Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 10
Văn bản gốc(Tây Tạng)
Trang 10 / 24 (50.000 ký tự/trang)
ྱིས་ཡོངས་སྐོར་ལ། །ཕྱག་འཚལ་ནས་ནི་ཕྱག་མཚན་རྣམས། །བསྣམས་པའི་ཕན་ཡོན་རིམ་བཞིན་བརྗོད། །གླང་པོ་ལ་སོགས་བསྣམས་པ་ནི། །ནད་རྣམས་ཞི་བར་མཛད་པ་སྟེ། །གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁྲག་སྐྱུག་མཛེ་ནད་ འབྲུམ་བུ་དང་། །མཆེར་པ་མཆིན་པའི་རང་བཞིན་ནོ། །གླང་པ་ལ་སོགས་རིམ་ཞེས་གྲགས། །ས་ལ་སོགས་པ་བརྒྱད་རྣམས་པ། །ཕྱུག་པོ་ཐམས་ཅད་འགྲུབ་པའོ། །ང་རྒྱལ་ལ་སོགས་སྐྱོན་དྲུག་པོ། །གཅོད་ཕྱིར་གྲི་གུག་གཡས་པས་ཏེ། །དངོས་དང་དངོས་མེད་རྟོག་པ་ལ། །གཡོན་པ་ ན་ནི་པད་སྣོད་དོ། །འཁོར་བའི་རྒྱ་མཚོའི་དུག་ཆུ་ལས། །ཉ་འདྲའི་འགྲོ་བ་འདོན་ཕྱིར་དང་། །བཀྲ་ཤིས་འཛིན་པ་རོ་ཧེ་ཏ། །ཉོན་མོངས་རྒྱ་འདྲ་གྲི་གུག་གཡས། །གཏི་མུག་གིས་ནི་རབ་རྨོངས་ལ། །ཕག་དང་འདྲ་བའི་སེམས་ཅན་རྣམས། །གཏི་མུག་གཉིད་ལས་བསླང་བའི་ཕྱིར། །གཡས་ན་ ཅང་ཏེའུའི་སྒྲ་སྒྲོགས་པ། །འདོད་ཆགས་ཀྱིས་གདུངས་རུས་སྦལ་ནི། །འགྲོ་བའི་ནད་རྣམས་བསལ་ཕྱིར་དང་། །ཆགས་ཆེན་བདུད་རྩིས་ཚིམ་བྱའི་ཕྱིར། །རུས་སྦལ་དང་ནི་པད་སྣོད་བསྣམས། །ཞེ་སྡང་དགྲ་ཡིས་ཕམ་བྱས་པ། །སྦྲུལ་དང་འདྲ་བའི་སེམས་ཅན་རྣམས། །ཞེ་སྡང་ཆེན་པོས་ ཚིམ་བྱའི་ཕྱིར། །ཕྱག་ན་སྦྲུལ་དང་ཐོད་པའོ། །ངན་རྟོག་པ་ཡི་རི་དགས་རྣམས། །སྐྲག་པར་བྱ་ཕྱིར་སེང་གེའམ། །སེང་འདྲ་ང་རྒྱལ་གཞོམ་ཕྱིར་རམ། །སེང་གེ་དང་ནི་སྒྲ་སྟ་བསྣམས། །བདག་ཏུ་ལྟ་བ་སོགས་པ་ཡི། །ལྟ་བ་པོ་ཡི་གཉིས་པའོ། །བདག་ཏུ་ལྟ་བའི་མདུད་པ་དང་། །སེར་སྣ་ དགྲོལ་བར་བྱ་བའི་ཕྱིར། །དགེ་སློང་དང་ནི་འཁར་གསིལ་ལོ། །དཔེར་ན་ཐོད་པ་ལྟ་བུ་ཡི། །ཆོས་ནི་འཁོར་ལོ་བསྐོར་བ་ཡིས། །ཉོན་མོངས་ཐ་བ་རློག་པའི་ཕྱིར། །འཁོར་ལོ་དང་ནི་ཐོད་པ་བསྣམས། །རྣམ་པར་རྟོག་པའི་རི་བརྙིལ་ཞིང་། །གདུག་པ་ཚར་གཅད་བྱ་བའི་ཕྱིར། །གཡས་པ་ སྡིགས་མཛུབ་བསྟན་པའོ། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ །མ་མོའི་ཚོགས་ཀྱིས་ཡོངས་བསྐོར་བའི། །ཕྱག་མཚན་བསྣམས་པའི་ཡོན་ཏན་རྣམས། །ཅི་ནུས་བརྗོད་ཐོབ་ཡོན་ཏན་རྣམས། །ཐབས་དང་ཤེས་རབ་གྲུ་ཆེན་དང་། །བརྟེན་ནས་མཐའ་ཡས་སེམས་ཅན་རྣམས། ། འཁོར་བའི་རྒྱ་མཚོ་ལས་བརྒལ་ཏེ། །ཐར་པའི་སྐམ་སར་གནས་པར་ཤོག། །ཕྱག་མཚན་གྱི་ཕན་ཡོན་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཏི་ལ་ཀ་ཀྲ་མ་ནཱ་མ། བོད་སྐད་དུ། ཐིག་ལེ་ཆེན་པོའི་རིམ་པ་ཞེས་བྱ་བ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་ འཚལ་ལོ། །རང་བཞིན་གཉིས་བྲལ་གསེར་འདྲ་ཡོན་ཏན་འཕུངས་པའི་གཞི། །འཇུག་པར་བྱ་བའི་རྒྱུད་ཉིད་རང་གི་མངོན་དུ་བྱེད། །རང་ཉམས་དཔའ་བོའི་དཔའ་བོ་བརྟན་གཡོའི་སྐད་ཅིག་བདག །མཐའ་གནས་ནམ་མཁའ་རྟོག་བྲལ་བྱ་བ་མ་ལུས་རྫོགས། །རྒྱ་མཚོ་མཚོན་ཆ་ཚིག་གིས་མྱ་ངན་ཡེ་ ནས་འདས། །རང་ཉམས་ཤུགས་ཀྱིས་དབང་སྒྱུར་དེ་ལ་ཕྱག་འཚལ་འདུད། །འབྱེད་སོགས་གསུམ་གཉིས་ཐབས་ཀྱིས་རྗེས་མ་འབྲངས། །བྱ་བ་མཛུབ་མོ་དོན་གདོན་མི་བྱེད་པས། །སྐལ་མང་ངེས་མེད་ངོ་སྟོན་འདིར་དད་གང་། །ཉི་འོད་གསལ་བྱེད་དེ་ཕྱིར་ཐབས་མན་ངག །དེ་བས་སྲེག་མེ་བླུགས་ ཆུ་མ་རྒྱུད་ལ། །སྐལ་མེད་རང་གིས་འབྲེལ་པའི་སྐྱེས་བུ་ལ། །ཆུ་བོས་མཚོན་པའི་མིང་ཚོགས་ཅུང་ཟད་པ། །རྨོངས་པ་བདག་འདྲའི་དོན་ཕྱིར་དབྱེ་བར་བྱ། །བསྟན་བཅོས་དང་པོའི་རང་བཞིན་ནི། །ས་གསེར་ལྟ་བུར་གདོད་ནས་དག །རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། །རང་བཞིན་མ་སྐྱེས་སྟོང་པའང་ མིན། །རྨི་ལམ་འདོད་པ་ཚིམ་བཞིན་པ། །འཁྲུལ་པས་རང་དོན་གྲུབ་པར་བྱེད། །གཞི་མེད་སྣང་བའང་གསེར་ཤིང་བཞིན། །མི་འགོག་དེ་དོན་ཤེས་བྱ་བ། །གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་དེ་ཉིད་དཀར་མོར་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། ། རྣམ་ཤེས་བདག་མེད་ངོ་བོ་བས། །རང་བཞིན་མྱ་ངན་འདས་ཤེས་བྱ། །གཟུགས་དཀར་སྒྲ་ལ་ཆོམ་རྐུན་མ། །དྲི་ནི་རོ་ལངས་གྷསྨ་རཱི། །རེག་ལ་མཁའ་སྤྱོད་ས་སྤྱོད་མ། །རྟག་པར་ཆོས་སུ་རང་གནས་པས། །ལོངས་སྤྱོད་མྱ་ངན་འདས་པ་རྫོགས། །མི་བསྐྱོད་ཆུ་དེ་རྣམ་སྣང་མཛད། །ཉི་མའི་འབྱུང་ ལྡན་མཐའ་ཡས་སེམས། །དོན་ཡོད་པས་ནི་གཙོ་བོ་ལྔ། །གཏི་མུག་ལ་སོགས་དབང་པོ་ལྔ། །རང་བཞིན་ཡེ་ནས་མ་བྱས་པ། །རྣམ་དག་ངང་གིས་འཆིང་བ་མེད། །དེ་ནས་རང་བཞིན་སྡོམ་པ་དང་། །ནང་གི་ས་བཅུ་རིམ་ཤེས་བྱ། །གནས་དང་ཉེ་གནས་ཞིང་དེ་བཞིན། །དུར་ཁྲོད་ཚནྡོ་འདུ་བ་ སོགས། །བདག་ཉིད་ཆེན་པོ་རྒྱལ་བའི་སྐུ། །ཕྱི་རོལ་དེ་བཞིན་ནང་དེ་བཞིན། །དེ་བཞིན་གསང་བར་ཤེས་པར་བྱ། །རྐང་པ་བསྐྱོད་པ་མདོར་དྲོད་ཤེས། །འདུ་བ་རྟག་ཏུ་ཆུར་བསྟན་པས། །སྟོང་དུ་དབྱིབས་ཀྱིས་བཞིར་ཤེས་བྱ། །འཁོར་ལོ་བདེ་བ་དེ་བཞིན་གནས། །བྷ་ག་ནམ་མཁའ་ཡིན་པའོ། ། བཤང་ལམ་དྲག་གཏུམ་དུར་ཁྲོད་ཆེ། །གསང་གནས་དབྱིབས་ཅན་དེ་བཞིན་དུ། །རྣ་བ་རྒོད་དང་གཡེར་ཁར་བརྗོད། །ཁ་ནི་ཚང་ཚིང་འབར་བ་སྣང་། །མི་བཟད་དམྱལ་ཚོགས་མིག་ཏུ་བསྟན། །ཤི་རི་ཤིང་གི་དངོས་པོ་སྟེ། །མེ་ཏོག་འབྲས་བུ་དབང་པོར་བཅས། །ཀ་བ་གཅིག་དང་སྒོ་དགུར་ལྡན། ། བདག་མེད་ཧེ་རུ་ཀ་བདེ་བ། །ཐབས་དང་ཤེས་རབ་ཡེ་ནས་འབྲེལ། །ཉི་ཟླ་གཡས་དང་གཡོན་གྱི་སྟན། །གཉིས་མེད་འབྲེལ་བ་རྟག་ཏུ་ཕྲ། །མ་ཚོགས་རྡོ་རྗེ་མཁའ་འགྲོ་ནི། །མི་ཕྱེད་ཕྲ་མོ་རྡོ་རྗེ་མ། །དཀར་མོ་གཡོན་པ་བརྩེ་བ་མ། །ཐུང་ངུ་རུས་སྦལ་ཆུར་ཤེས་བྱ། །བསྒོམ་དབང་རྡོ་རྗེ་མཁའ་ འགྲོར་བསྟན། །སྐྱོན་ལྡན་མཇུག་མ་པུཀྐ་སཱི། །རི་ཁྲོད་མ་མོ་མཚན་མ་ཡིན། །ཚ་དང་བསིལ་ལ་གདོལ་བ་མོ། །གཡུང་མོ་གཞོལ་དང་རངས་བྱེད་མ། །དཀར་མོ་སྒོ་སྐྱོང་གཟུགས་སྤྱི་ཉིད། །རྒྱུ་སྦྱིན་སྦྱོར་བྲལ་ཆོམ་རྐུན་མ། །སྡུ་གུ་གྲུབ་མ་རོ་ལངས་མ། །ཡིད་བཟངས་ཚད་མ་གྷསྨ་རཱི། །སུམ་ སྒོར་འདོད་མ་ས་སྤྱོད་མ། །མཁའ་སྤྱོད་ཁྱིམ་མ་གཏུམ་མོར་བསྟན། །མཁའ་འགྲོའི་དཀྱིལ་འཁོར་བྱས་པ་མེད། །སྐུ་དང་ཕྱག་རྒྱ་ཡུམ་གྱི་ཚོགས། །འབྲས་བུ་བདེ་བ་སྐད་ཅིག་དག །རང་བཞིན་ཉིད་དུ་རྟག་པར་བྱ། །བཞི་གཉིས་ནས་བརྩམས་དྲུག་ཅུའི་བར། །དེ་སོགས་སྟོང་ཕྲག་བདུན་ ཅུ་གཉིས། །དེ་ལས་རྒྱས་པར་བརྗོད་མི་ལང་། །རང་བཞིན་སྤྲུལ་པར་རྒྱལ་བས་གསུངས། །གསང་བའང་དེ་བཞིན་ཤེས་པར་བྱ། །འབྱུང་བ་རིམ་ལྡན་བྷ་གར་གནས། །བུ་གུ་འདུས་པས་ས་ཉིད་དེ། །བདེ་བ་མང་པོས་མར་ཤེས་བྱ། །སྐུ་གསུམ་རང་བཞིན་གདོད་ནས་ལྡན། །རང་བཞིན་རྣམ་ དག་འཇིག་རྟེན་ན། །གང་ཡང་བཅིངས་པ་ཡོད་མ་ཡིན། །དམན་པའི་བསལ་བྱ་ཇི་སྙེད་པ། །རང་བཞིན་ཉིད་ཀྱིས་དེ་ལྟའོ། །དཔལ་ཐིག་ལེ་ཆེན་པོའི་རིམ་པ་ལས་རང་བཞིན་གྱིས་གནས་པའི་རིམ་པ་སྟེ་དང་པོའོ།། །།འཇུག་བྱེད་བསྐྱེད་པར་ཤེས་བྱ་བ། །ཐབས་དང་བཅས་པས་དམན་པའི་དོན། ། ལྷ་དག་སྒྲ་དོན་ལས་བྱུང་བ། །ཡང་དག་སྡོམ་པའང་དེར་ཤེས་བྱ། །འཁོར་ལོ་དག་ལ་རྣམ་སྦྱོང་ཞིང་། །རང་གི་བདེ་བས་རང་ཟ་བས། །རྣམ་རྟོག་ལས་གྲོལ་ས་བཅུ་སྦྱོང་། །རྡོ་རྗེ་འཛིན་པ་དགུར་ཤེས་བྱ། །ཀུན་རྫོབ་བརྗོད་པ་མ་ཡིན་ཏེ། །ལྟེ་བ་མཐའ་ཟད་ཤེས་རབ་ལ། །ཐབས་ནི་ ཟེ་འབྲུའི་རྩེར་ཤེས་བྱ། །རྩ་བར་འདབ་མ་དྲུག་ཅུ་བཞི། །སྡེ་ཚན་བརྒྱད་ཀྱིས་མཐའ་སྟོང་པ། །མ་སྐྱེས་པ་ཡི་སྙིང་པོ་ཅན། །དེར་ནི་དབུས་ཀྱི་གདན་ཤེས་བྱ། །འབར་གཡོ་ལས་སུ་རྣམ་བརྟགས་པས། །ལས་ཀྱི་དང་པོར་ཤེས་པར་བྱ། །ས་དབུས་ཆོས་སུ་བསྟན་པ་སྟེ། །སྔོན་ལ་བརྒྱད་ཆ་གཅིག་ ཡོད་པ། །རྩ་བཞི་ནང་གི་མ་མོ་བཞི། །གཞན་དག་རྒྱུད་ལས་ངེས་པར་གསུངས། །བཅུད་ནི་ཕུང་པོ་འབྱུང་བར་བཤད། །རྟག་པར་ཆོས་སུ་འདི་བསྟན་ཏེ། །སྙིང་པོ་ཆོས་ཀྱི་སྐུར་ཤེས་བྱ། །དེ་ཉིད་ཡེ་ཤེས་སྙིང་པོ་ཡིན། །འདི་ནི་འཁོར་ལོ་ནམ་མཁའི་ཁམས། །ཐམས་ཅད་ཀུན་ལ་ཁྱབ་ཆེན་པོ། ། དེ་ཉིད་སྟོང་དུ་ལོངས་སྤྱོད་དེ། །འབྱུང་བ་བར་བཞི་སྟོང་པ་བས། །ཡེ་ཤེས་ལྔ་ཡི་སྙིང་པོ་ཅན། །ཆགས་པས་རྟག་ཏུ་རང་འཆིང་བ། །ལོག་ལྟ་རྟག་ཏུ་གྲོལ་བར་དཀའ། །འབྱུང་འཇུག་ཐོགས་མེད་ཐར་པར་འགྱུར། །པདྨ་མཚན་ལྡན་བདེ་བ་ཆེ། །རྟག་པར་གཞོམ་མེད་དབྱིངས་མཐའ་ཅན། །རང་བཞིན་ ཆོས་སྐུར་ཡོངས་ཤེས་པར། །འདི་ལ་སྒོ་དྲུག་ཡོད་ཤེས་བྱ། །ཏིང་འཛིན་གོམས་པའི་ཡེ་ཤེས་ཀྱིས། །ས་གནས་ཀུན་དུ་བདེ་བ་ཆེ། །ཡེ་ཤེས་སྐྱེ་བ་ངེས་པ་མེད། །དཀྱིལ་འཁོར་ཡན་ལག་བཅས་སྤྲུལ་སྐུ། །དེ་ཉིད་བདེ་བས་བདེ་བྱས་ཏེ། །ལོངས་སྤྱོད་རྫོགས་པ་ཀྱེའི་རྡོ་རྗེ། །ལས་ཀྱི་ལམ་ལ་གཞན་ བཞིན་ཞུགས། །ཨོཾ་ཏྲ་གནད་ཀྱི་སྒོ་ཕྱེ་དང་། །ཕྱོགས་ཀྱི་ཡེ་ཤེས་བདག་གིས་བྱས། །འབར་འཛིན་དང་པོའི་སྒོར་ཞུགས་ཏེ། །བདུད་རྩི་འཛག་པའི་ལམ་དབུས་སུ། །ཏིང་འཛིན་རྩལ་གྱིས་དྲང་པོར་བྱེད། །རྙེད་ནས་ལོངས་སྤྱོད་མྱ་ངན་འདས། །སྐུ་གསུམ་བཞི་ཡང་མ་དམིགས་ཏེ། །སེམས་ཉིད་ བདེ་ལ་གང་གནས་པ། །གོམས་པས་འོད་ཀྱང་མི་དམིགས་ཤིང་། །སྐྲ་ཡི་རྩེ་མོ་བརྒྱ་ཤས་ཀྱང་། །མཐར་ནི་དམིགས་པར་མི་བྱེད་ན། །བདེ་བ་ཡིད་ཀྱིས་མི་མྱོང་ཞིང་། །མཐའ་རྣམས་ཅི་ལའང་མི་གནས་ཏེ། །སྤྱོད་ལམ་ལོངས་སྤྱོད་དེར་ཤེས་བྱ། །འགྲོ་དོན་འདོད་པའི་སྐུ་གཉིས་ཀྱང་། །སྒྲ་ཡི་ཚུལ་ ལས་ཐོགས་པ་མེད། །རང་བཞིན་སྣང་བ་ཡེ་ཤེས་ནི། །སྣང་སྟོང་གཉིས་སུ་མ་ཡིན་པས། །རྟག་ཏུ་ཐིག་ལེ་ཆེན་པོར་གསུངས། །དཔལ་ཐིག་ལེ་ཆེན་པོའི་རིམ་པ་ལས། ཡེ་ཤེས་ཆེན་པོ་ལ་འཇུག་པའི་རིམ་པ་སྟེ་གཉིས་པའོ།། །།རང་ཉམས་གནས་འདོད་བློ་ལྡན་པས། །ཡུལ་དུ་ཤེས་བྱ་ དཀའ་བ་ནི། །རང་རིགས་འགྱུར་བའི་མཚན་མ་ཅན། །བརྒྱ་དང་བཅུ་དང་དྲུག་གཉིས་དང་། །དཀར་ནག་ཕྱེད་དང་དཀར་ནག་མིན། །སྐྲ་ནག་མིག་རིང་ལྟེ་བ་ཟབ། །ཕྲ་སྦོམ་རིང་ཐུང་གཉིས་སྤངས་པ། །སྣ་དྲངས་རྐེད་ཕྲ་སྨད་ཞེང་ཆེ། །འདབ་མ་ཆེ་ཞིང་ནང་ཟབ་པ། །ནུ་སྲ་ནད་ཉུང་ག་བུར་མང་། །སི་ལ་རབ་ ཏུ་ལྡན་པ་དང་། །ཕྱི་ནང་ཆུ་ལུས་རླུང་དྲི་ཞིམ། །འཇམ་དེས་དད་ལྡན་མི་གཡོ་བ། །ལྷ་ཡི་རིགས་ཀྱང་བརྟག་པར་བྱ། །རྙེད་ནས་བསྟན་བཅོས་རིམ་པར་སྦྱིན། །རྒྱལ་པོའི་བུ་མོའི་ཆོས་ཞེས་བྱ། །དམ་ཚིག་རིམ་དང་ཟས་སོགས་པ། །རྟོག་པ་མེད་པར་དེ་ཤེས་ནས། །ཁུ་བ་ལེགས་པར་སྦྱིན་བྱས་ཏེ། ། རྣམ་བཞི་རླུང་ཡང་ཤེས་པར་བྱ། །མཚན་དང་མཚན་མཉེས་རབ་བསྐུལ་བས། །ཕོ་བྲང་བདེ་བ་སྐྱེད་པར་བྱེད། །གནས་དང་རིམ་པ་ཤེས་བྱ་བ། །སྤྲུལ་པ་ཆོས་དང་བདེ་བ་ཆེ། །དགའ་བདེ་གནས་པར་ཤེས་པར་བྱ། །དགའ་བ་མཆོག་བྲལ་ལྷན་ཅིག་སྐྱེས། །བསྟན་བཅོས་ངོ་བོར་དེ་ཤེས་བྱ། །སྐད་ ཅིག་དེ་སྐད་ཐང་ཅིག་ཡུད། །རླུང་གི་ལས་ཀྱིས་གོ་ཕྱེ་བའོ། །སྣ་ཚོགས་ཉིད་དང་ཉིན་མཚན་བྲལ། །ལས་ཀྱི་རིམ་པ་ཉིད་དུ་གསུངས། །སྣང་བ་མཆེད་དང་ཐོབ་པ་དང་། །ཡང་དག་དྲི་མེད་འོད་ལས་བྱུང་། །ཉིན་མཚན་བར་དང་གཉི་ཀ་མིན། །དངོས་པོ་རྣམ་གཉིས་ཕྲད་པའི་མིང་། །སྡེ་པ་ཕྱག་རྒྱ་འབྱུང་ བའི་ཡུམ། །མཆོག་ལ་སོགས་པའང་སྐབས་མིང་གསུངས། །རྐྱང་མ་རོ་མ་ཀུན་འདར་མ། །རིགས་གསུམ་གནས་པའང་བདེ་བའི་ལམ། །ཉི་ཟླ་ཐབས་དང་ཤེས་རབ་ཀྱིས། །རང་གི་དགོས་པའང་དེས་ལེན་ཏེ། །ཀུན་རྫོབ་པ་ཡང་གཉིས་སུ་སྣང་། །ཡོངས་གྲགས་སྲོག་ནད་དེ་བདག་ཉིད། །མདུད་ པའི་མཚན་ཉིད་ནང་དུ་སྟེ། །དགའ་བ་ཆར་ཡང་སྟོན་པས་གསུངས། །རྩེ་མོ་སོར་མོ་བཅུ་གཉིས་ཐིག །དེ་ཞབས་ལོངས་སྤྱོད་ཤེས་པར་བྱ། །བརྒྱད་བརྒྱད་རིམ་པ་ངོ་བོར་སྦྱོར། །དེ་ནི་རང་བཞིན་དོན་དུ་བསྟན། །སྣང་བས་བདེ་བ་དགའ་བ་ཡིན། །ཕྱི་རོལ་རེག་བྱ་གཉིས་པར་གསུངས། །ཕྲད་ པས་བདེ་བ་བྲལ་བ་སྟེ། །གནས་སུ་ལྷན་ཅིག་སྐྱེས་པ་འབྱུང་། །ཐུན་མོང་རིམ་པར་དེ་ཤེས་བྱ། །འཁོར་ལོ་རིམ་པར་རིམ་གནས་པ། །ཕྱི་རོལ་དོན་དེ་ནང་ཡང་ཡིན། །བ་གམ་ནང་དུ་འབྲུ་གསུམ་གཉིས། །རྩེ་མོར་བར་མེད་དེ་བཞིན་རིམ། །ནོར་བུའི་ནང་དུ་དེ་ཤེས་ནས། །དེ་ནི་ཟེ་ འབྲུའི་རིམ་བཅུ་དྲུག །བདག་གི་ཐིག་ལེ་མཐར་གནས་པའོ། །བློ་ཡི་ཡུལ་དུ་དེ་ཤེས་ནས། །གནས་སོགས་ནང་གི་ས་ཤེས་བྱ། །གསང་བའི་ས་རིམ་དགའ་བའི་མཐར། །ཐབས་དང་ཤེས་རབ་སངས་རྒྱས་ས། །པ་ཤང་མཐར་ཕྱིན་རྡོ་རྗེ་འཛིན། །སྣང་བ་གཉིས་ལས་རྣམ་པར་འདས། །དེ་ལྟར་ ས་ལས་རིམ་ཤེས་ནས། །དཔེར་ན་མེ་ཡིས་ཚིག་པའི་ལུས། །མེ་ཉིད་ཀྱིས་ནི་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །ཆགས་པ་ཉིད་ཀྱིས་རབ་ཏུ་སེལ། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་ འཆིང་བ་ལས་གྲོལ་འགྱུར། །ལོག་ལྟ་ཉན་ཐོས་སྐལ་མེད་སྐུར། །དེས་ན་ཐར་པ་རིང་བར་གསུངས། །རྡོ་རྗེ་པདྨ་རབ་སྦྱོར་བས། །སྲ་བས་སྤྲུལ་པ་ས་རུ་བཤད། །གཤེར་བའི་གྲངས་ཆོས་མཱ་མ་ཀཱི །བསྐྱོད་པས་གོས་དཀར་ལོངས་སྤྱོད་རྫོགས། །འགུགས་པ་སྒྲོལ་མ་བདེ་བ་ཆེ། །ཧཱུྃ་ཕཊ་རང་གི་ རླུང་མཐུ་ཡིས། །མཆོག་གི་མཐའ་ནས་བརྟག་པར་བྱ། །དངོས་པོ་འདུས་པས་གང་ཤེས་པ། །འདུས་པ་མ་ཡིན་བྲལ་བའང་མིན། །ཉི་ཟླའི་སེམས་དང་བཅས་པའི་དངོས། །དངོས་པོ་ལྷན་ཅིག་སྐྱེས་པར་བརྗོད། །ལྟུང་བ་མེད་པར་གང་འདྲེས་པ། །དེ་བདེ་ཐབས་ལས་ཐམས་ཅད་རིག །རང་ བཞིན་ལྷན་ཅིག་སྐྱེས་ཞེས་བྱ། །དེ་བཞིན་ཉིད་ཀྱི་དགའ་ཡིན་ཕྱིར། །དགྱེས་པ་ཆེན་པོར་དེ་བརྗོད་དོ། །ཆོས་ཐམས་ཅད་ཀྱི་སྡོམ་ཅིག་པས། །སྡོམ་པའང་ཐིག་ལེ་ཆེན་པོར་བརྗོད། །སྡོམ་པ་ཆེ་ལ་སུ་གནས་པ། །བསྲུང་བ་མེད་དེ་འདའ་བའང་མེད། །ཐབས་དང་ཤེས་རབ་ཡོད་མིན་པས། །འདོད་ ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མའང་དམིགས་པར་མི་འགྱུར་ཏེ། །ཡོ་ག་སཾ་པུ་ཊ་ཡར་བཤད། །གཏན་ཚིགས་ཞིབ་པར་གསལ་བྱེད་པ། །དེ་ཉིད་རང་གི་སེམས་རྟོག་ཡིན། །བླ་མའི་དུས་ཐབས་ཕྱག་རྒྱ་དང་། །རང་གི་བསོད་ནམས་ལས་ཤེས་འགྱུར། །སྔོན་གྱི་ཡེ་ཤེས་དེ་རྙེད་ནས། ། ལས་ཀྱི་ལུས་ཉིད་མི་སྣང་སྟེ། །ཐབས་ཤེས་དངོས་པོ་འདྲེས་པར་འགྱུར། །སྐད་ཅིག་གཅིག་གིས་རྫོགས་བྱང་ཆུབ། །འདི་ལས་རིམ་པ་ཡོད་མ་ཡིན། །གལ་ཏེ་དག་པར་མི་འགྱུར་ཡང་། །ཨ་ནུ་ཡོ་གའི་དམིགས་པ་ཡིས། །རྟག་ཏུ་རང་ཉམས་འཇུག་པར་ལྡན། །བརྟུལ་ཞུགས་ཟད་པར་མི་དགོས་ན། ། མི་གང་མུན་སེལ་རྙེད་པ་བཞིན། །བཞི་ཡི་ཕྱག་རྒྱ་སྤངས་ཀྱང་རུང་། །བདེ་བ་ཉམས་པར་ཡོངས་མི་འགྱུར། །མཐར་ཕྱིན་བྱ་བ་མེད་པར་འགྲུབ། །ཡོན་ཏན་སྤྲོས་པ་བརྗོད་མི་ལང་། །དཔལ་ཐིག་ལེ་ཆེན་པོའི་རིམ་པ་ལས་རང་ཉམས་ཡེ་ཤེས་ཆེན་པོའི་རིམ་པ་སྟེ་གསུམ་པའོ།། །།ཡེ་ཤེས་མཐར་ ཕྱིན་རྣལ་འབྱོར་པ། །རང་བཞིན་ཡེ་ཤེས་དེ་རྙེད་པས། །རང་བཞིན་དུ་མ་གཅིག་མཐར་བྲལ། །ཡོད་མེད་དབུས་ལས་འདས་པའི་སྐུ། །བདག་མེད་གཞན་མེད་དེར་ཤེས་མེད། །དམན་པ་འབྲིང་དང་མཆོག་དག་དང་། །གཞན་དང་གང་རྣམས་དེ་རྣམས་ཀྱང་། །བདག་ཏུ་རོ་མཉམ་གཅིག་ཏུ་ཤེས། །ལྷན་ ཅིག་སྐྱེས་པའི་ཡེ་ཤེས་ལས། །བརྟན་གཡོའི་རང་བཞིན་གཞན་མི་མཐོང་། །ཇི་ལྟར་བྱས་པ་དེ་ཉིད་ཡིན། །ཁ་དོག་དབྱིབས་དང་སྟོང་བསྒོམས་པས། །དོན་འདི་ནམ་ཡང་རྙེད་མི་ནུས། །ལས་ཀྱི་རིམ་པར་གསུངས་པའི་ཕྱིར། །ཕྱག་རྒྱ་ཆེན་པོ་རྒྱུ་དང་བྲལ། །རང་རིག་གསལ་བའི་ཡེ་ཤེས་ནི། ། ཅིས་ཀྱང་སྟོང་པ་མ་ཡིན་པས། །བསྒྲུབ་བྱའི་རྣམ་གྲངས་ཅི་རྙེད་པ། །རང་བཞིན་ལྷུན་གྱིས་གྲུབ་ཅེས་གསུངས། །ནོར་བུ་རིན་ཆེན་ཡོན་ཏན་བཞིན། །རྟག་ཏུ་ཅིར་ཡང་དགའ་བ་མེད། །ཡུལ་དུ་སྣང་བ་མ་ཡིན་པས། །དུས་གསུམ་མ་འགགས་ཡེ་ཤེས་མཆོག །སྦྱིན་སྲེག་སློབ་སོགས་ ལས་གྲོལ་བ། །རང་ཉམས་རིག་ལ་གནས་པར་རྙེད། །དེ་ཉིད་སྟོན་པས་ཡང་གསུངས་པ། །རིག་པ་སྐྱེས་བུ་གྲུབ་པའི་རྡོ་རྗེ་འཛིན་པ་དེ་ནི་ཐམས་ཅད་སྤངས་ཤིང་ཐམས་ཅད་དུ་གནས་པ་ཡིན། བྱ་བ་ཐམས་ཅད་སྤངས་པ། བྱེད་པ་གང་ཡང་མི་འགོག་པ། ཅི་ཡང་མ་ཡིན་པ། ཡོན་ཏན་གང་ ཡང་མཚུངས་པ་མེད་པ། གང་དུ་ཡང་མི་འགྲོ། གར་ཡང་མི་གནས། ཐོག་མ་དང་ཐ་མ་ལ་སོགས་པ་རྣམ་པར་སྤངས་པ། བསྙེན་པའི་ཡན་ལག་གསུམ་དུ་སྣང་བ། ཐམས་ཅད་དུ་གཤེགས་པ། ཐམས་ཅད་དུ་མཁྱེན་པ། ཐམས་ཅད་པ། ཐམས་ཅད་ཀྱི་དོན། ཐམས་ཅད་ཀྱི་སེམས་ལ་གནས་ པ། ངན་སོང་ཐམས་ཅད་ལས་རྣམ་པར་གྲོལ་བ། ཡོན་ཏན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཁ་དོག་དང་དབྱིབས་ཐམས་ཅད་པ། ཐམས་ཅད་ལ་ཕན་པ། དགེ་བ་མཚུངས་པ་མེད་པ། ལན་ཅིག་མ་ཡིན་པར་འབྱུང་བ། མགོན་པོ་སྐྱོབ་པ། ཀུན་དུ་རྟོག་པ་སྤངས་པ། ཁ་དོག་ དང་དབྱིབས་ཐམས་ཅད་དང་བྲལ་བ། ཟབ་པའི་ཕྱིར་སྐྱེ་བོའི་ཡུལ་མ་ཡིན་པ། ཐམས་ཅད་ཀྱི་བདག་པོའི་ཕྱིར་རྒྱལ་པོ། དབྱེ་བར་དཀའ་བའི་ཕྱིར་རྡོ་རྗེ། ཉོན་མོངས་པའི་ཉེ་བར་གདུང་བ་ལས་གྲོལ་བའི་ཕྱིར་ཟླ་བ། ཐམས་ཅད་སྣང་བའི་ཕྱིར་ཉི་མ། དོགས་པ་མེད་པའི་ཕྱིར་སེང་གེ །གཏིང་དཔག་ དཀའ་བའི་ཕྱིར། ཆུའི་ཕུང་པོ་ཆེན་པོ། ཐམས་ཅད་ཀྱི་གཞིའི་ཕྱིར་ནམ་མཁའ་ཐམས་ཅད། ལྷུན་གྱིས་གྲུབ་པའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དཔལ་ཐིག་ལེ་ཆེན་པོའི་རིམ་པ་ལས་མཐར་ཕྱིན་པའི་དོན་ལ་གནས་པའི་རིམ་པ་སྟེ་བཞི་པའོ།། །། ཀྱེའི་རྡོ་རྗེའི་རྒྱ་མཚོ་རྒྱུད་ཆེན་ལས། །རང་བཞིན་འཇུག་ཉམས་འབྲས་བུ་ལོ་ཐོག་བཞིན། །མཐའ་འཁོབ་རྒྱལ་འདྲ་གཟུ་ལུམས་དོན་མཛད་པ། །ངང་པའི་ཆུ་བཞི་ཕྲེང་བས་མཐར་ཕྱིན་ཤོག །དཔལ་ཐིག་ལེ་ཆེན་པོའི་རིམ་པ་ཞེས་བྱ་བ་རྫོགས་པའི་རིམ་པ་ཞེས་བྱ་བའི་མན་ངག །རྒྱ་གར་གྱི་མཁན་ པོ་བླ་མ་སྒེག་པའི་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བྷ་ག་བཱན་ཧེ་བཛྲ་སཱ་དྷ་ནཾ་ཨ་བྷི་ས་མ་ཡ་ཀྲ་མཱརྠ་པྲ་ས་ན་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་ཀྱེའི་རྡོ་རྗེའི་སྒྲུབ་པའི་ཐབས་མངོན་པར་རྟོགས་པའི་རིམ་པ་དོན་རབ་ཏུ་གསལ་བ་ཞེས་བྱ་བ། བཅོམ་ལྡན་ འདས་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་གི་ཡེ་ཤེས་མེ་ལྟ་བུས། །རྣམ་རྟོག་མ་ལུས་སྲེག་མཛད་ཅིང་། །སྙིང་རྗེ་ཆུ་ཡིས་སྡུད་མཛད་པ། །ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ཏེ། །བདག་པས་བློ་དམན་རྣམས་དོན་དུ། །སྒྲུབ་ཐབས་དོན་རབ་གསལ་བ་བརྩམ། །དེ་ལ་རྣལ་འབྱོར་པས་དང་པོ་ དུར་ཁྲོད་ལ་སོགས་པའི་གནས་ཡིད་དུ་འོང་བར་སྟན་བདེ་བ་ལ་འདུག་སྟེ། བདག་ཉིད་ཀྱེའི་རྡོ་རྗེར་གསལ་བའི་སྙིང་གར་པཾ་ལས་པདྨ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་སྔོན་པོ་བསམས་ལ། དེ་ལས་འོད་འཕྲོས་པས་སྣ་བུག་གཡས་ནས་བྱུང་བས་ཀྱེའི་རྡོ་རྗེ་འཁོར་དང་ བཅས་པ་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁའ་ལ་བཞུགས་པ་ལ། ཕྱིའི་མཆོད་པ་སྣ་ཚོགས་ཀྱིས་མཆོད་ནས་གཽ་རཱི་བྱང་ཆུབ་ཀྱི་སེམས་ཀྱི་སྣོད་ཅན་དང་། ཆོམ་རྐུན་མ་རང་བྱུང་གི་མེ་ཏོག་གི་སྣོད་ཅན་དང་། རོ་ལངས་མ་དྲི་ཆུའི་སྣོད་ཅན་དང་། ཟ་ཕོད་མ་དྲི་ཆེན་གྱི་སྣོད་ཅན་དང་། པུཀྐ་སཱི་ཤ་སྣ་ཚོགས་ཀྱི་སྣོད་ ཅན་དང་། རི་ཁྲོད་མ་ཆང་གི་སྣོད་ཅན་དང་། གཏུམ་མོ་ཅང་ཏེའུ་བརྡུང་བ་དང་། གཡུང་མོ་འཁྱུད་པ་དང་ལྡན་པས་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། འཁོར་བ་ཐོག་མ་མེད་དུས་ནས། །ལོག་པའི་རྣམ་པར་རྟོག་པ་ཡིས། །ལུས་ངག་ཡིད་ཀྱིས་བགྱིས་པ་གང་། །སོ་སོར་ བཤགས་བགྱིད་སླན་ཆད་སྡོམ། །འགྲོ་བ་གང་གིས་ཐར་པའི་ཕྱིར། །བསོད་ནམས་ཡེ་ཤེས་ཚོགས་བསགས་པ། །དེ་ལ་ཡང་དག་ཡི་རང་ཞིང་། །དེ་དག་བྱང་ཆུབ་མཆོག་ཏུ་བསྔོ། །ཐམས་ཅད་རང་བཞིན་ཀྱེའི་རྡོར་དང་། །དེ་ཡིས་བསྟན་པའི་ལམ་མཆོག་དང་། །ཚོགས་མཆོག་དེ་ཡི་འཁོར་འདུས་ ལ། །བདག་ནི་རྟག་ཏུ་སྐྱབས་སུ་མཆི། །སྐྱོན་རྣམས་མ་ལུས་སེལ་བྱེད་ཅིང་། །ཡོན་ཏན་ཐམས་ཅད་རྒྱས་བྱེད་པ། །ཡིད་བཞིན་ནོར་ལ་སོགས་མཚུངས་པ། །བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི། །དེང་ནས་ཀུན་མཁྱེན་མ་ཐོབ་པར། །བདག་གི་ལུས་ནི་བདེར་གཤེགས་དང་། །དེ་སྲས་ རྣམས་ལ་དབུལ་བར་བགྱི། །དམ་པའི་ལམ་ལ་གནས་པར་བགྱི། །དེ་ནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བསྒོམ་པར་བྱའོ། །དེའི་འོག་ཏུ་སྟོང་པ་ཉིད་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ལྟར་སྟོང་པར་བསྒོམས་པ་ལས་པཾ་ ལས་སྣ་ཚོགས་པདྨ་དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བ་ལ་ཧཱུྃ། དེ་ལས་འོད་འཕྲོས་པ་ལས་རྡོ་རྗེའི་ར་བ་དང་བླ་རེར་གྱུར་པ་ལ་ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །དེའི་ནང་དུ་ཆོས་ཀྱི་འབྱུང་གནས་དཀར་པོ་གྱེན་ཁར་ གནས་པར་བསམ། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལ་བ་དན་གྱིས་མཚན་པ་དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་རྡོ་རྗེས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་ས་ཡི་ དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ། དེའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ། དེའི་བདག་ཉིད་སྲིད་པ་བར་མའི་བག་ཆགས་བསམ་པར་བྱའོ། །དེ་རྣམས་འོད་དུ་ཞུ་བ་ལས་གཞལ་ཡས་ཁང་ངོས་བཞི་དང་། སྒོ་བཞི་དང་རྟ་བབས་བཞིས་བརྒྱན་པ། དྲ་བ་དང་དྲ་བ་ཕྱེད་པས་བརྒྱན་ པ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པའོ། །དེའི་དཀྱིལ་དུ་པཾ་ལས་པདྨ་འདབ་བརྒྱད་དམར་པོ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་བདུད་བཞིའི་གཟུགས་བསྣོལ་བ་བསྒོམ་པར་བྱའོ། །ཕྱོགས་བཞིར་ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། དྲག་པོ་བཞི་དགོད་པར་བྱའོ། ། མཚམས་བཞིར་གཤིན་རྗེ་དང་ནོར་སྦྱིན་དང་བདེན་བྲལ་དང་ཐགས་བཟངས་རིས་རྣམས་བཀོད་ལ། འདིས་བྱིན་གྱིས་བརླབས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ལ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་བདུད་བཞིའི་སྙིང་གར་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿརྣམས་ལས་ཟླ་བའི་དཀྱིལ་འཁོར་ ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་སྟེང་དུ་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿདང་དྷ་ཡ་ར་རྣམས་ལས་ཉི་མའི་དཀྱིལ་འཁོར་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཟླ་བ་དང་ཉི་མའི་བར་དུ་ཧཱུྃ་དང་། ཨ་ལས་རྡོ་རྗེ་གྲི་གུག་སྟེ། སོ་སོར་ རྟོག་པའི་ཡེ་ཤེས་སོ། །དེ་དག་ཆུ་དང་འོ་མ་ལྟ་བུར་འདྲེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ལས་ཨོཾ་དང་ཧཱུྃ་ངོ་། །དེ་གཉིས་རྡོ་རྗེ་དང་གྲི་གུག་གོ། །དེ་ལས་བཞེངས་པའི་བཅོམ་ལྡན་འདས་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་དང་ལྡན་པ། དབུ་ལ་ཐོད་པའི་ཕྲེང་བས་བསྐོར་བ། བདག་མེད་མས་མགུལ་ནས་འཁྱུད་པ། ཕྱག་རྒྱ་ལྔ་དང་ལྡན་པ་སྐུ་མདོག་དཀར་པོ་གཡས་སྔོ་བ་གཡོན་དམར་བ་ལྟག་པའི་ཞལ་གནག་པའོ། །ཕྱག་གཡས་ཀྱི་ཐོད་པ་བརྒྱད་ན་རིམ་པར་གླང་པོ་ཆེ་དང་རྟ་དང་བོང་བུ་དང་གླང་དང་རྔ་མོ་དང་མི་དང་སེང་གེ་དང་བྱི་ལ་རྣམས་འཛིན་པ། ཕྱག་གཡོན་ གྱི་ཐོད་པ་བརྒྱད་ན་སའི་ལྷ་དང་ཆུའི་ལྷ་དང་མེའི་ལྷ་དང་། རླུང་གི་ལྷ་དང་ཟླ་བ་དང་ཉི་མ་དང་གཤིན་རྗེ་དང་ནོར་སྦྱིན་རྣམས་འཛིན་པའོ། །ལྷ་མོ་ཞལ་གཅིག་ཕྱག་གཉིས་པ་ཁ་དོག་གནག་པ་སྐྲ་སེར་པོ་གྱེན་དུ་བགྲེང་བ་ཕྱག་གཡས་ན་གྲི་གུག་གཡོན་ན་ཐོད་པ་འཛིན་པ་སྟེ། དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ ཡེ་ཤེས་སོ། །དེ་ནས་ལྷ་མོའི་གནས་གསུམ་དུ་བྱིན་གྱིས་བརླབ་པར་བྱ་སྟེ། དཔྲལ་བར་ཨོཾ། ཐུགས་ཀར་ཧཱུྃ། གསང་བའི་གནས་སུ་ཨཱཿཔདྨ་བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་ད་ཏ་ཙ་ཏུར་ཨཱ་ནནྔ་བྷ་ག་བི་སྭ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། རྡོ་རྗེ་བྱིན་གྱིས་བརླབ་པའི་སྔགས་ ནི། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུར་ཨཱ་ནནྡ་ད་ཡ་ཀ་ཁ་ག་མུ་ཁེ་ཀ་རཱ་ཤོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། དེ་ནས་ཡབ་ཡུམ་ཆགས་པ་ཆེན་པོའི་རོལ་པ་ལས་དེའི་སྒྲས་བསྐུལ་བས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེ་ལྔ་པོ་བྷྲཱུཾ་ཨཱ་ཛྲཱི་ཁཾ་ཧཱུཾ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཡབ་ཀྱི་ཞལ་ནས་རྡོ་རྗེའི་ ལམ་ནས་བྱུང་སྟེ། ཐིག་ལེ་བརྒྱད་དུ་གྱུར་ནས་པདྨ་འཕྲོ་བའི་དུས་སུ་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཐིག་ལེ་བརྒྱད་ལས་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ས་བོན་དེ་དག་ལས་ཕྱག་གཡས་ཀྱི་ཕྱག་མཚན་བརྒྱད་དུ་གྱུར། དེ་དག་ལས་ལྷ་མོ་བརྒྱད་དུ་གྱུར་ཏེ། གཽ་ རཱི་ནག་མོ་གཡས་ན་གྲི་གུག་གཡོན་ན་ཉ་བསྣམས་པ། ཤར་ཕྱོགས་སུ་ཚངས་པའི་སྟེང་དུ་གདོན་པར་བྱ་སྟེ། དེ་བཞིན་དུ་ལྷོ་ཕྱོགས་སུ་ཆོམ་རྐུན་མ་བཙོད་ཀྱི་ཁ་དོག་ཅན་ཕྱག་གཡས་ན་ཅང་ཏེའུ་གཡོན་ན་ཕག་པ་ཅན་དབང་པོའི་སྟེང་དུའོ། །རོ་ལངས་མ་དམར་སེར་གསེར་བསྲེགས་པའི་མདོག་ཅན་ཕྱག་ གཡས་ན་རུས་སྦལ་གཡོན་ན་ཐོད་པ་བསྣམས་པ། ནུབ་ཕྱོགས་སུ་ཉེ་དབང་གི་སྟེང་དུའོ། །ཟ་ཕོད་མ་ཁ་དོག་ལྗང་གུ་ཕྱག་གཡས་ན་སྦྲུལ་གཡོན་ན་ཐོད་པ་བསྣམས་པ། བྱང་ཕྱོགས་སུ་དྲག་པོའི་སྟེང་དུའོ། །པུཀྐ་སཱི་ཁ་དོག་སྔོན་མོ་ཕྱག་གཡས་ན་སེང་གེ་གཡོན་ན་དགྲ་སྟ་བསྣམས་པ། བྱང་ཤར་གྱི་ མཚམས་ན་གཤིན་རྗེའི་སྟེང་དུའོ། །རི་ཁྲོད་མ་སྐུ་མདོག་དཀར་མོ་ཕྱག་གཡས་ན་དགེ་སློང་གཡོན་ན་གསིལ་བྱེད་བསྣམས་པ། ཤར་ལྷོའི་མཚམས་སུ་ནོར་སྦྱིན་གྱི་སྟེང་དུའོ། །གཏུམ་མོ་ནམ་མཁའི་ཁ་དོག་ཅན་ཕྱག་གཡས་ན་འཁོར་ལོ། གཡོན་ན་ཐོད་པ་བསྣམས་པ། ལྷོ་ནུབ་ཀྱི་མཚམས་སུ་ བདེན་བྲལ་གྱི་སྟེང་དུའོ། །གཡུང་མོ་སྣ་ཚོགས་པའི་མདོག་ཅན་ཕྱག་གཡས་ན་རྡོ་རྗེ་གཡོན་ན་སྡིགས་མཛུབ་དང་ལྡན་པ་ནུབ་བྱང་མཚམས་སུ་ཐགས་བཟངས་རིས་ཀྱི་སྟེང་དུ་གདོན་པར་བྱའོ། །ལྷ་མོ་དེ་དག་སྐྱིལ་ཀྲུང་ཕྱེད་པ་གར་གྱིས་གནས་པ། སྤྱན་གསུམ་པ་ཕྱག་རྒྱ་ལྔས་བརྒྱན་པའོ། །དེ་ནས་ ཡབ་ཡུམ་གྱི་རོལ་པའི་སྒྲས་བསྐུལ་བས་སྲིད་པ་བར་མའི་བག་ཆགས་ཀྱིས་ཡི་གེ་ལྔ་པོ་ཧོ། །ཨོཾ་ཨཱཿཧཱུྃ་ཧོཿརྣམས་ཞལ་ནས་ཞུགས་ཏེ། པདྨར་ཕྱིན་པ་ཙམ་གྱིས་ཡབ་ཡུམ་གཉིས་འོད་ཀྱི་གོང་བུར་གྱུར་པ་ལ། མཚམས་ཀྱི་ལྷ་མོ་རྣམས་ཀྱིས་གླུས་སྐུལ་བར་བྱེད་དེ། སྙིང་རྗེའི་ ཐུགས་ཀྱིས་རྗེ་བཙུན་བཞེངས། །པུཀྐ་སཱི་ནི་བདག་སྐྱབས་མཛོད། །སྟོང་པའི་རང་བཞིན་སྤངས་ནས་ནི། །བདག་ལ་བདེ་ཆེན་རྣལ་འབྱོར་སྦྱོར། །ཁྱོད་དང་བྲལ་ན་བདག་འགུམ་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་སྤོངས་མཛོད་ལ། །རི་ཁྲོད་མ་ནི་བདག་དོན་སྒྲུབ། །འཇིག་རྟེན་ མགྲོན་གཉེར་འདོད་པའི་གཙོ། །སྟོང་པ་ཉིད་ལ་ཅི་ཕྱིར་བཞུགས། །གཏུམ་མོ་བདག་ནི་ཞུ་བ་བགྱིད། །ཁྱོད་མ་ལངས་ན་ཕྱོགས་མི་འཚལ། །བདག་གིས་ཉིད་ཀྱི་ཐུགས་འཚལ་གྱི། །དབང་པོའི་དྲན་ལྡན་ཁྱོད་བཞེངས་ཤིག །གཡུང་མོ་བདག་ནི་དྲན་ཉམས་པས། །ཐུགས་རྗེས་རྒྱུན་ཆད་མ་མཛད་ ཅིག །དེ་ལྟར་བསྐུལ་བས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་ནས། ཁུ་བའི་གཟུགས་ལས་བཞེངས་པ་ནི་གོང་དུ་སྨོས་པ་ལྟ་བུ་ལ། སྐུ་མདོག་གནག་པ་གཡས་དཀར་བ་གཡོན་དམར་བ། །ཞབས་ཕྱེད་ཀྲུང་དུ་བཞུགས་པ། མགོ་བོའི་ཕྲེང་བའི་དོ་ཤལ་ཅན། སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན་པའོ། ། དེ་ནས་སྙིང་གར་པཾ་ལས་པདྨ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ། དེ་ལས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཡང་པདྨ་དང་ཉི་མ་དང་ཧཱུྃ་ལས་རྡོ་རྗེ། དེའི་ལྟེ་བ་ལ་ཧཱུྃ་བསམ་པར་བྱའོ། །དེ་ནས་ཨོཾ་བཛྲ་གཽ་རཱི་ཨཱ་ཀཪྵ་ཡ་ཛཿཞེས་བརྗོད་པས་ ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ། ཕྱི་ནང་གསང་བའི་མཆོད་པས་མཆོད་ལ། ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཞེས་བརྗོད་པས་གཞུག་པར་བྱའོ། །ཨོཾ་བཛྲ་བེ་ཏཱ་ལཱི་སྥོ་ཊ་ཡ་བཾ་ཞེས་བརྗོད་པས་བཅིང་བར་བྱའོ། །ཨོཾ་བཛྲ་གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོཿཞེས་བརྗོད་པས་དགྱེས་པ་ བསྐྱེད་པར་བྱའོ། །དེ་ལྟར་ཡེ་ཤེས་ཀྱིས་བསྟིམས་པ་ལ་སྐྱེ་མཆེད་བྱིན་གྱིས་བརླབ་པར་བྱ་སྟེ། གཏི་མུག་རྡོ་རྗེ་མ་དང་། འདོད་ཆགས་རྡོ་རྗེ་མ་དང་། ཕྲག་དོག་རྡོ་རྗེ་མ་དང་། བདག་མེད་རྣལ་འབྱོར་མ་རྣམས་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ལ་མིང་གི་ཡི་གེ་དང་པོ་མཾ་དཾ་མཾ་རཾ་སཾ་ནཾ་རྣམས་ ལས་བསྐྱེད་པར་བྱ་སྟེ། ཞལ་གཅིག་ཕྱག་གཉིས་སྣ་ཚོགས་མདོག་ཅན་ཕྱག་གཡས་ན་གྲི་གུག་གཡོན་ན་ཐོད་པ་རོའི་གདན་ཅན་ནོ། །ཨོཾ་ཨཱཿཧཱུྃ་གསུམ་ལས་མཁའ་སྤྱོད་མ་དང་ས་སྤྱོད་མ་དང་ས་འོག་མ་གསུམ་དཀར་བ་དང་དམར་བ་དང་གནག་པའོ། །ལྷ་མོ་སྐུ་ཡི་རིགས་ལས་བྱུང་། །རྣལ་འབྱོར་ མ་ནི་མཁའ་སྤྱོད་མ། །དེ་དག་བྱིན་གྱིས་བརླབས་ནས་སུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་རི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ལྷ་མོ་ཐུགས་ཀྱི་རིགས་ལས་བྱུང་། །རྣལ་འབྱོར་མ་ནི་ས་འོག་མས། །དེང་བདག་བྱིན་བརླབ་གནས་སུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཏྟཱ་ལཱི་ བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། ཕྱི་ནང་གསང་བ་གསུམ་གྱི་མཆོད་པས་མཆོད་ལ་དབང་བསྐུར་བ་བླང་བར་བྱའོ། །བཅོམ་ལྡན་དེ་བཞིན་གཤེགས་པ་རྣམས། །མགོན་པོས་བདག་ལ་ དབང་བསྐུར་ཅིག །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཧེ་རུ་ཀའི་གཟུགས་སུ་བྱ་སྟེ་བདུད་རྩི་ལྔས་བཀང་བའི་བུམ་པས་དབང་བསྐུར་བས། ཙཽ་རཱི་དང་གཽ་རཱི་དང་། པུཀྐ་སཱི་རྣམས་ཀྱི་དབུ་རྒྱན་ལ་མི་བསྐྱོད་པའོ། །ཆོམ་རྐུན་མ་དང་རི་ཁྲོད་མ་ལ་རྣམ་པར་སྣང་མཛད་དོ། །རོ་ལངས་མ་དང་གཏུམ་མོ་ནི་རིན་ ཆེན་འབྱུང་ལྡན་ནོ། །ཟ་ཕོད་མ་དང་གཡུང་མོ་ལ་སྣང་བ་མཐའ་ཡས་བསམ་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་ཡཾ་ལས་རླུང་དང་རཾ་ལས་མེའི་སྟེང་དུ་ཨ་ལས་ཐོད་པའོ། །དེའི་ནང་དུ་ཟླ་བ་དང་ཉི་མའི་དཀྱིལ་དུ་ཧཱུྃ་ལས་རྡོ་རྗེ། དེའི་ལྟེ་བ་ལ་ཧཱུྃ་ཟླ་བའི་བར་དུ་བྷྲཱུཾ་ཨཱཾ་ཛྲཱི་ཁཾ་ ཧཱུྃ་རྣམས་ལས་སངས་རྒྱས་ལྔ་བསྐྱེད། གོ་ཀུ་ད་ཧ་ན་རྣམས་ལས་སེམས་ཅན་ལྔ་བསྐྱེད་དེ། མེ་སྦར་བ་དེ་དག་འོད་དུ་ཞུ་བ་ལ་རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་འཕྲོས་པས་ཕྱོགས་བཅུའི་བདུད་རྩི་བཀུག་ནས་ཐིམ་པར་གྱུར་པ་ལ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ལྷ་རྣམས་ཀྱི་ལྕེ་ལ་རྡོ་རྗེ་ནས་ ཀྱི་འབྲས་བུ་ཙམ་བསམས་ལ་བདུད་རྩི་མྱང་བར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་ལྷ་མོ་བརྒྱད་འཕྲོས་པ་ལས་བྱང་ཆུབ་ཀྱི་སེམས་ལ་སོགས་པ་གོང་དུ་བརྗོད་པ་ལྟ་བུར་བསྡུས་ཏེ་གཙོ་བོ་ནས་བརྩམས་ཏེ་དཀྱིལ་འཁོར་མཆོད་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་ བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་ལྷ་མོ་དེ་དག་གིས་བསྟོད་པ། ཁྱོད་ནི་རྣལ་འབྱོར་མ་རྣམས་ཡོངས་སུ་བསྐོར། །ཉིད་ཀྱི་ཐུགས་ཀྱིས་ཁྱོད་ཀྱི་དགོངས་པ་འགྲུབ། །གཡོ་དང་མི་གཡོ་འཁོར་བ་ཀུན་སྒྲུབ་ཁྱོད། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་བསྒྲུབ། །སྒྱུ་མ་སྤྲོས་པའི་ཐུགས་ནི་ སྒྲུབ་མཛད་པ། །རྡོ་རྗེ་ཧེ་རུ་ཀ་དཔལ་དགྱེས་པའི་ཐུགས། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ལྟར་བསྒོམས་པ་ལས་དང་པོ་སྤྲིན་ལྟ་བུ་དང་། གཉིས་པ་དུ་བ་ལྟ་བུ་དང་། གསུམ་པ་གློག་གི་རྣམ་པ་ལྟ་བུ་དང་། བཞི་པ་མར་མེ་ལྟ་བུ་དང་། ལྔ་པ་ཐམས་ཅད་གསལ་བའི་སྤྲིན་མེད་པའི་ ནམ་མཁའ་ལྟ་བུ་སྟེ། ཕྱིས་སྒྱུ་མ་དང་། རྨི་ལམ་དང་མཚུངས་པར་འགྱུར་རོ། །དེ་ནས་འཁོར་ལོ་བཞི་ལ་གནས་པར་བྱ་སྟེ། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །བསྲེགས་པས་ཧཾ་ལས་རི་བོང་འཛག །དེ་ནི་བླ་ མའི་ཞལ་ལས་ཤེས་པར་བྱའོ། །དེ་ནས་དག་པ་རྗེས་སུ་དྲན་པར་བྱ་སྟེ། སྤྱན་དམར་པ་ནི་སྙིང་རྗེའོ། །ཡན་ལག་གནག་པ་ནི་བྱམས་པའོ། །ཞབས་བཞི་ནི་བསྡུ་བའི་དངོས་པོ་བཞིའོ། །ཞལ་བརྒྱད་ནི་རྣམ་པར་ཐར་པ་བརྒྱད་དོ། །ཕྱག་བཅུ་དྲུག་ནི་སྟོང་པ་ཉིད་བཅུ་དྲུག་གོ། །འཁོར་ལོ་དང་རྣ་ཆ་དང་ མགུར་ཆུ་དང་གདུ་བུ་དང་། སྐ་རགས་ནི་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་དང་རིན་ཆེན་འབྱུང་ལྡན་དང་རྣམ་པར་སྣང་མཛད་དང་དོན་ཡོད་གྲུབ་པ་རྣམས་གོ་རིམས་བཞིན་ནོ། །ཁྲོ་བོ་ནི་གདུག་པ་འདུལ་བའོ། །སྤྱན་གསུམ་ནི་སྐུ་གསུམ་མོ། །རུས་པ་ནི་བདེན་པ་བཞིའོ། །གཟུགས་དང་ཚོར་བ་དང་འདུ་ ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་མ་དང་། གསང་བའི་གཽ་རཱི་དང་ཆུ་མ་དང་རྡོ་རྗེ་མཁའ་འགྲོ་མ་དང་བདག་མེད་མའོ། །ས་དང་ཆུ་དང་མེ་དང་རླུང་ནི་པུཀྐ་སཱི་དང་རི་ཁྲོད་མ་དང་གཏུམ་མོ་དང་གཡུང་མོའོ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ནི་གཽ་རཱི་དང་ཆོམ་རྐུན་མ་དང་ཟ་ ཕོད་མ་དང་ས་སྤྱོད་མ་དང་མཁའ་སྤྱོད་མའོ། །ཕྱག་གཡོན་གྱི་ཐོད་པ་བརྒྱད་ན་ས་ལ་སོགས་པ་བརྒྱད་འཛིན་པ་ནི་ཡོ་བྱད་ཕུན་སུམ་ཚོགས་པར་མཛད་པའོ། །ཕྱག་གཡས་ཀྱི་ཐོད་པ་ན་གླང་པོ་ལ་སོགས་པ་འཛིན་པ་ནི་གློ་ནད་དང་དབུགས་མི་བདེ་བ་དང་སྨྱོ་བ་དང་ཁྲག་སྐྱུག་པ་དང་། མཛེ་ནད་དང་འབྲུམ་ པ་དང་། མཆེར་བའི་ནད་དང་མཆིན་པའི་ནད་རྣམས་ཞི་བར་བྱེད་པའོ། །བསམ་གཏན་གྱིས་དུབ་ན་སྔགས་ཀྱི་བཟླས་པ་བྱ་སྟེ། ཨོཾ་ཨཥྚཱ་ན་ནཱ་ཡ། པིཾ་ག་ལོརྡྷྭ་ཀེ་ཤ་ཝརྟ་མ་ནེ། ཙ་ཏུ་རྦིཾ་ཤ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཱ་དྷཱ་རི་ཎེ། ཨདྷ་མཱ་ཏ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷེན་དུ་ དཾཥྚྲཱི་ཎེ། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གརྫ་ཡ། ཏརྫ་ཡ་ཏརྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སབྟ་སཱ་ག་རཱན། བནྡྷ་བནྡྷ་ནཱ་གཱཥྚ་ཀཱན། གྲྀཧྣ་གྲྀཧྣ། ཤ་ཏྲཱུཾ་ནཾ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཕཊ་སྭཱ་ཧཱ། ཡང་ན་ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་རྒྱུན་དུ་བཟླས་པ་བྱའོ། །དེ་ནས་ གཏོར་མ་གོང་མ་ལྟར་བདུད་རྩིར་བྱིན་གྱིས་བརླབས་ལ། མདུན་གྱི་ནམ་མཁའ་ལ་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ། པདྨ་འདབ་མ་བརྒྱད་སུམ་བརྩེགས་སུ་དཀར་པོ་དང་ནག་པོ་དང་དམར་པོ་ལ་ཨོཾ་དང་ཧཱུྃ་དང་ཨཱཿརྣམས་ལས་ལྷ་བརྒྱད་དང་། ཕྱོགས་སྐྱོང་བརྒྱད་དང་ཀླུ་བརྒྱད་བཀོད་ལ་དེ་ལ་ཡེ་ཤེས་ཀྱི་ལྷ་ བསྟིམ་པ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། ལྕེ་ལ་རྡོ་རྗེ་བསམས་ཏེ་སྔགས་འདིས་བཏང་ངོ་། །ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ། བྷཱུ་ཏ། བཧྣི། བ་ཨུ། རཀྑ། ཙནྡ། སུཛྫ། མཱ་ད། པཔྤ། ཏ་ལ་པཱ་ཏཱ་ལེ། ཨཊྚ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ། བྷུཉྫ། ཛི་གྷ། ཕུལླ། དྷཱུ་པྤ། མཱཾ་ས། པིཾ་གྷ། ཨམྦྷ། སཔྤ། ཀཛྫ། སཱ་ད། ཁནྟི། ཁུ་ཎི། ཕེ་ཌ། གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། བསྒོམ་པའི་མཐར་སྨོན་ལམ་ནི། རིགས་བཟང་སྐྱེ་དང་སྨྱོ་མིན་པ། །དམ་ཚིག་ལྡན་ཞིང་ཀྱེའི་རྡོར་འཆང་། །བླ་མ་བསྙེན་བཀུར་སྙིང་རྗེ་ལྡན། །བདག་ནི་སྐྱེ་ཞིང་སྐྱེ་གྱུར་ཅིག །ལག་ པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་འདི་འདོན་པ་དང་། །བཙུན་མོའི་ཁུ་བ་ཡང་དག་ཟ། །བདག་ནི་སྐྱེ་ཞིང་སྐྱེ་གྱུར་ཅིག །བདག་ནི་ཤེས་རབ་ལྡན་པ་མ་ཡིན་ཡང་། །འདུ་བྱེད་རྒྱ་མཚོས་གཡེངས་དང་བློ་ཆུང་ཡང་། །ཕན་པར་བསམས་ནས་སྒྲུབ་ཐབས་འདི་བརྩམས་པས། །འགྲོ་ཀུན་ ཀྱེ་ཡི་རྡོ་རྗེ་མྱུར་ཐོབ་ཤོག །བཅོམ་ལྡན་འདས་ཀྱེའི་རྡོ་རྗེའི་སྒྲུབ་པའི་ཐབས། མངོན་པར་རྟོགས་པའི་རིམ་པ་དོན་རབ་ཏུ་གསལ་བ་ཞེས་བྱ་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་སཱ་དྷ་ན། བོད་སྐད་དུ། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས། རྡོ་རྗེ་སེམས་ དཔའ་ལ་ཕྱག་འཚལ་ལོ། །ཀུན་ནས་དང་བས་རྗེ་བཙུན་གྱི། །ཞབས་ཀྱི་པདྨར་གུས་བཏུད་དེ། །བློ་དམན་རྣམས་ལ་ཕན་པའི་ཕྱིར། །དགྱེས་པ་རྡོ་རྗེ་སྒྲུབ་ཐབས་བྲི། །འདིར་རྟེན་གྱི་ཁྱད་པར་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྡོམ་པ་དང་ལྡན་པས། གནས་དུར་ཁྲོད་ ལ་སོགས་པར། ནམ་གྱི་བརྒྱད་ཆ་ལ་ལངས་ཏེ། ཁྲུས་དང་། ཆུ་སྦྱིན་བྱས་ནས་མཎྜལ་ཕུལ་ནས་དེ་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་བཤམས་ལ། སྟན་ནང་ཚངས་ཅན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། ཧེ་བཛྲ་ཞེས་བརྗོད་པས་སྐད་ཅིག་གིས་རང་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་ གཉིས་པར་བསྒོམས་པའི་རྗེས་ལ། རང་གི་སྙིང་གར་རེ་ཕ་བསྒོམ། །དེ་ལས་བྱུང་བའི་ཉི་དཀྱིལ་འཁོར། །དེར་ནི་ཧཱུྃ་གི་རྣམ་པ་ཉིད། །ཐབས་དང་ཤེས་རབ་རང་བཞིན་ཅན། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །ནམ་མཁར་རྗེ་བཙུན་བལྟས་ནས་ནི། །རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །རྒྱན་རྣམས་ཐམས་ ཅད་འཛིན་པ་ཡི། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། །དཀར་མོ་རི་དགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཅིང་། །པུཀྐ་སཱི་ནི་རྡོ་རྗེའི་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང་། །འདི་ རྣམས་ཀྱིས་ནི་གཙོ་བོ་མཆོད། །འདོད་ཆགས་ཆེན་པོ་རྗེས་ཆགས་ནས། །གཡུང་མོ་སྐུ་ལ་འཁྱུད་པ་ཉིད། །དེ་ལྟ་བུའི་ཚོགས་རྟེན་བློས་མངོན་སུམ་ལྟ་བུར་དམིགས་ལ། ཕྱག་བཙལ་བ་དང་། ཕྱི་ནང་གསང་བ་དང་དེ་ཁོ་ནའི་མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ ཡི་རང་བ་དང་། སྐྱབས་སུ་འགྲོ་བ་དང་། ལམ་སྟོན་པ་དང་། ཀུན་རྫོབ་དང་དོན་དམ་གྱི་བདག་ཉིད་ཀྱི་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་བསྔོས་ལ། ཚོགས་རྟེན་རྣམས་ལ་བློས་བཏང་བའམ། གཤེགས་སུ་གསོལ་བར་བྱའོ། །དེ་ནས་དང་པོ་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་ བསྒོམ་ཞིང་། །གསུམ་པར་དགའ་བ་བསྒོམ་པ་དང་། །ཀུན་གྱི་མཐར་ནི་བཏང་སྙོམས་སོ། །ཡང་ནི་སྟོང་པའི་བྱང་ཆུབ་སྟེ། །དེ་ཡང་སྤྲོ་བསྡུ་སྔོན་དུ་འགྲོ་བས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ། ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་བསྒོམ་མོ། །རེ་ཕས་ཉི་མ་སྔོན་དུ་རྣམ་ བསྒོམས་ནས། །ཉི་དེར་ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱི་ནི་ར་བ་དང་། །གུར་བཅིངས་པ་ཡང་རྣམ་པར་བསྒོམ་པ་ཉིད། །དེ་ཡི་ནང་དུ་བྷྲཱུཾ་ལས་བྱུང་བ་ཡིས། །ཕྱིར་ལོག་འཁོར་ལོ་ལྟ་བུ་ཡི། །འཁོར་ལོ་རྩིབས་བཅུ་རྒྱ་ཆེ་ཞིང་། །ཁོང་སྟོང་མི་གཡོ་འཁོར་བར་བསྒོམ། །ནམ་མཁའི་ཁམས་སུ་ བྷ་ག་བསམ། །དབུས་སུ་རྣམ་པར་བསྒོམ་པ་ནི། །འཁོར་ལོའི་སྔོན་དུ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །འཁོར་ལོ་ས་དང་ཆུ་ནི་སྔོན། །ཇི་ལྟར་རིགས་པར་བྱིན་ཟ་དང་། །ལྷ་རྣམས་ཀྱི་ནི་རླུང་ཆེན་དང་། །དེ་སྟེང་བྷྲཱུཾ་ལས་འཁོར་ལོ་དང་། །ཐིག་ལེར་གྱུར་པས་གཞལ་ཡས་ཁང་། །གྲུ་བཞི་ པ་ལ་སྒོ་བཞི་པ། །པདྨ་འདབ་བརྒྱད་འཕར་མ་གཅིག །ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན། །དྲ་བ་དྲ་བ་ཕྱེད་པ་དང་། །དུར་ཁྲོད་བརྒྱད་དང་ཡང་དག་ལྡན། །ཕྱི་ནང་རྡོ་རྗེའི་ཐིག་གིས་སྤྲས། །ལྟེ་བར་རོ་ནི་རྣམ་བསྒོམ་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བརྗོད། །འདབ་མ་བརྒྱད་ལ་བསམ་པ་ནི། །ཚངས་པ་དབང་ པོ་ཉེ་དབང་དྲག །གཤིན་རྗེ་དང་ནི་ནོར་བདག་དང་། །བདེན་བྲལ་དང་ནི་ཐགས་བཟངས་རིས། །གཽ་རཱི་ལ་སོགས་རྣམས་ཀྱི་གདན། །ཉི་མར་བཅས་པའི་རོ་དགུ་བསམ། །ཨཱ་ལི་ཟླ་བ་ཀཱ་ལི་ཉི། །དགུང་གཉིས་རྣལ་འབྱོར་མ་ཡིས་བསྒོམ། །དབུས་ཀྱི་ཉི་ཟླ་ཁ་སྦྱར་བར། །ནཱ་ད་ལྷུང་བས་ཧཱུྃ་དུ་གྱུར། ། ཧཱུྃ་ལས་གཾ་སོགས་སྤྲོ་བར་བྱ། །གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་གཽ་རཱི་ལ་སོགས་པའོ། །དེ་ལས་སྤྲོས་ཤིང་བསྡུས་པ་ལས། །དབུས་ཀྱི་གཙོ་བོའི་ཕྱག་མཚན་ནི། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྟེ། །ཁ་དོག་ནག་པོ་འཇིགས་ཆེན་པོ། །རྡོ་རྗེ་ལྟེ་བའི་དབུས་གནས་པར། །ཡང་ནི་ཧཱུྃ་གིས་དེ་ཉིད་བསྒོམ། །འཁོར་ རྣམས་གྲི་གུག་རྔེ་ཆུང་དང་། རུས་སྦལ་སྦྲུལ་ནི་ཕྱོགས་སུའོ། །སེང་གེ་དང་ནི་དགེ་སློང་དང་། །འཁོར་ལོ་རྡོ་རྗེ་མཚམས་སུའོ། །རང་རང་ས་བོན་དག་གིས་མཚན། །ཡང་ནི་སྤྲོ་བསྡུས་ས་བོན་བསྡུ། །དེ་ལས་ལྔ་པ་གཟུགས་བརྙན་རྫོགས། །ཧཱུྃ་གི་རྣམ་པར་གྱུར་བལྟས་ནས། །ཞེ་སྡང་བདག་ཉིད་ རྣམ་པར་བསྒོམ། །རྡོ་རྗེ་སྐྱེ་བ་ནག་པོ་ཆེ། །འདམ་སྐྱེས་སྔོན་མོ་འདྲ་བའི་མདོག །ཡང་ན་སྔོ་དང་ཉི་མའི་མདོག །དད་པས་ངེས་པར་རྣམ་པར་བསྒོམ། །སྔོ་དང་ཉི་མ་མཚུངས་པའི་མདོག །བནྡུ་དམར་པོའི་སྤྱན་དང་ལྡན། །སྐྲ་སེར་གྱེན་དུ་འཁྱིལ་བ་དང་། །ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །འཁོར་ལོ་ རྣ་ཆ་གདུ་བུ་དང་། །ལག་གདུབ་དང་ནི་སྐ་རགས་ཉིད། །སངས་རྒྱས་ལྔ་ནི་རྣམ་དག་པ། །འདི་རྣམས་ཕྱག་རྒྱར་རབ་ཏུ་གྲགས། །སྡང་མིག་བརྒྱད་གཉིས་ལོན་པའི་ཚུལ། །གཡོན་ན་རྡོ་རྗེ་ཐོད་པ་དང་། །གཡོན་པ་ནས་ཀྱང་ཁ་ཊྭཱཾ་ག །གཡས་ན་རྡོ་རྗེ་ནག་པོ་ཉིད། །ཧཱུྃ་གི་ཡི་གེ་འདོན་ པའི་བདག །རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་ནས། །དུར་ཁྲོད་དུ་ནི་མགོན་པོ་རོལ། །དབང་དཀར་གཤིན་རྗེ་ཆོམ་རྐུན་མ། །ཆུ་བདག་ཕྱོགས་སུ་རོལ་པ་མོ། །ལུས་ངན་པོར་ནི་གྷསྨ་རཱི། །དབང་ལྡན་དུ་ནི་པུཀྐ་སཱི། །མེར་ནི་དེ་བཞིན་རི་ཁྲོད་མ། །བདེན་བྲལ་གདོལ་པ་མོ་གཞག་ཅིང་། ། རླུང་དུ་གཡུང་མོ་རྣམ་པར་བཞག །དཀར་མོ་གཡས་ན་གྲི་གུག་སྟེ། །དེ་བཞིན་གཡོན་ན་རོ་ཧི་ཏ། །ཆོམ་རྐུན་མ་གཡས་ཅང་ཏེའུ། །གཡོན་པའི་ཕྱག་ན་ཕག་པ་ཉིད། །རོ་ལངས་མ་གཡས་རུས་སྦལ་ཏེ། །གཡོན་པ་ཡིས་ནི་པདྨའི་སྣོད། །གྷསྨ་རཱི་ནི་གཡས་ན་སྦྲུལ། །གཡོན་པར་རྣལ་ འབྱོར་ལྷུང་བཟེད་ཉིད། །པུཀྐ་སཱི་གཡས་སེང་གེ་སྟེ། །གཡོན་པས་དགྲ་སྟ་དེ་བཞིན་ནོ། །རི་ཁྲོད་མ་གཡས་དགེ་སློང་སྟེ། །གཡོན་ན་གསིལ་བྱེད་དེ་བཞིན་ནོ། །གདོལ་པ་མོ་གཡས་འཁོར་ལོ་སྟེ། །གཡོན་པས་ཐོད་པ་དེ་བཞིན་ནོ། །གཡུང་མོ་གཡས་ན་རྡོ་རྗེ་སྟེ། །གཡོན་ན་སྡིགས་མཛུབ་ དེ་བཞིན་ནོ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །དཀར་མོ་ལ་སོགས་ཕྱག་གཉིས་བརྗོད། །སྤྱན་གསུམ་སྐྲ་ནི་གྱེན་དུ་སྟེ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཽ་རཱི་ཁ་དོག་ནག་པོར་གྱུར། །ཆོམ་རྐུན་མ་ནི་བཙོད་དང་མཚུངས། །རོ་ལངས་མ་ནི་གསེར་བཙོས་བཞིན། །གྷསྨ་རཱི་ནི་མརྐཏ་ མཚུངས། །པུཀྐ་སཱི་ནི་དབང་སྔོན་མཚུངས། །རི་ཁྲོད་མ་ནི་ཟླ་ནོར་འོད། །གཏུམ་མོ་ནམ་མཁའི་སྔོ་བསངས་མ། །གཡུང་མོ་སྣ་ཚོགས་པ་ཞེས་བརྗོད། །དེ་ནས་ཞི་བའི་ཡིག་འབྲུ་དགོད། །མིག་ལ་གཏི་མུག་རྡོ་རྗེ་མ། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་མ་ཞེས་བཤད། །ཁ་ལ་འདོད་ ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །དབང་པོ་རྣམས་ནི་དག་པའི་ཕྱིར། །འདིས་ནི་ཆོ་ག་སེམས་དཔའ་ཆེ། །དེ་ནས་གནས་གསུམ་བྱིན་གྱིས་བརླབ། །སྤྱི་བོར་ས་སྤྱོད་མགྲིན་པར་མཁའ། །སྙིང་གར་བདག་མེད་རྣལ་འབྱོར་མའོ། །སྤྲོ་ བསྡུ་སེམས་དཔའ་སུམ་བརྩེགས་བསྡུ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ། །མཆོད་བསྟོད་དགུག་གཞུག་དབང་དུ་བྱ། །རིགས་ལྔ་ལ་སོགས་སྤྱན་དྲངས་ཏེ། །མཆོད་ཅིང་གསོལ་གདབ་དབང་བསྐུར་བས། །ཞེ་སྡང་ཕྱག་རྒྱ་གཙོ་བོ་ལ། །ཞེ་སྡང་ཕྱག་རྒྱ་པུཀྐ་སཱི། །གཏི་མུག་ཕྱག་རྒྱས་རི་ཁྲོད་མ། ། སེར་སྣའི་ཕྱག་རྒྱས་གདོལ་པ་མོ། །འདོད་ཆགས་ཕྱག་རྒྱས་གཡུང་མོ་ཉིད། །ཡང་ནི་དཀར་མོ་ཞེ་སྡང་རྒྱས། །གཏི་མུག་ཕྱག་རྒྱས་ཆོམ་རྐུན་མ། །སེར་སྣའི་ཕྱག་རྒྱས་རོ་ལངས་མ། །འདོད་ཆགས་ཕྱག་རྒྱས་གྷསྨ་རཱི། །ཁ་ཊྭཱཾ་ག་དང་རྗེས་ཆགས་བྱའོ། །བདག་བྱིན་བརླབ་སོགས་རྫོགས་རིམ་བསྒོམ། ། དེ་ནས་རྣལ་འབྱོར་མ་བརྒྱད་པོ། །ཐུགས་ཀའི་ཧཱུྃ་ལ་བསྡུ་བྱས་ལ། །དེ་ཡི་ནང་གི་རྒྱས་གདབ་བསྒོམ། །དེ་རྗེས་དག་པ་རྗེས་དྲན་བྱ། །བཟླས་ཐབས་བཞི་ཡི་རིམ་པ་ཡིས། །ངག་གི་སྒྲིབ་སྦྱོང་གསང་སྔགས་བཟླས། །ཨོཾ་ཏྲཻ་ལོཀྱ་ཨཱཀྵེ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་བཟླས་པ་བྱའོ། ། གཏོར་མ་དེ་ཉིད་བཞི་ལྡན་བཏང་། །སྨོན་ལམ་བཏབ་ལ་སྤྱོད་ལམ་བྱའོ། །རྒྱུན་དུ་ཐུན་བཞིའི་རྣལ་འབྱོར་བསྒོམ། །ཆོ་གའི་རིམ་པ་དེ་ཉིད་ཀྱིས། །ཕྱག་བཞི་ནི་བདུད་བཞི་ལས་རྣམ་པར་རྒྱལ་བའི་རྣམ་པར་དག་པ་སྟེ། གོང་དུ་བརྗོད་པའི་གཟུགས་དང་སྐུ་མདོག་དང་ཧཱུྃ་ལས་བྱུང་བའོ། །ཕྱག་ གཡོན་གྱི་དང་པོ་ན་སྐྱེས་པའི་ཐོད་པ་ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་བཀང་བ། དེ་བཞིན་དུ་གཡས་ཀྱི་ཕྱག་ན་རྡོ་རྗེ་དང་། ཕྱག་ལྷག་མ་གཉིས་ཀྱིས་ཤེས་རབ་མ་ལ་འཁྱུད་པ། ཤེས་རབ་མ་རྡོ་རྗེ་ཕག་མོ་ནི་བཅོམ་ལྡན་འདས་ཀྱི་གཟུགས་ཅན་ནོ། །དེའི་སྔགས་ནི་ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་དྲུག་པ་ཞལ་གསུམ་པ། གཡོན་དམར་བ། གཡས་པ་ཟླ་བ་དང་ཉི་མ་ལྟ་བུ། དང་པོ་སྔོན་པོ། གཅེར་བུ་གོང་དུ་གསུངས་པའི་སྐུ་མདོག་དང་གཟུགས་ཅན་ནོ། །ཕྱག་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཕྱག་གཡོན་གྱི་དང་པོ་ན་རྩེ་གསུམ་པ། གཡས་ཀྱི་དང་པོ་ན་རྡོ་རྗེ། གཡོན་གྱི་གཉིས་པ་ན་དྲིལ་བུ། ཕྱག་གཡས་ཀྱི་གཉིས་པ་ན་གྲི་གུག །ཕྱག་ལྷག་མ་གཉིས་ཀྱིས་ཡུམ་ལུ་གུ་རྒྱུད་མ་དང་སྙོམས་པར་འཇུག་པའི་ཚུལ་གྱིས་འཁྱུད་པའོ། །དེ་ཡང་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་ཤེས་རབ་མ་སྟེ། གཡས་པ་དང་གཡོན་པ་ན་གྲི་གུག་དང་ཐོད་པ་ བསྣམས་པ། ཁམས་གསུམ་གྱི་བདག་ཉིད་ཅན་གྱི་རོ་མནན་པའོ། །དེའི་སྔགས་ནི། ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དཔལ་ལྡན་འབུམ་ལྔ་ལ་བརྟེན་རྡོ་རྗེ་སེམས་དཔའ་ཡི། །བླ་མའི་གསུང་གིས་གསལ་བར་བྱས་ནས་རྣམ་སྤྲས་པའི། །དེ་དགེས་འགྲོ་བ་འདི་ཀུན་སྲིད་མཚོ་ བརྒལ་གྱུར་ནས། །བདེ་མཐའ་གཅིག་བུ་དགྱེས་པའི་རྡོ་རྗེ་ཉིད་གྱུར་ཅིག །དཔལ་དགྱེས་པ་རྡོ་རྗེའི་གཙོ་བོ་སེམས་དཔའ་གསུམ་གྱི་སྒྲུབ་ཐབས་རྗེ་ནཱ་རོ་པའི་ཞལ་གྱི་ལུང་སྦྱར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཏྟྭཱ་ལོ་ཀ་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་སྣང་བ་ཞེས་ བྱ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀེང་རུས་མཐའ་ནི་འཁོར་བྱེད་སྤྲིན་ཚོགས་འདྲལ་ཞིང་དྲི་མེད་ནམ་མཁའི་ལམ་ཡིན་པ། །རྡོ་རྗེའི་འོད་ཟེར་སྤྲོ་བྱེད་སེང་གེ་དབང་པོ་ཚངས་པ་སྐྲག་འགྱུར་བསྟོད་འོས་པ། །བསྐལ་མཐའི་ཆུ་སྦྱིན་སྒྲ་བཞིན་སྒྲ་སྙན་འཇམ་འགྱུར་ཧཱུྃ་གི་ཡི་གེ་སྒྲར་ འགྱུར་བ། །འཇིགས་པས་བདུད་བཞི་སྐྲག་ཅིང་སྲིད་གསུམ་གྱིས་ནི་ཕྱག་བྱས་ཧེ་རུ་ཀ་ཡི་གར་ཁྱོད་སྐྱོང་གྱུར་ཅིག །ནག་འགྱུར་ས་འཛིན་དང་འདྲ་འཇམ་པའི་ཛན་ན་ཛན་སྒྲར་འགྱུར་བའི་པུས་མོའི་ཟུང་དགོད་དང་། །དཔུང་པར་འཇིགས་པའི་སྤྱན་གསུམ་གྱིས་ནི་བལྟ་བས་ལྷ་རྣམས་སྐྲག་ པར་མཛད་པ་དང་། །སྤྲོས་འགྱུར་རེངས་པའི་ཁྲོ་གཉེར་འཇོམས་པ་བསྟན་ཏེ་ཞལ་ནི་མི་བཟད་པ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ཨུཏྤལ་སྔོ་འདྲ་རང་སྐུས་ལུས་ཅན་སྐྱོབ་གྱུར་ཅིག །རྡོ་རྗེ་སེམས་དཔའ་གནང་བ་ཡིས། །སྙིང་རྗེས་སེམས་ཅན་རྣམས་ལ་ནི། །དེ་ཉིད་སྣང་བ་ཞེས་བྱ་བ། ། དེ་ནི་བདག་གིས་བྲི་བར་བྱ། །གདུལ་བར་དཀའ་བར་གྱུར་པ་ཡིས། །སེམས་ནི་ལམ་ལ་གཞུག་པའི་ཕྱིར། །བདག་གིས་ནན་ཏན་བྱེད་པ་ལ། །དེ་ཉིད་རིག་མཁན་བཟོད་པར་མཛོད། །རྒྱུད་ནི་དགྱེས་པའི་རྡོ་རྗེ་རྒྱུད་སོགས་སྙིང་པོ་སྟེ། །བདེ་གཤེགས་ཀྱིས་བསྟན་ནན་ཏན་གྱིས་ནི་བཟུང་ནས་སུ། ། སྣ་ཚོགས་སྐྱེད་བྱེད་བསྟན་བཅོས་དེ་ཉིད་སྣང་བ་ནི། །འགྲོ་ལ་ཕན་ཐོགས་ཕྱིར་ནི་བདག་གིས་བསྟན་པར་བྱ། །དང་པོར་རེ་ཞིག་སློབ་མས་བླ་མའི་ཕྱོགས་སུ་བལྟ་ཞིང་མཎྜལ་གྱི་ཆོ་ག་བྱས་ལ། དེ་ནས་སེམས་ཅན་རྣམས་སྐྱོ་བར་འགྱུར་བའི་ཕྱིར། འགྲོ་ལ་ཕན་ཐོགས་དོན་དུ་སངས་རྒྱས་ འགྱུར་བར་ཤོག །ཅེས་བྱ་བ་སྟེ། དམ་བཅའ་བར་བྱའོ། །དེ་ནས་བདག་ཉིད་བླ་མ་ལ་དབུལ་བྱ། །ཞེས་བྱ་བ་ནི་སྦྱིན་པའོ། །དམ་པ་མིན་པའི་ལམ་ལ་སེམས་འཇུག་པར་འགྱུར་བ་ལས་ལྡོག་པ་ཞེས་བྱ་བའི་ཚུལ་ཁྲིམས་སོ། །ལུས་དང་ངག་དང་སེམས་འབྱུང་བ་ཞེས་བྱ་བ་ནི་བཟོད་པའོ། །སྔོན་གྱི་ དམ་བཅའ་བ་ཡོངས་སུ་རྫོགས་པའི་གྲུབ་པ་ཞེས་བྱ་བ་ནི་བརྩོན་འགྲུས་སོ། །སེམས་རྩེ་གཅིག་ཏུ་གྱུར་པ་ཞེས་བྱ་བ་ནི་བསམ་གཏན་ནོ། །འདི་དག་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱིས་ངེས་པར་ཤེས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་མིང་ཐོབ་པའོ། །དེ་བས་ན་ཤེས་རབ་དང་ལྡན་ པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔས་མིང་ཐོབ་པར་འགྱུར་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྟེན་པར་བྱེད་ཅིང་མི་དགེ་བའི་ལས་བཅུ་ཡོངས་སུ་སྤང་བར་བྱའོ། །དེ་རྣམས་ཀྱང་ལུས་དང་ངག་དང་སེམས་ལ་བརྟེན་པར་གྱུར་པའོ། །ལུས་ ནི་ངག་ལ་བརྟེན་པ་དང་། ངག་ནི་སེམས་ལ་བརྟེན་པ་དང་། སེམས་ནི་ནམ་མཁའ་ལ་བརྟེན་པ་སྟེ། ནམ་མཁའ་ནི་གང་ལ་ཡང་བརྟེན་པར་མ་གྱུར་པའོ། །དེ་བས་ན་འབད་པ་ཐམས་ཅད་ཀྱིས། གསུམ་པོ་འདི་ཉིད་དྲི་མ་མེད་པར་བྱས་ལ། སླར་ཡང་གསུམ་པོ་འདི་ཉིད་ལ་རྣམ་པར་བཤད་པར་ བརྗོད་པར་བྱའོ། །འདི་ལྟ་སྟེ་ལུས་ནི་གཟུགས་བརྙན་དང་འདྲ་བའོ། །ངག་ནི་སྒྲ་བརྙན་བཞིན་དུའོ། །སེམས་ནི་ནམ་མཁའ་དང་མཉམ་པ་སྟེ། གསུམ་པོ་དེ་ནི་ཤེས་རབ་དང་ལྡན་པས་རྣམ་པར་དག་པར་འགྱུར་ཞེས་བྱ་བའོ། །དེ་ལྟ་བས་ན་མི་དགེ་བ་བཅུས་གནོད་པར་མི་བྱེད་ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སྔོན་དུ་ལས་རྗེས་སུ་དྲན་པར་སྤྱད་པར་བྱ་བ་ཡིན་ནོ། །ལས་དང་པོ་པའི་དུམ་བུ་སྟེ་དང་པོའོ།། །།དེ་ནས་སྔགས་བསྟན་པའི་རྒྱུད་རྣམ་པ་བཞི་ལས་སྔགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་སོགས་པ་ནི། གང་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཐམས་ཅད། ངན་སོང་དུ་གནས་པའི་སེམས་ཅན་རྣམས་བཀུག་ནས་དམ་པའི་ལམ་ལ་དགོད་པའི་ཕྱིར་བསྟན་ཏོ། །བསྟན་པ་ཡང་ཐ་མ་དང་འབྲིང་དང་རབ་དང་སེམས་ཅན་གྱི་བསམ་པ་རབ་ཏུ་དབྱེ་བས་སྣ་ཚོགས་པར་འགྱུར་ཏེ། དཔེར་ན་གཅིག་པུ་ནི་གཅིག་མིན་འགྱུར་བ་བཞིན་དུའོ། །ཅི་ལྟར་འགྱུར་ཞེ་ན། དཔེར་ན་ཆུས་གང་བར་གྱུར་པའི་ཆུ་སྣོད་རྣམས་ལ་ཟླ་བ་གཅིག་ཡིན་ཡང་གཟུགས་བརྙན་དུ་མར་གྱུར་པ་བཞིན་དུ་ཞེས་བྱ་བའོ། །དེ་བས་ན་ཐེག་པ་ཐམས་ཅད་ལས་དེ་ཁོ་ན་ཉིད་གཅིག་པུ་ཡིན་གྱི་གཞན་ནི་མ་ཡིན་པར་རྟོགས་པར་གྱིས་ཞེས་བྱ་བའོ། །དེ་ལྟར་གཏན་ལ་ཕེབས་ནས་སྔོན་ གྱི་དམ་བཅའ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སྐྱེ་བ་འདི་ལ་ཉིན་མཚན་དུ་བྱང་ཆུབ་བསྒྲུབ་པར་བྱའོ། །དེ་ནས་གལ་ཏེ་བསྒྲུབ་པར་མ་ནུས་ན་དེ་ལྟ་ན་ནི། བསོད་ནམས་ལ་སྤྱད་པར་བྱ་སྟེ། བསོད་ནམས་ཀྱི་མཐུ་དེས་མ་འོངས་པའི་དུས་སུ་གཞན་ལ་བྱང་ཆུབ་བསྒྲུབ་པར་འགྱུར་ཞེས་བྱ་བའོ། །ཁྲོ་ བ་དང་སེར་སྣ་དང་ང་རྒྱལ་དང་ལྡན་པ་དང་ཆང་དང་ཤ་ལ་སོགས་པ་ལ་རྗེས་སུ་ཆགས་པར་གྱུར་པ་གང་རྣམས་ཀྱིས་བསྟན་པ་སོ་སོ་རུ་གོ་བར་བྱེད་པ་དེ་རྣམས་ཀྱིས་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་དང་འབྲས་བུའི་མཚན་ཉིད་བསྟན་པར་མི་ནུས་ཏེ། ལོངས་སྤྱོད་ཀྱི་དོན་དུ་དེ་ རྣམས་ཀྱི་སློབ་མ་གཟུང་བར་བྱེད་པ་དང་། དམ་པའི་ཆོས་འཚོང་བ་དང་། ལོག་པར་འཚོ་བར་བྱེད་པ་དང་། བྱིན་གྱིས་བརླབས་པ་དང་བྲལ་བས་དམྱལ་བར་ལྟུང་བར་འགྱུར་བ་དང་། དོན་མེད་པར་འགྱུར་བ་ཞེས་བྱ་བའོ། །དེ་ནས་འབྱུང་བ་ལྔ་དང་ཁམས་ལྔ་ལ་སོགས་པ་གང་ཡིན་པ་དེ་རྣམས་སེམས་ ཀྱི་ཕུན་སུམ་ཚོགས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དཔེར་ན་རྨི་ལམ་དུ་བདག་དང་བྲལ་བར་གྱུར་པའི་འགྱུར་བ་རྣམས་གང་སྐྱེས་པ་དང་། གཟུང་བ་དང་འཛིན་པ་ལས་འདས་པར་གྱུར་པའི་ཟླ་བའི་གཟུགས་བརྙན་དང་འདྲ་བ་དང་། སྒྲ་བརྙན་དང་འདྲ་བ་དང་། དྲི་ཟའི་གྲོང་ཁྱེར་བཞིན་དུ་རྟོགས་པར་བྱའོ། ། སེམས་ཀྱང་སྐྱེ་བ་དང་གནས་པ་དང་འཇིག་པ་དང་སོང་བ་དང་འོངས་པ་ལས་འདས་པ་དང་། ཐོག་མ་དང་བར་དང་ཐ་མ་ལས་རྣམ་པར་གྲོལ་བ་ཡིན་ལ། གནས་པ་གང་ལས་ཀྱང་ཐོབ་པར་མི་འགྱུར་ཏེ། ཤེས་རབ་དང་ལྡན་པར་གྱུར་པ་འདི་ཉིད་འདི་ནི་སྲིད་པ་གསུམ་ལ་རོལ་བར་མཛད་པ་དེ། དཔེར་ ན་རྫུ་འཕྲུལ་མཁན་སྐྱེས་བུ་གང་ཞིག་གིས། སྐྱེ་བ་དང་། གནས་པ་དང་། འཇིག་པའི་ཚུལ་གྱིས་མི་རྣམས་ལ་ངོ་མཚར་བར་སྟོན་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་སེམས་ཀྱང་ཤེས་པར་བྱའོ། །དེ་ལྟར་བརྗོད་པར་གྱུར་པའི་ཐབས་རྣལ་འབྱོར་པས་རིག་ན། སེམས་ཀྱི་ས་ལ་གནོད་པར་མི་འགྱུར་ ཏེ། རྣལ་འབྱོར་པས་སེམས་ཤེས་པར་གྱུར་ན་ཆགས་པ་དང་བྲལ་བར་ནམ་མཁའ་བཞིན་དུ་འགྱུར་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་སྤྲོ་བ་དང་བསྡུ་བའི་བདག་ཉིད་འཆི་བར་གྱུར་ན་ཡང་རུང་སྐད་ཅིག་གིས་འཚོ་བར་གྱུར་ན་ཡང་རུང་སྟེ། དུས་ཀྱིས་མི་འཚོ་བ་ལ་སྨོས་ཅི་དགོས། དེ་ལྟར་ཉམས་སུ་མ་མྱོང་ བར་ཐོས་པ་ཙམ་གྱིས་དོན་མེད་དེ། དཔེར་ན་སྨན་དཔྱད་བཀླགས་པ་ཙམ་གྱིས་ནད་པ་ལ་ནད་ཞི་བར་མི་འགྱུར་བ་བཞིན་དུའོ། །དེ་བས་ན་ཉམས་སུ་མྱོང་བའི་སྦྱོར་བས་འབྲས་བུ་རྫོགས་པར་འགྱུར་ཏེ། རྒྱུ་དེའི་ཕྱིར་སེམས་རྟོགས་པར་གྱུར་ན་ཐམས་ཅད་སྐྱེ་བར་འགྱུར་རོ། །ཤེས་རབ་དང་སེམས་ཀྱི་མཚན་ཉིད་ནི་ དབང་དང་བླ་མའི་དྲིན་གྱིས་ཤེས་པར་འགྱུར་ཞེས་བྱའོ། །སྤྱིའི་གླེང་གཞིའི་དུམ་བུ་སྟེ་གཉིས་པའོ།། །།དེ་ནས་སློབ་མ་རྣམས་ལ་དབང་ཡང་དག་པར་སྦྱིན་པ་བརྗོད་པར་བྱ་སྟེ། རྡུལ་ཚོན་དགྱེ་བ་ཞེས་བྱ་བ་ནི་ངེས་པའི་དོན་གྱིས་ཤེས་རབ་ཡིན་ལ། འགྲོ་བ་ཐམས་ཅད་མཚོན་པར་བྱེད་པའི་ཕྱིར་རོ། །དེ་ལ་ དགྱེ་བ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པས་ན་ར་ཛ་བ་དའོ། །དེ་ཉིད་ལྷའི་དཀྱིལ་འཁོར་ཡིན་གྱི། ལྷ་རྣམས་ལ་སྤྱན་འདྲེན་པ་དང་། གཤེགས་སུ་གསོལ་བ་ལ་སོགས་པ་ནི་མ་ཡིན་ནོ། ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་བྱོན་པ་དང་གཤེགས་པ་མི་ཤེས་པའི་ཕྱིར་རོ། །དཔེར་ན་རྨི་ལམ་ན་སྐྱེ་བ་ དང་གནས་པ་དང་འགག་པ་མེད་པ་བཞིན་དུའོ། །རྒྱུ་དེའི་ཕྱིར་ལྷ་རྣམས་ལ་སྤྱན་འདྲེན་པ་དང་གཤེགས་སུ་གསོལ་བ་ལ་སོགས་པ་མི་བྱ་སྟེ། དམིགས་པ་དང་བཅས་པའི་བསམ་གཏན་གྱིས་འཁོར་བའི་འཆིང་བ་ལས་གྲོལ་བར་མི་འགྱུར་རོ། །མེད་པའི་དངོས་པོ་ལ་སྨོས་ཅི་དགོས་ཞེས་བྱ་བའོ། ། དེ་བས་ན་དངོས་པོ་ཐམས་ཅད་ལ་མི་དམིགས་པས་ཐམས་ཅད་ལའོ། །དངོས་པོ་དང་དངོས་པོ་མིན་པ་ལས་གྲོལ་བར་གྱུར་པའི་སེམས་ནི་སངས་རྒྱས་ཞེས་བྱ་བར་བརྗོད་དོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་གཙོ་བོ་དེ་ལྟ་བུ་ལས། སྔགས་དང་ཕྱག་རྒྱ་ལ་སོགས་པས་མཆོད་པར་བྱའོ། ། ཇི་ལྟར་མཆོད་པར་བགྱི་ཞེ་ན། དག་པ་དང་མ་དག་པའི་སེམས་གཅིག་ཏུ་བྱ་བ་ནི་སྔགས་སོ། །དེ་བཞིན་དུ་སྐྱེ་དགུ་རྣམས་ཀྱི་སྐྱེ་བ་ནི་བཟླས་པ་ཡིན་ལ་འཇིག་རྟེན་གསུམ་པོ་རྒྱས་གདབ་པར་བྱེད་པས་ན་ཕྱག་རྒྱ་ཡིན་ལ་དེ་ཤེས་རབ་ཏུ་བརྗོད་དེ། ཤེས་རབ་ཀྱི་མཎྜལ་དེ་མདུན་དུ་བྱས་ནས། སློབ་མ་རྣམས་ ལ་དབང་སྣ་ཚོགས་པ་སྦྱིན་པར་བྱའོ། །དབང་ལས་མ་གཏོགས་པར་དངོས་གྲུབ་མེད་དེ། དེ་བས་ན་སངས་རྒྱས་ཉིད་ཀྱི་འབྲས་བུ་འདོད་པ་ལས་དབང་སྦྱིན་པར་བྱའོ། །སློབ་མས་ཀྱང་ཞུ་བ་འདི་ལྟར་བྱ་སྟེ། འཁོར་བའི་འདམ་དུ་བྱིང་གྱུར་བ། །མི་བཟད་སྡིག་པ་བྱས་པས་གཡོགས། ། དེ་ལྟར་བདག་ནི་འབྱུང་བའི་ཕྱིར། །དེ་བཞིན་གཤེགས་པས་སྐྱོབ་པར་མཛོད། །ཅེས་བྱའོ། །དེ་ནས་སློབ་མ་ལ་བླ་མས་དབང་བདུན་པོ་སྦྱིན་པར་བྱ་སྟེ། ཆུའི་དབང་སྦྱིན་པ་དང་ཅོད་པན་གྱི་དབང་དང་། །རྡོ་རྗེའི་དབང་དང་། བདག་པོའི་དབང་དང་། མིང་གི་དབང་དང་། གསང་བའི་དབང་དང་། ཤེས་རབ་ ཡེ་ཤེས་ཀྱི་དབང་ངོ་། །དང་པོར་རེ་ཞིག་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་ཡིན་ལ། ཆགས་པ་མེད་པར་གྱུར་པས་ན་རྣམ་པར་སྣང་མཛད་དོ། །དེ་དབང་བསྐུར་བ་ཞེས་བྱ་སྟེ་ཆུའི་དབང་ངོ་། །དེ་ནས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་མི་བསྐྱོད་པ་སྟེ། བསྐྱོད་ པར་མི་འགྱུར་བས་ན་མི་བསྐྱོད་པ་ཡིན་ལ། དེ་མགོ་བོ་ལ་གཟུང་བར་བྱ་སྟེ། ཅོད་པན་གྱི་དབང་ངོ་། །དེ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་རིན་ཆེན་འབྱུང་ལྡན་ཡིན་ལ། གཉིས་པོ་མ་ལུས་པའི་ཆགས་པ་མེད་པར་འབྱུང་བར་འགྱུར་བས་ན་རིན་ཆེན་འབྱུང་ལྡན་ཏེ། དེས་དབང་བསྐུར་བ་ནི་རྡོ་རྗེའི་ དབང་ངོ་། །དེ་ནས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་སྣང་བ་མཐའ་ཡས་ཡིན་ལ། མཐའ་ཡས་ན་ཚད་མེད་པ་སྟེ། སྣང་བ་ནི་འོད་ཟེར་གང་ལ་ཡོད་པ་དེ་སྣང་བ་མཐའ་ཡས་སོ། །དེས་དབང་བསྐུར་བས་ནི་བདག་པོའི་དབང་ཞེས་བྱའོ། །དེ་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་དོན་ཡོད་གྲུབ་ པ་ཡིན་ཏེ། དོན་གྲུབ་ཅེས་བྱ་བ་ནི་འབྲས་བུ་དང་བཅས་པའི་གྲུབ་པ་ཡིན་ལ། དེས་མིང་གི་དབང་བསྐུར་བ་མིང་གི་དབང་ཞེས་བྱ་བ་སྟེ། ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་སེམས་དཔའོ། །རྡོ་རྗེ་ཞེས་བྱ་བ་ནི། མི་ཕྱེད་པའི་སྟོང་པ་ཉིད་ཡིན་ལ། སེམས་དཔའ་ཞེས་བྱ་བ་ནི་སྲིད་པ་གསུམ་གྱི་གཅིག་པ་ ཉིད་སྙིང་རྗེ་སྟེ། རྡོ་རྗེ་སེམས་དཔའོ། །གསང་བ་ནི་གཉིས་པོ་མ་ལུས་པ་སྐྱེད་པར་བྱེད་པའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་གཏན་ལ་འབེབས་པ་ཡིན་ལ། དེས་དབང་བསྐུར་བ་ནི་གསང་བའི་དབང་ངོ་། །ཤེས་རབ་ཡེ་ཤེས་ཞེས་བྱ་བ་ནི་རང་བཞིན་མེད་པའི་ཆོས་ཀྱི་དབྱིངས་ནམ་མཁའི་ཁམས་ ཡིན་ལ། ཡེ་ཤེས་ནི་གཟུང་བ་དང་འཛིན་པ་ལས་འདས་པ་སྟེ། དེས་དབང་བསྐུར་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །སྟོང་ཉིད་ཡེ་ཤེས་བརྗོད་པ་དང་། སྙིང་རྗེ་གསལ་བ་ཐབས་ཡིན་ནོ། །གཉིས་ཀ་གཅིག་ཏུ་སྦྱོར་བ་ལས། བདུད་རྩིའི་མཆོག་ནི་འཛག་པར་འགྱུར། །ཞེས་བྱ་བའོ། །དབང་གཞན་ མ་གང་རྣམས་ཡོད་པ་དེ་རྣམས་དེ་ཉིད་དུ་ཤེས་པར་བྱའོ། །ལན་ཅིག་ཕྱིའམ་ནང་དུ་དེ་རྣམས་ཀྱི་དོན་ནི་ཡང་དག་པར་སྦྱིན་པས་གཏན་ལ་ཕེབས་པར་བྱ་ཞེས་བྱ་བའོ། །དབང་གི་དུམ་བུ་སྟེ་གསུམ་པའོ།། །།ད་ནི་དེའི་དོན་གཏན་ལ་འབེབས་པར་གྱུར་པའི་ཕྱིར། རྩ་གསུམ་གྱི་དབྱེ་བ་བྲི་བར་ བྱ་སྟེ། ལ་ལ་ནཱ་ནི་གཡོན་ནས་འབབ་པར་བྱེད་པ་ཨཱ་ལིའི་རང་བཞིན་ཐབས་སོ། །ར་ས་ནཱ་ནི་གཡས་ནས་འབབ་པར་བྱེད་པ་ཀཱ་ལིའི་རང་བཞིན་ཤེས་རབ་བོ། །གཉིས་ཀ་གཅིག་པ་ཉིད་ཀྱི་དབུས་སུ་ཨ་ཝ་དྷཱུ་ཏཱིའོ། །ལ་ལ་ནཱ་ཆོས་དང་། ར་ས་ནཱ་ལ་ལོངས་སྤྱོད་རྫོགས་པ་དང་། ཨ་ཝ་དྷཱུ་ཏཱི་ལ་སྤྲུལ་པའི་སྐུ་སྟེ། ལུས་དང་ ངག་དང་སེམས་ཀྱི་དབྱེ་བས་སོ། །རྩ་གསུམ་དང་འཁོར་ལོ་བཞི་ལ་གཉིས་སུ་མེད་པའི་སྦྱོར་བས་བདེ་བ་ཆེན་པོའོ། །བཞི་པོ་འདི་རྣམས་ལས་སྤྲུལ་པ་ལ་བྱམས་པའོ། །ཆོས་ལ་སྙིང་རྗེའོ། །ལོངས་སྤྱོད་རྫོགས་པ་ལ་དགའ་བའོ། །བདེ་བ་ཆེན་པོ་ལ་བཏང་སྙོམས་སོ། །དེ་བཞིན་དུ་སྐད་ ཅིག་བཞིས་སྐྱེ་བར་འགྱུར་ཏེ། རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བའོ། །བདེན་པ་བཞི་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མོ། དེ་ཁོ་ན་ཉིད་བཞི་སྟེ། བདག་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དགའ་བ་བཞི་སྟེ། དགའ་བ་དང་། མཆོག་ཏུ་དགའ་བ་དང་། དགའ་བྲལ་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའོ། །སྡེ་པ་བཞི་སྟེ། གནས་བརྟན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། མང་པོས་བཀུར་བ་དང་། ཕལ་ཆེན་ནོ། །བྱམས་པ་ལ་སོགས་པ་འདི་རྣམས་ཇི་ལྟར་འགྱུར་ཞེ་ན། ཐམས་ཅད་དུ་རོ་མཉམ་པ་ཉིད་ཀྱི་གང་བློ་གནས་པར་འགྱུར་བ་དེ་བྱམས་པའོ། །སྔོན་གྱི་སྨོན་ལམ་གྱི་བདག་ཉིད་གང་སེམས་ཡིན་པ་དེ་སྙིང་རྗེའོ། །འདི་དག་ལ་གཅིག་པ་དེ་ཉིད་གང་ཡིན་པ་དེ་དགའ་བའོ། ། ཐམས་ཅད་ལ་ལྟོས་པ་མེད་པའི་བློ་གང་ཡིན་པ་དེ་བཏང་སྙོམས་སོ། །སྤྲུལ་པ་ལ་སོགས་པ་ཇི་ལྟ་བུ་ཡིན་ཞེ་ན། སེམས་ཅན་མ་ལུས་པ་རྣམས་ནི། གང་དུ་སྐྱེ་བར་བརྗོད་པ་དེ། །དེ་རུ་སྤྲུལ་པའི་སྐུ་ཡིན་ཏེ། །དེ་ནི་སྤྲུལ་པར་བརྗོད་པར་འགྱུར་རོ། །ཡང་ན་སྤྲོ་བར་བྱེད་པས་ན་སྤྲུལ་པའོ། ། ཆོས་ནི་རང་གི་མཚན་ཉིད་འཛིན་པའི་ཕྱིར་སེམས་ཀྱི་མཚན་ཉིད་དོ། །ལོངས་སྤྱོད་རྫོགས་པ་ནི་མངར་བ་ལ་སོགས་པ་རོ་དྲུག་ལ་སྤྱོད་པའི་ཕྱིར་རོ། །སྐུ་གསུམ་གྱི་དབྱེ་བས་འདི་རྣམས་སུ་འགྱུར་ཏེ། དེ་རྣམས་ཡོངས་སུ་ཤེས་པར་བྱེད་པས་བདེ་བ་ཆེན་པོའོ། འཁོར་ལོ་འདི་རྣམས་ལ་རྣམ་པ་སྣ་ ཚོགས་པ་ལ་སོགས་པའི་སྐད་ཅིག་རྣམས་ཤེས་པར་བྱའོ། །རྣམ་པ་སྣ་ཚོགས་པ་ལ་སོགས་པ་ཇི་ལྟ་བུ་ཡིན་ཞེ་ན། འཁྱུད་པ་དང་ཙུམྦ་ན་ལ་སོགས་པ་སྣ་ཚོགས་པར་བྱེད་པས་ན་རྣམ་པ་སྣ་ཚོགས་པའོ། །ཡེ་ཤེས་ཀྱི་བདེ་བ་ལ་སྤྱོད་པས་ནི་རྣམ་པར་སྨིན་པའོ། །ཐམས་ཅད་མཉེས་པར་བྱེད་ པས་ན་རྣམ་པ་མེད་པ་སྟེ་རང་བཞིན་མེད་པ་ཉིད་དོ། །ཆགས་པ་དང་བྲལ་བར་གྱུར་པས་ནི་མཚན་ཉིད་དང་བྲལ་བའོ། །སྐད་ཅིག་འདི་རྣམས་ལས་དགའ་བ་ལ་སོགས་པ་སྐྱེ་བར་འགྱུར་རོ། །རྣམ་པ་སྣ་ཚོགས་ལ་དགའ་བའོ། །རྣམ་པར་སྨིན་པ་ལ་མཆོག་དགའོ། །རྣམ་པར་ཉེད་པ་ལ་སྣ་ ཚོགས་དགའ་བའོ། །མཚན་ཉིད་དང་བྲལ་བ་ལ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དགའ་བས་བདེ་བ་ཅུང་ཟད་བསྐྱེད་པར་འགྱུར་ཏེ། མཆོག་གི་དགའ་བས་དེ་ལས་ལྷག་པར་འགྱུར་བའི་བདེ་བའོ། །སྣ་ཚོགས་དགའ་བས་ཆགས་པ་སྣ་ཚོགས་པ་ཉིད་དོ། །ཐམས་ཅད་ཀྱི་ལྷག་མ་ནི་ལྷན་ ཅིག་སྐྱེས་པའི་དགའ་བའོ། །སྔོན་མས་ནི་རེག་བྱ་ལ་འདོད་པ་དང་། གཉིས་པས་བདེ་བ་ལ་ཆགས་པ་དང་། གསུམ་པས་ཆགས་པ་ཉམས་པ་དང་། བཞི་པས་མཆོག་ཏུ་བདེ་བའོ། །མཆོག་དང་སྣ་ཚོགས་པའི་བར་དུ་ནི་ལྷན་ཅིག་སྐྱེས་པ་སྟེ། གསུམ་པོ་འདི་དག་དང་བྲལ་བ་ཡིན་ལ་ གང་གིས་ཀྱང་བསྟན་པར་མི་ནུས་ཏེ། གང་ལས་ཀྱང་ཐོབ་པར་མི་འགྱུར་རོ། །བླ་མ་ལ་ནི་བརྟེན་པ་དང་། རང་གི་བསོད་ནམས་ཀྱིས་ཤེས་ཏེ། །ཞེས་བྱ་བའོ། །དགའ་བ་འདི་རྣམས་ལ་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ཤེས་པར་བྱའོ། །དེ་རྣམས་ཀྱང་ཇི་ལྟར་ཤེས་ཤེ་ན། སྔོན་དུ་ སྐྱེ་བ་ལ་སྡུག་བསྔལ་གྱི་བདེན་པའོ། །མཆོག་ཏུ་འབྱུང་བ་ལ་ཀུན་འབྱུང་གི་བདེན་པའོ། །རྣམ་པར་ཉེད་པ་ལ་རང་བཞིན་མེད་པ་ཉིད་ཀྱིས་འགོག་པའི་བདེན་པའོ། །དེ་བས་ན་ལྷན་ཅིག་སྐྱེས་པ་ཉིད་ཀྱིས་ལམ་གྱི་བདེན་པའོ། །དེ་ནས་དེ་ཁོ་ན་ཉིད་བཞི་ནི། དགའ་བ་སྐྱེས་པའི་ཕྱིར་ བདག་གི་དེ་ཁོ་ན་ཉིད་དོ། །གསང་བར་སྨྲ་བར་བྱེད་པས་ན་མཆོག་ལ་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །སྟོང་པ་ཉིད་ཀྱི་རང་བཞིན་རྟོག་པར་བྱེད་པས་ན་རྣམ་པར་ཉེད་པ་ལ་ལྷའི་དེ་ཁོ་ན་ཉིད་དོ། །ལྷན་ཅིག་སྐྱེས་པ་རྣམ་པར་འཆར་བར་བསྒོམས་པ་ཉིད་ཀྱིས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ནས་སྡེ་པ་ བཞི་ནི། དགའ་བ་དང་པོ་ལ་གནས་བརྟན་པའོ། །དགའ་བ་གཉིས་པ་ལ་ཐམས་ཅད་ཡོད་པར་སྨྲ་བའོ། །སྣ་ཚོགས་པའི་བདག་ཉིད་མང་པོས་བཀུར་བའོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཕལ་ཆེན་ཞེས་བྱ་བ་སྟེ། དེ་དག་ཐམས་ཅད་དགའ་བ་རྣམས་ལས་བསྐྱེད་པར་འགྱུར་བའོ། །དེ་རྣམས་ ཀྱང་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་། མཉམ་པ་ཉིད་དང་། བདེ་བ་ཆེན་པོའི་འཁོར་ལོ་རྣམས་ལ་ཤེས་པར་བྱའོ། །སྤྲུལ་པ་དང་། ཆོས་དང་ལོངས་སྤྱོད་རྫོགས་པ་ནི་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ཝ་དྷཱུ་ཏཱིའོ། །འདི་དག་ཐམས་ཅད་རོ་མཉམ་པ་ཉིད་ཀྱིས་བདེ་བ་ཆེན་པོའོ། །དེ་ཡང་ཕྱི་དང་ ནང་དུ་སེམས་ཀྱི་རྒྱལ་པོའི་རྣམ་པར་རོལ་པར་ཤེས་པར་བྱའོ། །བླ་མས་མཛེས་པའི་ཡེ་ཤེས་ནི། །སློབ་མ་ལ་ནི་བསྟན་པར་བྱ། །དོན་དམ་པ་ཡིས་དབྱེ་བས་ནི། །རྩ་གཉིས་པོ་ཡི་བར་དུའོ། །མ་བཅོས་པ་དང་མི་རྟག་མིན། །དངོས་དང་དངོས་མེད་ཟག་མེད་དང་། །གཟུང་དང་འཛིན་པ་ལས་འདས་པ། ། གང་ལ་ཁམས་གསུམ་སྐྱེ་བ་དང་། །ཁམས་གསུམ་པོ་ལ་ཕན་ཐོགས་པས། །ཚིག་ཏུ་བརྗོད་པ་ཀུན་ལས་འདས། །དབང་ནི་ཐོབ་པར་གྱུར་པ་ཡི། །སྐྱེས་བུས་ཡེ་ཤེས་ཤེས་པར་བྱ། །དེ་ནས་དེ་ཉིད་རྟོགས་པའི་ཕྱིར། །རབ་ཏུ་སྦྱོར་བ་བརྗོད་པར་བྱ། །ཤེས་རབ་རང་བཞིན་ཕྱག་རྒྱ་ལ་ཆགས་ པས་གང་སེམས་ལ་བདེ་བ་འབྱུང་བ་དེ་དགའ་བ་དང་པོར་སྐྱེ་བར་འགྱུར་རོ། །དེ་དག་ལ་འཁྱུད་པས་དབང་པོ་རྣམས་གཅིག་ཏུ་གྱུར་ནས་ལྷག་པར་འགྱུར་བ་མཆོག་གི་དགའ་བའོ། །ཐམས་ཅད་མཉེས་པར་གྱུར་པའི་རང་བཞིན་མེད་པ་ཉིད་ཀྱིས་ནམ་མཁའ་བཞིན་དུ་མཚན་ཉིད་དང་བྲལ་བ་ནི་སྣ་ཚོགས་ དགའ་བའོ། །གསུམ་པོ་འདི་དག་ལས་འདས་པར་གྱུར་པ་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དགའ་བ་སྟེ། དེ་ཡང་དེ་བཞིན་ཉིད་ཀྱི་གནས་སྐབས་སུ་རྣལ་འབྱོར་པས་རིག་པར་བྱའོ། །དེ་ནས་དབང་པོ་རྟུལ་པོར་གྱུར་པ་རྣམས་སངས་རྒྱས་པའི་ཕྱིར། ཕྱི་རོལ་གྱི་ཤེས་རབ་སྦྱོར་བས་ཡེ་ཤེས་ ཀྱི་མཚན་ཉིད་ནི་བླ་མས་བསྟན་པར་བྱའོ། །ཡང་ན་ལྟེ་བ་ལས་འབར་ཙཎྜ་ལཱི། །བདེ་གཤེགས་ལྔ་ནི་སྲེག་པར་བྱེད། །སྤྱན་མ་ལ་སོགས་བསྲེགས་ནས་ནི། །ཧཾ་བསྲེགས་རི་བོང་ཅན་འཛག་བྱེད། །ཅེས་བྱ་བ་ལ་ཙཎྜ་ཞེས་བྱ་བ་ནི་ཤེས་རབ་ཡིན་ལ། ཨཱ་ལི་ཞེས་བྱ་བ་ནི་ཐབས་ཏེ། ཨཱ་ལི་དང་ཀཱ་ལིའི་རང་ བཞིན་ལ་ལ་ནཱ་དང་ར་ས་ནཱའི་བདག་ཉིད་དོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་འདི་དག་ནི་ཙཎྜ་ལཱིའོ། །ལྟེ་བ་ལ་ཞེས་བྱ་བ་ནི་ནམ་མཁའ་ལ་ཡིན་ལ་གཉིས་ཀའི་དབུས་སུ་ཨ་ཝ་དྷཱུ་ཏཱི་ལ་ཞེས་བྱ་བའི་དོན་ཏོ། །དེ་འབར་བར་གྱུར་ན་བདེ་གཤེགས་ལྔ་ཞེས་བྱ་བ་ནི་ཕུང་པོ་ལྔ་ཡིན་ལ་སྲེག་པར་བྱེད་ཅེས་བྱ་བའོ། ། དེ་ནས་སྤྱན་མ་ལ་སོགས་ཞེས་བྱ་བ་ནི་འབྱུང་བ་ལྔ་བསྲེགས་ནས་རྣམ་པ་མེད་པར་འགྱུར་ཏེ། ཧཾ་བསྲེགས་ཞེས་བྱ་བ་ནི་བདག་དང་བདག་གི་བསྲེགས་ནས་སོ། །དེ་ལྟར་གྱུར་པས་རི་བོང་ཅན་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཡིན་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཛག་པར་བྱེད་དེ། དེ་ ཡང་རང་གིས་ཉེ་བར་ཐོབ་པར་འགྱུར་རོ། །དཔེར་ན་མེ་ཏོག་ནི་སྣས་སྣོམས་པ་ཙམ་གྱིས་འཛིན་ཀྱང་གང་དུ་ཡང་མི་མཐོང་ཞིང་རྣམ་པ་གང་གིས་ཀྱང་ཉེ་བར་མི་འགྱུར་རོ། །འོ་ན་ཅི་ཡིན་ཞེ་ན། རང་རིག་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ། ལྷན་ཅིག་སྐྱེས་པ་ཡང་དེ་བཞིན་དུ་བསྟན་ཞེས་བྱའོ། །དེ་ ལྟ་བུར་གྱུར་པའི་ལྷན་ཅིག་སྐྱེས་པ་ལ་གནས་པའི་སེམས་ནི་དྲི་ཟའི་གྲོང་ཁྱེར་བཞིན་དང་། སྒྱུ་མ་དང་རྫུ་འཕྲུལ་དང་འདྲ་བ་དང་། མེ་ལོང་དང་གཟུགས་བརྙན་བཞིན་དང་། སྒྲ་བརྙན་བཞིན་དུ་སྤྲོ་བ་དང་། བསྡུ་བ་རྣམ་པ་སྣ་ཚོགས་པ་ལ་སོགས་པ་སྟོན་པར་བྱེད་ཅེས་བྱ་བའོ། །ཡང་དག་པའི་ སྦྱིན་པའི་དུམ་བུ་སྟེ་བཞི་པའོ།། །།ད་ནི་ཤེས་རབ་མ་རྣམས་སྦྱིན་པར་བྱ་སྟེ། རང་བཞིན་མེད་པ་ཉིད་ཀྱིས་རྣམ་པར་དབྱེ་བ་སྟོན་པར་བྱེད་པས་ན་སྲིང་མོ་སྟེ་མིག་ལའོ། །མ་རེག་པའི་ཕྱིར་མནའ་མ་སྟེ་རྣ་བ་ལའོ། །རྨི་ལམ་ལས་སྐྱེས་པའི་འགྱུར་བ་བཞིན་དུ་འགྲོ་བ་སྐྱེད་པར་བྱེད་པས་ན་ མ་ཡིན་ཏེ་སྣ་ལའོ། །དངོས་པོ་ཐམས་ཅད་འཇོམས་པར་བྱེད་པས་ན་བུ་མོ་སྟེ་ལྕེ་ལའོ། །སྲ་བའི་སེམས་སྨྱུག་མ་བཞིན་དུ་འགུགས་པར་བྱེད་པས་ན་སྨྱུག་མ་མཁན་ཏེ་རེག་བྱ་ལའོ། །བདེ་བ་བསྙེན་པར་བྱེད་པས་ན་ཆུང་མ་སྟེ་ཕྲ་མ་ལའོ། །རྡོ་རྗེ་ཆོས་ལ་སྒྲིབ་པ་མེད་པར་བྱེད་པས་ན་ཀོ་མཁན་མ་ སྟེ་ཕྲག་དོག་ལའོ། །ཀཾ་ཞེས་བྱ་བ་ནི་ནམ་མཁའ་ཡིན་ལ་འདི་ལ་སྐྱོང་བར་བྱེད་པའི་ཚུལ་ཁྲིམས་ཡོད་པས་ན་ཀ་པཱ་ལི་ནི་སྟེང་ལའོ། །རྣམ་པར་རྟོག་པ་མ་ལུས་པའི་མཐའ་གོས་སུ་བྱས་ནས་འཁོར་བར་བྱེད་པས་ན་རི་ཁྲོད་མ་སྟེ་ཆུ་ལའོ། །ཙཎྜ་ཞེས་བྱ་བ་ནི་ཤེས་རབ་སྟེ་ཨཱ་ལི་ཞེས་བྱ་བ་ནི་ཆོས་ཐམས་ ཅད་ཀྱི་འབྱུང་གནས་ཡིན་ལ། ཙཎྜ་ལཱི་ཞེས་བྱ་བ་སྟེ་མེ་ལའོ། །མི་རིག་པའི་ཕྱིར་རིགས་ངན་མ་སྟེ་རླུང་ལའོ། །བརྫུན་གྱི་རི་མོ་བཞིན་དུ་འགྲོ་བ་གསུམ་པ་གཏན་ལ་འབེབས་པར་བྱེད་པས་ན་རོལ་མོ་མཁན་མ་སྟེ་ནམ་མཁའ་ལའོ། །འགྲོ་བ་སྣ་ཚོགས་པ་བརྫུན་དུ་བྱེད་པས་ན་རི་མོ་མཁན་ཏེ་གཟུགས་ ལའོ། །ཉོན་མོངས་པ་མ་ལུས་པར་འདྲལ་བར་བྱེད་པས་འདྲེག་མཁན་མ་སྟེ་ཚོར་བ་ལའོ། །གླང་པོ་ཆེའི་སེམས་ཀྱི་སོ་ལ་རྒྱུན་དུ་བྱེད་པས་ན་སོ་མཁན་ཏེ་འདུ་ཤེས་ལའོ། །དམིགས་པ་མེད་པའི་གདུགས་ཀྱིས་འགྲོ་བ་བཀབ་པར་བྱེད་པས་ན་གདུགས་མཁན་མ་སྟེ་འདུ་བྱེད་ལའོ། ། མ་རིག་པ་གསོད་པར་བྱེད་པས་ན་ཤན་མཁན་མ་སྟེ་རྣམ་པར་ཤེས་པ་ལའོ། །མདའ་ཞེས་བྱ་བ་ནི་དབང་པོ་ལྔ་ཡིན་ལ། དེ་རྣམས་གཅིག་པ་ཉིད་དུ་བྱེད་པས་མདའ་མཁན་མ་སྟེ་སྦྱིན་པ་ལའོ། །རྣམ་པར་རྟོག་པ་མ་ལུས་པ་སྐུམ་པར་བྱེད་པས་ཚུལ་ཁྲིམས་འདི་ལ་ཡོད་པས་ན་ཀུ་ཙི་ནི་སྟེ་ཚུལ་ ཁྲིམས་ལའོ། །དགའ་བར་བྱེད་པས་ན་ནནྡི་སྟེ་བཟོད་པའོ། །གཉིས་པོ་མ་ལུས་པར་བྱེད་པས་ན་ཚ་མོ་སྟེ་བརྩོན་འགྲུས་ལའོ། །གཟུགས་བརྙན་བཞིན་དུ་སྣ་ཚོགས་པ་སྟོན་པར་བྱེད་པས་ན་གར་མཁན་མ་སྟེ་བསམ་གཏན་ལའོ། །རང་བཞིན་མེད་པའི་དྲ་བས་སྤྲོ་བའི་རྣམ་པར་རྟོག་པའི་ཡིད་ འཆིང་བར་བྱེད་པས་ན་ཉ་བ་མོ་སྟེ་ཤེས་རབ་ལའོ། །བདེན་པའི་ཆོས་རྣམས་ལ་རྒྱས་གདབ་པར་བྱེད་པས་ན་མའི་སྒྱུག་མོ་སྟེ་བྱམས་པ་ལའོ། །དམིགས་པ་མེད་པའི་སྐུད་པ་ལ་སྣ་ཚོགས་པའི་མེ་ཏོག་འཆིང་བར་བྱེད་པས་ན་ཕྲེང་བ་མཁན་མ་སྟེ་སྙིང་རྗེ་ལའོ། །རྣམ་པར་རྟོག་པའི་ཤིང་གཅོད་པར་ བྱེད་པས་ན་ཤིང་མཁན་མ་སྟེ་དགའ་བ་ལའོ། །མ་ལུས་པའི་སྒྲིབ་པ་མེད་པས་ན་ལྷག་མ་ཟ་མཁན་མ་སྟེ་བཏང་སྙོམས་ལའོ། །ཕྱོགས་གཉིས་སྲུབ་ཤིང་གིས་གཟུང་བར་བྱེད་པས་ན་རྫ་མཁན་མ་སྟེ་ལུས་ལའོ། །རང་གི་རོས་འགྲོ་བ་སྨིན་པར་བྱེད་པས་ན་ཆང་འཚོང་མ་སྟེ་ངག་ ལའོ། །བྲམ་ཟེ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཏེ་ཤེས་རབ་བྱེད་པས་ན་བྲམ་ཟེ་མོ་སྟེ་སེམས་ལའོ་ཞེས་བྱ་བའོ། །ཕྱག་རྒྱ་འདི་རྣམས་ཀྱི་བདག་ཉིད་མཁའ་འགྲོ་མ་རྣམས་སུ་འགྱུར་ཏེ་དེ་རྣམས་བྲི་བར་བྱའོ། །གཟུགས་ལ་དཀར་མོའོ། །སྒྲ་ལ་ཆོམ་རྐུན་མོའོ། །དྲི་ལ་རོ་ལངས་མའོ། །རོ་ལ་གྷསྨ་རཱིའོ། ། རེག་བྱ་ལ་ས་སྤྱོད་མའོ། །ཡིད་ལ་མཁའ་སྤྱོད་མའོ། །ས་ལ་རོ་སྲེག་མའོ། །ཆུ་ལ་རི་ཁྲོད་མའོ། །མེ་ལ་ཙཎྜ་ལཱིའོ། །རླུང་ལ་རིགས་ངན་མའོ། །ནམ་མཁའ་ལ་བདག་མེད་མའོ། །འདོད་ཆགས་ལ་རོ་ལངས་མའོ། །ཞེ་སྡང་ལ་རྡོ་རྗེ་ཅན་མའོ། །གཏི་མུག་ལ་རྡོ་རྗེ་མའོ། །ཕྲ་མ་ལ་གསང་ བའི་དཀར་མོའོ། །ཕྲག་དོག་ལ་རྡོ་རྗེ་མཁའ་འགྲོ་མའོ། །གཟུགས་ལ་རྡོ་རྗེ་མའོ། །ཚོར་བ་ལ་ཆོམ་རྐུན་མའོ། །འདུ་ཤེས་ལ་ཆུའི་རྣལ་འབྱོར་མའོ། །འདུ་བྱེད་ལ་རྡོ་རྗེ་མཁའ་འགྲོ་མའོ། །རྣམ་པར་ཤེས་པ་ལ་བདག་མེད་མའོ། །སྦྱིན་པ་ལ་དཀར་མོའོ། །ཚུལ་ཁྲིམས་ལ་ཆོམ་རྐུན་མའོ། ། བཟོད་པ་ལ་རོ་ལངས་མའོ། །བརྩོན་འགྲུས་ལ་གྷསྨ་རཱིའོ། །བསམ་གཏན་ལ་ས་སྤྱོད་མའོ། །ཤེས་རབ་ལ་མཁའ་སྤྱོད་མའོ། བྱམས་པ་ལ་སྤྱན་མའོ། །སྙིང་རྗེ་ལ་མཱ་མ་ཀཱིའོ། །དགའ་བ་ལ་གོས་དཀར་མོའོ། །བཏང་སྙོམས་ལ་སྒྲོལ་མའོ། །ལུས་ལ་ས་སྤྱོད་མའོ། །ངག་ལ་མཁའ་ སྤྱོད་མའོ། །སེམས་ལ་བདག་མེད་མ་ཞེས་བྱ་བ་སྟེ། ལྷ་མོ་འདི་རྣམས་ལ་མཁའ་འགྲོ་མ་སྣ་ཚོགས་པའི་རིགས་བསྟན་ནས་དེ་རྣམས་ཀྱི་དེ་བཞིན་གཤེགས་པ་རྣམས་བརྗོད་པར་བྱ་སྟེ། གཟུགས་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་ དང་། དོན་ཡོད་གྲུབ་པ་དང་། རིན་ཆེན་འབྱུང་ལྡན་དང་། རྡོ་རྗེ་སེམས་དཔའོ། །ས་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའོ། །འདོད་ཆགས་ལ་སོགས་པ་ལ་སྣང་བ་མཐའ་ཡས་དང་། མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། དོན་ཡོད་ གྲུབ་པའོ། །གཟུགས་དང་། ཚོར་བ་ལ་སོགས་པ་ལ། རྣམ