའོ། །དེ་མ་ཤེས་ན་རྟོག་པ་མེད་པར་བསྒོམ་མོ། །དེ་ལྟར་བསྒོམས་པ་དང་། མཁའ་འགྲོ་མས་བྱིན་གྱིས་བརླབ་པར་འགྱུར་རོ། །འགྲོ་ཀུན་གསང་སྔགས་དོན་ལྡན་ཞིང་། །ཚེ་འདི་ཉིད་ལ་བྱང་ཆུབ་ཐོབ་པར་ཤོག །མན་ ངག་རིམ་པ་གསུམ་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཌོཾ་བི་ཧེ་རུ་ཀའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཏི་ཀ་ར་ཧྲྀ་ད་ཤ་ཏ་ཀ་ནཱ་མ། བོད་སྐད་དུ། གོ་བར་བྱེད་པའི་སྙིང་པོ་བརྒྱ་པའི་མིང་། ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཅིའི་ ཕྱིར་ཕྱག་བཙལ་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ནི། དགའ་བ་བཞིས་རྒྱས་པའོ། །དེ་ཡང་རྡོ་རྗེའི་རྣལ་འབྱོར་མས་བསྐོར་བའོ། །སྤྲུལ་པའི་འཁོར་ལོ་བཞིའི་དཔལ་དང་ལྡན་པ། དེའི་ཕྱིར་ཕྱག་བཙལ་བའོ། །སློབ་དཔོན་ལ་ཡང་ཕྱག་བཙལ་བའོ། །ཅིའི་ཕྱིར་ཕྱག་བཙལ་ཞེ་ན། རྒྱུ་དང་འབྲས་བུ་གཉིས་སུ་མི་རྟོག་པའི་ཡེ་ཤེས་ཀྱིས་དོན་ཐུགས་སུ་ཆུད་པ་དང་། བདེ་བ་ཆེན་པོས་ཤིན་ཏུའང་མཛེས་པ། དེ་ཡང་སློབ་དཔོན་ཉིད་ཀྱིས་སློབ་མ་ལ་གོ་བར་བྱེད་པས་ན། གོ་བར་བྱེད་པའི་སྙིང་པོའོ། །དེའི་ཕྱིར་སློབ་དཔོན་དེ་ལ་ཕྱག་བཙལ་ལོ། །དེ་ནས་དོན་གྱི་སྙིང་པོ་ བཤད་པར་བྱ་སྟེ། ཀྱེའི་རྡོ་རྗེ་ཞེས་བྱ་བ་ནི། རང་གི་སེམས་ཉིད་ཀྱེའི་རྡོ་རྗེའོ། །ཅིའི་ཕྱིར་རང་གི་སེམས་ཉིད་ཡིན་ཞེ་ན། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་དང་། མ་སྐྱེས་པ་དང་མ་འགགས་པའི་ཕྱིར་རོ། །ཧེ་རུ་ཀའི་ངོ་བོ་དེ་ལ་བྲི་བ་དང་གང་བ་མེད་པའི་ཕྱིར་རོ། །དེའང་དོན་ དུ་ན་རང་གི་སྙིང་གར་བྱང་ཆུབ་སེམས་ཟླ་བ་ལྟ་བུ་བསམ་མོ། །དེ་ལས་འགྲོ་བའི་དོན་དུ་སྤྲུལ་པ་སྣ་ཚོགས་སྤྲོ་བ་དང་། བསྡུ་བ་དང་ལྡན་པའི་ཐིག་ལེ་ཡིན་ཏེ། སྤྲོ་བ་དང་བསྡུ་བ་ཙམ་ཡང་མི་དགོས་ཏེ། ཐིག་ལེ་ཉིད་དུ་རྟག་ཏུ་བསྒོམ་པར་བྱའོ། །དཀྱིལ་འཁོར་ཞེས་ཀྱང་བྱ་སྟེ། དེ་ལ་སྤྲོ་བའི་ ཕྱིར་རོ། །དེ་ནི་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་ཡང་དེ་ཉིད་ཡིན་ནོ། །དེ་ཉིད་མེ་མར་རླུང་གིས་མ་བསྐྱོད་པ་བཞིན་དུ་བསྒོམ་མོ། །དེ་གཅིག་དང་དུ་མ་བྲལ་ཞིང་མི་གཡོ་བའོ། །དཀྱིལ་འཁོར་གྱི་ལྷ་ཞེས་དེ་ལ་བྱའོ། །མུན་པ་ཐམས་ཅད་སེལ་བར་བྱེད་པའི་དགའ་བ་བཞིའི་ངོ་བོ་ཡང་དེ་ཡིན་ ནོ། །དེ་རྟག་ཏུ་བསྒོམ་པའི་རྣལ་འབྱོར་པས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་དོ། །གཟུགས་ལ་སོགས་པ་ཐམས་ཅད་རང་བཞིན་མེད་པར་ཤེས་པར་བྱ་བ་ཡིན་གྱི་སྤང་བར་བྱ་བ་མ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་གང་ཞེ་ན། ཐམས་ཅད་ཀྱི་ སྙིང་པོ་ཉིད་དེ་ལ་བྱའོ། །སྟོང་པ་ཉིད་དང་རང་གི་སེམས་ཉིད་ཐ་མི་དད་པར་བསྒོམ་པ་ནི། རང་བཞིན་དགའ་བའི་དོན་ཤེས་པའོ། །སྟོང་པ་ཉིད་དང་རང་གི་སེམས་གཉིས་ཀྱི་རྟོག་པ་མེད་པར་རྟོགས་ན། དེ་ཉིད་འབྲས་བུ་ཡིན་ནོ། །དེ་ཡང་ཕུང་པོ་ལྔ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་ པའི་ཕྱིར་རོ། །དེ་ཡང་བསྒོམས་ནས་མངོན་དུ་གྱུར་པ་ནི་འབྲས་བུ་ཡིན་ནོ། །མཁའ་འགྲོ་མ་ཞེས་བྱ་བ་ཡང་རང་གི་རྩ་ཉིད་མཁའ་འགྲོ་མའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཡང་བསྒོམ་པ་ནི་རྒྱུ་ཡིན་ལ་མཁའ་འགྲོ་མར་ཤེས་པ་ནི་འབྲས་བུ་ཡིན་ནོ། །བརྗོད་པར་མི་ནུས་པའི་སེམས་ཀྱིས་ཆོས་ ཐམས་ཅད་ལ་ཁྱབ་པོ། །དེ་ཡང་ཕྱག་རྒྱ་ཞེས་བྱ་བ་ཡང་སྣང་སྲིད་ཀྱི་གཟུགས་ཐམས་ཅད་དོ། །ཕྱག་མཚན་ཞེས་བྱ་བ་ཡང་ཁ་དོག་ཐམས་ཅད་ལ་བྱའོ། །དེ་ལྟར་བསྒོམ་པའི་རྣལ་འབྱོར་པ་ལ་ཡིད་བདེ་བ་སྐྱེས་པ་ནི། རྡོ་རྗེ་པདྨ་བསྒོམ་པའི་རྣལ་འབྱོར་པ་ཞེས་བྱའོ། །ཕུང་པོ་ལ་སོགས་ པའི་ཆོས་ཐམས་ཅད་རོ་གཅིག་ཏུ་བསྒོམ་མོ། །ལུས་ལས་སེམས་ལོགས་ན་མེད་ན། སེམས་ལས་ཀྱང་ལུས་ལོགས་ན་མེད་པར་བསྒོམ་མོ། །དེ་ལྟར་བསྒོམ་ན་བྱང་ཆུབ་ཀྱི་སེམས་ཐིག་ལེ་དེ་ལ་ཉི་མ་དང་ཟླ་བ་དེ་ངལ་སོ་བ་ཡིན་ནོ། །ཐིག་ལེ་དེ་ཉིད་སེམས་ཡིན་ལ། སེམས་དེ་ལ་ཆོས་ ཐམས་ཅད་སྣང་ངོ་། །སེམས་ཉིད་མེ་ལོང་ཡིན་པར་བཤད་དོ། །མེ་ལོང་ལ་ཚོན་དམར་པོས་བསྒོས་པ་ལ་བཞིན་མི་སྣང་བ་བཞིན་དུ། རང་གི་རྣམ་པར་རྟོག་པས་བསྒྲིབས་པ་མ་བསལ་བར་ཡེ་ཤེས་མི་སྐྱེའོ། །དེའི་ཕྱིར་ཇི་ལྟར་བསྒོམས་པ་ལྟར་འགྱུར་ཏེ། རང་གི་སེམས་བརྟན་པར་བྱས་ ཕན་ཆད་ཕྱི་ནང་གི་ཆོས་ཐམས་ཅད་ཐིག་ལེ་དེའི་འོད་ཟེར་གྱིས། ཐིག་ལེ་ལ་བསྡུས་ནས་བསྒོམས་ན་དེ་ཁོ་ན་ལྟར་བརྟན་པར་བྱའོ། །དེ་ཡང་ཡུན་རིང་དུ་བསྒོམ་མོ། །དེ་ཡང་ཅིའི་ཕྱིར་བསྒོམ་ཞེ་ན། བདག་དང་གཞན་དུ་རྟོག་པ་བསལ་བ་དང་། སེམས་ལས་མ་གཏོགས་པའི་ཆོས་མེད་ པར་བྱ་བའི་ཕྱིར་རོ། །དེ་ལྟ་བུའི་བསྒོམ་པ་ལ་རྟག་ཏུ་དགའ་བར་བྱའོ། །དེས་ནི་འདོད་པ་ལྔ་ལ་ཡང་རྟག་ཏུ་ལོངས་སྤྱད་པར་བྱའོ། །ཇི་ལྟར་སྤྱད་ཀྱང་ཉེས་པར་མི་འགྱུར་ཏེ། དངོས་གྲུབ་ཐོབ་པའི་རྒྱུར་འགྱུར་རོ། །འཆིང་བར་མི་འགྱུར་རོ། །དེ་ལྟར་ཟླ་བ་དྲུག་བསྒོམས་ན་རྟགས་འབྱུང་ སྟེ། དང་པོར་དྲོད་སྐྱེའོ། །གཉིས་པ་ལ་སྤྲུལ་པ་སྟོན་པ་དང་། གསུམ་པ་གང་དུ་བསམས་པར་ཕྱིན་པའོ། །བཞི་པ་དཔྲལ་བའི་དབྱེས་སུ་མཛོད་སྤུ་གཡས་སུ་འཁྱིལ་བ་དང་། ལྔ་པར་མངོན་པར་ཤེས་པ་ལྔ་སྐྱེའོ། །དྲུག་པར་སྙིང་གའི་ཐིག་ལེ་ལས། ཁམས་གསུམ་གྱི་སེམས་ ཅན་མཐོང་བའི་ཐིག་ལེ་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྤྲོ་བ་དང་། བསྡུ་བ་ཡང་ནུས་སོ། །དེ་ལྟར་སྤྲོ་བསྡུས་འགྲོ་དོན་བྱས་པས་རྡོ་རྗེ་སེམས་དཔར་འགྱུར། གལ་ཏེ་ཟླ་བ་དྲུག་མ་ནུས་ན་ཡང་ཟླ་བ་ཕྱེད་དེ། དེས་རྟགས་ཕྲ་མོ་འོང་བར་བཤད་དོ། །དེ་ལྟར་བསྒོམས་ན་ སངས་རྒྱས་སུ་འགྱུར་རོ། །མཚན་མའི་རྣམ་པར་རྟོག་པ་སྤངས་ལ་རྟག་ཏུ་བསྒོམ་པར་བྱའོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ན་འགྲོ་བའི་དོན་ཇི་ལྟར་བྱ་ཞེ་ན། དཔེར་ན་མུན་པ་ལ་རྗེས་ཀྱི་དངོས་པོ་མི་མཐོང་། སྣང་བ་བཏེག་ན་ རྫས་མཐོང་བ་བཞིན་དུ་རང་གི་རྣམ་པར་རྟོག་པས་བསྒྲིབས་པས། ཡང་དག་པའི་དོན་མི་མཐོང་བར་འགྱུར་རོ། །གོང་གི་དོན་དེ་བསྒོམས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེ་བར་འགྱུར་རོ། །ད་ནི་ལུས་དང་ངག་གི་མཚན་ཉིད་བཤད་པར་བྱ་སྟེ། དེ་ཡང་སེམས་ཀྱི་མཚན་ ཉིད་མི་བཤད་པར་མ་ཡིན་ཏེ། ཀུན་འཇོམས་མ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་རང་བཞིན་ནོ། །དེ་ལ་དབུ་མ་ཞེས་བྱའོ། །ཅིའི་ཕྱིར་དབུ་མ་ཞེས་བྱ་ཞེ་ན། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །ཡོད་པ་དང་མེད་པ་ སྤངས་པའི་ཕྱིར་ཏེ། དེ་གཉིས་ཀྱི་བར་ན་གནས་པའི་ཕྱིར་རོ། །ཡོད་པ་ཞེས་བྱ་བ་ནི་རོ་ཅན་མ་ཞེས་བྱ། མེད་པ་ཞེས་བྱ་བ་ནི་འཕྱང་མ་ཞེས་བྱ། དེ་གཉིས་ཇི་ལྟ་བུ་ཞེ་ན། ལོངས་སྤྱོད་རྫོགས་པའི་འཁོར་ལོ་ལ་མཐོང་བར་བྱའོ། །ཀུན་འཇོམས་མ་གང་དུ་ཤེས་པར་བྱ་ཞེ་ན། གཉིས་པོ་གཅིག་ཏུ་གྱུར་པའི་དུས་སུ་ཤེས་པར་བྱའོ། །ཨོལ་གོང་དང་མིད་པ་གཉིས་ཀྱི་ནང་དུ་ཡི་གེ་བཾ་རེ་རེ་བསམས་ལ། གཉིས་ལས་ཆུའི་དཀྱིལ་འཁོར་གཉིས་སུ་བསམས་ལ། དེའི་སྟེང་དུ་བཾ་རེ་རེ་བསམ། དེ་ལས་པདྨར་གྱུར་པར་བསམས་ལ། གཡོན་ ཕྱོགས་ཀྱི་པདྨའི་ཟེ་འབྲུ་ལ་ཨཾ། གཡས་ཕྱོགས་ཀྱི་པདྨའི་ཟེ་འབྲུ་ལ་ཀཾ་བསམ། དེ་ལྟར་ཡུན་ཅི་རིང་དུ་བསྒོམས་ལ། དེ་ནས་ཡི་གེ་གཉིས་ལ་ཉི་ཟླ་གཉིས་སུ་གྱུར་པར་བསམ། ཉི་ཟླའི་སྟེང་དུ་ཨཾ་དང་ཀཾ་བསམ། དེ་ལ་ཡུན་དུ་བསྒོམ། དེ་ཡང་སོ་བསྡམས་ལ་དབུགས་ནང་དུ་རྔུབས་པ་ལས་ ཉི་ཟླ་གཉིས་སུ་མེད་པར་གྱུར་ཏེ་མི་རྟོག་པ་སྐྱེའོ། །སོ་བསྡམས་ལ་དབུགས་ནང་དུ་རྔུབས་པ་དེ་མི་ལྕོགས་ན་ལོངས་སྤྱོད་ཀྱི་རྩ་གཉིས་མནན་པར་བྱའོ། །དེས་ཀྱང་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ལྟར་བསྒོམས་པས་དང་པོ་བདེ་བ་སྐྱེ་བར་འགྱུར་རོ། །དེས་མི་རྟོག་པའི་ཡེ་ཤེས་སྐྱེ་ངེས་སོ། ། མི་རྟོག་པ་དེ་ཡང་ཇི་ལྟ་བུ་ཞེ་ན། མཚན་མ་དང་མཚན་མའི་གཞི་གཉིས་དང་བྲལ་བའི་ཕྱིར་རོ། །དེ་ལ་གནས་པའི་རྣལ་འབྱོར་པས་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ལྟ་བུར་མཐོང་ངོ་། །དེ་ལྟར་ཟླ་བ་དྲུག་ཏུ་བསྒོམས་པས་གསུང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཇི་སྐད་སྨྲས་པ་བདེན་པར་འགྱུར་རོ། །དེ་ལྟར་བསྒོམས་པ་དེ་སྣང་བ་མཐའ་ཡས་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ། །ངག་གི་དེ་ཁོ་ན་ཉིད་རྫོགས་སོ།། །།ད་ནི་ལུས་ཀྱི་དེ་ཁོ་ན་ཉིད་བཤད་པར་བྱའོ། །དཔྲལ་བར་ཡཾ་ལས་རླུང་གི་དཀྱིལ་འཁོར་ཅིག་བསམ། དེའི་སྟེང་དུ་ཨོཾ་ བསམ་མོ། །ཨོཾ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསམ་མོ། །དེ་གཉིས་ཀྱི་བར་དུ་ཨོཾ་བསམ། དེ་ལྟར་ཡུན་རིང་དུ་བསྒོམ་མོ། །དེ་ལྟར་དཔྲལ་བའི་ཏིང་ངེ་འཛིན་བསྐྱེད་པར་བྱས་ལ། རྫོགས་པའི་རིམ་པ་བྱས་ཏེ། སོ་བསྡམས་ལ་དབུགས་དྲང་བ་དང་། རྩ་གཉིས་མནན་པ་དང་། དབུགས་ནང་དུ་དྲང་བ་གང་ཡང་རུང་བ་གཉིས་བྱའོ། །ངག་གི་དེ་ཁོ་ན་ཉིད་སྟོན་པའི་སྐབས་དང་པོ་བདེ་བ་སྐྱེ་བ་ནས། སྒྱུ་མ་ལྟ་བུ་མཐོང་བ་ལ་སོགས་པའི་བར་དུ་གང་དུ་བཤད་པ་དང་མཐུན་ནོ། །དེ་ལ་གནས་པའི་རྣལ་འབྱོར་པ་ལ་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་རློབ་པར་འགྱུར་ རོ། །ལུས་ཀྱི་དངོས་གྲུབ་བསྟན་པའོ། །ལུས་ཀྱི་དངོས་གྲུབ་ནི་ལུས་སྣ་ཚོགས་སུ་སྤྲུལ་ནུས་པའོ། །ལུས་ཀྱི་དེ་ཁོ་ན་ཉིད་རྫོགས་སོ།། །།དེ་ཡན་ཆད་ནི་ལས་དང་པོ་པའོ། །ད་ནི་རླུང་གི་དེ་ཁོ་ན་ཉིད་བཤད་པར་བྱ་སྟེ། རྫི་མ་རྡེབས་པ་བཅོ་བརྒྱད་པ་ཕྲག་སུམ་ཅུ་ལ་ཆུ་ཚོད་ གཅིག་ཅེས་བྱའོ། །ཆུ་ཚོད་གཅིག་སྣ་བུག་གཡས་ནས་བྱུང་སྟེ་ཉི་མའི་རང་བཞིན་ནོ། །ཆུ་ཚོད་གཅིག་སྣ་བུག་གཡོན་ནས་བྱུང་སྟེ་ཟླ་བའི་རང་བཞིན་ནོ། །གཡས་གཡོན་གྱི་དབུགས་རེ་རེ་ཞིང་ཡང་བཞི་བཞིར་ཤེས་པར་བྱའོ། །དེ་ལ་བཞི་ནི་ཐུར་དུ་འབྱུང་བ་ཆུའི་རང་བཞིན་ནོ། །གྱེན་ དུ་འབྱུང་བ་བཞི་ནི་མེའི་རང་བཞིན་ནོ། །ལོགས་ནས་འབྱུང་བ་བཞི་ནི་རླུང་གི་རང་བཞིན་ནོ། །ཐད་ཀར་འབྱུང་བ་བཞི་ནི་སའི་རང་བཞིན་ནོ། །དེ་བཞི་སྤྱན་ལ་སོགས་པའི་རང་བཞིན་ནོ། །སྣ་བུག་གཉིས་ཀྱི་བར་ནི་ནམ་མཁའ་འོ། །དེ་ཉིད་ཧེ་རུ་ཀའི་རང་བཞིན་ནོ། །ལྷ་མོ་བཞི་ཧེ་རུ་ཀ་ལ་ འདུས་པར་འགྱུར་རོ། །འདུས་པའི་དུས་སུ་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །རྒྱུ་གང་གིས་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་ཞེ་ན། ལྷ་མོ་བཞི་པོ་ཧེ་རུ་ཀ་ལ་འདུས་པའི་དུས་སུ། རྩ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་འགྱུར་རོ། །ཧེ་རུ་ཀ་ལ་ལྷ་མོ་བཞི་ཇི་ལྟར་འདུ་བར་ འགྱུར་ཞེ་ན། གཡས་པའི་རླུང་ཆུ་ཚོད་གཅིག་ཏུ་འབྱུང་བ་དང་། འཇུག་པའི་རྗེས་ལ་གཡོན་ནས་འབྱུང་སྟེ་དེ་འཇུག་ཏུ་མི་གཞུག་པར་གཡས་སུ་དྲང་། དེ་གཡས་སུ་མི་འདུག་པར་གཡོན་དུ་འཇུག་པའི་དབང་གིས་བར་མའི་ཧེ་རུ་ཀ་དང་འཕྲད། གཡོན་པའང་དེ་བཞིན་དུ་ཤེས་པར་བྱའོ། ། དེའི་ཕྱིར་ན་ཧེ་རུ་ཀ་ལ་ལྷ་མོ་བཞི་འདུས་པ་ཞེས་བྱའོ། །དེའི་མན་ངག་བླ་མའི་ཞལ་ལས་ཤེས་པར་བྱའོ།། །།དེ་ལྟར་ཧེ་རུ་ཀ་ལ་ལྷ་མོ་བཞི་འདུས་པའི་དུས་ན། དངོས་གྲུབ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་ཤེས་པར་བྱའོ། །ཆུ་ཚོད་ནས་ལྷ་མོ་བཞི་ཧེ་རུ་ཀ་ལ་འདུས་པའི་ བར་དུ་རླུང་གི་དེ་ཁོ་ན་ཉིད་ཅེས་བྱའོ། །དེས་འདོད་ཆགས་ཆེན་པོའི་མེ་སྦར་བས་འཁོར་ལོ་བཞི་པོ་འོད་དུ་ཞུ་ནས་མི་རྟོག་པའི་ཡེ་ཤེས་སྐྱེའོ། །ཕྱི་ནང་གི་དངོས་པོ་ཐམས་ཅད་རང་གི་སེམས་ཡིན་ལ། སེམས་ཉིད་དུ་ཤེས་པ་ནི་དངོས་པོ་བསྲེགས་པ་ཞེས་བྱའོ། །དེའི་རང་བཞིན་ཤེས་པ་ནི་ ཙཎྜ་ལཱི་ཞེས་བྱའོ། །ཕུང་པོ་ལ་སོགས་པ་ཐམས་ཅད་བསྲེགས་པའོ། །དེ་གང་ཡིན་ན་ནི་སེམས་ཡིན་ལ། སེམས་དེ་ཉིད་ཀུན་འཇོམས་མ་ཞེས་བྱའོ། །ཐམས་ཅད་སེམས་ཀྱི་རང་བཞིན་དུ་ཤེས་པ་གང་ཡིན་པ་དེ་ལ་བདུད་རྩི་འབབ་པ་ཞེས་བྱའོ། ། སེམས་ཀྱི་དེ་ཁོ་ན་ཉིད་རྫོགས་སོ།། །།ད་ནི་དོན་དམ་པའི་དེ་ཁོ་ན་ཉིད་བཤད་པར་བྱ་སྟེ། ངག་གི་རང་བཞིན་མ་གྲུབ་སྟེ། ཅིའི་ཕྱིར་མ་གྲུབ་ཅེ་ན། ངག་གི་གནས་ལུས་ཉིད་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ལུས་མ་གྲུབ་ཅེ་ན། བརྟགས་པས་དབེན་པའི་ཕྱིར་མ་གྲུབ་པོ། ། དེ་ཡང་ལུས་དེ་རང་གི་ངོ་བོ་ཡོད་པ་ཅིག་ཡིན་ན་ནི། བུད་མེད་ཀྱི་ལུས་གཅིག་ལ་འདོད་ཆགས་ལ་སོགས་པའི་བློ་ཐ་དད་པར་འབྱུང་བར་མི་རིགས་སོ། །གནས་མ་གྲུབ་པས་ན་གནས་མ་གྲུབ་པའི་ཕྱིར་རོ། །དཔེར་ན་པི་བང་གི་སྒྲ་དང་འདྲ་སྟེ། རྒྱུ་རྐྱེན་ཚོགས་པ་ལས་འབྱུང་སྟེ། དེའི་ཕྱིར་རང་ བཞིན་མེད་པར་མངོན་ནོ། །དེ་ལ་དངོས་པོ་མཚན་མ་གཅིག་ལ་བློ་ཐ་དད་པ་འབྱུང་སྟེ། རྣལ་འབྱོར་པས་དོན་དམ་པར་གཉིས་སུ་མེད་པའི་ཡེ་ཤེས་སུ་མཐོང་ལ། གཞན་དག་གིས་ནི་རྣམ་པར་རྟོག་པའི་དབང་གིས་སྣ་ཚོགས་པར་མཐོང་སྟེ། དེའི་ཕྱིར་རང་བཞིན་མེད་པ་ལ་གནས་པས་སེམས་ ཅན་ཐམས་ཅད་ལ་སྙིང་རྗེ་སྐྱེས་ཏེ། སེམས་ཅན་གྱི་ཐར་པ་ཐོབ་པར་བྱ་བའི་ཕྱིར། བདག་གིས་གོང་མ་ལྟ་བུའི་ཏིང་ངེ་འཛིན་ལ་འཇུག་གོ། །ཞུགས་ནས་འབྲས་བུ་ཐོབ་པར་བྱེད་དོ། །སེམས་ཅན་གྱི་དོན་བྱ་བར་སེམས་བསྐྱེད་དོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་རྣལ་འབྱོར་པས་མདུན་གྱི་ནམ་ མཁའ་ལ་ཡཾ་ལས་རླུང་གི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་བསྐྱེད་དོ། །དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་བསྐྱེད་དོ། །དེའི་སྟེང་དུ་དྷཾ་ལས་ཆོས་ཀྱི་འབྱུང་གནས་བསྐྱེད་དོ། །དེའི་སྟེང་དུ་པཾ་ལས་པདྨ། དེའི་སྟེང་དུ་ཁཾ་ལས་སྣ་ཚོགས་རྡོ་རྗེ་བུམ་པའི་ལྟེ་བ་ ལ་ཉི་མའི་དཀྱིལ་འཁོར་དེའི་དཀྱིལ་དུ་ཧཱུྃ་ཧཱུྃ་དེ་ཉིད་སྐུ་གསུང་ཐུགས་ཀྱི་རང་བཞིན། དེ་ལས་ཁ་དོག་རྣམ་པ་ལྔའི་རང་བཞིན་འོད་ཟེར་རྣམ་པ་ལྔ་སྤྲོས་ཏེ། དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། བླ་མ་རྣམས་སྤྱན་དྲངས་ཏེ། གོང་གི་ཧཱུྃ་ཉིད་ལ་ཐིམ་པས་ཧཱུྃ་ནས་རླུང་གི་དཀྱིལ་ འཁོར་གྱི་བར་དུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་གཅིག་ཏུ་གྱུར་ནས། ཐིག་ལེའི་ནང་ན་ཧཱུྃ་གནས་པར་བསམ་མོ། །རང་གི་རླུང་གིས་ཐིག་ལེ་དེ་ཉིད་སྤྱན་དྲངས་ཏེ། གོང་གི་ཧཱུྃ་སྣ་རྩེར་བསམ་མོ། །དེ་ལྟར་ཉིན་དང་མཚན་དུ་བསྒོམས་པས་རྟགས་འབྱུང་སྟེ། སྨིག་རྒྱུ་ལ་སོགས་པ་འབྱུང་ ངོ་། །གོང་མ་དེ་ལྟར་བསྒོམས་ན། སེམས་ཀྱི་བདེ་བ་སྐྱེ་བ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྲད་པ་ཡིན་ནོ། །དེ་ཡིས་གོ་འབྱེད་སྙིང་པོ་བརྩམས་པ་ཡིས། ཁམས་གསུམ་མ་ལུས་སེམས་ཅན་ཐམས་ཅད་ཀྱིས། །དྲི་མེད་དགེ་བའི་རྩ་བ་གང་ཐོབ་པ། །རྟོག་པའི་ དྲ་བ་བསལ་ནས་ཀྱང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཆོས་ཐམས་ཅད་གོ་བར་བྱེད་པའི་སྙིང་པོ། སློབ་དཔོན་ཆེན་པོ་སྣང་བ་མཐའ་ཡས་རྡོ་རྗེས་མཛད་པ། ཤློ་ཀ་བརྒྱས་རིམ་པ་བདུན་དུ་ཕྱེ་ནས་ཆོས་ཐམས་ཅད་གོ་བར་བྱས་པའོ། །དཔལ་དགྱེས་པའི་རྡོ་རྗེ་ལས། སྣང་བ་མཐའ་ཡས་རྡོ་རྗེ་ལ་ཞལ་གྱིས་གནང་། དེས་ཡི་གེ་འདི་མཛད་དོ། །དཔལ་དགྱེས་པའི་རྡོ་རྗེ་ལས་སློབ་དཔོན་ཆེན་པོ་སྣང་བ་མཐའ་ཡས་རྡོ་རྗེས་མཛད་པའི་གོ་བྱེད་སྙིང་པོ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་རཏྣ་པྲ་ལོ་ཀེ་སཱ་ངྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དང་བདག་མེད་བཅས། །དེ་ཆོས་འཁོར་ལ་ཕྱག་འཚལ་ཏེ། །དེ་འདོད་ཕྱིར་ན་དེ་སྒྲུབ་ཐབས། །དེ་དོན་གཉེར་ལ་སྒྲོན་འདི་བྲི། །ཆགས་མེད་བྱང་ ཆུབ་སེམས་དང་ལྡན། །དབང་ཐོབ་བློ་ལྡན་ལུང་བླངས་པས། །དུར་ཁྲོད་ལ་སོགས་གནས་བདེ་བར། །རྣལ་འབྱོར་བརྩོན་པས་བསྒྲུབ་པར་བྱའོ། །ཐོ་རངས་བྱམས་པས་མལ་ནས་ལངས། །གདོང་ལ་སོགས་པ་དིས་བཀྲུས་ནས། །རྡོ་རྗེས་མཚན་པའི་སྟན་ལ་འདུག །བདུད་རྩིའི་རི་ལུ་ལྕེ་ ལ་གཞག །སྙིང་རྗེས་མ་རྣམས་གཟུང་བྱས་ལ། །ཞལ་བརྒྱད་ང་རྒྱལ་བདག་བསྒོམས་ཏེ། །རཀྵས་ས་སྦྱང་གནས་བསྲུང་བ། །མེ་རི་དྲ་གུར་བརྟན་པར་བསྒོམ། །ཧེ་རུ་ཀ་ཡི་སྙིང་ག་རུ། །པཾ་དང་རཾ་ལས་གསལ་བར་ནི། །པདྨ་ཉི་མ་དམར་པོ་བསྒོམ། །དེ་སྟེང་ཧཱུྃ་ནག་འོད་ཟེར་ལྔས། ། ཕྱོགས་བཅུར་སྤྲོས་པ་བསྐུལ་དང་སྦྱང་། །བྱས་ནས་ཐམས་ཅད་མཁའ་ལ་བཞུགས། །བླ་མ་སངས་རྒྱས་རང་དང་ལྷ། །གསལ་བསྒོམས་ལུས་སྤྲུལ་ཕྱག་བྱའོ། །དེ་ཡང་འོག་ནས་སྟོན་པ་ཡི། །བཅོམ་ལྡན་སྐུ་མདོག་ཕྱག་དང་རྒྱན། །ཕྱག་མཚན་ བཅས་པ་བཞུགས་པ་ནི། །བདག་མེད་ཡུམ་དང་ལྡན་པའོ། །དེ་མདུན་གཽ་རཱི་ནག་མོ་ནི། །བྱང་ཆུབ་སེམས་དཀར་རི་བོང་ཅན། །གཡས་ན་ཙཽ་རཱི་དམར་མོ་ཡང་། །བྱང་སེམས་དམར་པོ་ཉི་འོད་འབུལ། །རྒྱབ་ན་སེར་མོ་བེ་ཏཱ་ལཱི། །ལྷུང་བཟེད་ཆུ་བཟང་བཀང་བ་འབུལ། །གཡོན་ ན་ལྗང་གུ་གྷསྨ་རཱི། །དྲི་བཟང་ཐོད་པ་བཀང་བ་འབུལ། །བྱང་ཤར་པུཀྐ་སཱི་སྔོན་མོ། །ཤ་ལྔས་ཐོད་པ་བཀང་བ་འབུལ། །མེ་ན་མདོག་དཀར་ཤ་བ་རཱི། །རོ་ལྡན་བཏུང་བ་སྣ་ཚོགས་འབུལ། །ལྷོ་ནུབ་མདོག་དམར་ཙཎྜ་ལཱི། །ཌ་མ་རུ་སྒྲོག་སྒྲ་རྣམས་འབུལ། །རླུང་ན་ཌོམྦཱི་སྣ་ ཚོགས་གཟུགས། །ཕྱག་རྒྱ་བསྣོལ་ནས་མཆོད་པ་འབུལ། །བླ་མ་མི་བསྐྱོད་སྤྱི་བོར་བཞུགས། །གསལ་བར་བརྟན་པར་ལེགས་བསྒོམས་ལ། །སྙིང་གའི་ས་བོན་སྤྲོ་བསྡུ་ལས། །ཕྱི་ཡི་ལྷ་མོ་མཆོད་པའི་ཚོགས། །ཡོན་ཆབ་མེ་ཏོག་སྤོས་ལ་སོགས། །རབ་གནས་ལེའུའི་ སྔགས་ཀྱིས་མཆོད། །ས་བོན་སྤྲོས་ལ་གཽ་རཱིའི་ཚོགས། །བཤམས་དང་གནས་ནས་བྱོན་པ་དང་། །མདུན་ན་གནས་པའི་རིམ་པ་ཡིས། །བདུད་རྩི་ལྔ་དང་ཤ་ལྔ་འབུལ། །གཙོ་བོའི་ས་བོན་གྱིས་བསྐུལ་ནས། །ཌོཾ་བཱི་གསང་བའི་མཆོད་པ་འབུལ། །མཆོད་པའི་ལྷ་མོ་ཐམས་ཅད་ ཀྱང་། །སྤྲོས་པ་དེ་དག་གནས་ནས་བསྡུ། །དེ་ནས་དེ་དག་མདུན་དུ་ཡང་། །པུས་བཙུགས་ཐལ་སྦྱར་འཇིགས་སེམས་ཀྱིས། །ཐོག་མེད་དུས་ནས་དེང་དུས་སུ། །འཁོར་བས་འཁོར་བར་བསགས་པའི་སྡིག །བགྱིས་དང་བགྱིད་དུ་སྩལ་བ་དང་། །ཡི་རང་བཤགས་ཤིང་སླན་ ཆད་བསྡམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་ཉན་ཐོས་སོ་སོ་ཡི། །སྐྱེ་བོའི་དགེ་ལ་རྗེས་ཡི་རང་། །གསུམ་ལ་སྐྱབས་དང་སེམས་གཉིས་བསྐྱེད། །བསྐུལ་དང་གསོལ་བ་དག་ཀྱང་གདབ། །ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ། །དེ་ནས་བྱམས་ དང་སྙིང་རྗེ་དང་། །དགའ་དང་བཏང་སྙོམས་ཡུན་རིངས་བསྒོམ། །དེ་ཉིད་གསུམ་དང་མུཿབརྗོད་པས། །མདུན་གྱི་སྤྱན་དྲངས་གནས་སུ་གཤེགས། །ཆོས་རྣམས་སྟོང་པར་ཤེས་བྱས་ལ། །བློ་གནས་པ་ལ་སྔགས་འདི་བརྗོད། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ། བརྗོད་པས་གཟུང་བའི་ཆོས་རྣམས་ཀུན། །རྨི་ལམ་མིག་འཕྲུལ་སྨིག་རྒྱུ་དང་། །ཆུ་ཟླ་མིག་ཡོར་སྒྱུ་མ་ཙམ། །སེམས་སྣང་ཙམ་ལས་ཡོད་མ་ཡིན། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བརྗོད་པས་སེམས་སྣང་དེ་དག་ཀུན། །རྡུལ་དང་དུ་བ་ཁུག་རྣ་སྤྲིན། །སྐྱོན་བྲལ་ སྟོན་ཀའི་ཉི་ཕྱེད་ཀྱི། །ནམ་མཁའི་དཀྱིལ་ལྟར་སེམས་གཞག་བྱ། །ཆོས་ཉིད་སྤྲོས་དང་བྲལ་བ་ལས། །སྨོན་ལམ་བྱམས་པས་འགྲོ་བ་དྲན། །ནམ་མཁའི་དཀྱིལ་དུ་རཾ་དང་ཧཱུཾ། །ཉི་མའི་དཀྱིལ་འཁོར་དུས་མེ་འབར། །དེ་ནས་ཧཱུྃ་ལས་བྱུང་བ་ཡི། །སྣ་ཚོགས་རྡོ་རྗེའི་ས་གཞི་ དང་། །ར་བ་གུར་དང་བླ་རེ་དང་། །རྡོ་རྗེ་ར་བ་འབར་བ་འཕྲོ། །དེ་ནས་ཨེ་ལས་ཆོས་ཀྱི་དབྱིངས། །ཆོས་འབྱུང་གྲུ་གསུམ་ནམ་མཁའ་མཉམ། །བསྒོམས་པའི་ནང་དུ་ཡཾ་རཾ་བཾ། །ལཾ་བཞི་སྔོ་དམར་དཀར་དང་སེར། །ཡཾ་ཞུ་སྔོན་པོ་གཞུ་ཡི་དབྱིབས། །རླུང་གི་དཀྱིལ་འཁོར་བ་དན་ ལྡན། །དེ་སྟེང་རཾ་ལས་གྲུ་གསུམ་དམར། །མེ་ཡི་དཀྱིལ་འཁོར་རཾ་གྱིས་མཚན། །དེ་སྟེང་བཾ་ལས་ཟླུམ་པོ་དཀར། །ཆུ་ཡི་དཀྱིལ་འཁོར་བུམ་པས་མཚན། །དེ་སྟེང་ལཾ་ལས་གྲུ་བཞི་སེར། །ས་ཡི་དཀྱིལ་འཁོར་རྡོ་རྗེས་མཚན། །སེམས་ཀྱི་སྣང་བས་དེ་རྣམས་ཞུ། །སྣང་བ་མཆེད་ པས་གཞལ་ཡས་གྲུབ། །རིན་པོ་ཆེ་ལས་གྲུབ་པ་ཡི། །ཟུར་བཞི་སྒོ་བཞི་ལོགས་བཞི་པ། །རྟ་བབས་བཞི་དང་ཀ་བ་བརྒྱད། །མཆོད་པ་སྣ་ཚོགས་རྒྱན་གྱིས་མཛེས། །ཆོས་ཀྱི་འཁོར་ལོ་རི་དགས་གདུགས། །བ་དན་དྲིལ་བུ་འཕན་ལ་སོགས། །སངས་རྒྱས་མང་པོའི་སྣང་བས་ ཁྱབ། །དྲ་བ་དྲ་ཕྱེད་ཏྭ་ར་ན། །བུམ་པ་རྡོ་རྗེ་ཕྲེང་བ་དང་། །སྒོ་ཁྱུད་ཟླ་ཕྱེད་རྡོ་རྗེ་མཛེས། །དུར་ཁྲོད་བརྒྱད་ན་མཚོ་བརྒྱད་ཀླུ། །ཤིང་བརྒྱད་ཞིང་སྐྱོང་གདན་མགོ་བརྒྱད། །ཕྱོགས་སྐྱོང་ཆུང་མ་བུ་འཁོར་བརྒྱད། །སྟེང་ན་ལྷ་བརྒྱད་ལྷ་ཡི་འཁོར། །མཆོད་རྟེན་བརྒྱད་དང་རྣལ་འབྱོར་ཚོགས། ། གྲོགས་བྱེད་རྣལ་འབྱོར་རོ་ལངས་འདྲེ། །བྱ་དང་གཅན་གཟན་སྣ་ཚོགས་སྦྲུལ། །ཤ་ཟ་གདུག་པ་རོ་ཡི་ཚོགས། །ཤར་སོགས་སྒོ་ཡི་ལོགས་རིམ་པར། །གླུ་མ་གར་མ་ཡོན་ཆབ་མ། །མེ་ཏོག་སྤོས་དང་མར་མེ་མ། །དྲི་ཆབ་ཞལ་ཟས་སྒྲ་སྣ་ཚོགས། ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །རྒྱན་ཕྲེང་མ་རྣམས་སྣ་ཚོགས་མདོག །དེ་ནང་དཀར་སེར་དམར་དང་ལྗང་། །གཞལ་ཡས་དབུས་ནི་མཐིང་ག་འབར། །རྡོ་རྗེ་ར་བ་པདྨར་ལྡན། །གེ་སར་བདུད་བཞི་ཉི་མས་མནན། །པདྨ་བརྒྱད་ལ་ལྷ་བརྒྱད་བྲི། །སྙིང་གར་ཟླ་བས་མནན་པའོ། །མཛེས་ པའི་གཞལ་ཡས་དེ་ནང་གི །དབུས་ཀྱི་བདུད་བཞིའི་ཉི་སྟེང་དུ། །ཧཱུྃ་དང་ཨཾ་ལས་འོག་དང་སྟེང་། །ཨཱ་ལི་ཉིས་འགྱུར་ཟླ་དཀྱིལ་འཁོར། །ཀཱ་ལི་ཉིས་འགྱུར་ཉི་དཀྱིལ་འཁོར། །ཐོད་པ་གྲི་གུག་ཕྱག་མཚན་མ། །ས་བོན་གནས་པ་སྤྲོ་བསྡུས་པས། །ཐམས་ཅད་གཅིག་ཏུ་གྱུར་པ་ ལས། །ཞལ་བརྒྱད་ཡུམ་དང་ཁ་སྦྱར་བ། །འོག་གཞི་གསལ་བར་བསྒོམ་པར་བྱ། །ཆགས་ཅན་བསྐྱབ་ཕྱིར་ཐུགས་རྗེ་ཡིས། །བདག་ཉིད་ཐུགས་ཀའི་ས་བོན་ལས། །ཕྱོགས་བཅུར་སངས་རྒྱས་གཙུག་ཏུ་བྱོན། །ཐུགས་ཀར་ས་བོན་སོ་སོར་གནས། །ཨོཾ་པདྨ་སུ་ཁཾ་དྷ་ར་ མ་ཧཱ་རཱ་ག་དཏྟ་ཙ་ཏུར་ཨཱ་ནནྡ་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། པདྨ་སྔགས་ཀྱིས་བྱིན་གྱིས་བརླབ། །དེ་ནས་རྡོ་རྗེ་བྱིན་གྱིས་བརླབ། །ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུར་ཨཱ་ནནྡ་དཱ་ཡ་ཀ་ཁ་ག་མུ་ཁ་ཨེ་ཀ་ར་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། དེ་ནི་སྦྱོར་བ་དང་པོ་ཡིན། །དེ་ནས་རྗེས་སུ་ཆགས་པ་ཡིས། །ཤར་སོགས་ཚངས་སོགས་སྙིང་ག་རུ། །གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ། །དེ་ནས་ཕྱོགས་མཚམས་རྣམས་སུ་བབས། །ཤར་དུ་གཾ་ཡིག་གསལ་བ་ལས། །ཨཱ་ལི་ཉིས་འགྱུར་ལས་ཟླ་བའི། །དཀྱིལ་འཁོར་མེ་ལོང་ཡེ་ཤེས་ དང་། །སྟེང་དུ་ཀཱ་ལི་ཉིས་འགྱུར་ལས། །ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད། །གཾ་གྱུར་གྲི་གུག་ནག་པོ་ལ། །ཟླ་བ་ས་བོན་སོ་སོར་རྟོག །ས་བོན་སྤྲུལ་སྦྱང་གཅིག་གྱུར་པ། །བྱ་བ་ནན་ཏན་ཡེ་ཤེས་ཡིན། །གཽ་རཱི་བཞེངས་པའི་སྐུ་དེ་ནི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྔོན་དུ་ བསྒོམས་པའི་གཙོ་བོ་དང་། །འོག་གི་ལྷ་མོ་བདུན་པོ་ཡང་། །དེ་བཞིན་ཡེ་ཤེས་ལྔ་ཡི་སྐུ། །རྣལ་འབྱོར་པ་ཡིས་བརྟན་པར་བསྒོམ། །ཤར་དུ་གྲི་གུག་ལས་བྱུང་བའི། །ཚངས་པའི་སྟེང་ན་གཽ་རཱི་ནག །གཡས་ན་གྲི་གུག་གཡོན་ན་ཉ། །གཟུགས་ཀྱི་ཕུང་པོ་རང་བཞིན་བསྒོམ། ། ལྷོ་རུ་དབང་པོའི་སྟེང་གནས་དམར། །ཌ་མ་རུ་ལས་ཙཽ་རཱི་བཞེངས། །ཌ་མ་རུ་གཡས་ཕག་པ་གཡོན། །ཚོར་བའི་ཕུང་པོའི་རང་བཞིན་བསྒོམ། །ནུབ་ཏུ་བཾ་ལས་བེ་ཏཱ་ལཱི། །གསེར་མདོག་ཉེ་དབང་གདན་ལ་བཞུགས། །གཡས་ན་རུས་སྦལ་ཐོད་པ་གཡོན། །འདུ་ཤེས་ཕུང་པོའི་རང་ བཞིན་བསྒོམ། །བྱང་དུ་གྷཾ་ལས་གྷསྨ་རཱི། །དྲག་པོའི་སྟེང་ན་མར་ཀཏ་མདོག །སྦྲུལ་གཡས་ཕྱག་གཡོན་ཐོད་པ་འཛིན། །འདུ་བྱེད་ཕུང་པོའི་རང་བཞིན་བསྒོམ། །བྱང་ཤར་པཾ་ལས་སེང་གེ་ལས། །པུཀྐ་སཱི་སྔོ་གཤིན་རྗེའི་སྟེང་། །གཡས་ན་སེང་གེ་དགྲ་སྟ་གཡོན། །ས་ཡི་ ཁམས་ཀྱི་རང་བཞིན་ནོ། །མེ་རུ་ཤཾ་དང་དགེ་སློང་ལས། །ཤ་བ་རཱི་དཀར་གནོད་སྦྱིན་གདན། །གཡས་ན་དགེ་སློང་གསིལ་བྱེད་གཡོན། །ཆུ་ཡི་ཁམས་ཀྱི་རང་བཞིན་ནོ། །སྲིན་པོར་ལཾ་དང་འཁོར་ལོ་ལས། །གཏུམ་མོ་མཁའ་མདོག་སྲིན་པོ་མནན། །གཡས་ན་འཁོར་ལོ་ཐོང་ གཤོལ་གཡོན། །མེ་ཡི་ཁམས་ཀྱི་རང་བཞིན་ནོ། །རླུང་དུ་ཌཾ་དང་རྡོ་རྗེ་ལས། །ཌོཾ་བཱི་ཁ་དོག་སྣ་ཚོགས་ཏེ། །རྡོ་རྗེ་གཡས་ལ་སྡིགས་མཛུབ་གཡོན། །རླུང་གི་ཁམས་ཀྱི་རང་བཞིན་བསྒོམ། །ལྷ་མོ་དེ་རྣམས་སྤྱན་གསུམ་མ། །དམར་ཞིང་ཟླུམ་ལ་མཆེ་བ་གཙིགས། །དབུ་སྐྲ་ ཁམ་སེར་གྱེན་དུ་མཛེས། །རུས་ཐོད་འཁོར་ལོ་སྙན་ཆ་དང་། །མགུལ་རྒྱན་ལ་སོགས་ཕྱག་རྒྱ་ལྔ། །མི་མགོ་སྐམ་པོ་བཅོ་ལྔའི་ཕྲེང་། །གཅེར་བུ་གཡོན་བརྐྱང་གར་ཐབས་བཞུགས། །གཙོ་ལ་འདུད་པའི་སྟངས་དང་ལྡན། །བར་དོར་གནས་པའི་ལུས་ངག་ཡིད། །ཨོཾ་དང་ཨཱཿ ཧཱུྃ་དཀར་དམར་ནག །ཧོཿགཉིས་ཐབས་དང་ཤེས་རབ་བརྟེན། །འཁོར་ལོས་སྒྱུ་མ་ལྟར་མཐོང་ནས། །གཙོ་བོའི་སྤྱིར་ཞུགས་གཙོ་ཉིད་ཞུ། །ཡུམ་ཡང་ཞུ་ནས་ཧཱུྃ་ཨཾ་གཉིས། །ས་བོན་དཀྱིལ་འཁོར་དབུས་གནས་པ། །རྟོག་མེད་བདེ་བ་ཆེན་པོར་བཞུགས། །བདག་པོ་སྟོར་ བས་ལྷ་མོ་རྣམས། །ཤིན་ཏུ་འདོད་པའི་སེམས་གདུངས་པས། །པུཀྐ་སཱི་སོགས་ལྷ་མོ་བཞིས། །རྡོ་རྗེའི་གླུ་ནི་ལེན་པར་བྱེད། །རྗེ་བཙུན་ཐུགས་རྗེའི་ཡིད་བཞེངས་ཤིག །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ ཆེན་སྦྱོར་བ་མཛོད། །ཁྱོད་མི་བཞུགས་ན་བདག་འགུམ་པས། །ཐུགས་རྗེ་རྒྱུན་ཆད་མ་མཛད་བཞེངས། །སྟོང་ཉིད་བཅོམ་ལྡན་ཅི་ལ་བཞུགས། །ཤ་བ་རཱི་འབྲས་འགྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་བོས་ནས། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །གཏུམ་མོ་བདག་ནི་ གསོལ་འདེབས་ན། །བཅོམ་ལྡན་ཀྱེ་ཡི་རྡོ་རྗེ་བཞེངས། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་ལྟ་བུར་ཁྱོད་བཞེངས་ཤིག །ཌོཾ་བཱི་བདག་ནི་དྲན་ཉམས་པས། །བཅོམ་ལྡན་དགྱེས་པ་རྡོ་རྗེ་བཞེངས། །རྡོ་རྗེའི་གླུ་ནི་སྒྲ་སྙན་གྱིས། །རྨི་ལམ་ལྟ་བུར་གཙོ་བོ་བཞེངས། ། མངོན་བྱང་ལྔ་ཡི་ཡེ་ཤེས་ལས། །བཅོམ་ལྡན་དགྱེས་པ་རྡོ་རྗེ་ཉིད། །དཀྱིལ་འཁོར་དབུས་ན་གར་དགུར་བཞུགས། །ཞལ་བརྒྱད་པ་ལ་ཕྱག་བཅུ་དྲུག །སྟེང་ཞལ་དུད་མདོག་མཆེ་བ་གཙིགས། །ཁམ་སེར་སྐྲ་བརྫེས་འཁོར་ལོ་རུས། །སྣ་ཚོགས་རྡོ་རྗེས་དབུ་སྐྲ་བརྒྱན། །དང་པོ་སྐུ་དང་ མཐུན་པའི་ཞལ། །གཡས་དཀར་གཡས་གཉིས་སྐུ་དང་མཐུན། །གཡོན་དམར་གཡོན་གཉིས་ཇི་བཞིན་སྐུ། །དབུ་སྐྲ་གྱེན་འབར་ཐོད་ལྔའི་ཐོད། །སྤྱན་གསུམ་དམར་ཟླུམ་མཆེ་བ་གཙིགས། །སྙན་ཆ་འགུལ་རྒྱན་དཔུང་པའི་རྒྱན། །ཕྱག་ཞབས་གདུ་བུ་འོག་པག་རྒྱན། །སྟག་ གི་ཤམ་ཐབས་སྟེང་ན་བཅིངས། །ཐོད་རློན་ཕྲེང་བ་ཐལ་བས་བྱུགས། །ཚངས་པ་བརྒྱ་བྱིན་ཉེ་དབང་དྲག །སྟེང་ན་ཞབས་བཞི་གཡས་བརྐྱང་བཞུགས། །ཕྱག་གཡས་དང་པོ་གླང་པོ་ཆེ། །ཐོད་པར་གནས་པས་ཡུམ་ལ་འཁྱུད། །དེ་བཞིན་རྟ་བོང་གླང་རྔ་མོ། །མི་དང་སེང་གེ་བྱི་ ལ་བསྣམས། །ཕྱག་གཡས་ཐོད་པའི་རིམ་པར་འཛིན། །ཕྱག་གཡོན་དང་པོ་ཐོད་པའི་ནང་། །ས་ཡི་ལྷ་མོ་བཅས་པ་འཁྱུད། །སྟེང་འོག་རིམ་པར་ཐོད་པར་གནས། །ཆུ་དང་མེ་དང་རླུང་ཉི་མ། །ཟླ་བ་གཤིན་རྗེ་ནོར་སྦྱིན་ནོ། །དེ་ཡུམ་ཞལ་གཅིག་ཕྱག་གཉིས་པ། །མདོག་ ནག་གྲི་གུག་ཐོད་པས་འཁྱུད། །ཕྱག་རྒྱ་ལྔས་བརྒྱན་ཐོད་སྐམ་ཕྲེང་། །སྐྲ་སེར་གྱེན་འབར་སྤྱན་གསུམ་དམར། །བདག་པོ་རོ་མྱང་གཡོན་བརྐྱང་ཞབས། །བདུད་བཞིའི་སྟེང་ན་མཉམ་པར་བཞུགས། །དེ་ནས་བདག་དང་འཁོར་དེ་དག །གསལ་བར་ལེགས་པར་བརྟན་པར་བསྒོམ། ། བདེ་གསལ་དཀྱིལ་འཁོར་རྒྱལ་པོ་མཆོག །ཏིང་འཛིན་གསུམ་དུ་བསྟན་པ་ཡིན། །དེ་དག་གསལ་ནི་རང་རང་གི །སྙིང་གར་གདན་ལ་ཕྱག་མཚན་བསྒོམ། །དེ་ཡི་ས་བོན་ཕྱོགས་བཅུར་སྤྲོ། །བསྐུལ་སྦྱངས་ས་བོན་སོ་སོར་ཐིམ། །ཧཱུྃ་གིས་ཡེ་ཤེས་འཁོར་ལོ་བཀུག །ཤར་ གྱི་ནམ་མཁར་བཞུགས་ལ་མཆོད། །ཛཿཧཱུྃ་བཾ་ཧོཿལྷ་མོ་བཞིས། །དགུག་གཞུག་གཉིས་མེད་དགྱེས་པར་བྱ། །དེ་ནས་སྐྱེ་མཆེད་བྱིན་གྱིས་བརླབ། །གཙོ་བོ་འཁོར་ལོ་ཐམས་ཅད་ཀྱི། །མིག་ལ་གཏི་མུག་རྡོ་རྗེ་དཀར། །རྣ་བར་ཞེ་སྡང་རྡོ་རྗེ་ནག །སྣ་ལ་སེར་སྣ་རྡོ་རྗེ་སེར། །ལྕེ་ལ་ འདོད་ཆགས་རྡོ་རྗེ་དམར། །ལུས་ལ་ཕྲག་དོག་རྡོ་རྗེ་ལྗང་། །ཡིད་ལ་བདག་མེད་རྣལ་འབྱོར་གནག །དེ་དག་ཚངས་སོགས་པད་ཟླའི་སྟེང་། །གྲི་གུག་ཐོད་པ་ཕྱག་རྒྱ་ལྔ། །སྐུ་གསུང་ཐུགས་ཀྱང་བྱིན་བརླབས་ཏེ། །མགོ་དང་ཁ་དང་སྙིང་ག་རུ། །ཨོཾ་དང་ཨཱཿཧཱུྃ་དཀར་དམར་ནག །ས་སྤྱོད་ མཁའ་སྤྱོད་བདག་མེད་མ། །གྲི་གུག་ཐོད་པ་འཛིན་པ་ཡི། །པད་ཟླ་ཚངས་པ་དག་ལ་བསྒོམ། །ཡང་ནི་རང་སྙིང་ས་བོན་གྱིས། །ཕྱོགས་བཅུའི་བླ་མ་རྒྱལ་བ་དང་། །འཁོར་ལོ་ཁྲོ་བོ་ལྷ་མོ་རྣམས། །སྤྱན་དྲངས་མཆོད་ནས་གསོལ་བ་འདེབས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ། བརྗོད་པས་གནང་ནས་རིགས་ལྔ་ཡིས། །བུམ་པ་བདུད་རྩིས་བཀང་བས་བསྐུར། །རིགས་ཀྱི་བདག་པོས་སྤྱི་བོར་མཚན། །བདག་ལ་མི་བསྐྱོད་རྡོ་རྗེ་ཡིས། །ཕྱོགས་ཀྱི་ལྷ་མོ་བཞི་པོ་ལ། །མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང་། །འོད་དཔག་མེད་དང་བཞི་ཡང་བསྒོམ། །དེ་བཞིན་ཞེ་ སྡང་གཏི་མུག་དང་། །སེར་སྣ་འདོད་ཆགས་བཞི་ཡིས་ཀྱང་། །པུཀྐ་སཱི་སོགས་མཚམས་བཞི་ལ། །རིམ་པས་སྤྱི་བོར་མཚན་པར་བསྒོམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ད་ནི་བདུད་རྩི་མྱང་བར་བྱ། །ཡཾ་རཾ་ཨཱཿཧཱུྃ་ཨོཾ་རྣམས་བསྒོམ། །དེ་ཉིད་གསུམ་ གྱིས་བྱིན་གྱིས་བརླབས། །རླུང་དང་མེ་དང་ཐོད་སྒྱེད་དང་། །ས་བོན་གནས་པའི་ཀ་པཱ་ལ། །ཧཱུྃ་གིས་སྦྱངས་དང་ཨཱཿཡིས་འབར། །ཨོཾ་གྱིས་ཡེ་ཤེས་བདུད་རྩིར་འབབ། །བྷྲཱུཾ་ཛྲཱྀཾ་ཨཱཾ་ཁཾ་ཧཱུྃ་ལྔ་དང་། །ནཾ་ཧཾ་ཤཾ་ཥཾ་གྷཾ་དང་ལྔ། །བདུད་རྩིར་གྱུར་པ་རྡོ་རྗེ་ལྕེས། །མྱངས་ ལ་འཁོར་ལོ་བདེ་བས་མཆོད། །དེ་ལ་སྔགས་འདིས་བརྟན་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཧཱུྃ་གི་ས་བོན་གྱིས་བཀུག་ནས། །སངས་རྒྱས་ཐམས་ཅད་ཞལ་དུ་ཞུགས། །ཕྱིར་སྤྲོས་མཆོད་པའི་ལྷ་མོ་ཡིས། །རིམ་པས་མཆོད་ནས་གནས་སུ་ཐིམ། ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །ལྷ་མོ་དེ་དག་རིགས་ཡུམ་དང་། །གསུང་གཅིག་ཏུ་ནི་མཐུན་པར་བསྟོད། །བཅོམ་ལྡན་ལྷ་མོ་བརྒྱད་ཀྱིས་བསྐོར། །ཐུགས་རྗེ་ཐུགས་ཀྱིས་འགྲོ་བ་སྒྲོལ། །སྣོད་དང་འགྲོ་བ་བཅོམ་ལྡན་ཐུགས། །ཐུགས་དགྱེས་མཛོད་ཅིག་བཅོམ་ ལྡན་ཁྱོད། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །དུག་ལྔ་དག་མཛད་ཁྱོད་ལ་བསྟོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་དག་བརྟན་པར་རབ་གསལ་བར། །རྣལ་འབྱོར་པ་ཡིས་རྣལ་འབྱོར་བྱ། །ཕོ་བྲང་རྣམ་དག་རྣམ་སྣང་མཛད། །རྗེས་སུ་ཆགས་པ་རྡོ་རྗེ་ སེམས། །དབང་ནི་མི་བསྐྱོད་རྡོ་རྗེ་དག །བདུད་རྩི་མྱང་བ་འོད་དཔག་མེད། །མཆོད་པ་དོན་ཡོད་གྲུབ་པ་སྟེ། །བསྟོད་པ་རིན་ཆེན་འབྱུང་ལྡན་ཡིན། །ཡན་ལག་དྲུག་དང་ལྡན་བསྒོམས་པས། །དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར། །དང་པོ་སྤྲིན་བར་ཉི་མ་འདྲ། །གཉིས་པ་ སྒྱུ་མ་ལྟ་བུར་སྣང་། །སྣང་བ་ཐོབ་པ་རྨི་ལམ་ལྟར། །འོད་གསལ་མཉམ་གཞག་རྗེས་ཐོབ་མེད། །བདག་ཉིད་དེ་ལྟར་བརྟན་གྱུར་པས། །འགྲོ་བའི་སྡུག་བསྔལ་ལ་བལྟས་ཏེ། །བྱམས་དང་སྙིང་རྗེའི་འཁོར་ལོའི་ལྷ། །རྒྱུན་མི་ཆད་པར་ཕྱོགས་ཕྱོགས་འཕྲོ། །སོ་སོའི་གདུལ་བྱ་སྦྱངས་ བྱས་ནས། །སླར་འདུས་ནང་དུ་འཁོར་ལོ་བསྒོམ། །ཐབས་དང་ཤེས་རབ་ལས་བྱུང་ཞིང་། །བྱང་ཆུབ་སེམས་ནི་སྤྲོ་དང་བསྡུ། །མདོག་མཚན་ཆ་ལུགས་ཐམས་ཅད་ཀྱང་། །ཇི་ལྟར་གསལ་བར་བརྟན་པར་བསྒོམ། །དེ་ལྟར་རྫོགས་བསྐྱེད་རྫོགས་པའི་རིམ། །ལྷ་མོ་རིམ་པར་ཞལ་ལ་བསྡུ། ། ཞལ་དང་ཕྱག་རྣམས་མཐའ་ནས་རིམ། །རྩ་བའི་ཞལ་དང་ཕྱག་ལ་བསྡུ། །ཞབས་གཉིས་ཡུམ་ལ་ཐིམ་པ་དང་། །འཁོར་ལོ་བཞི་ཡི་རྒྱ་ཡིས་གདབ། །ལྟེ་བ་སྙིང་མགྲིན་སྤྱི་བོ་ན། །སྤྲུལ་པ་ཆོས་དང་ལོངས་སྤྱོད་དང་། །བདེ་བ་ཆེན་པོའི་འཁོར་ལོ་བསྒོམ། །དེ་ཡང་སྐུ་བཞིའི་ངོ་བོ་ཡིན། ། སྤྲུལ་པར་རྩ་འདབ་དྲུག་ཅུ་བཞི། །ལྟེ་བར་ཨཾ་འབར་རྩ་འདབ་ལ། །ཀཱ་ལི་བཞི་དང་དྲུག་ཅུ་གནས། །འོད་ཟེར་ལྔ་ལྡན་རབ་ཏུ་འབར། །སྙིང་གར་རྩ་འདབ་བརྒྱད་གནས་ལ། །ལྟེ་བར་ཧཱུྃ་ནག་འདབ་མ་ལ། །བྷྲཱུཾ་ཛྲཱིཾ་ཨཱཾ་ཁཾ་ཨེ་ཝཾ་མ། །ཡཾ་དང་བརྒྱད་ནི་ལེགས་པར་བསྒོམ། །མགྲིན་པར་བཅུ་ དྲུག་འདབ་མ་ལ། །ལྟེ་བར་ཨཾ་འབར་རྩ་འདབ་ལ། །ཨཱ་ལི་བཅུ་དྲུག་དག་གིས་བརྒྱན། །འབར་བའི་རྣམ་པར་གནས་པ་ཡིན། །སྤྱི་བོར་རྩ་འདབ་སུམ་ཅུ་གཉིས། །ལྟེ་བར་ཧཾ་དཀར་འདབ་མ་ལ། །ཨཱ་ལི་ཉིས་འགྱུར་དག་གིས་བསྐོར། །ཁ་དོག་དཀར་པོ་བདུད་རྩི་འབབ། །ལྟེ་བར་གཏུམ་ མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་རྒྱུན་ཧཾ་འབབ། །ཡི་གེ་གསལ་བར་གྱུར་ནས་ནི། །ཡི་གེ་དེ་དག་སྤྲོ་དང་བསྡུ། །བསྐུལ་སྦྱང་བྱས་ནས་སླར་འདུས་ཏེ། །ཡི་གེ་རང་རང་གནས་ལ་ཞུགས། ། སྲོག་དང་རྩོལ་བ་ལས་བྱུང་བ། །ལྟེ་བའི་འོག་ནས་རཾ་འབར་བས། །འཁོར་ལོ་ལེགས་སྦྱངས་འོག་མིན་གྱི། །བདུད་རྩི་བླངས་ནས་སྤྱི་བོར་བསམ། །སྦྱངས་པའི་འཁོར་ལོ་རྣམས་གང་ནས། །ཐམས་ཅད་སྙིང་གར་རབ་ཏུ་ཐིམ། །དོན་དམ་བདུད་རྩི་ཟག་མེད་བསྒོམ། །ཧཱུྃ་ཡང་ རིམ་པས་ནཱ་དར་གནས། །ཤིན་ཏུ་ཡུན་རིངས་གོམས་མི་གནས། །ནམ་མཁའི་དཀྱིལ་ལྟར་རྔུལ་དང་བྲལ། །ཐོག་མ་ཐ་མ་དབུས་མེད་ཅིང་། །འཁོར་མིན་མྱ་ངན་འདས་པ་མིན། །བདག་དང་གཞན་ཡང་ཡོད་མ་ཡིན། །འདི་ནི་བདེ་ཆེན་རྒྱལ་པོ་ཡིན། །གཟུང་དང་འཛིན་པ་རྣམ་ པར་སྤངས། །སེམས་སྦྱོང་བ་ལ་སྐྱོ་ངལ་ན། །རིམ་པ་རིམ་པར་སྐུ་བསྐྱེད་ལ། །ཡབ་དང་ཡུམ་གཉིས་ཞལ་ཕྱག་རྒྱས། །སྙིང་གར་ས་བོན་ཡི་གེ་ལ། །བསྐོར་ནས་གནས་པ་ཞལ་ནས་ཞལ། །རྡོ་རྗེ་ལམ་ནས་པདྨ་དང་། །པདྨའི་ཞལ་ནས་ཞལ་དུ་འཁོར། །རང་འདོད་པ་ ཡིས་བཟླས་པ་བྱ། །བསམ་གཏན་ཁ་དོག་དབྱེ་བ་ཡིས། །ཞི་ལ་སོགས་པར་ཤེས་པར་བྱ། །ཨོཾ་ཨཥྚཱ་ན་ནཱ་ཡ། པིང་གོརྡྷོ་ཀེ་ཤ་བརྟྨ་ནེ། ཙ་ཏུར་བིང་ཤ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མཱུ་ཏ་བ་པུ་ཥེ་ཀ་པཱ་ལ་མཱ་ལ་ཨ་ནེ་ཀཾ་དྷ་རི་ཎེ། ཨཱདྷྨ་ཏ་ཀྲཱུ་ར་ཙིཏྟཱ་ ཡ། ཨརྡྷནྡུ་དཾཥྚྲི་ཎེ། ཨོཾ་མཱ་ར་ཡ། མཱ་ར་ཡ། ཀཱ་ར་ཡ། ཀཱ་ར་ཡ། གརྫ་ཡ། གརྫ་ཡ། ཏརྫ་ཡ། ཏརྫ་ཡ། ཤོ་ཥ་ཡ། ཤོ་ཥ་ཡ། སཔྟ་སཱ་ག་རཱན། བནྡྷ་བནྡྷ། ནཱ་ག་ཨཥྚ་ཀཱ་ན། གྲྀཧྞ་གྲྀཧྞ། སརྦ་ཤ་ཏྲཱུཾ་སརྦ་དུཥྚཱན། ཧ་ཧཱ། ཧི་ཧཱི། ཧུ་ཧཱུ། ཧེ་ཧཻ། ཧོ་ཧཽ། ཧཾ་ཧཿ། ཕཊ་སྭཱ་ཧཱ། ། བཅོམ་ལྡན་འདས་ཀྱི་རྩ་སྔགས་ཡིན། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་སུ་ཤེས་པར་བྱའོ། །ཨོཾ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནི་ཉེ་བའི་སྔགས་ཀྱང་ཡིན། ཨོཾ་ཨ་ཀ་ཙ་ཊ་ཏ་ཕ་ཡ་ཤ་ཧཱུྃ་སྭཱ་ཧཱ། གྲོང་ཁྱེར་དཀྲུག་པའི་སྔགས་ཡིན་ནོ། །ཨོཾ་ཏྲི་ལོཀྱཱ་ཀྵེ་པ་ ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་གཉིས་པའི་སྙིང་པོའོ། །ཨོཾ་བཛྲ་ཛྭ་ལ་ཛྭ་ལ་བྷྱོ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནི་ཕྱག་བཞི་པའི་སྔགས་སོ། །ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་དྲུག་པའི་སྙིང་པོ་ཡིན།། །།ཚོགས་གཉིས་བསག་དང་གཞན་དབང་བསྡུ། །བདག་དང་སེམས་ ཅན་བསྲུང་བའི་ཕྱིར། །ལྷ་དང་ཆོས་སྐྱོང་སེམས་ཅན་ལ། །བདུད་རྩི་མཆོད་སྦྱིན་གཏོར་མ་སྦྱིན། །ཤར་ལྷོའི་དུར་ཁྲོད་ནམ་མཁའ་ལ། །ཆོས་འབྱུང་སུམ་བརྩེགས་སྟེང་འོག་རིམ། །དབུས་སུ་པདྨ་འདབ་བརྒྱད་ནག །ཤར་ནས་ཕྱོགས་མཚམས་གོ་རིམས་སུ། །བརྒྱ་བྱིན་ གཤིན་རྗེ་ཆུ་ལྷ་དང་། །གནོད་སྦྱིན་བདག་པོ་འབྱུང་པོའི་བདག །མེ་ལྷ་སྲིན་པོ་རླུང་གི་ལྷ། །དཀར་ནག་དམར་སྐྱ་སེར་པོ་དང་། །དཀར་དམར་དུད་ཀ་ལྗང་གུ་ཡི། །མདོག་ཀྱང་རིམ་པ་བཞིན་དུ་གསལ། །རྡོ་རྗེ་དབྱུག་པ་སྦྲུལ་གྱི་ཞགས། །དཔལ་འབྲས་རྩེ་གསུམ་དབྱུ་གུ་གསུམ། ། གྲི་གུག་བ་དན་ལག་ན་ཐོགས། །གླང་པོ་མ་ཧེ་ཆུ་སྲིན་དང་། །རྟ་དང་ཁྱུ་མཆོག་ར་སྐྱེས་དང་། །མི་རོ་རི་དགས་ཞོན་པ་དང་། །དུར་ཁྲོད་རྒྱན་དང་ཆུང་མ་དང་། །བུ་འཁོར་བཅས་པ་བསྒོམ་པར་བྱའོ། །སྟེང་གི་ཆོས་འབྱུང་པདྨ་དཀར། །ཤར་ནས་རིམ་པ་སྔ་མ་ལྟར། །བརྒྱ་བྱིན་ཚངས་པ་ ཁྱབ་འཇུག་དྲག །གཞོན་ནུ་ཚོགས་བདག་དགའ་བྱེད་དང་། །ལེགས་ལྡན་ནག་པོ་རིམ་པར་གནས། །དཀར་སེར་དམར་དང་ནམ་མཁའི་མདོག །དཀར་གཉིས་སེར་དང་ནག་པོ་སྟེ། །མདོག་ཀྱང་དེ་བཞིན་རིམ་པར་གསལ། །རྡོ་རྗེ་དབྱུ་གུ་རྩེ་གསུམ་དང་། །འཁོར་ལོ་རྩེ་གསུམ་ མདའ་གཞུ་དང་། །ལ་ཕུག་བ་དན་རལ་གྲི་འཛིན། །པདྨའི་གདན་གནས་རིན་ཆེན་བརྒྱན། །ཆུང་མ་བུ་འཁོར་ལྷ་ཡི་འཁོར། །རིམ་པ་བཞིན་དུ་གནས་པའོ། །འོག་གི་ཆོས་འབྱུང་པདྨ་དམར། །སྔོན་བཞིན་འཇོག་པོ་དུང་སྐྱོང་དང་། །མཐའ་ཡས་རིགས་ལྡན་པདྨ་ཆེ། ། དགའ་བོ་ནོར་རྒྱས་པདྨ་བརྒྱད། །གདེངས་ཀ་སྦྲུལ་ཞགས་པད་ཟླའི་གདན། །དཀ