Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 10
Văn bản gốc(Tây Tạng)
Trang 6 / 24 (50.000 ký tự/trang)
ད་པར་མཐོང་བའི་ཕྱིར། །བླ་མ་ལ་ཡང་གུས་པ་དང་། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་ གྱིས། །འོན་ཀྱང་ཐུགས་ཀྱི་སྲས་སུ་སྐྱེས། །དེ་ནས་སློབ་མས་བླ་མའི་ཞབས་ལ་སྤྱི་འོས་ཕྱག་འཚལ་སྟེ། འདི་སྐད་བརྗོད་དོ། །ཨོཾ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་མཆོག་ཏུ་བདག་བཞུགས་སོ། །ཨོཾ་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་ནི། །དཀྱིལ་འཁོར་ཆེན་པོ་དེ་ རིང་མཐོང་། །ཨོཾ་གསང་བའི་དཀྱིལ་འཁོར་ཆེན་པོ་ནི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །འདི་ནི་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་རིམ་པའོ།། །།དེ་ནས་སློབ་དཔོན་གྱིས་སློབ་མ་ཤིས་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ཤར་སྒོར་མཎྜལ་གྱི་ཐོག་ཏུ་བཞག་ལ། བཀྲ་ཤིས་པའི་ གླུ་འདི་བརྗོད་པར་བྱའོ། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་ རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེས་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་ གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །དེ་ནས་སློབ་མ་མེ་ཏོག་དང་ལྡན་པས་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་གསོལ་མཛད་པ། །བདག་ཀྱང་རབ་ཏུ་ བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེས་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་ནས། པདྨ་འདབ་མ་བརྒྱད་པའི་སྟེང་དུ་སློབ་མ་བཞག་ལ། མི་བསྐྱོད་པར་དམིགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པ་རྡོ་རྗེའི་གཟུགས་སུ་གྱུར་ནས། རིན་པོ་ཆེའི་བུམ་པ་ཡེ་ཤེས་ ཀྱི་བདུད་རྩིས་བཀང་བ་རིག་མའི་ཚོགས་ཀྱིས་གཟུང་སྟེ། སློབ་མ་ལ་དབང་བསྐུར་བར་དམིགས་ཏེ། རྡོ་རྗེ་ཆེན་པོར་དབང་བསྐུར་བར། །ཁམས་གསུམ་གྱིས་ནི་ཕྱག་བྱས་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བ་གསུམ་ལས་བྱུང་ནས་ནི། །དེང་ཁྱོད་ལ་ནི་ དབང་བསྐུར་རོ། །རྡོ་རྗེ་ཁུ་ཚུར་གྱིས་བུམ་པ་གཟུང་སྟེ། དབང་བསྐུར་བ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་ལ་འཁོར་ལོས་སྒྱུར་བར་དབང་བསྐུར་རོ། །རིམ་པ་འདི་ལྟར་རྣམ་པར་རྒྱལ་བའི་བུམ་པའོ། །གཉིས་པས་ནི་གཽ་རཱི་ལ་སོགས་པའི་མཚམས་ཀྱི་བུམ་པས་དབང་བསྐུར་བར་བྱ་ སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནི་ཆུའི་དབང་ངོ་། །དེ་ལ་སློབ་མ་རིན་པོ་ཆེ་རྒྱལ་པོར་དམིགས་ཏེ། དེའི་སྤྱི་བོར་གསེར་ལ་སོགས་པའི་དབུ་རྒྱན་གྱིས་དེའི་རིགས་ཀྱི་ལྷར་དམིགས་ནས་དབང་བསྐུར་བར་བྱའོ། །གོང་གི་སྔགས་དང་ཚིག་གིས་དབང་བསྐུར་ཞིང་ཕྱོགས་བཅུའི་ དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་དབུ་རྒྱན་ལ་བསྟིམ་མོ། །འདི་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དེ་དབུ་རྒྱན་གྱི་དབང་ངོ་། །དེ་ནས་སློབ་མ་སྣང་བ་མཐའ་ཡས་ཀྱི་གཟུགས་སུ་དམིགས་ཏེ། རྡོ་རྗེ་རྩེ་ལྔ་པ་ལ་སྣང་བ་མཐའ་ཡས་བསྐྱེད་ལ། སངས་རྒྱས་ རྣམས་ཀྱི་རྡོ་རྗེའི་དབང་། །མི་ཕྱེད་རྡོ་རྗེ་འོད་གསལ་བ། །སངས་རྒྱས་ཐམས་ཅད་འདུས་པ་ཡི། །དམ་ཚིག་འབྱུང་གནས་སྒོར་གྱུར་པ། །རྡོ་རྗེ་འདི་ནི་གཟུང་བར་གྱིས། །ཞེས་པ་དང་། སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་དང་། རྒྱབ་ཏུ་གཏུགས་ནས་ལག་ཏུ་རྡོ་རྗེ་བྱིན་ཏེ། སྔོན་བཞིན་དུ་ བསྐུར་རོ། །དེས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེའི་དབང་ངོ་། །དེ་ནས་སློབ་མ་དོན་ཡོད་གྲུབ་པའི་གཟུགས་སུ་དམིགས་ལ་དྲིལ་བུ་དོན་ཡོད་གྲུབ་པར་བསྐྱེད་དེ། ལག་པ་གཡོན་པར་བྱིན་པ་དང་། རྡོ་རྗེ་དང་དྲིལ་བུ་དང་ལྡན་པའི་ལག་པས་ཀུན་ནས་འཁྱུད་དེ། ཨ་བཛྲ་ཨ་དྷི་པ་ཏི་ཏྭཾ། ཨ་བྷི་ཥིཉྩཱ་མི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་ལ། སྔོན་བཞིན་དབང་བསྐུར་བར་བྱས་པས་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་དྲིལ་བུའི་དབང་ངོ་། །རྡོ་རྗེ་དང་དྲིལ་བུ་ཡོངས་སུ་བཀྲོལ་ནས་བདག་པོའི་དབང་བསྐུར་ཏེ། སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ ལ། རྡོ་རྗེ་དང་དྲིལ་བུ་སྤྱི་བོར་གཟུང་སྟེ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་བཛྲ་ནཱ་མ། ཨ་བྷི་ཥེ་ཀ་ཏ་ཞེས་བརྗོད་ནས་དབང་བསྐུར་ཏེ། ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ་དཀྱིལ་འཁོར་ཆེན་པོ་འདིར་མིང་གི་དབང་བསྐུར་བས། མ་འོངས་པའི་དུས་སུ་མིང་འདི་ཞེས་བྱ་བའི་རྡོ་རྗེ་འཆང་དུ་འགྱུར་རོ། །དེ་ ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་དབང་ངོ་། །དབང་དེ་དག་གིས་སྔགས་དང་རྒྱུད་ཉན་པ་དང་། བསྒྲུབ་པར་བྱ་བའི་ཆོ་ག་ཐམས་ཅད་གནང་བ་དང་། སྒྲུབ་ཐབས་ལ་སོགས་པ་ཐམས་ཅད་བཤད་པར་གནང་ངོ་། །དེ་དག་གིས་ནི་སྒྲུབ་པ་པོའི་དབང་སྟེ། རིག་པའི་ དབང་ལྔའོ། །རིག་པ་ནི་མ་རིག་པ་སྤངས་ཤིང་ཡེ་ཤེས་ལྔ་ཐོབ་པས་ན་རིག་པའི་དབང་ངོ་། །གང་དང་གང་དག་སྣང་བ་ནི། །རང་བཞིན་གཙོ་བོ་ཧེ་རུ་ཀ །ཆོས་ནི་སོ་སོར་དག་པ་སྟེ། །སངས་རྒྱས་ཡེ་ཤེས་དེ་ལྟར་བལྟ། །རིག་དབང་ཐུན་མོང་བྱང་ཆུབ་སྟེ། །ཡང་དག་རྫོགས་ པའི་སངས་རྒྱས་ཀྱི། །ཁྱད་པར་བྱང་ཆུབ་ཐོབ་མི་འགྱུར། །དེ་ལ་མ་འོངས་པའི་དུས་སུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་སློབ་དཔོན་གྱི་དབང་བླང་བར་བྱ་སྟེ། ཐུན་མོང་གི་སྡོམ་པ་དང་ལྡན་པས། ཁྱད་པར་གྱི་སློབ་དཔོན་གྱི་སྡོམ་པ་སྔོན་དུ་འགྲོ་བས་རྡོ་རྗེ་བརྟུལ་ ཞུགས་སྦྱིན་པར་བྱ་སྟེ། ལུང་བསྟན་པ་དང་རྗེས་སུ་གནང་བ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཕྱིར་མི་ཟློགས་པའི་སའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཡང་གང་ཟག་གི་ཁྱད་པར་གྱི་མོས་པའི་སྒོ་ནས་ལུང་བསྟན་པ་དང་། དབུགས་དབྱུང་བ་ཡང་ཇི་ལྟར་རྡོ་རྗེ་བརྟུལ་ཞུགས་ ཀྱི་དབང་བསྐུར་བའི་དུས་སུ་ལུང་བསྟན་པ་དང་དབུགས་དབྱུང་བ་ཙམ་སྦྱིན་ཞིང་རྗེས་སུ་གནང་བ་ནི་མ་ཡིན་ནོ་ཞེས་སློབ་དཔོན་ཁ་ཅིག་གིས་དེ་ལྟར་གསུང་། གཞན་ཡང་སློབ་དཔོན་ཁ་ཅིག་གིས་ནི་མོས་པ་གཙོ་བོར་བྱས་ཏེ་རྗེས་སུ་གནང་བ་ཡང་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་ཞེས་བྱ་བ་ ལ་སོགས་པའི་ཚིགས་བཅད་ལྔས་སྦྱིན་པར་གསུངས་སོ། །དེ་ནས་གཞན་ཡང་རང་གི་ལྷའི་ཕྱག་རྒྱ་ལ་བསླབ་སྟེ། རྩ་བའི་སྔགས་སམ་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་སློབ་མ་རྗེས་སུ་གནང་བ་སྦྱིན་ནོ། །སངས་རྒྱས་ཐམས་ཅད་ཉེར་འགྱུར་བའི། །ལམ་མཆོག་འདི་ལ་བདག་ གིས་ནི། །བུ་ཁྱོད་ཡང་དག་གཞུག་པར་བྱ། །ཇི་ལྟར་གསུངས་པའི་རིམ་པའི་ཚོགས། །ཁྱེད་ལ་རྗེས་སུ་གནང་བ་སྦྱིན། །དེ་ནས་སློབ་མས་འདི་སྐད་བརྗོད། །བཅོམ་ལྡན་རྡོ་རྗེ་འཆང་གི་ཐུགས། །རིག་པ་འདི་ནི་བདག་གིས་གཟུང་། །ཞེས་བརྗོད་པ་དང་། རྗེས་སུ་གནང་བའི་སྔགས་ལ་ བཟླས་པ་བརྒྱ་རྩ་བརྒྱད་བྱས་ཏེ། སློབ་དཔོན་གྱིས་སློབ་མ་ལ་བསྒོ་བ། སྔགས་དང་ཕྱག་རྒྱ་དང་ཡེ་ཤེས་དང་བདག་གི་དེ་ཁོ་ན་ཉིད་མི་ཤེས་པ་དང་། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་མི་ཤེས་པ་དང་། དཀྱིལ་འཁོར་མ་མཐོང་བ་ལ་སྟོན་པར་མ་བྱེད་ཅིག །ཁྱོད་དང་གང་ལ་བསྟན་པ་དེ་ཉིད་ཆགས་ སྡང་གིས་ཞུགས་ཤིང་བསྟན་པ་ཡིན་པས་ན་དམྱལ་བར་ངེས་པར་ལྟུང་བར་འགྱུར་རོ་ཞེས་སློབ་མ་ལ་བསྒོ་བར་བྱའོ། །རིག་པའི་དབང་གི་ཡན་ལག་གི་ཆོ་གའོ།། །།དེ་ནས་སློབ་མས་རིག་པའི་དབང་ཐོབ་པ་དང་སློབ་དཔོན་གྱི་སྡོམ་པ་བཟུང་ནས། བླ་མའི་ཞབས་ལ་ཕྱག་འཚལ་ ནས་ཡོན་གྱི་མཆོག་ཕུལ་ཏེ་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་རྟེན་ཇི་ལྟར་གསོལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་གསོལ་བ་ལན་གསུམ་དུ་བཏབ་ནས།དཀྱིལ་འཁོར་དུ་གཞུག་པར་བྱ་བ་ནི་ དཀྱིལ་འཁོར་ཆེན་པོའི་ཤར་སྒོར་པདྨ་འདབ་མ་བརྒྱད་པ་བྲིས་པའི་སྟེང་དུ་ཁྱད་པར་གྱི་ཁྲི་བཤམས་ནས། དེར་སློབ་མ་བཞག་ལ། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པའི་ཐུགས་ཀ་ནས་འོད་ཟེར་ནམ་མཁའི་ཁམས་སུ་སྤྲོས་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཧེ་རུ་ཀའི་སྐུར་ བསྒོམས་ཏེ། མཆོད་པའི་ཁྱད་པར་རྣམས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སྒྲ་སྣ་ཚོགས་དང་། བཀྲ་ཤིས་ཀྱི་གླུ་སྣ་ཚོགས་བརྗོད་པ་དང་ལྡན་པས་སྤྱན་དྲངས་ཏེ། དེ་དག་གིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་ཐོགས་ནས་ དབང་བསྐུར་བར་དམིགས་ལ། ཚིག་འདིས་དབང་བསྐུར་བར་བྱའོ། །སངས་རྒྱས་རྣམས་ཀྱི་ཐུགས་རང་བཞིན། །རྡོ་རྗེ་ཆེན་པོས་དབང་བསྐུར་བས། །ཁམས་གསུམ་གྱིས་ནི་ཕྱག་བྱས་ཏེ། །སངས་རྒྱས་ཐམས་ཅད་འདུས་པ་ཡི། །གསང་བ་གསུམ་ལྡན་དབང་མཆོག་འདི། །ཁྱོད་ ལ་ཡང་ནི་སྦྱིན་པར་བྱའོ། །ཞེས་བརྗོད་ནས་པདྨའི་སྣོད་བཟེད་ལ་དབང་བསྐུར་བར་བྱའོ། །དེ་ནས་འདི་ལྟར་སློབ་མ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། སློབ་དཔོན་གྱི་ལས་དང་བྱ་བ་བསྟན་པར་བྱའོ། །སྙིང་པོ་རྣམ་པར་དག་པ་ལེན་པ་དང་། ཏིང་ངེ་ འཛིན་ཡོངས་སུ་གཟུང་བ་དང་། ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་བསྟན་པའི་ཕྱིར་དཀྱིལ་འཁོར་རོ། །སེམས་ཀྱི་སྣང་བ་རང་བཞིན་གྱིས་དག་པའི་ཕྱིར་གཞལ་ཡས་ཁང་ངོ་། །སེམས་མཉམ་པར་གཞག་པའི་ཕྱིར་གྲུ་བཞིའོ། །བྱམས་པ་དང་། སྙིང་རྗེ་དང་། དགའ་ བ་དང་། བཏང་སྙོམས་ཀྱི་རྣམ་པར་དག་པས་ཐིག་བཞིའོ། །ཆོས་རྗེས་སུ་དྲན་པས་ཐིག་གོ། །བདེན་པའི་སྐུ་ལོག་པར་ལྟ་བ་དང་། དམན་པའི་ལོག་པར་ལྟ་བ་དང་། ཚུལ་ཁྲིམས་ལ་འཇུག་པ་ལོག་པར་ལྟ་བ་དང་། ཡང་དག་པ་ལས་ལོག་པར་ལྟ་བ་སྤངས་པའི་ཕྱིར། ཆ་བྲན་གྱི་ཐིག་རྣམས་སོ། །སྡོམ་པ་དང་སེམས་ཅན་གྱི་དོན་བྱེད་པ་དང་། དགེ་བའི་ཆོས་སྡུད་པ་སྟེ། དེ་དག་གི་ཚོགས་ཀྱི་རྣམ་པར་དག་པ་ནི་རྒྱན་སྣ་ཚོགས་པའོ། །དད་པ་དང་བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སེམས་ཁ་དོག་ལྔའོ། །མི་དགེ་བའི་ ཆོས་སྐྱེས་པ་སྤོང་བ་ནི་ཤར་ཕྱོགས་ཀྱི་རྟ་བབས་སོ། །མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་ནི་ལྷོ་ཕྱོགས་ཀྱི་རྟ་བབས་སོ། །དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་ནི་ནུབ་ཕྱོགས་ཀྱི་རྟ་བབས་སོ། །དགེ་བའི་ཆོས་སྐྱེས་པ་བསྲུང་བ་ནི་བྱང་ཕྱོགས་ཀྱི་རྟ་བབས་སོ། །ལུས་དང་། ཚོར་བ་ དང་སེམས་དང་ཆོས་དྲན་པ་ཉེ་བར་གཞག་པའི་རྣམ་པར་དག་པ་ནི་འདོད་ཡོན་གྱི་སྣམ་བུའོ། །བཟོད་པ་དང་ཆོས་དང་དོན་དང་སྔགས་ཡོངས་སུ་འཛིན་པའི་རྣམ་པར་དག་པས་ནི། ལྷ་རྣམས་ལ་གནས་པའི་ལྷ་མོའི་ཚོགས་གླུ་མ་དང་གར་མའོ། །སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་ནི་ཤར་གྱི་ སྒོའོ། །མཚན་མ་མེད་པའི་རྣམ་པར་ཐར་པ་ནི་ལྷོའི་སྒོའོ། །སྨོན་པ་མེད་པའི་རྣམ་པར་ཐར་པ་ནི་ནུབ་ཀྱི་སྒོའོ། །མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་ནི་བྱང་གི་སྒོའོ། །སྤྱོད་པ་དང་རྫུ་འཕྲུལ་གྱི་རྐང་པ་ནི་ཤར་ཕྱོགས་ཀྱི་རིན་པོ་ཆེའི་ཀ་ཏན་གཉིས་སོ། །བརྩོན་འགྲུས་ དང་རྫུ་འཕྲུལ་གྱི་རྐང་པ་ནི་ལྷོ་ཕྱོགས་ཀྱི་རིན་པོ་ཆེའི་ཀ་ཏན་གཉིས་སོ། །སེམས་དང་རྫུ་འཕྲུལ་གྱི་རྐང་པ་ནི་ནུབ་ཕྱོགས་ཀྱི་རིན་པོ་ཆེའི་ཀ་ཏན་གཉིས་སོ། །འདུན་པ་དང་རྫུ་འཕྲུལ་གྱི་རྐང་པ་ནི་བྱང་ཕྱོགས་ཀྱི་རིན་པོ་ཆེའི་ཀ་ཏན་གཉིས་སོ། །ཀུན་ལ་སྙོམས་པར་བརྩེ་བ་དང་བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཕྱིར་བུམ་པ་གང་བའོ། །དྲན་པ་དང་ཆོས་རྣམ་པར་འབྱེད་པ་དང་ཤིན་ཏུ་སྦྱངས་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། མེ་ཏོག་གི་ཕྲེང་བའོ། །སྒྲིབ་པ་ཐམས་ཅད་ སྤངས་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་ཡོངས་སུ་རྟོགས་པ་དང་། དེ་བཞིན་གཤེགས་པའི་ལམ་གྱི་ཡེ་ཤེས་ཀྱི་རྣམ་པར་དག་པ་ནི་རླུང་ཡབ་པོ། །ཉོན་མོངས་པའི་ས་བོན་བཅོམ་པའི་ཕྱིར་དང་ཉོན་མོངས་པ་དང་བྲལ་ཏེ་དྲ་བའོ། །ཉེ་བའི་ཉོན་མོངས་པ་བཅོམ་ཞིང་བྲལ་བ་སྟེ་དྲ་བ་ ཕྱེད་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རྣམ་པར་དག་པ་ནི་མེ་ལོང་ངོ་། །འགྲོ་བ་ཐམས་ཅད་ཆོས་ཀྱི་ངོ་བོར་དབྱེར་མི་ཕྱེད་པའི་ཕྱིར་དང་། འཁོར་བའི་སྐྱོན་གྱིས་མ་གོས་པའི་ཕྱིར་པདྨའོ། །སེམས་ཅན་ཐམས་ཅད་ལས་འབྱུང་བའི་སོ་སོ་ཡང་དག་པར་མི་སྐྱེ་བའི་བྱང་ཆུབ་ ཀྱི་སེམས་ཀྱི་རྣམ་པར་དག་པ་ནི་ཟླ་བའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་བྱུང་བའི་ཤེས་རབ་ཡེ་ཤེས་ནི་ཉི་མའི་དཀྱིལ་འཁོར་རོ། །འདོད་པའི་ཡོན་ཏན་ལྔ་ཡང་དག་པར་ལམ་དུ་ཁྱེར་བའི་ཕྱིར་དང་། གཟུགས་ལ་སོགས་པའི་མངོན་པར་ཤེས་པ་སྤང་བའི་ཕྱིར་ན་འདོད་ཡོན་གྱི་ སྣམ་བུའོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ཡིན་པའི་ཕྱིར་མཆོད་པའི་ཁྱད་པར་རོ། །བག་ཡོད་པ་དང་ངོ་ཚ་ཤེས་པའི་ཕྱིར། སྣ་ཚོགས་པའི་རལ་གྲིས་བརྒྱན་པའོ། །འདུལ་བས་ཁྱད་པར་དུ་བྱས་པའི་ཆོས་དང་མདོའི་སྡེ་དང་དབྱངས་ སུ་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། དེ་ལྟར་གསུང་རབ་ཡན་ལག་བཅུ་གཉིས་རྣམ་པར་དག་པ་ནི་རླུང་གིས་བསྐྱོད་པའི་བ་དན་ ལ་དྲིལ་བུའི་སྒྲ་སྒྲོག་པའོ། །ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་གྱི་རྣམ་པར་དག་པ་ནི་པཉྩ་རེ་ཁཱའོ། །དེ་ལྟར་བདག་མེད་མའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱང་ཤེས་པར་བྱའོ། །གཞན་ཡང་ཁྱད་པར་འདི་ཡོད་ དེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། འཕགས་པའི་ལམ་ཡན་ལག་ བརྒྱད་ཀྱིས་རྣམ་པར་དག་པ་ནི་ཀ་བ་བརྒྱད་དོ། །ཐམས་ཅད་དུ་བཅིང་བ་ལྔ་རྣམ་པར་གྲོལ་བའི་ཕྱིར་དང་། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་ལྟ་བུའི་ལམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་ཀ་བ་བརྒྱད་ཀྱི་སྟེང་དུ་རྡོ་རྗེའི་ཕྲེང་བའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་མེད་པར་ མཚོན་པའི་ཕྱིར་དུར་ཁྲོད་ཆེན་པོ་བརྒྱད་དོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ། །གཟུགས་ཀྱི་སྐྱེ་མཆེད་དང་སྐུའི་རང་བཞིན་སོ་སོའི་རྣམ་པར་དག་པ་ནི་གཽ་རཱིའོ། །སྒྲའི་སྐྱེ་མཆེད་དང་ཐུགས་ཀྱི་རང་བཞིན་སོ་སོའི་རྣམ་པར་དག་པ་ནི་ཙཽ་རཱིའོ། །དྲིའི་སྐྱེ་མཆེད་དང་གསུང་གི་རང་བཞིན་སོ་སོའི་ རྣམ་པར་དག་པ་ནི་རོ་ལངས་མའོ། །རོའི་སྐྱེ་མཆེད་དང་ཡེ་ཤེས་ཀྱི་རང་བཞིན་སོ་སོའི་རྣམ་པར་དག་པ་ནི་གྷསྨ་རཱིའོ། །སའི་ཁམས་དང་སྐུའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་རྣམ་པར་དག་པ་ནི་པུཀྐ་སཱིའོ། །ཆུའི་ཁམས་དང་གསུང་གི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་རྣམ་པར་དག་པ་ནི་ཤ་བ་རཱིའོ། ། མེའི་ཁམས་དང་ཐུགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་རྣམ་པར་དག་པ་ནི་ཙཎྜ་ལཱིའོ། །རླུང་གི་ཁམས་དང་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་རྣམ་པར་དག་པ་ནི་ཌོཾ་བི་ནཱིའོ། །ཇི་ལྟར་གསུངས་པའི་ཡེ་ཤེས་རྣམ་པར་དག་པའི་འབྲས་བུ་དང་། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བླ་ན་མེད་པའི་བྱང་ཆུབ་ཀྱི་ བདག་ཉིད་དཔལ་དགྱེས་པའི་རྡོ་རྗེའོ། །བདག་མེད་པའི་དཀྱིལ་འཁོར་ལ་ནི་རེག་པའི་སྐྱེ་མཆེད་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་པོའི་རང་བཞིན་ནི་ས་སྤྱོད་མའོ། །ཆོས་ཀྱི་སྐྱེ་མཆེད་དང་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ཀྱི་རང་ བཞིན་གྱི་རྣམ་པར་དག་པ་ནི་མཁའ་སྤྱོད་མའོ། །དད་པའི་དབང་པོའི་རང་བཞིན་ནི་གཽ་རཱིའོ། །བརྩོན་འགྲུས་ཀྱི་དབང་པོའི་རང་བཞིན་ནི་ཙཽ་རཱིའོ། །དྲན་པའི་དབང་པོའི་རང་བཞིན་ནི་བེ་ཏཱ་ལཱིའོ། །ཏིང་ངེ་འཛིན་གྱི་དབང་པོའི་རང་བཞིན་ནི་གྷསྨ་རཱིའོ། །རབ་ཏུ་དགའ་བ་དང་དྲི་མ་མེད་པ་དང་འོད་ བྱེད་པའི་རང་བཞིན་ནི་པུཀྐ་སཱིའོ། །འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པའི་རང་བཞིན་ནི་ཤ་བ་རཱིའོ། །རིང་དུ་སོང་བ་དང་མི་གཡོ་བའི་རང་བཞིན་ནི་ཙཎྜ་ལཱིའོ། །ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་གྱི་རང་བཞིན་ནི་ཌོཾ་བི་ནཱིའོ། །གཟུགས་ཀྱི་ཕུང་པོ་དང་མིག་གི་སྐྱེ་ མཆེད་དང་གཏི་མུག་ཆེན་པོ་རྣམ་པར་དག་པའོ། །སངས་རྒྱས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནི་རྡོ་རྗེ་མའོ། །ཚོར་བའི་ཕུང་པོ་དང་། སྣའི་སྐྱེ་མཆེད་དང་། ང་རྒྱལ་ཆེན་པོ་དག་པའི་སངས་རྒྱས་ཀྱི་ས་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གསང་བའི་གཽ་རཱི་མའོ། །འདུ་ཤེས་ཀྱི་ ཕུང་པོ་དང་ལྕེའི་དབང་པོ་དང་། འདོད་ཆགས་ཆེན་པོ་རྣམ་པར་དག་པའི་སངས་རྒྱས་ཀྱིས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནི་ཆུའི་རྣལ་འབྱོར་མའོ། །འདུ་བྱེད་ཀྱི་ཕུང་པོ་དང་ལུས་ཀྱི་སྐྱེ་མཆེད་དང་ཕྲག་དོག་ཆེན་པོ་དག་པའི་སངས་རྒྱས་ཀྱི་ས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་ བཞིན་ནི་རྡོ་རྗེ་མཁའ་འགྲོ་མའོ། །རྣམ་པར་ཤེས་པའི་ཕུང་པོ་དང་། ཡིད་ཀྱི་སྐྱེ་མཆེད་དང་ཞེ་སྡང་ཆེན་པོ་དག་པའི་སངས་རྒྱས་ཀྱི་ས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི་བདག་མེད་མའོ། །དེ་དག་ནི་ལྷའི་དེ་ཁོ་ན་ཉིད་དོ། །ཕྱི་དང་ནང་གི་ས་ཡོངས་སུ་སྦྱང་བ་ལ་སོགས་པ་ནི་ སློབ་དཔོན་གྱི་ལས་དང་བྱ་བའོ། །དེ་ནས་དམ་ཚིག་གསུམ་དང་ལྡན་པ་ནི་རྡོ་རྗེ་བརྟུལ་ཞུགས་ཀྱི་སྣོད་དུ་རུང་བ་ཡིན་ཏེ། རྡོ་རྗེར་བྱིན་གྱིས་བརླབས་ནས། སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །ཡེ་ཤེས་ལྔ་ལྡན་རྡོ་རྗེ་ནི། །ཁྱོད་ལ་ཡང་དག་སྦྱིན་པར་བྱ། །ཧཱུྃ་གིས་ཐུགས་ ཀར་ཡང་དག་གཟུང་། །གསུང་རྣམས་སྒྲ་བརྙན་ལྟ་བུ་སྟེ། །རྟོག་པ་མེད་པས་སྣ་ཚོགས་སྒྲ། །བརྗོད་པའི་ཡུལ་ལས་རྣམ་པར་འདས། །དྲིལ་བུ་གསུང་གི་རང་བཞིན་ཏེ། །དེ་ནི་ཁྱོད་ཀྱིས་གཟུང་བར་གྱིས། །འདི་ནི་གསུང་གི་དམ་ཚིག་པས། །ཡི་གེ་ཨཱཿཡིས་ཡང་དག་གཟུང་། ། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །མི་ཕྱེད་རྡོ་རྗེའི་ངོ་བོ་ཉིད། །འཁྱུད་པ་ཕྱག་རྒྱ་ཆེན་པོ་སྟེ། །འདི་ནི་སྐུ་ཡི་དམ་ཚིག་ཡིན། །ཡི་གེ་ཨོཾ་གྱིས་ཡང་དག་གཟུང་། །དེ་ལྟར་དམ་ཚིག་གསུམ་ལྡན་ན། །རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་བྱ། །ཡི་གེ་ཧཱུྃ་ལས་སྐྱེས་པ་ཡི། །རྒྱུ་འབྲས་ རྡོ་རྗེ་སེམས་རང་བཞིན། །ཆོ་ག་ཚང་ནས་སློབ་མ་སྦྱིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ལག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་འཆང་། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའི་ དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཁྱོད་ཀྱིས་རྟག་ཏུ་འཆང་བར་གྱིས། །འདི་དག་བརྗོད་ནས་སློབ་མའི་ལག་ཏུ་སྦྱིན་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཨེ་ཥ་ཏྭཾ་དྷཱ་ར་ཡ་མི། ཧི་ཧི་ཧི་ཧི་ཧཱུྃ། འདིས་རྡོ་རྗེ་འཛིན་དུ་ གཞུག་སྟེ་རྡོ་རྗེ་བརྟུལ་ཞུགས་བརྟན་པའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་སྒྲ་ཡི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་འཆང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཆོས་ཀྱི་སྒྲ་ནི་ཁྱོད་ཀྱིས་སྒྲོགས། །སྲིད་པ་རང་བཞིན་གྱིས་དག་ཕྱིར། །ངོ་བོ་མེད་པ་ དངོས་མེད་བྱས། །རང་བཞིན་དག་ལ་སེམས་པ་རྣམས། །དམ་པ་སྲིད་པ་བྱེད་པར་ཤོག །དེ་དག་གིས་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་ཏེ། དྲིལ་བུའི་དེ་ཁོ་ན་ཉིད་འཛིན་དུ་བཅུག་ལ་དཀྲོལ་བར་བྱའོ། །དེ་ནས་ལྷག་པའི་ལྷའི་ཕྱག་རྒྱས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། གཟུགས་ སོགས་སྐུ་ཡི་དམ་ཚིག་གིས། །གསང་སྔགས་མ་ཚང་མེད་པར་བཟླ། །རང་གི་རིག་པའི་ངོ་བོ་སྟེ། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །ཁྱོད་ཀྱིས་ཨོཾ་གྱིས་གཟུང་བར་གྱིས། །དེ་ལྟར་དེ་ཁོ་ན་ཉིད་གསུམ་བསྟན་ཏོ། །དེ་ནས་ཕྱག་རྒྱ་དྲུག་གིས་དབང་བསྐུར་ལ། ལུང་བསྟན་པའོ། ། བདག་ཉིད་གཙོ་བོའི་ང་རྒྱལ་དུ་བྱས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཞིང་མངོན་སུམ་དུ་བྱས་ལ། ལག་པ་གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་ཀྱི་ཐ་མ་སྙིང་གར་གཟུང་སྟེ། ལག་པ་གཡས་པ་སྐྱབས་སྦྱིན་དུ་བྱས་ལ། ཤར་ལ་སོགས་པའི་གོ་རིམས་ཀྱིས་ལུང་བསྟན་པར་བྱའོ། ། ཨོཾ་རྡོ་རྗེའི་རིགས་མཆོག་ཆེན་པོ་ཡི། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །མགྲིན་པ་གཅིག་ཏུ་ལུང་བསྟན་ཏོ། །འདི་ལྟར་ང་ཡིས་ལུང་བསྟན་ནས། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་མཐའ་ཉིད་བསྒྲུབ་པའི་ཕྱིར། །སྲིད་པ་ངན་འགྲོ་རྣམས་ལས་འགྲོལ། །ཀྱེ་ དེ་བཞིན་གཤེགས་པ་ཆེ་གེ་མོ། །ཞེས་བྱ་བ་འདི། ཏ་ཐཱ་ག་ཏ་སིདྡྷ་བྷུར་བྷུ་བ་སྭཿའདི་ལྟར་རིགས་བཞིའི་རིན་པོ་ཆེ་དང་། པདྨ་དང་ལས་ཀྱི་བདག་ཉིད་དུ་ལུང་བསྟན་ཏོ། །དེ་ཡི་དབང་བསྐུར་གྱུར་པ་ཡི། །སྔགས་པ་འགྲོ་བ་ཀུན་གྱི་བདག །ཕྱག་རྒྱ་ཆེན་པོའི་བདག་ཉིད་ལ། །བླ་ན་མེད་པའི་ བྱང་ཆུབ་ཏུ། །བདེ་གཤེགས་ཀྱིས་ཀྱང་ལུང་བསྟན་མཛོད། །དེ་ལ་འདི་ལྟར་བསྟན་ཏེ། སྔགས་དང་ཕྱག་རྒྱས་རྡོ་རྗེ་འཆང་གི་གོ་འཕང་དུ་གྱུར་པའི་ཕྱིར། བསྟན་པར་བྱ་བའི་ལུང་བསྟན་པའོ། །དེ་ནས་དམ་ཚིག་གསུམ་དང་ལྡན་པ་དེ་དབུགས་དབྱུང་བར་བྱ་སྟེ། གསང་མཆོག་དཀྱིལ་འཁོར་དམ་ པ་ནི། །མཐོང་བ་དང་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །ཁྱེད་རྣམས་དེ་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །སླར་ཁྱོད་འཆི་བ་ལ་སོགས་མེད། །མི་ཚུགས་པ་དང་མཆོག་འབྲས་བུ། །ཅིས་ཀྱང་མི་ཚུགས་དགའ་བར་གྱིས། །སྲིད་པའི་ སྡུག་བསྔལ་ལས་ཁྱོད་འདས། །དམ་པའི་སྲིད་པ་བསྒྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་གྱུར་པ་ཡིན། །དམ་ཚིག་སྡོམ་པ་གྲུབ་པ་འདི། །རྟག་ཏུ་ཁྱོད་ཀྱིས་བསྲུང་བར་གྱིས། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་སྐྱེད་པ་ ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པ། །དམ་པའི་ཆོས་ནི་མི་སྤང་ཞིང་། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པས་ནི་རྨོངས་པ་ལ། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་ སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ནི་མ་གདུངས་ཤིང། །ཅི་བདེ་བར་ནི་གཟུང་བར་བྱ། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་དོར་ཞིང་། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ ཚུལ་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོ་རྣམས་ཀྱི་ཆད་པ་དང་། །གནོད་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་ བར་ལྟུང་། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་བཅོམ་པ། །ནམ་ཡང་སྨོད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་དབུལ་བར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཡང་འབྱུང་བར་མི་ འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་ཕུལ་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ ལས་དངོས་གྲུབ་མཆོག་ཐོབ་འགྱུར། །གང་ཕྱིར་འདི་ནི་ལེགས་གནས་པས། །དེང་ཁྱོད་ཉེ་བར་འབྲས་བུར་གནས། །དམ་ཚིག་ལྷ་རྣམས་ཀུན་མཉམ་པར། །དེང་ཁྱོད་འགྱུར་བར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེང་ཁྱོད་དབང་བསྐུར་བས། །ཁམས་ གསུམ་གྱི་ནི་རྒྱལ་ཆེན་པོ། །རྒྱལ་པོའི་བདག་པོར་བསྟན་པ་ཡིན། །དེང་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་བཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེ་ཉིད་ཐོབ་པར་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་ མི་ཟད་བདེ་ཆེན་བསྟན་པར་གྱིས། །དེང་འདིར་འགྲོ་བ་མྱུར་ཏེ་རྡོ་རྗེ་སེམས་དཔའ་དང་། །རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར་འགྱུར། །གཞན་ཡང་དམ་ཚིག་བཅུ་བཞི་བསྟན། །དེ་ལྟར་སློབ་མ་མཉེས་གཤིན་པས། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །གཙོ་བོ་འདི་ལྟར་བཀའ་སྩལ་ པའི། །གསུང་གི་དེ་བཞིན་བཀའ་བགྱིད་དོ། །ཞེས་པ་ནི་དབུགས་དབྱུང་བ་སྦྱིན་པའོ། །དེ་ནས་རྗེས་སུ་གནང་བ་སྦྱིན་པ་ནི། །དེ་ནས་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་གསེར་གྱི་ཐུར་མ་ལ་བསྔགས་ཏེ། བདག་གི་ཐུགས་ཀའི་འོད་ཟེར་དང་མཚུངས་པར་ཡེ་ཤེས་ཀྱི་མིག་སྨན་གྱིས་ མིག་དབྱེ་བར་བརྩམ་པར་བྱའོ། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །མིག་གི་རབ་རིབ་ཉེས་པ་རྣམས། །ཇི་ལྟར་མིག་སྨན་མཁན་པོ་ལྟར། །དེ་བཞིན་རྡོ་རྗེ་སེམས་དཔའ་ཡིས། །སྦྱོར་བས་རབ་རིབ་བསལ་བར་བྱ། །ཨོཾ་བཛྲ་ནེ་ཏྲ་ཡ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ སློབ་མའི་མིག་གཉིས་ལ་མཆོག་ གི་ཡི་གེ་བསམས་ལ། ཐུར་མ་དང་འོད་ཟེར་གྱིས་བསལ་བར་བྱའོ། །ཨོཾ་བཛྲ་སཏྭ་ཞེས་པས་དེ་ནས་མེ་ལོང་བསྟན་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་བསྟན་པ་ནི། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ ལས་ལས་ཀུན་དུ་བྱུང་། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །ངོ་བོ་ཉིད་མེད་གནས་མེད་པ། །འདི་ལྟར་ཆོས་རྣམས་ཐམས་ཅད་ཤེས། །རང་བཞིན་མེད་ཅིང་གཞི་མེད་པས། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་མཆོག་ཏུ་འགྱུར། །དེ་ནས་དྲིལ་བུ་དཀྲོལ་ཞིང་མེ་ ལོང་གི་གཟུགས་བརྙན་བསྟན་ལ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འདི་ལྟར་ཤེས་པར་གྱིས་ཤིག་ཅེས་བཀའ་བསྒོ་ལ་ཚིག་འདི་བརྗོད་པར་བྱའོ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་ཕྱིར། །ཀུན་གྱི་མཆོག་ནི་མཉམ་ ཉིད་གསལ། །རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །དག་ཅིང་གསལ་ལ་དྲི་མ་མེད། །སངས་རྒྱས་ཀུན་གྱི་བདག་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་བྱང་ཆུབ་སེམས་དཔའ་ནི་འདི་ཡིན་པར་ཤེས་པར་གྱིས་ཤིག །ཅེས་བརྗོད་ ལ་མེ་ལོང་སྙིང་གར་གཏུག་གོ། །དེ་ནས་ཧོ་ལས་སྐྱེས་པའི་གཞུ་ལག་ཏུ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་སྒྲུབས་ཤིག །བདུད་བཞི་རྣམ་པར་འདུལ་བར་གྱིས་ཤིག་ཅེས་མགོ་ལ་ཕྱོགས་བཞིར་གཞུ་བཞི་དགང་བར་བྱའོ། །སྟེང་དང་འོག་ཏུ་ཡང་ངོ་། ། དེ་ནས་ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་པས་འཁོར་ལོ་རྐང་པ་གཉིས་ཀྱི་བར་དུ་བཞག་ལ་ཨོཾ་བཛྲ་བྷ་ཥ་རཾ་ཞེས་པས་དུང་ལག་པ་གཡས་སུ་སྦྱིན། དབྱངས་ཀྱི་ཡི་གེ་དང་པོ་ལས་གླེགས་བམ་དང་། དབྱངས་ཀྱི་ཡི་གེ་ཐ་མ་ལས་དྲིལ་བུར་གྱུར་པ་ལས་ལག་པ་གཡོན་དུ་བྱིན་ལ་འདི་སྐད་བརྗོད་དོ། །འདི་ནས་ བརྩམས་ཏེ་སེམས་བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས་ཤིག །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱི་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་དུ་མ་ལུས་གང་བར་བགྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་སུ། ། གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ནས་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཀུན་དུ་ཁྱོད་ལ་སྲུང་བར་བྱེད། །གཞན་ཡང་གོ་རིམས་ཇི་ལྟ་བའི་འཁོར་ལོས་སྒྱུར་བའི་སྦྱོར་བ་དང་ལྡན་ པར་བྱས་ལ། སེམས་ཅན་རྣམས་ལ་ཕན་འདོད་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བའི། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར། །ཆོས་ཀྱི་གནས་སུ་རྡོ་རྗེ་དང་། །རིན་པོ་ཆེ་དང་པདྨ་དང་། །ཕྲིན་ལས་འཁོར་ལོ་རྣམས་གོ་རིམས། །ཚིགས་བཤད་ འདི་ཡི་རིམ་པ་ལས། །ཤློ་ཀ་ནི་ལྔ་པོ་ཡིས། །རྗེས་སུ་གནང་བ་སྦྱིན་པའོ། །དེ་ལ་བརྟུལ་ཞུགས་ལ་སོགས་པའི་རྗེས་སུ་གནང་བ་སྦྱིན་པའི་བར་དུ་དབང་བཞི་པ་རྫོགས་ནས་སྦྱིན་ཟེར་བ་ཡང་ཡོད་དོ། །དེ་ལ་སྐབས་འདིར་ནི་བཞི་པའི་རིམ་པའི་སྔོན་དུ་འགྲོ་ཞེས་གསུངས་སོ། ། དེ་ནས་སློབ་མ་ལ་བསང་གཏོར་ལ་སོགས་པ་བྱས་ཏེ། སློབ་དཔོན་རྡོ་རྗེ་སློབ་དཔོན་གྱི། །མཚན་ཉིད་ཐམས་ཅད་རྫོགས་བྱས་ལ། །སློབ་མའི་ལག་པར་ནི། ཕྱག་གདུབ་སྔགས་ཀྱི་བསྲུང་བ་གདགས། །སྟེང་དུ་གདུགས་ནི་གཟུང་བྱ་སྟེ། །རྡོ་རྗེ་དྲིལ་བུ་འཛིན་པ་ཡིས། །དཀྱིལ་འཁོར་ བསྐོར་བ་གསུམ་བྱས་ལ། ཕྱག་རྒྱ་དྲུག་གིས་དབང་བསྐུར་ལ། །དེ་རིང་འདི་ལྟར་སློབ་མ་ཡིས། །རྒྱུད་ཀྱི་དོན་རྣམ་འཛིན་འགྱུར་ཏེ། །གདུགས་བསལ་ནས་ནི་སློབ་མ་ལ། །གཟེངས་བསྟོད་ཕྱིར་ནི་འདི་སྐད་བརྗོད། །ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །གསང་སྔགས་རྒྱུད་ཀྱང་འཛིན་པར་ འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་བཀུར་བར་འགྱུར། །སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །དེ་ནས་རང་སྔགས་བརྒྱ་རྩ་བརྒྱད། །བཟླས་ ནས་སྔགས་འདི་ཁྱོད་ལ་སྦྱིན། །སྔགས་འདི་རྒྱལ་བ་ཀུན་ལ་ཉེ། །ཞེས་བརྗོད་ལ་སྦྱིན་པར་བྱའོ། །སློབ་མས་ཀྱང་། བཅོམ་ལྡན་བདག་གིས་ལེགས་པར་གཟུང་། །སྔགས་ཀྱི་དངོས་གྲུབ་ཉེ་བར་འགྱུར། །གསང་སྔགས་གཟུང་སྟེ་བཟླས་པར་བྱའོ། །དེ་ནས་སློབ་མ་ཕྱག་རྒྱ་བཞི་བསྟན་ པར་བྱ་བའི་ཕྱིར། །འདི་སྐད་བརྗོད་དོ། །ཁྱེད་ཀྱིས་དུས་འདི་ནས་བཟུང་སྟེ་ཕྱག་རྒྱ་བཞི་མི་ཤེས་པའམ། ཕྱག་རྒྱ་གཅིག་མི་ཤེས་པ་ལ་ཕྱག་རྒྱ་གཅིག་ཀྱང་བསྟན་པར་མ་བྱེད་ཅིག་ཅེས་བསྒོའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དཀྱིལ་འཁོར་མ་མཐོང་བ་དང་དཀྱིལ་འཁོར་དང་ཕྱག་རྒྱ་ལ་རྗེས་སུ་ མ་ཞུགས་པའི་ཕྱིར། ཐོབ་པའི་འབྲས་བུ་ལ་ཐེ་ཚོམ་དུ་གྱུར་པ་ཡིན་པས་དེ་དག་ལ་བསྟན་པར་མི་བྱའོ། །གལ་ཏེ་བསྟན་པར་བྱས་ན་སྒྲོ་འདོགས་དང་སྐུར་བའི་རང་བཞིན་དུ་འགྲོ་བའི་ཕྱིར། མནར་མེད་པའི་སེམས་ཅན་དམྱལ་བར་ལྟུང་བ་ཡིན་པས་ན། དེ་ལྟ་བུ་ལ་སྟོན་པར་མ་བྱེད་ཅིག་ ཅེས་བསྒོའོ། །འདི་དག་ནི་ཐུན་མོང་གི་སློབ་དཔོན་གྱི་དབང་ངོ་། །ཁྱད་པར་གྱི་ལག་པ་རྡོ་རྗེ་དྲིལ་བུ་དང་ལྡན་པས། ཤེས་རབ་དྲིལ་བུ་དེ་ཉིད་ནི། །བཅུ་དྲུག་ལོན་པའི་ཤེས་རབ་ཏུ། །དམིགས་ཏེ་ལག་པས་ལེགས་འཁྱུད་ནས། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ། །དེ་ནི་སློབ་ དཔོན་ཡིན་པར་བཤད། །དེ་ནི་འཇིག་རྟེན་ལས་འདས་པའི་དབང་ངོ་། །སློབ་དཔོན་གྱི་དབང་དེ་ཉིད་ནི་ཕྱིར་མི་ལྡོག་པའི་དབང་ཞེས་ཀྱང་བྱ། རྡོ་རྗེ་སློབ་དཔོན་གྱི་དབང་ཞེས་ཀྱང་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སློབ་དཔོན་གྱི་དབང་ཞེས་བྱའོ། །དེ་ལ་རིག་པའི་དབང་དང་ སློབ་དཔོན་གྱི་དབང་གིས་ནི་བུམ་པའི་དབང་ཞེས་བྱ་སྟེ། དབང་ཐམས་ཅད་ཀྱི་དུས་སུ་ཁྱད་པར་དང་ཐུན་མོང་གི་བུམ་པས་དབང་བསྐུར་བའི་ཕྱིར་བུམ་པའི་དབང་ཞེས་བྱའོ། །དེས་ནི་ལུས་ཀྱི་སྒྲིབ་པ་དག་ཅིང་སྐུའི་དབང་ཐོབ་པ་དང་། སྤྲུལ་པའི་སྐུའི་རང་བཞིན་ཡིན་ པས་བུམ་པའི་དབང་ཞེས་བྱའོ།། །།སློབ་དཔོན་མཆོག་གི་དབང་ཕྱུག་གིས། །སློབ་དཔོན་དབང་སྐུར་ཚང་ནས་ནི། །གསང་དབང་སྐལ་ལྡན་གང་ཞིག་ལ། །དེ་ལ་དམ་ཚིག་སྦྱིན་བྱ་སྟེ། །མཆོག་གི་སྡོམ་པ་འཛིན་དུ་གཞུག །མི་ལ་སོགས་པའི་ཤ་ལྔ་དང་། །བདུད་རྩི་ལྔ་ ཉིད་བསྟེན་བྱས་ན། །དགྱེས་པ་རྡོ་རྗེའི་དངོས་གྲུབ་ཐོབ། །གཞན་གྱིས་སྲོག་ཀྱང་གཅད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བྱ་ཞིང་། །མ་བྱིན་པར་ཡང་བླང་བྱ་སྟེ། །གཞན་གྱི་བུད་མེད་རྟག་ཏུ་བསྟེན། །སེམས་ནི་རྩེ་གཅིག་བརྟན་བྱ་སྟེ། །མ་རིག་ལས་བྱུང་སེམས་འཁྲུལ་གསད། །དངོས་ ཀུན་རང་བཞིན་མེད་པ་དང་། །འཇིག་རྟེན་སྒྲོལ་ཕྱིར་བརྫུན་དུ་སྨྲ། །རང་གི་བདེ་བ་མི་སྤོང་ཞིང་། །རྟོགས་དཀའི་ཡེ་ཤེས་ཐོབ་པའི་ཕྱིར། །མ་བྱིན་པ་ཉིད་བླང་བ་ཡིན། །སྤྲོས་བྲལ་མ་སྐྱེས་བཙུན་མོ་ནི། །རྟོགས་པས་གཞན་གྱི་བུད་མེད་བསྟེན། །ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། ། དེ་དག་དམ་ཚིག་ཡིན་པར་གསུངས། །བཟང་པོ་མཚན་ཉིད་ལྡན་པ་ཡིས། །དམ་ཚིག་དེ་དག་ལེགས་པར་གཟུང་། །དེ་ནས་མཆོད་པ་རྣམ་ལྔ་ཡིས། །ཁྱད་པར་ཀུན་དང་ལྡན་བྱས་ལ། །དངོས་གྲུབ་སྡོམ་པ་ལྡན་པའི་ཕྱིར། །སློབ་དཔོན་གྱིས་ནི་སློབ་མ་མཆོད། །དེ་ཉིད་དམ་ཚིག་ སྦྱིན་པ་ཡིན། །དེ་ནས་སློབ་མས་སློབ་དཔོན་ལ། །ཚོགས་ཀྱི་འཁོར་ལོ་ཕུལ་ནས་ནི། །སློབ་མས་རིག་མ་བརྒྱད་པོ་འདི། །མ་དང་སྲིང་མོ་ཉིད་དང་ནི། །བུ་མོ་དང་ནི་ཚ་མོ་དང་། །དེ་བཞིན་ཞང་པོའི་ཆུང་མ་དང་། །མ་ཡི་སྤུན་ཟླ་སྒྱུག་མོ་དང་། །དེ་བཞིན་ཕ་ཡི་སྲིང་མོ་ཉིད། །རིག་མ་ བརྒྱད་དུ་རབ་ཏུ་གྲགས། །ལྷ་མོ་བརྒྱད་ཀྱི་རང་བཞིན་ཏེ། །བསྒྲུབས་ན་དངོས་གྲུབ་འབྱིན་པའོ། །དེ་ནས་རིག་མ་བརྒྱད་པོ་དེ་དག་དང་མི་ལྡན་ན། རིགས་ལྔའི་རང་བཞིན་དུ་གྱུར་པའི་རིག་མ་རྡོ་རྗེ་མ་ལ་སོགས་པ་གང་དང་ལྡན་པ་དབུལ་བར་བྱའོ། །གར་མ་ཚོས་མ་གཡུང་མོ་དང་། །གཏུམ་ མོ་དང་ནི་བྲམ་ཟེ་མོ། །དེ་བཞིན་གཤེགས་པའི་རིགས་ལས་སྐྱེས། །རིག་མ་ལྔར་ནི་རབ་ཏུ་བཤད། །དེ་དག་རྣལ་འབྱོར་པས་མཆོད་བྱ། །ནམ་དུ་འཁྱུད་དང་འོ་བྱས་ཏེ། །དེ་ལ་ཆགས་པའི་རོལ་པ་བྱ། །རྡོ་རྗེ་པདྨོ་སྦྱོར་བ་ཡིས། །དེར་ནི་ཆང་ནི་བཏུང་བྱ་སྟེ། །ཤ་དང་ཤ་ཆེན་བཟའ་བར་བྱ། ། དེ་ལ་བཏུང་བའི་སྟོན་མོ་སྦྱིན། །དེ་ནས་ཡང་ནི་མཆོད་པར་བྱ། །དེ་ནས་ཐུན་ཚོད་གཉིས་པ་ལ། །སློབ་མ་ནང་དུ་གཞུག་པར་བྱ། །རས་ཀྱིས་མིག་ནི་དགབ་བྱས་ལ། །ཕྱིས་ནི་དཀྱིལ་འཁོར་བསྟན་བྱས་ཏེ། །སཱ་ལུ་སྐྱེས་མཆོད་སྦྱར་བ་དང་། །ཆང་གིས་རྣལ་འབྱོར་མ་མཆོད་བྱ། །བདེ་ཆེན་ དུམ་བུ་གཅིག་པར་ནི། །བདུད་རྩི་དང་བཅས་ཆང་གིས་བཀང་། །སྐལ་ལྡན་ཆེན་པོས་སློབ་དཔོན་དང་། །སྟོན་པ་ཉིད་ལ་མཆོད་བྱས་ཏེ། །བདག་ཀྱང་དགྱེས་པ་ཆེན་པོ་ཡིས། །ཕྱག་འཚལ་ནས་ནི་བཏུང་བར་བྱས། །བྱིན་དང་ལེན་པའི་ཕྱག་རྒྱ་ནི། །པདྨ་ལྟ་བུ་ཕྱེ་བྱ་སྟེ། །ཡང་དང་ཡང་ དུ་ཕྱག་འཚལ་ཡིན། །མ་དང་ཚ་མོ་སྒྱུག་མོ་དང་། །ཞང་པོའི་ཆུང་མ་དག་ལ་ནི། །མཆོད་ན་དངོས་གྲུབ་མྱུར་དུ་ཐོབ། །སེམས་ལ་རྟོག་པ་མེད་པའི་ཕྱིར། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་འདོད་པའི་ཡོན་ཏན་ལྔའི་ཚོགས་ལ་སྤྱོད་དེ། རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་འདོད་པའི་ རོལ་པས་ཡོངས་སུ་སྤྱོད་དེ། མཆོད་པའི་ཁྱད་པར་ཐམས་ཅད་དང་ལྡན་པས་རྡོ་རྗེ་གླུ་ལ་སོགས་པའི་དགྱེས་པའི་སྤྱོད་པ་ཐམས་ཅད་རྫོགས་པར་བྱས་ནས། ཚོགས་ཀྱི་འཁོར་ལོ་ཡོངས་སུ་བསྡུས་ཏེ། དེ་ནས་ཡོལ་བ་ལ་སོགས་པས་ས་ཕྱོགས་དབེན་པར་བྱས་ལ། བླ་རེ་དང་རླུང་གཡབ་ ཀྱིས་ཕྱོགས་བཞིར་བརྒྱན་པར་བྱས་ལ། བདེ་ཞིང་འཇམ་པའི་སྟན་བཏིང་སྟེ། ས་ཕྱོགས་དེ་དྲི་ཞིམ་པོའི་སྤོས་དང་མར་མེ་ཕྱོགས་བཞིར་བལྟམ་པར་བྱའོ། །དེ་ལྟ་བུར་སློབ་དཔོན་དང་ལས་ཀྱི་ཕྱག་རྒྱ་བཞུགས་ཏེ། རིག་མ་དེ་རྣམས་ཀྱི་མཆོག་ཏུ་གྱུར་པའམ། སློབ་དཔོན་གང་ལ་ དད་པ་ནི་སྐྲ་འཇམ་ཞིང་འཁྱིལ་པ་དང་། ཞལ་མཛེས་ཤིང་དྲི་ཞིམ་པོས་བྱུགས་པ་དང་མིག་དཀྱུས་རིང་བ་དང་། མདོག་སྔོ་བསངས་སུ་གྱུར་པ་ནུ་མའི་མཚམས་འབྲེལ་བ་དང་། རོ་སྟོད་ཆེ་ཞིང་རྐེད་སྐབས་ཕྲ་བ་དང་། གཟུགས་དང་ལང་ཚོས་རྣམ་པར་བརྒྱན་པ་དང་། རིགས་མཐོ་ཞིང་སྙིང་ རྗེ་དང་ལྡན་པ་དང་། བརྟན་ཞིང་དབང་དང་ལྡན་པ། ཏིང་ངེ་འཛིན་གྱི་བདག་ཉིད་དང་མི་འབྲལ་བ། སྣ་ཚོགས་པའི་གོས་དང་རྒྱན་གྱིས་བརྒྱན་པ། སིཧླ་དང་ག་པུར་བྱུགས་ལ། ཡང་ན་ཇི་ལྟར་རྙེད་པའི་རིག་མ་ལོ་བཅུ་གཉིས་ལོན་པའམ། ལོ་བཅུ་དྲུག་མ་སློབ་མས་སློབ་ དཔོན་ལ་ཕུལ་ལ་དེ་ལྟ་བུའི་རིག་མ་ཡོངས་སུ་གཟུང་སྟེ། ཁྱད་པར་གྱི་རས་དང་མེ་ཏོག་གི་ཕྲེང་བས་བརྒྱན་ཞིང་། ཁྱད་པར་གྱི་བྱུག་པ་ཡིད་འཕྲོག་པས་ལུས་ལ་བྱུགས་ཏེ། བདེ་བ་བསྒྲུབ་པའི་དོན་དུ་འཁྱུད་པར་བྱས་ལ། དེ་ནས་རིག་མ་དང་ལྡན་པའི་སློབ་དཔོན་མཐོང་ན་མཆོད་པ་རྣམ་ པ་ལྔ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དྲིལ་བུ་དང་། སྣ་ཚོགས་པའི་རས་དང་། རྒྱན་སྣ་ཚོགས་དང་། ཆང་དང་། ཤ་ལ་སོགས་པ་དེ་ལྟ་བུའི་མཆོད་པ་སྣ་ཚོགས་ཀྱི་ཁྱད་པར་གྱིས་མཆོད་ནས་བསྟོད་པ་བྱ་སྟེ། ཀྱེ་ཀྱེ་གཙོ་བོ་བཅོམ་ལྡན་འདས། །ཞི་བ་ཆེན་པོའི་ བདག་ཉིད་ཅན། །རྡོ་རྗེ་རྣལ་འབྱོར་མཆོག་འགྱུར་ཏེ། །ཕྱག་རྒྱ་ཆེ་དང་གཉིས་མེད་པའི། །རྡོ་རྗེ་རྣལ་འབྱོར་བདག་ལས་སྐྱེས། །ཡང་དག་དོན་མཆོག་ཁྱོད་ལྟ་བུས། །བདག་ཀྱང་གཙོ་བོའི་བཀའ་དྲིན་གྱིས། །འཁོར་བའི་སྡུག་བསྔལ་འདམ་ནས་ནི། །འདྲེན་པ་ཁྱོད་ཀྱིས་བསྐྱབ་ པར་མཛོད། །ཅེས་གསོལ་ཏེ། དེ་ནས་སློབ་དཔོན་གྱིས། །རིག་མ་ལ་ཚེམས་ཀྱིས་མ་མཆུ་གཞིབ་པར་བྱས་ཏེ། ནུ་མ་གཉིས་ལག་པས་བཟུང་ནས། །པདྨའི་ནང་དུ་ལག་པས་རེག་ལ། རྐང་པ་གཉིས་ཕྲག་གོང་དུ་བཞག་སྟེ། འདོད་པ་མཐར་ཕྱིན་པར་སྤྱོད་ཅིང་བདེ་ བ་རྒྱས་པར་བྱའོ། །ཇི་སྲིད་བདེ་བ་མ་འཕེལ་གྱི་བར་དུ་ཀུན་དུ་རུའི་བདེ་བས་བསྒྲུབ་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་བདག་ཉིད་རྟོགས་པར་བྱས་ལ། བདེ་བ་སྐྱེ་བའི་དུས་སུ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་བསྟོད་ནས། ལྷའི་རྣལ་འབྱོར་མངོན་ དུ་བྱས་ལ། ཤེས་རབ་མ་དང་སློབ་མའི་གདོང་བཅིངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་བས་གང་བ། ཟླ་བ་ལྟ་བུར་རྒྱས་པ། ཀུན་དུ་རུའི་སྦྱོར་བས་རྡོ་རྗེ་ནོར་བུའི་ནང་དུ་ཕྱིན་པ་དང་། རྒན་པོ་དང་མིང་མེད་ཀྱིས་བཟུང་ནས་སློབ་མའི་ཁར་དབབ་པར་བྱའོ། །དེ་ནས་འདི་ ལྟར་བརྗོད་པར་བྱ་སྟེ། ཅི་ལྟར་དེ་བཞིན་གཤེགས་རྣམས་ཀྱིས། །བདེ་བ་ཐམས་ཅད་རྫོགས་བྱེད་པའི། །བྱང་ཆུབ་སེམས་དཔའ་སྲས་བཅས་ལ། །དམ་པའི་དོན་དུ་དབང་བསྐུར་སྦྱིན། །དེ་བཞིན་བདག་གིས་གསང་བའི་དབང་། །བསྐུར་བ་བཞིན་དུ་ལེགས་པར་གཟུང་། །དེ་ནས་ སློབ་མས་ལེགས་པར་བརྟགས་ཏེ། ཐོབ་པ་དང་། ཨ་ཧོ་སུ་ཁཾ་ཨ་ཧོ་སུ་ཁཾ་ཞེས་བརྗོད་པར་བྱའོ། །དེ་ནས་ལྕེའི་ལམ་ནས་ཅི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པས་ཐོབ་པར་བྱའོ། །རིག་མ་ཡང་གཅེར་བུར་གནས་ཏེ། རྡོ་རྗེ་དང་པདྨ་ལས་བྱུང་བའི་སློབ་མ་ལ་ཀུན་དུ་རུས་སྦྱིན་པའི་རིམ་ པས་སྦྱིན་པར་བྱའོ། །དེས་ནི་ངག་གི་ཉེས་པ་དག་ཅིང་གསང་བའི་དབང་ཐོབ་སྟེ། ལོངས་སྤྱོད་རྫོགས་པ་སྐུའི་རང་བཞིན་ཡིན་པ་ལ། གསང་བའི་དབང་གི་རིམ་པའོ།། །།དེ་ནས་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱ་སྟེ། རིག་མ་དེ་ཉིད་དམ་གཞན་ དག་ལ་བྱས་ནས། ཇི་ལྟར་སྔོན་བཞིན་དུ་ཀུན་དུ་རུའི་སྦྱོར་བ་དང་ལྡན་པར་བྱས་ལ། སློབ་མ་ཡང་དག་པའི་མཚན་ཉིད་དང་ལྡན་པར་བྱས་ཏེ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་ལངས་ཏེ། སློབ་མ་ཆེན་པོའི་མཚན་ཉིད་དང་ལྡན་པ་དང་། ཁྲོ་བ་དང་ཕྲག་དོག་སྤངས་པར་བལྟས་ལ་ རིག་མ་སྦྱིན་པར་བྱའོ། །མཆོག་གི་རྡོ་རྗེ་འཛིན་པ་ཡིས། །སློབ་མ་རྗེས་སུ་གནང་བ་སྦྱིན། །ཁྱོད་ནི་སྙིང་རྗེ་སྙིང་བརྩེར་ལྡན། །སེམས་ཆེན་ལྡན་པ་འདི་ཟུང་ཤིག །ཀུན་དུ་རུ་སྦྱོར་དག་ལྡན་པས། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །མཆོག་དང་གནས་ཆེན་སྦྱིན་ལྷ་མོ། །སྣ་ཚོགས་གཟུགས་ཏེ་ཡིད་ འཕྲོག་མ། །ཟུང་ཤིག་ཟུང་ཤིག་སེམས་ཆེན་མོ། །ཟུང་སྟེ་མཆོད་པ་དེ་ཉིད་སྦྱོར། །དེ་ནས་སློབ་དཔོན་གྱིས་སློབ་མའི་ལག་ཏུ་རིག་མ་གཏད་ལ། དེ་ལ་དགའ་བ་སྐྱེ་བ་སྟེ། །སྐད་ཅིག་དབྱེ་བས་དབྱེ་བར་བྱ། །སྐད་ཅིག་ཤེས་པས་བདེ་བ་ཤེས། །ཨེ་ཝཾ་རྣམ་པས་རབ་ཏུ་གནས། །དང་པོར་ དགའ་བ་ཙམ་ཡིན་ཏེ། །དམ་པར་དགའ་བ་གཉིས་པ་ཡིན། །དགའ་བྲལ་དགའ་བ་གསུམ་པར་ཤེས། །བཞི་པ་ལྷན་ཅིག་སྐྱེས་དེ་བཞིན། །ཅུང་ཟད་དགའ་བ་བདེ་བ་སྟེ། །དམ་པར་དགའ་བ་ད་བས་ལྷག །དགའ་བྲལ་དགའ་བ་ཆགས་བྲལ་ཡིན། །ལྷན་ཅིག་སྐྱེས་པ་ཀུན་དང་བྲལ། ། དང་པོར་རེག་པར་འདོད་པ་སྟེ། །གཉིས་པ་བདེ་བ་འདོད་པའོ། །གསུམ་པ་འདོད་ཆགས་འཇོམས་པ་ཉིད། །དེ་ནས་བཞི་པ་བསྒོམ་པར་བྱ། །དང་པོར་དགའ་བ་སྲིད་པར་བརྗོད། །འདོད་ཆགས་བྲལ་ཕྱིར་མྱ་ངན་འདས། །བར་མ་དགའ་བ་ཙམ་ཉིད་དེ། །དེ་དག་རྣམ་སྤངས་ ལྷན་ཅིག་སྐྱེས། །སྣ་ཚོགས་པ་དང་རྣམ་པར་སྨིན། །དེ་བཞིན་རྣམ་ཉེད་མཚན་ཉིད་བྲལ། །སྐད་ཅིག་བཞི་ལ་བརྟེན་ནས་ནི། །དེ་ལྟར་རྣལ་འབྱོར་པས་ཤེས་གྱིས། །རྣམ་པ་སྣ་ཚོགས་དུ་མར་བརྗོད། །འཁྱུད་དང་འོ་བྱེད་ལ་སོགས་པའོ། །རྣམ་པར་སྨིན་པ་དེ་ལས་གཞན། །བདེ་བ་ཟ་བའི་ ཡེ་ཤེས་སོ། །རྣམ་པར་ཉེད་ལ་རྟོག་པ་སྟེ། །བདག་གི་བདེ་བ་འདྲེན་པའོ། །མཚན་ཉིད་བྲལ་བ་དེ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །དང་པོར་དགའ་བ་རྣམ་སྣ་ཚོགས། །དམ་པའི་དགའ་བ་རྣམ་པར་སྨིན། །དགའ་བྲལ་དགའ་བ་རྣམ་པར་ཉེད། །ལྷན་ཅིག་ སྐྱེས་དགའ་མཚན་ཉིད་བྲལ། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་པ། །གསུམ་པོ་སྤངས་པའི་བདག་ཉིད་ནི། །ལྷན་ཅིག་སྐྱེས་པ་ཡིན་པར་བཤད། །དགའ་བྲལ་ལ་སོགས་རབ་བརྟགས་ཏེ། །དགའ་བ་གསུམ་གྱི་བདག་ཉིད་ཀྱང་། །དགའ་བྲལ་ དང་ནི་མཆོག་དགའི་དབུས། །ལྷན་ཅིག་སྐྱེས་པ་དེར་གནས་ཏེ། །སྟོང་དང་སྟོང་མིན་ཧེ་རུ་ཀ །འདི་དག་བགྲང་བའི་རིམ་པའོ། །བསྐྱེད་པའི་རིམ་པའི་ཚུལ་གྱིས་དགའ་བྲལ་གྱི་དབུས་སུ་ལྷན་ཅིག་སྐྱེས་པ་བརྟག་པར་བྱའོ། །དེ་ནས་རིག་མ་ཁྱད་པར་ཅན་གྱིས་སྒྲུབ་པ་པོ་ལ་བལྟས་ཏེ། འདི་ སྐད་བརྗོད་པར་བྱའོ། །དྲི་ཆེན་དྲི་ཆུ་ཟ་བ་འདི། །བུ་ཁྱོད་ཀྱིས་ནི་ནུས་སམ་ཅི། །ཁུ་བ་ཁྲག་དང་དེ་བཞིན་དུ། །རྟག་ཏུ་བུད་མེད་གུས་པ་དང་། །བདག་གི་པདྨ་ལ་ནི་གཞིབས། །ཇི་ལྟར་བདེ་བ་བུ་ཁྱོད་སྨོས། །སྒྲུབ་པ་པོས་ཀྱང་འདི་སྐད་བརྗོད། །ལྷ་མོ་བདག་གིས་ཅིས་མི་ནུས། །ཁུ་བ་ཁྲག་ སོགས་བཟའ་བ་དང་། །རྟག་ཏུ་བུད་མེད་གུས་བགྱིད་དང་། །བྷ་ག་ལ་ནི་འོ་བགྱིད་དོ། །དེ་ནས་དགའ་བ་ཆེན་པོ་ཐོབ་པར་གྱུར་ཏེ། གོས་དང་བྲལ་ལ། གུར་གུམ་དང་གླ་རྩི་དང་ཙནྡན་ལ་སོགས་པའི་དྲི་ཞིམ་པོས་བསྐུས་ཏེ། དྲི་ཞིམ་པོ་མེ་ཏོག་གི་ཕྲེང་བ་ཅོད་པན་དུ་བྱས་ཏེ། ཇི་ལྟར་ཆུ་སྐྱེས་ དྲི་མས་མ་གོས་པ་ལྟར། ནང་གི་ཆུ་སྐྱེས་ཁ་ཕྱེ་བ་ལྟར་བསྟན་ལ། ཤེས་རབ་མས་འདི་བརྗོད་དེ། ཨེ་མའོ། །བདེ་བ་ཐམས་ཅད་དང་ལྡན་པ། །བདག་གི་པདྨ་རྨད་བྱུང་ལ། །གང་ཞིག་ཆོ་གས་མཉེས་བྱེད་པ། །དེ་ཡི་མདུན་དུ་བདག་ནི་འདུག །ཡང་དག་སངས་རྒྱས་མཉེས་བྱེད་ཕྱིར། ། ཇི་ལྟར་པདྨའི་དོན་གྱིས་ཤིག །དེ་ཉིད་བདེ་ཆེན་རྒྱལ་པོ་འདི། །འདི་ཡི་གནས་ན་རྟག་ཏུ་བཞུགས། །བདེ་ཆེན་དམར་ཐིག་བསྙེན་པར་གྱིས། །ཁ་ཡི་ཆུ་སྐྱེས་ཀྱིས་ནིའོ། །བྷཉྫ་མོ་ཀྵ་ཧོ། །དེ་ནས་སྒྲུབ་པ་པོས་མན་ངག་ཇི་ལྟ་བ་བཞིན་དུ་ས་བོན་དང་ཕྱག་མཚན་གྱི་སྦྱོར་བས་བདག་མེད་མའི་ གཟུགས་བསམ་མོ། །དེའི་སྙིང་ག་དང་། མགྲིན་པ་དང་། སྤྱི་བོར་ཧཱུྃ་ཨཱཿཨོཾ་རིམ་པ་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ། །དེ་ནས་རྡོ་རྗེ་དང་པདྨ་དག་པར་བྱའོ། །ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་ད། ཙ་ཏུར་ཨཱ་ནནྡ་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥ་མེ། ཨོཾ་བཛྲ་མ་ཧ་དྭེ་ཁ། ཙ་ཏུར་ཨཱ་ནནྡ་ད་ཡ་ ཀཿཁ་ག་མུ་ཁེ་ཀཱ་ར་སོ་ནཱཾཐཾ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥ་མེ། འདི་དག་གིས་དག་པར་བྱ་སྟེ། ཤིན་ཏུ་བདེ་བ་མཚོན་ཞིང་བསྐྱེད་པའི་དོན་དུ་བལྟ་བ་དང་། དགོད་པ་དང་། ལག་བཅངས་དང་། འཁྱུད་པའི་སྦྱོར་བ་དང་ལྡན་པར་བྱས་ལ། བདག་མེད་མའི་པདྨའི་དབུས་སུ་རྩ་གསུམ་གྱི་བདག་ཉིད་ལྕེའམ་ལག་ པའི་སྦྱོར་བས་བཙལ་བར་བྱ་སྟེ། ཇི་སྲིད་བདེ་བ་མ་རྒྱས་ཀྱི་བར་དུ་བསྒྲུབ་པར་བྱའོ། །དེ་ལ་བལྟ་བ་ལ་སོགས་པ་ནི་ཚོགས་དང་། སྦྱོར་ལམ་དང་། མཐོང་བ་དང་། བསྒོམ་པ་དང་ཁྱད་པར་མཐར་ཕྱིན་པའི་ལམ་གྱི་བར་དུ་བར་མ་ཆད་པར་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་ནི་བླ་ མའི་མན་ངག་བརྒྱུད་པའི་རིམ་པ་ལས་ཤེས་པར་བྱའོ། །ནོར་བུའི་རྩེ་མོར་ཕྱིན་པའི་བྱང་ཆུབ་ཀྱི་སེམས་དེ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་བདག་ཉིད་དབང་པོ་ཐམས་ཅད་ཀྱིས་རྣམ་པར་གྲོལ་བ་ཡུལ་མེད་པའི་དམིགས་པ་དང་བཅས་པའི་ཕྱིར་དོན་དམ་པའི་ལྷན་ཅིག་སྐྱེས་པ་མཚོན་ པར་བྱེད་པ་སྟེ། དཔེའི་ལྷན་ཅིག་སྐྱེས་པའི་གཟུགས་སོ། །བླ་མའི་མན་ངག་དང་གོམས་པ་དང་། མནན་པའི་སྦྱོར་བ་དང་། རླུང་གི་རྣམ་པར་རྒྱལ་བ་དང་ཕྱི་རོལ་གྱི་གཟུངས་མ་ལ་རླུང་ཁ་སྦྱོར་དུ་བྱ་སྟེ་བསྟན་པར་བྱས་ནས་དོན་དམ་པ་ལྷན་ཅིག་སྐྱེས་པ་མཐོང་བར་འགྱུར་རོ། །གལ་ ཏེ་གཟུངས་མ་དང་མི་ལྡན་ན་ལོངས་སྤྱོད་རྫོགས་པའི་རླབས་ཀྱི་སྦྱོར་བས་བཞི་པ་བསྐུར་བར་བྱའོ། །ཡང་འདི་ལྟར་གསུངས་ཏེ། ཇི་སྲིད་རྣལ་འབྱོར་པ་དག་གི །བྱང་ཆུབ་སེམས་ནི་མ་འཕོས་པར། །དེ་ཐོབ་བར་ཆད་མེད་པ་སྟེ། །ཅི་ཞིག་དགའ་བ་བདེ་ཆེན་ཡིན། །བྱང་ ཆུབ་སེམས་ནི་འཕོས་པ་ན། །དངོས་གྲུབ་ཐམས་ཅད་དག་གི་གནས། །ཕུང་པོ་རྣམ་ཤེས་ཉམས་འགྱུར་ཏེ། །དེ་ཡི་དངོས་གྲུབ་སྡུག་བསྔལ་ཡིན། །དེ་ཡི་རྣལ་འབྱོར་ལས་སྐྱེས་པའི། །ཡང་དག་པ་རུ་སྤང་མི་བྱ། །ལག་དང་དུང་དང་ཉ་ཕྱིས་ཀྱིས། །བླངས་པར་བྱ་བ་མ་ཡིན་ཏེ། །རྡོ་རྗེ་ བདུད་རྩི་ལྔ་ཡིས་བླང་། །དེས་ནི་སྟོབས་དང་བདེ་སྐྱེད་དེས། །དེ་ནས་བློ་ལྡན་ལངས་ནས་ནི། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །ཡང་དག་དམ་པ་དགའ་ཐོབ་པར། །སྣ་ཚོགས་བརྟེན་སྤངས་སྐད་ཅིག་མ། །བདེ་བ་ཆེན་པོ་གཟུང་བར་བྱ། །ཇི་ སྲིད་བྱང་ཆུབ་མཐར་ཐུག་ཏུ། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །ཞི་བ་རྒྱས་པ་ལ་སོགས་པས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དབང་པོ་གཉིས་སྦྱོར་ལས་ལྔ་འབྱུང་། །འབྱུང་བ་ལྔ་ཡི་རང་བཞིན་ནོ། །དགའ་བ་ཆེན་པོ་གཅིག་ཉིད་ལ། །དབྱེ་བ་ལྔར་ནི་འགྱུར་བ་སྟེ། །རྡོ་རྗེ་པདྨར་ རབ་སྦྱོར་གྱིས། །རེག་པས་སྲ་བའི་བག་ཆགས་སོ། །སྲ་བ་གཏི་མུག་ཆོས་ཡིན་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་དོ། །གང་ཕྱིར་བྱང་ཆུབ་སེམས་དེ་ནི། །གཤེར་བ་ཆུ་ཡི་ཁམས་སུ་འདོད། །ཆུ་ནི་མི་བསྐྱོད་རང་བཞིན་ཕྱིར། །ཞེ་སྡང་ལ་ནི་མི་བསྐྱོད་བདག །གཉི་ག་ཡང་དག་རབ་ སྦྱོར་བས། །དྲོད་ནི་རྟག་ཏུ་སྐྱེ་བ་ཡིན། །དྲོད་ལས་འདོད་ཆགས་འབྱུང་བ་སྟེ། །འདོད་ཆགས་རྡོ་རྗེ་འོད་དཔག་མེད། །པདྨ་ལ་གནས་སེམས་ནི་གང་། །གང་ཡིན་དེ་ནི་རླུང་གི་ཚུལ། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་ཡང་དག་འབྱུང་། །བདེ་བ་འདོད་ཆགས་ཁྲག་ མིན་ཏེ། །ཁྲག་ནི་ནམ་མཁའི་མཚན་ཉིད་དོ། །ནམ་མཁའ་སེར་སྣའི་མཚན་ཉིད་དོ། །སེར་སྣ་རྡོ་རྗེ་ནམ་མཁའ་ཉིད། །སེམས་ཅན་པོ་ནི་གཅིག་ཉིད་ལ། །ལྔ་ཡི་གཟུགས་སུ་བརྟག་པའོ། །རིགས་ནི་ལྔ་ལས་འབྱུང་བ་ནི། །དེ་ལ་སྟོང་ཕྲག་དུ་མའི་འོ། །དེ་ཕྱིར་འདི་ནི་རང་བཞིན་གཅིག ། རྟག་ཏུ་བདེ་ཆེན་དམ་པའོ། །འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་སུ་མེད་དང་གཉིས་སུ་གནས། །དངོས་དང་དངོས་མེད་བདག་ཉིད་གཙོ། །ཐབས་དང་ཤེས་རབ་གཉིས་མེད་པ། །ཆགས་དང་ཆགས་བྲལ་འདྲེས་འགྱུར་ཏེ། །འདི་ཉིད་སྲོག་ཆགས་ རྣམས་ཀྱི་སྲོག །དེ་ཉིད་ཡི་གེ་དམ་པ་སྟེ། །གཡོ་དང་མི་གཡོ་ངེས་ཐོབ་ནས། །སྒྱུ་མའི་གཟུགས་སུ་མཚུངས་པར་སྣང་། །དཀྱིལ་འཁོར་འཁོར་ལོའི་ཐབས་གང་གིས། །རྟག་ཏུ་ངེས་པར་འགྱུར་བ་ཡིན། །ཡང་ན་ཐམས་ཅད་དེ་ཉིད་བདག །ཡང་ན་ཐམས་ཅད་སྤངས་པ་ཡིན། །དགའ་ བྲལ་ལ་སོགས་བརྟགས་པ་ཡིན། །དགའ་བ་གསུམ་པོ་སྤངས་པ་ཡི། །ཡེ་ཤེས་ཆེན་པོ་འདི་ཉིད་ཕྲ། །རྡོ་རྗེ་སྙིང་པོ་ནམ་མཁའ་བཞིན། །དྲི་མེད་ཐར་པ་ཞི་བ་ཉིད། །ཁྱོད་ནི་ཕ་སྟེ་སྐྱེད་བྱེད་ཡིན། །དེ་དག་གིས་ནི་ཡིད་ཀྱི་སྒྲིབ་པ་དག་ཅིང་ཐུགས་ཀྱི་དབང་ཐོབ་པ་སྟེ། ཆོས་ ཀྱི་སྐུའི་རང་བཞིན་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་།། །།དེ་དག་གིས་ནི་ཅི་གསུངས་པར་གྱུར་ན། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་ཡང་ནི་དེ་བཞིན་ནོ། །དབང་བསྐུར་བཞི་པའི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །དེ་ལ་དབང་བཞི་པ་ཇི་ལྟར་ བསྟན་ཞེ་ན། དགྱེས་པའི་རྡོ་རྗེའི་རྒྱུད་ལས་ནི་དབང་གསུམ་ཁོ་ན་གསུངས་ཏེ། བཞི་པ་སླར་ཡང་དེ་བཞིན་ཉིད། །ཅེས་བྱ་བ་འབྱུང་བ་ནི་ཆུ་དང་མེ་ཏོག་ཕྲེང་བ་ལ་སོགས་པར་བཞི་པ་དེ་ཁོ་ན་ཉིད་གསུངས་པ་ནི་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཀྱི་དགོད་པ་གསུངས་པ་ཡིན་ནོ། །ཇི་ལྟར་རྡོ་རྗེ་ རིགས་ཀྱི་ལེའུར་གསུངས་པའི་བཞི་པ་ནི་གང་དུ་ཤེས་པར་འགྱུར། དེ་ལས་གཞན་ཡང་བཞི་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཁོ་ནར་རིག་པར་བྱའོ་ཞེས་གསུངས་སོ། །འདི་ལྟར་གསུངས་ཏེ། དགོད་པ་དག་ལ་སློབ་དཔོན་ཏེ། །ལྟ་བ་དེ་བཞིན་གསང་བའོ། །ལག་པ་བཅངས་པ་ཤེས་ རབ་སྟེ། །དེ་ཡང་གཉིས་གཉིས་འཁྱུད་རྒྱུད་དོ། །དེའི་དོན་ནི་འདི་ཡིན་ཏེ། དེ་ལ་ཤེས་རབ་མ་ལ་དགོད་པ་དང་སྙིང་བརྩེ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་གཟུགས་ཀྱིས་ནི་སློབ་དཔོན་གྱི་དབང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །སློབ་དཔོན་གྱི་དབང་ངོ་།། །། དེ་ལ་ཤེས་རབ་མ་ལ་ཉེ་བར་བརྩེ་བས་ཆུ་སྐྱེས་ལ་བལྟ་བ་ནི་གསང་བ་ལ་ཉེ་བའི་ཕྱིར་གསང་བའི་དབང་ངོ་། །ཤེས་རབ་མའི་ལུས་ལ་ཉེ་བར་རེག་པ་ནི་ཤེས་རབ་དང་ཉེ་བར་ལྡན་པའི་ཕྱིར་ཤེས་རབ་ཀྱི་དབང་ངོ་། །དེ་ལ་གཉིས་གཉིས་འཁྱུད་ནི་རྒྱུད་ལས་འབྱུང་བའི་དམ་པའི་དོན་ གྱི་དེ་ཁོ་ན་ཉིད་མཚོན་པར་བྱེད་པས། གཉིས་སུ་མེད་པའི་ཡེ་ཤེས་ཏེ། རྒྱུད་འབྲས་བུ་བཞི་པའི་དབང་ཞེས་བྱའོ། །ལ་ལ་དག་གི་བཞི་པའི་དབང་གསུམ་པ་ལས་ཐ་དད་པར་གསུངས་ཏེ། ལེའུ་དང་པོར་དབང་བཞི་ཀ་སོ་སོར་གསུངས་པའི་ཕྱིར། བཞི་པ་ནི་ཐ་དད་དུ་ཡོད་དོ་ཞེས་གསུངས་ སོ། །དེ་ལ་འཐད་པར་གྱུར་ནས་གཙོ་བོ་གང་ཡིན་མ་ངེས་པས་བསྒོམ་པ་དང་ལྡན་པར་མི་འགྱུར་རོ། །དེའི་ཕྱིར་ཐུགས་ཀྱི་དབང་ལ་གཉིས་ཀྱི་བྱེ་བྲག་གིས་བཞི་པ་ཤེས་པར་བྱའོ། །དེ་ལ་གཉིས་ནི་ཤེས་རབ་ཀྱི་ལུས་དང་ལྷན་ཅིག་ལྡན་ན། ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོར་བསྟན་པར་ བྱའོ་ཞེས་པའི་མཚན་ཉིད་སེམས་ཀྱི་ཤེས་རབ་ཀྱི་ལུས་དང་ཉེ་བར་ལྡན་ནས་འབྱུང་བ་ཡིན་ཞེས་པའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེ་ཉིད་ལ་བརྟན་པར་བྱས་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཅི་ལྟར་མཉམ་པར་གཞག་པའི་སྟོབས་ཀྱིས་བདེ་བས་ལུས་ཐམས་ཅད་ལ་སོ་སོར་ ཁྱབ་ཅིང་། དངོས་པོ་སྣ་ཚོགས་ལ་ཁྱབ་ནས་བདེ་བ་ཆེན་པོའི་བདག་ཉིད་དུ་དབྱེར་མེད་པར་བྱས་ཏེ། ཤེས་རབ་ཡེ་ཤེས་ལྟ་བུར་གཉིས་སུ་མེད་པ་རྟོག་པ་ཐམས་ཅད་སྤངས་པ། བདེ་བ་ཆེན་པོ་ཙམ་ཉིད་ལ་མོས་ཤིང་དེ་ཉིད་ཀྱི་ཞེན་པ་སྤངས་པ་ནི་བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་ངོ་། །དེའི་ཕྱིར་ ཡང་། བཞི་པ་སླར་ཡང་དེ་བཞིན་ཉིད། །ཅེས་གསུངས་པ་ཡིན་ནོ། །དེ་དག་གིས་སྐུ་དང་གསུང་དང་ཐུགས་རྣམ་པར་དག་པའི་མཚན་ཉིད་བདེ་བ་ཆེན་པོའི་སྐུའི་རང་བཞིན་ནི་དབང་བཞི་པའོ།། །།ནམ་མཁའི་མཐའ་དང་མཉམ་པའི་རྗེས་སུ་འགྲོ་བས་རབ་ཏུ་གནས་པ་ཡིན། ཆོས་དང་དེ་ བཞིན་བདེ་གཤེགས་རྡོ་རྗེ་དྲིལ་བུ་ལ་རབ་གནས་བྱའོ། །སྐྱོབ་པ་རྣམས་ཀྱི་དོན་དམ་འཇིག་རྟེན་པ་ཡིས་ཡོངས་སུ་མི་ཤེས་པ། །འཇིག་རྟེན་རྣམས་ལ་བརྩེ་ཕྱིར་ཅི་ལྟར་རབ་ཏུ་གནས་པར་བྱ། །ལུགས་སྐུ་མཆོད་རྟེན་ལྷ་ཁང་དང་། །ཆོས་ཀྱི་བྲིས་སྐུ་གླེགས་བམ་ནི། །གྲངས་དང་ཚད་ནི་ གཟུང་བྱས་ལ། །ཚར་དང་མཚན་རྫོགས་ཐེ་ཚོམ་མེད། །བློ་གྲོས་དེ་ཉིད་ཤེས་པ་ཡིས། །རབ་ཏུ་གནས་པ་བརྩམ་པར་བྱ། །གང་ཞིག་བསོད་ནམས་འཕེལ་བྱའི་ཕྱིར། །རྗེས་སུ་མཆོད་པའི་རྟེན་དུ་བྱ། །སྐུ་སོགས་ལེགས་པར་ཆར་བ་ལ། །ཡུན་རིང་བསྙེན་པ་མ་བྱས་དང་། །དེ་ ཡིས་ཚོགས་པ་མི་ལྡན་པས། །རབ་གནས་གྲུབ་པར་མི་འགྱུར་ཏེ། །དེ་ལ་སྐྱེས་བུ་གང་ཞིག་ནི། །ཡོན་ཏན་མཚན་ཉིད་མི་ལྡན་པས། །འགྲོ་བས་དེ་ལ་མི་མཆོད་ཅིང་། །དེ་ཡི་གཟུགས་ནི་དམན་པར་འགྱུར། །རབ་གནས་མ་བྱས་གང་ཞིག་ལ། །དེ་ལ་མཆོད་དང་ཕྱག་བྱེད་ནི། ། སྔགས་མེད་སྦྱིན་སྲེག་བྱེད་པ་ལ། །བསྲེགས་པས་ཐལ་བར་འགྱུར་བ་ཙམ། །དེ་ལ་འབྲས་བུ་འབྱུང་མི་འགྱུར། །གོང་དུ་གསུངས་བཞིན་སྔགས་མེད་ན། །ཆོས་བྱེད་ཡིན་ཞིང་མཆོད་སྩོགས་ཡང་། །དེ་ཡི་ལས་ཀྱི་རྣམ་སྨིན་གྱིས། །སྐྱེ་བ་ཀུན་ལ་མཆོད་སྐལ་མེད། །དེ་ཡང་ཉི་མ་བཟང་པོ་དང་ གཟའ་དང་རྒྱུ་སྐར་ཤིས་པ་ལ། རྡོ་རྗེ་སློབ་དཔོན་གྱིས་ཁྲུས་བྱས་ལ། དྲི་ཞིམ་པོས་བྱུགས་ཏེ། གཙང་མའི་གོས་གྱོན་ནས་ལས་ཀྱི་རྡོ་རྗེ་དང་ལྡན་པར་བྱས་ཏེ། མཆོད་པ་ལ་སོགས་པ་ཚོགས་པར་བྱས་ལ། རྡོ་རྗེ་དང་དྲིལ་བུ་གཟུང་བར་བྱས་ནས། བདེ་བའི་སྟན་མཐོན་པོ་ལ་འདུག་སྟེ། ཏིང་ ངེ་འཛིན་དང་ལྡན་པས་དཀྱིལ་འཁོར་གྱི་མཆོད་པ་བྱའོ། །དེ་ནས་ལུགས་སྐུ་དང་ཐང་ཀ་དང་། གླེགས་བམ་ལ་སོགས་ལ་རབ་ཏུ་གནས་པར་བྱ་བའི་ཕྱིར། དངོས་པོ་ཐམས་ཅད་གདོད་ནས་མ་སྐྱེས་པའི་ངོ་བོར་བལྟས་ལ། རྗེས་སུ་མཐུན་པའི་གཟུགས་སུ་བལྟ་བ་ནི་རྟེན་དང་རྟེན་གྱི་དཀྱིལ་ འཁོར་ས་བོན་དང་ཕྱག་མཚན་ལས་ཡོངས་སུ་རྫོགས་པར་བསྐྱེད་དོ། །རིགས་ཀྱི་རྗེས་སུ་མཐུན་པའི་དབུ་རྒྱན་དང་ལྡན་པར་བལྟས་ཏེ། དམ་ཚིག་སེམས་དཔའི་ཏིང་ངེ་འཛིན་རྫོགས་པ་དང་། ཡེ་ཤེས་སེམས་དཔའ་ནམ་མཁའི་ཁམས་སུ་བལྟས་ལ། བསང་གཏོར་ལ་སོགས་པ་ ཕུལ་ནས་རང་གི་ཐུགས་ཀའི་ས་བོན་ལས་སྤྲོས་པའི་ལྷ་མོ་བརྒྱད་ཀྱིས་མཆོད་དེ། བསྟོད་ནས་བདུད་རྩི་མྱང་བར་བྱས་ནས། དེ་ནས་སྔགས་པས་མེ་ཏོག་དྲི་ཞིམ་པོ་ཐལ་མོས་བཟུང་སྟེ། ལུས་འདུད་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་ལ་ལི་ཏ། བི་ལ་སྱ་ན་མི་ཏེ་ན་ན་མཱི་བྷི་ག་བནྟཾ། ཛཿཧཱུྃ་ བཾ་ཧོཿ། པྲ་ཏཱི་ཙྪ་ཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཧོ། །ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ་ཞེས་བརྗོད་ནས་སྙིམ་པའི་མེ་ཏོག་གཏོར་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། ལག་པས་དྲི་ཞིམ་པའི་སྤོས་ཀྱི་སྣོད་ཐོགས་ལ། གཙོ་བོའམ་གཞན་ལ་རབ་ཏུ་གནས་ པར་བྱའོ། །བཅོམ་ལྡན་ཁྲོ་བོ་རྡོ་རྗེ་ཅན། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ཉིད་བརྩེ་བར་གྱུར་ནས་ནི། །རབ་ཏུ་གནས་པར་བྱ་བ་དང་། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །རྗེས་སུ་ གནང་བར་མཛད་དུ་གསོལ། །ཅི་ལྟར་རྫོགས་པའི་སངས་རྒྱས་རྣམས། །དགའ་ལྡན་དུ་ནི་རབ་བཞུགས་ནས། །སྒྱུ་མའི་ལྷ་མོའི་ལྷུམས་ཞུགས་ལ། །དེ་ལྟར་སྐུ་འདི་ལ་ནི་ཞུགས། །འདིར་ནི་རྟག་ཏུ་ཞུགས་པར་འགྱུར། །བརྩེ་བས་རྗེས་སུ་གཟུང་བ་དང་། །བྱང་ཆུབ་སེམས་ནི་རབ་ འཕེལ་ཕྱིར། །རབ་ཏུ་གནས་པ་མཛད་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་ནས། མེ་ཏོག་དང་སྤོས་ལ་སོགས་པས་མཆོད་པར་བྱའོ། །དེ་ནས་ཕྱིར་བྱུང་ནས་ཕྱོགས་སྐྱོང་ལ་སོགས་པ་ལ་གཏོར་མ་སྦྱིན་པར་བྱས་ནས་ནང་དུ་ཞུགས་ཏེ། ལས་ཐམས་ཅད་པའི་ སྔགས་བཟླས་ནས། སྲུང་སྐུད་མདུད་པ་གསུམ་དང་ལྡན་པར་བྱས་ནས་སློབ་མའི་དཔུང་པ་གཡས་པ་ལ་བཏགས་ནས་ལས་ཐམས་ཅད་པའི་ཆུ་ལ་བསྔགས་ཏེ། བསང་གཏོར་གྱིས་བསྲུང་བར་བྱའོ། །ཆོ་ག་ཐམས་ཅད་ནི་སློབ་མའམ་ལས་ཀྱི་རྡོ་རྗེ་དང་ལྡན་པར་བསྒྲུབ་པར་བྱའོ། ། སློབ་མའམ་ཡོན་གྱི་བདག་པོ་ལ་འདི་ལྟར་བསྒོ་སྟེ། སྔགས་པས་ཅུང་ཟད་ཅི་བསྒོས་པ། །ཆོ་ག་མཆོད་པ་ལ་སོགས་ནི། །གཡོ་སྒྱུ་མེད་པས་བསྒྲུབ་པར་གྱིས། །དེས་ནི་འབྲས་བུ་ཆེན་པོ་ཐོབ། །ཅེས་བསྒོས་ལ་བར་ཆད་ཐམས་ཅད་ཞི་བར་བྱ་བའི་ཕྱིར་རྩ་བའི་སྔགས་བཟླས་ལ་ཉལ་ བར་བྱའོ། །དེ་དག་ནི་ལྷ་སྟ་གོན་ལ་གནས་པའོ།། །།དེ་ནས་ནང་པར་གྱི་དུས་སུ་སྔགས་པས་ཇི་ལྟར་གསུངས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པས་ཞི་བའི་གཏོར་མ་བཏང་ལ་ལྷའི་རྣལ་འབྱོར་དང་ལྡན་པས་དཀྱིལ་འཁོར་གྲུ་བཞི་པའི་ཚད་དང་ལྡན་པ་དཔངས་སུ་ཁྲུ་དོ་ཡོད་པར་ བྱས་ལ། སྐུ་གཟུགས་ལ་སོགས་པ་ཤར་དུ་ཞལ་བལྟས་པར་བཞུགས་སུ་གསོལ་ལ། ན་བཟའ་སེར་པོས་སྐུ་ལ་གསོལ་ཏེ། སྔོན་དུ་གསུངས་པའི་རྣལ་འབྱོར་གྱི་མཚན་ཉིད་ཀྱིས་དངོས་པོ་ཐམས་ཅད་མ་སྐྱེས་པའི་ངང་ལས་སྐྱེས་པའི་ཚུལ་དུ་བསྐྱེད་ལ། སྙིང་ག་དང་། མགྲིན་པ་དང་། སྤྱི་བོར་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་པར་བྱའོ། །ནི་མན་ཙ་ནས་ཤིས་པའི་ཆོ་ག་བྱ་སྟེ། ལག་པ་གཡས་གཡོན་གྱི་ཁྱོར་བས་ཉུངས་ཀར་བཟུང་ལ། གཡས་སྐོར་དང་གཡོན་སྐོར་དུ་བྱས་ནས། ཐུགས་ཀའི་འོད་ཟེར་གྱིས་ཉེས་པ་བསལ་ཏེ། ཨོཾ་སརྦ་པཱ་ པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་པས་ལན་གསུམ་དུ་མེར་བསྲེག་གོ། །དེ་ནས་སྔགས་དེ་ཉིད་ཀྱིས་ཆུ་ཁྱོར་བ་གསུམ་གོང་གི་ཚུལ་བཞིན་དུ་གདབ་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། སྔགས་འདི་ལན་གསུམ་དུ་བཟླས་ཏེ། དྲི་ཞིམ་པོའི་མར་ཁུ་དཱུར་བའི་ཆུན་པོས་ ལེགས་པར་བྱུགས་ལ་ཁར་གཞོང་གི་ནང་དུ་བཞག་སྟེ། བ་ཊ་དང་ཨུ་དུམྺཱ་ར་དང་ཤི་རི་དང་ཨ་ཤྭདྠ་དང་པ་ལ་ཤས་ཉེས་པ་དང་མར་ཁུ་བསལ་བའི་ཕྱིར། ཤུན་པ་ལྔ་ས་བོན་ལྔས་བྱིན་གྱིས་བརླབས་ལ། དེ་ཉིད་བཏགས་པས་འདག་ཆལ་དུ་སྦྱར་ལ་ཁྲུས་གསོལ་བར་བྱའོ། །རྒྱལ་ པོ་དབང་བསྐུར་བའི་སྦྱོར་བ་གདུགས་དཀར་པོ་འཛིན་པ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལས་བསྟོད་པ་དང་། དུང་དང་ཟངས་དུང་དང་རྔ་བོ་ཆེ་ལ་སོགས་པའི་སྒྲ་དང་། མཆོད་པའི་ལྷ་མོ་གར་གྱི་ཚོགས་དང་། རྡོ་རྗེའི་གླུ་ཤིན་ཏུ་དལ་བས་བླངས་ནས། དེ་བཞིན་གཤེགས་པས་ གསོལ་བའི་ཚུལ་དུ་བུམ་པ་དཔག་ཏུ་མེད་པ་བཟུང་ནས། ཁྲུས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་། རྗེ་བཙུན་མཆོད་རྟེན་རབ་གནས་ནི། །གཞལ་ཡས་ཁང་དུ་བསྐྱེད་པ་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །གནས་དང་རྟེན་དུ་བསྒོམ་པར་བྱ། །མ་ལུས་སངས་རྒྱས་ བྱང་ཆུབ་སེམས། །རིག་པ་གསང་སྔགས་ལྷ་རྣམས་ནི། །དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དགྱེས་པར་བྱས་ལ། བསང་གཏོར་ལ་སོགས་པ་བྱིན་ལ། མཆོད་དེ་བསྟོད་ནས་བདུད་རྩི་མྱང་བར་བྱས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། སྔགས་འདིས་བརྟན་པར་ རིགས་སོ་སོའི་རྒྱས་གདབ་བར་བྱའོ། །ལྷག་མ་ནི་སྔོན་བཞིན་ནོ། །པུསྟི་ཡང་དེ་ལྟར་རབ་ཏུ་གནས་ཏེ། ཛྲཱྀཾ་ཡོངས་སུ་གྱུར་པ་ལས་པོ་ཏི་སྣང་བ་མཐའ་ཡས་ཀྱི་རང་བཞིན་དུ་བལྟས་ལ། དེར་ཆོ་གའི་ཡན་ལག་རྫོགས་ནས་ཡོངས་སུ་གྱུར་པ་ལས། གསུང་རབ་ཡི་གེའི་ ཚོགས་ཀྱི་བདག་ཉིད་དུ་བསམ་མོ། །ཨོཾ་ཧཱུྃ་ཧྲཱིཿདྷཱིཾ་གྱིས་གསུང་གི་རང་བཞིན་དུ་རྒྱས་གདབ་པོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་འཆང་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་བསམས་ལ། ལྷག་མ་ནི་སྔོན་བཞིན་ནོ། །ལྷ་ཁང་ལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟེན་ཡིན་པས་ན། ཏིང་ངེ་འཛིན་གྱིས་བསྐྱེད་པར་བྱའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོར་དམིགས་ཏེ། ཨོཾ་ཧཱུྃ་ཧྲིཿཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །སྟ་གོན་ལ་གནས་པ་སྔོན་དུ་འགྲོ་བས་མཆོད་པ་དང་། གཏོར་མ་ལ་སོགས་པ་བྱའོ། །ཨོཾ་སུ་པྲ་ཏིཥྛ་བཛྲེ་ སྭཱ་ཧཱ། ཨོཾ་ཧཱུྃ་ཧྲཱིཿབྷུ་ཁཾ་བཛྲི་བྷ་བ་དྲྀ་ཌྷ་ཏིཥྛ་བྷུ་ཁཾ་གི་སྔགས་ཀྱིས་རབ་ཏུ་གནས་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཆང་ལ་སོགས་པས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་ལྟ་བུའི་རང་བཞིན་དུ་གནས་པར་བསྒོམས་ལ། བུམ་པ་ཐམས་ཅད་ཀྱི་ཆུས་ལྷ་ཁང་ཁྱབ་པར་ གཏོར་ནས། ཨོཾ་བཛྲོ་ད་ཀ་ཨ་བྷི་ཥིཉྩ་ཞེས་བཟླས་པར་བྱའོ། །དེ་ནས་བློ་དང་ལྡན་པས་ནག་པོ་ཆེན་པོ་བཀུག་ལ། ཆོ་གར་བྱས་ཏེ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ཏེ། དགྱེས་པའི་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པས་བཀའ་བསྒོ་བར་ བྱའོ། །ལྷ་ཁང་འདི་ཇི་སྲིད་གནས་ཀྱི་བར་དུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་བཀའ་འདི་བཞིན་དུ་བསྲུང་བར་གྱིས་ཤིག །གཞན་ཡང་དགེ་འདུན་རྣམས་ཀྱི་ཇི་ལྟར་བཀའ་བསྒོ་བ་བཞིན་དུ། ཁྱོད་ཀྱིས་དགོས་པ་བསྒྲུབ་པར་གྱིས་ཤིག་ཅེས་པ་དང་། ཇི་ལྟར་བྱིན་གྱིས་བརླབས་ པའི་ཆོ་ག་བརྟན་པར་གྱིས་ཤིག །དེ་ནས་བླ་མས་སློབ་མའམ། ཡོན་གྱི་བདག་པོ་ལ་འདིར་ཤོག་ལ་ཉན་པར་གྱིས་ཤིག་ཅེས་བསྒོ་ལ། ཁྱོད་ཀྱིས་གསོལ་བ་བཏབ་པ་བཞིན། །སྡིག་སྤངས་རབ་ཏུ་གནས་པ་ནི། །ཆོ་ག་ཚུལ་བཞིན་རྫོགས་པར་བྱས། །ཁྱོད་ཀྱིས་རྟག་ཏུ་མཆོད་པར་ གྱིས། །དེ་ནས་སྔགས་ཀྱིས་དག་པར་བྱས་པའི་ཙཱ་རུ་སྦྱིན་ནོ། །དེ་བཞིན་གཤེགས་པ་ལ་མཆོད་པས་ནི། སྡིག་པ་ཐམས་ཅད་སྤང་བའི་ཕྱིར་ལྷག་མ་ནི་ཉུང་ངུ་ཉུང་ངུ་སྦྱིན་པར་བྱའོ། །དེ་ནས་སློབ་མས་ཁྲུས་གསོལ་བར་བྱའོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་ གཤེགས་པས་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུྃ། ཐང་ཀ་པུསྟི་ལ་སོགས་པའི་ཁྲུས་ནི་མེ་ལོང་ལ་གོང་གི་ཆོ་ག་དང་ལྡན་པས་ཁྲུས་བྱའོ།། །།དེའི་སྐབས་སུ་བདག་ གམ་གཞན་གྱི་ཕུན་སུམ་ཚོགས་པ་ཞེས་བྱ་བ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པར་བྱ་སྟེ། དེ་ལྟར་སྐུ་ཁྲུས་གསོལ་ནས་ཤིན་ཏུ་འཇམ་ཞིང་དྲི་མ་མེད་པའི་གོས་ཀྱིས་ཆུ་ཕྱི་བར་བྱའོ། །ཡང་ན་ལག་པས་སོ། །གུར་ཀུམ་གྱི་མདོག་དང་མཚུངས་པའི་རས་ཀྱི་ཡུག་དུ་མས་ན་བཟའ་ གསོལ་ཏེ། ཨོཾ་དི་བ་ཝསྟྲ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ན་བཟའ་གསོལ་བར་བྱའོ། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་གི་སྔགས་བརྗོད་ལ། ག་པུར་དང་། གླ་རྩི་དང་གུར་ཀུམ་དང་ཙནྡན་ལ་སོགས་པའི་དྲི་ཞིམ་པོས་སྐུ་ལ་ཁྱབ་པར་བྱུག་པར་བྱའོ། །ཨོཾ་བཛྲ་ཨ་ཝ་ར་ཎ་བི་ཤུདྡྷ་ནེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སྙན་ཆ་དང་མགུར་ཆུ་དང་། སྐུ་རེགས་ལ་སོགས་པའི་རྒྱན་ཕུལ་ཏེ་གདགས་པར་བྱའོ། །ཨོཾ་བཛྲ་རཏྣ་ཏྲཱཾ་ཞེས་པའི་སྔགས་ཀྱིས་དབུ་རྒྱན་དབུ་ལ་གཞག་པར་བྱའོ། །ཨོཾ་བཛྲ་སཏྭ་ཨཱཿཞེས་པའི་སྔགས་ཀྱིས་མེ་ལོང་བསྟན་ལ། གསེར་གྱི་ཐུར་མ་དངུལ་ གཞོང་དང་ལྡན་པས་མཆོག་གི་སྨན་གྱིས་བྱུགས་ཏེ། ཨོཾ་ཙཀྵུ་ཙཀྵུ། ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སྤྱན་ལ་བྱུགས་ཏེ་དབྱེ་བར་བྱའོ། །དེ་ནས་གོ་རོ་ཙ་ནས་མཛོད་སྤུར་ཐིག་ལེ་བྱས་ལ། མེ་ཏོག་དང་སྤོས་དང་མར་མེ་དང་སོ་ཤིང་ལ་སོགས་པས་མཆོད་ པར་བྱའོ། །ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་ཧཱུྃ་གིས་སྐུ་གཟུགས་ལ་སོགས་པ་བཏེག་ལ། ཊཀྐིའི་སྔགས་སམ་ཡི་གེ་ལྔས་དཀྱིལ་འཁོར་དུ་བཅུག་ལ། དབུས་སུ་གཞག་པར་བྱས་ལ། དེ་ནས་དཀྱིལ་འཁོར་བསྒྲུབ་པའི་ཆོ་གས་ཡེ་ཤེས་ ཀྱི་དཀྱིལ་འཁོར་བསྒྲུབས་ཏེ། བསང་གཏོར་ལ་སོགས་པ་ཕུལ་ནས། ཨཥྚཱ་ན་ནཱ་འམ། ཧཱུྃ་གི་སྒྲས་དེ་དང་ལྷན་ཅིག་ཏུ་ཕྱིན་པའི་བགེགས་བསྐྲད་པར་བྱའོ། །ཛཿཧཱུྃ་བཾ་ཧོཿའི་སྔགས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་སྐུ་གཟུགས་ལ་སོགས་པ་ལ། དགུག་པ་དང་གཞུག་ པ་དང་བཅིང་བ་དང་དགྱེས་པར་བྱས་ནས། སྤྱན་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ཏེ། དབང་བསྐུར་བར་བྱའོ། །དེ་ཡང་བསང་གཏོར་ལ་སོགས་པ་ཕུལ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་སོ་སོའི་སྔགས་དང་ལྡན་པས་མཆོད་པར་བྱའོ། །དེ་ལ་སྔགས་བ་མཉམ་པར་བཞག་ ནས་མེ་ཏོག་སྙིམ་པར་བཟུང་ལ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཞེས་པ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་ཚིག་འདི་བརྗོད་དོ། །ཡི་གེ་བརྒྱ་པ་ཡང་ལན་བདུན་དུ་བཟླས་ཤིང་བསྐོར་བར་བྱའོ། །དེ་ལྟར་བརྟན་པར་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གསོལ་བ་གདབ་ པ་ནི། འདི་ལྟར་བདེ་གཤེགས་སྐྱོབ་པ་ཡིས། །ཐམས་ཅད་དུ་ནི་སེམས་ཅན་དོན། །སྣ་ཚོགས་གཟུགས་ནི་འཛིན་འགྱུར་ནས། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །རྡོ་རྗེ་འཛིན་པ་སྣང་བར་མཛོད། །དེ་ནས་སྔོན་བཞིན་དུ་ཕྱིར་བྱུང་སྟེ། གཏོར་མ་རྒྱ་ཆེན་པོ་བཤམས་ལ། ཕྱོགས་སྐྱོང་བ་རྣམས་བདུད་རྩིས་ཚིམ་པར་བྱས་ནས་མཆོད་དེ་རང་རང་གི་གནས་སུ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ། བསྐོར་བ་གསུམ་བྱས་ནས་ཕྱག་འཚལ་ཏེ། དམན་པ་དང་ལྷག་པའི་ལས་ཀྱི་ཁ་བསྐང་བར་བྱ་བའི་ཕྱིར། རྒྱས་པའི་ སྦྱིན་སྲེག་བརྩམ་པར་བྱའོ། །སྦྱིན་སྲེག་གི་དུས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པར་བྱ་བའི་ཕྱིར། སློབ་མའི་མཐེ་བོང་གཡས་པ་ནས་བཟུང་སྟེ། དགང་བླུགས་གསུམ་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་བླ་མས་སློབ་མ་ལ་དེ་བཞིན་གཤེགས་པས་གནང་བའི་ཡོན་ བསླང་བར་བྱ་སྟེ། སློབ་མ་དགའ་བའི་སེམས་དང་ལྡན་པས་རང་གི་འབྱོར་པའི་སེམས་དང་སྦྱར་ཏེ། རྒྱན་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པའི་བཙུན་མོ་དང་། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། བ་གླང་དང་མ་ཧེ་ལ་སོགས་པའི་དཀོར་དང་། གསེར་དང་དངུལ་དང་ཟངས་དང་རིན་ པོ་ཆེ་དང་མུ་ཏིག་ལ་སོགས་པ་ནོར་བུའི་ཁྱད་པར་རྣམས་དང་། འབྲུ་དང་བཅས་པའི་གཞི་དང་། ས་གཞི་དང་། སྐྱེད་ཤིང་ར་བ་དང་ཁང་པ་ལ་སོགས་པ་ཅི་ཡོད་པ་དབུལ་བར་བྱའོ། །སློབ་དཔོན་མཉེས་པར་གྱུར་པས་ནི། དེ་བཞིན་གཤེགས་པ་མཉེས་པར་འགྱུར་ཏེ། མཉེས་པས་ མཆོག་གི་དངོས་གྲུབ་ཐོབ། །དེ་ནས་ཙཱ་རུ་བསྒྲུབ་པར་བྱ་སྟེ། སྣོད་ལེགས་པར་བཀྲུས་ལ། དགང་བླུགས་ཀྱི་ལྷག་མ་དང་། སྦྲང་དང་འོ་མ་དང་ཁ་ར་ལ་སོགས་པ་མཆོག་གི་བདུད་རྩིར་བྱིན་གྱིས་བརླབས་ཏེ། གཙོ་བོའི་སྔགས་ཀྱང་བཟླས་པར་བྱའོ། །ཨོཾ་དི་བྱ་ནི་ས་མཱ་དྷི་དྷྱ་ན། པྲ་ཎི་ ནི་སྭཱ་ཧཱའི་སྔགས་ཀྱིས་གསེར་ལ་སོགས་པའི་རིན་པོ་ཆེའི་སྣོད་དུ་བླུགས་ལ། དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །དེ་ནས་ལྷ་ཁང་དང་ཁྱམས་སུ་ལུགས་སྐུ་ལ་སོགས་པ་ལ། ལེགས་པར་བྱས་པའི་ཁྲིའམ། ས་སྟེགས་ལས་བྱས་པའི་སྟེང་དུ་བཞུགས་སུ་གསོལ་བ་ནི་ དགྱེ་བ་དང་། སྒུ་བ་དང་། ཡོ་བ་མ་ཡིན་པར་ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བརྗོད་ལ་གཞག་གོ། །དེ་ལྟར་མ་བྱས་ན་སྐྱོན་དུ་འགྱུར་རོ། །དེ་ལ་སྔོན་བཞིན་དུ་བསང་གཏོར་ལ་སོགས་པ་སྦྱིན་ནས་ཡོངས་སུ་མཆོད་དེ། བསྟོད་ནས་བདུད་རྩི་མྱང་བར་བྱས་ནས། ཡི་གེ་བརྒྱ་པའི་སྔགས་ བརྒྱ་ཕྲག་གཅིག་བརྗོད་དེ། བཟོད་པར་གསོལ་བར་བྱའོ། །བཟོད་པ་རྫོགས་པའི་སངས་རྒྱས་ཀྱིས། །ལྷ་དང་སངས་རྒྱས་རིགས་འཛིན་དང་། ཚངས་ལ་སོགས་པའི་ལྷ་རྣམས་ལ། །ཇི་ལྟར་གསུངས་པའི་ཆོ་ག་རྣམས། །མ་འཚལ་བ་དང་མ་ཚོགས་དང་། །བཟོད་པ་ཆེན་པོ་རབ་མཛད་ ནས། །ཞི་བ་བཀྲ་ཤིས་ཐམས་ཅད་ནི། །ཡོན་བདག་འདི་ལ་ཚོགས་མཛད་དེ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཅི་ལྟར་གཟུགས་སྐུ་རབ་གནས་པས། །བསྐལ་པ་བརྒྱ་ཕྲག་དུ་མ་རུ། །ལྷ་རྣམས་ཀུན་གྱིས་སྲུང་བྱེད་ཅིང་། །མེ་དང་ ཆུ་དང་རླུང་དང་ས། །འབྱུང་བའི་ལྷ་རྣམས་ཐམས་ཅད་ཀྱིས། །ནང་གི་འབྱུང་བའི་ཕུང་པོ་ལ། །ལེགས་པར་བསྲུང་སྟེ་ཆོ་གར་གྱིས། །སློབ་དཔོན་སློབ་མར་བཅས་པ་དང་། །བུ་དང་ཚ་མོ་འཁོར་བཅས་དང་། །དེ་དག་བསྲུང་བར་མཛད་དུ་གསོལ། །གཞན་ཡང་ཁྱད་པར་འདི་དག་ གསུངས། །རི་མོར་བྲིས་དང་འབུར་སྐུ་ལ། །གོང་གི་རིམ་པས་རབ་གནས་ལ། །མཆོད་པ་རྣམ་པ་སྣ་ཚོགས་པས། །ལྷ་རྣམས་ལ་ཡང་མཆོད་པར་བྱས་ཏེ། རོལ་མོའི་ཚོགས་དང་ལྡན་པས་བསྐོར་བ་ལན་གསུམ་བྱས། སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། ། དེ་ནས་རང་གི་གནས་སུ་སོང་སྟེ། དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་ལ་སོགས་པ་རྣམས་ལ་མཆོད་སྟོན་རྒྱ་ཆེན་པོ་བྱས་ནས་གཞན་ཡང་ཇི་ལྟར་འབྱོར་པས་མཆོད་སྟོན་རྒྱ་ཆེན་པོ་བྱའོ། །སློབ་དཔོན་འཁོར་དང་བཅས་པ་དང་། གཙུག་ལག་ཁང་ གི་མཁན་མོ་དང་། གཉེར་བྱེད་ལ་སོགས་པ་སྤྱན་དྲངས་ལ་མཆོད་སྟོན་དང་དབུལ་བ་རྒྱ་ཆེན་པོ་བྱས་ཏེ། དགྱེས་པར་བྱས་ནས་བཟོད་གསོལ་བྱའོ། །མཚན་མོའི་དུས་སུ་ཚོགས་ཀྱི་འཁོར་ལོ་དང་མཆོད་པ་རྒྱ་ཆེན་པོ་བྱའོ། །དེ་ནས་སྔགས་པས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ་ ཡོངས་སུ་མཆོད་དེ། གཡས་སུ་སྤོས་གཟུང་ཞིང་གཡོན་ནས་དྲིལ་བུ་དཀྲོལ་ལ་བསྟོད་པ་བྱས་ཏེ། ཡི་གེ་གསུམ་གྱི་མཐར་མུཿདང་ལྡན་པས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཚོན་རྩི་བསྡུས་ཏེ། གཙང་མའི་སྣོད་དུ་བླུགས་ལ། གང་ཞིག་འདོད་པ་ལ་ཉུང་དུ་ཉུང་དུ་བྱིན་ནས་ ལྷག་མ་ཆུ་ཆེན་པོར་དོར་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ས་བ་བྱུང་རྣམ་ལྔས་བྱུགས་ལ། སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿཧཱུྃ་མུཿདེར་ཕྱོགས་སྐྱོང་བ་རྣམས་ལ་གཏོར་མ་རྒྱ་ཆེན་པོ་ཡང་སྦྱིན་ནོ། །འདི་ལྟར་དཀྱིལ་འཁོར་ ཆེན་པོ་ནི། །དངོས་གྲུབ་ཐམས་ཅད་ཐོབ་གྱུར་ནས། འདི་དང་ཕ་རོལ་དོན་བསྒྲུབ་ཕྱིར། །རྟག་ཏུ་ཆོ་ག་བརྩམ་པར་བྱ། །འདི་ལྟར་གསུངས་ཏེ། རིགས་ངན་སྨྱིག་མ་མཁན་དང་ནི། །ཤན་པ་ཉ་བཤོར་དམན་པའི་རིགས། །དགྱེས་པའི་རྡོ་རྗེ་སྒོམ་བྱེད་ན། །དངོས་གྲུབ་ཐོབ་སྟེ་ཐེ་ཚོམ་མེད། ། མཚམས་མེད་ལྔའི་ལས་བྱེད་པའང་སློབ་དཔོན་ལ་སྨོད་པ་ལ་སོགས་པ་མ་བྱས་ན་དངོས་གྲུབ་ངེས་པར་འགྲུབ་པར་འགྱུར་རོ། །རབ་གནས་དཀྱིལ་འཁོར་བཞེངས་པ་དང་། །སྦྱིན་སྲེག་འཁོར་ལོ་བྱས་པའི་རྫས། །ཐམས་ཅད་སློབ་དཔོན་ཉིད་དབུལ་ཞེས། །རྡོ་རྗེ་འཛིན་པ་ ཉིད་ཀྱིས་གསུངས། །ཧེ་རུ་ཀ་དཔལ་ཉེ་བར་འབྱུང་བ་ཡི། །དཀྱིལ་འཁོར་ཆོ་ག་བདག་གིས་བྱས་པ་ལ། །ལོག་པའི་སྐྱོན་སྤངས་ཡང་དག་ལམ་ཐོབ་པས། །འཁོར་བའི་སྡུག་བསྔལ་མ་ལུས་ཀུན་བཅོམ་སྟེ། །ལྷན་ཅིག་སྐྱེས་པ་གསལ་ནས་ནི། །ཧེ་རུ་ཀ་དཔལ་གོ་འཕང་ མཆོག །འགྲོ་བས་མྱུར་དུ་ཐོབ་པར་ཤོག །དཔལ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག །ཧེ་རུ་ཀ་ཉེ་བར་འབྱུང་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སྟོང་ཉིད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དགེ་སློང་པཱུརྞ་ཀཱིརྟི་དང་། བོད་ཀྱི་ལོ་ཙཱ་བ་སྣ་ནམ་རྡོ་རྗེ་བླ་མས་བསྒྱུར་ ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་དྭི་བྷུ་ཛ་སཱ་དྷ་ནཾ། བོད་སྐད་དུ། ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས། རྗེ་བཙུན་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཁྲག་འཐུང་འཇིག་རྟེན་གསུམ་འཕེན་དང་། །དཔལ་མགོན་བླ་མ་ལ་བཏུད་ དེ། །དེ་སྒྲུབ་ཆོ་ག་ཞི་བ་ཡི། །ཞལ་སྔ་ནས་གསུངས་རབ་དབྱེ་བྱ། །དཔའ་བོ་ཞལ་གཅིག་ཕྱག་གཉིས་པ། །བདག་མེད་མ་ཡིས་མགུལ་ནས་འཁྱུད། །འཁོར་ལོ་ལ་སོགས་རྒྱན་དང་ལྡན། །སྤྱན་གསུམ་ཞབས་གཉིས་འདམ་སྐྱེས་མངའ། །རྒྱུད་འདིར་བསྒོམ་པ་ལ་དབང་བར་བྱ་ བའི་རྣལ་འབྱོར་པས། ནང་པར་སྔ་བར་མལ་ནས་ལངས་ཏེ། རང་གི་སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་བལྟས་ལ། དེའི་འོད་ཟེར་གྱིས་དཔལ་ཧེ་རུ་ཀ་སྣང་བར་བྱས་ཏེ། མེ་ཏོག་ལ་སོགས་པའི་ཉེ་བར་སྤྱོད་པ་ལྔས་ལེགས་པར་མཆོད་ནས། དེའི་སྤྱན་སྔར་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། སྐྱབས་སུ་འགྲོ་བ་བྱས་ལ། བྱང་ཆུབ་ཆེན་པོར་སེམས་བསྐྱེད་དེ།