Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 10

Văn bản gốc(Tây Tạng)

Trang 7 / 24 (50.000 ký tự/trang)
།སེམས་ཅན་ཐམས་ཅད་ལ་ལྷ་རྫས་ཀྱི་བདེ་བ་ཉེ་བར་སྦྱོར་བའི་བྱམས་པ་དང་། སྡུག་བསྔལ་ཐམས་ཅད་ཉེ་བར་སེལ་བའི་རྣམ་པའི་སྙིང་རྗེ་དང་། བདེ་བ་དེ་དག་རྒྱུན་མི་འཆད་
པར་ངེས་པའི་རྣམ་པའི་དགའ་བ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། གཟུང་བ་དང་འཛིན་པ་ལ་སོགས་པ་ཡིད་ལ་མི་བྱེད་པའི་མཚན་ཉིད་ཀྱི་བཏང་སྙོམས་བསྒོམ་མོ། །དེ་ནས་ཆོས་དང་གང་ཟག་ལ་སོགས་པའི་དྲི་མས་མ་གོས་པའི་ངོ་བོ། ཆོས་

ཐམས་ཅད་སྐྱེ་བ་མེད་པའི་ཚུལ་ལ་ཞུགས་པའི་སྟོང་པ་ཉིད་རྣམ་པར་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་པོ། །དེ་ནས་སད་པར་བྱས་ལ་ནམ་མཁའི་ཕྱོགས་སུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ཡིག་སྟེ་དེ་
ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཧཱུྃ་ཡིག་བལྟས་ནས། དེའི་འོད་ཟེར་ལས་བྱུང་བའི་དཔལ་ཧེ་རུ་ཀའི་གཟུགས་ཀྱིས་འགྲོ་བ་མ་ལུས་པའི་དོན་བྱས་ལ་དེ་ཉིད་དུ་གཞུག་གོ། །དེ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་སྣ་ཚོགས་པདྨའི་འདབ་མ་ལ་གནས་པའི་
རོའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། ཕྱག་གཉིས་པ་སྤྱན་གསུམ་པ། ཕྱག་གཡས་ན་རྡོ་རྗེ། གཡོན་ན་རྡོ་རྗེས་མཚན་པའི་ཐོད་པ་བསྣམས་པ། གར་དང་བཅས་པ་སྟག་གི་པགས་པའི་ཤམ་ཐབས་ཅན། དབུ་ལ་མི་བསྐྱོད་པའི་བདག་ཉིད་མི་མགོ་ལས་
བྱས་པའི་འཁོར་ལོ། སྙན་ལ་འོད་དཔག་མེད་ཀྱི་བདག་ཉིད་རྣ་ཆ་གདུབ་འཁོར། མགུལ་དུ་རིན་འབྱུང་གི་བདག་ཉིད་མགུར་ཆུ། ཕྱག་ལ་རྣམ་པར་སྣང་མཛད་ཀྱི་བདག་ཉིད་གདུ་བུ་འཆང་བ། རྐེད་པ་ལ་དོན་ཡོད་གྲུབ་པའི་བདག་ཉིད་སྐ་རགས་དང་ལྡན་པ། སྐྲའི་མཆོད་
ཕྱིར་ཐོགས་དང་། དཔུང་རྒྱན་དང་། ཞབས་གདུབ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་ཕྱོགས་པ། བདག་མེད་མ་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ་སྟེ། དེ་ལྟ་བུར་གྱུར་པར་བདག་ཉིད་རྣམ་པར་བསྒོམས་ལ། དེ་ནས་འདིའི་རྣ་བ་ལ་
བདག་མེད་མ། མིག་དག་ལ་རྡོ་རྗེ་མ། སྣ་ལ་གསང་བའི་དཀར་མོ། ལྕེ་ལ་ཆུའི་རྣལ་འབྱོར་མ། ལུས་ཀྱི་དབང་པོ་ལ་རྡོ་རྗེ་མཁའ་འགྲོ་མ། ཡིད་ལ་བདག་མེད་མར་མོས་པར་བྱའོ། །དེ་ནས་མགོ་བོ་ལ་པདྨ་སུམ་ཅུ་རྩ་གཉིས་པའི་སྟེང་དུ་ཧྃ་ཡིག་ཐུར་དུ་བལྟས་པའོ། །མགུལ་
པར་འདབ་མ་བཅུ་དྲུག་པའི་སྟེང་དུ་ཨོཾ་ཡིག་སྟེང་དུ་བལྟས་པའོ། །སྙིང་གར་འདབ་མ་བརྒྱད་པའི་སྟེང་དུ་ཐུར་དུ་ཕྱོགས་པའི་ཧཱུྃ་ཡིག་གོ། །ལྟེ་བར་འདབ་མ་དྲུག་ཅུ་རྩ་བཞི་པའི་སྟེང་དུ་ཕྱོགས་པའི་ཨཾ་ཡིག་བསམ་མོ། །དེ་ནས་དམ་ཚིག་སེམས་དཔའ་དང་འདྲ་བའི་ཡེ་ཤེས་

སེམས་དཔའ་སྤྱན་དྲངས་ཏེ། ཛཿཧཱུྃ་བཾ་ཧོཿ །ཞེས་བྱའི་སྔགས་འདིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས། འོ་མ་དང་ཆུ་བཞིན་དུ་རོ་མཉམ་པར་བྱའོ། །དེ་མ་ཐག་ཏུ་རང་གི་སྙིང་གའི་ཉི་མ་ལ་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཧཱུྃ་ཡིག་ལས་བྱུང་བའི་འོད་
ཟེར་དེ་རྣམས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཧེ་རུ་ཀ་སྤྱན་དྲངས་ཏེ། མཆོད་པ་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་གདབ་པོ། །དེ་ནས་དེ་རྣམས་ཀྱིས་བདུད་རྩི་ལྔ་ཡིས་གང་བའི་ནོར་
བུའི་བུམ་པ་དག་གིས་དབང་བསྐུར་བ་དང་། བདག་ལ་མི་བསྐྱོད་པའི་ཅོད་པན་དུ་བསམ་མོ། །དེ་ནས་རྣལ་འབྱོར་མ་ཐམས་ཅད་ཀྱིས་ཚོགས་ཀྱི་རང་རང་གི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རྫས་ཀྱིས་མཆོད་པ་བྱའོ། །དེ་ནས། མཆེ་བ་གཙིགས་པ་འཇིགས་ཆེན་པོ། །རྒྱུ་
མའི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་པོ་དག་གསོལ་མཛད་པ། །ཧེ་རུ་ཀ་དཔལ་བདག་ཕྱག་འཚལ། །ཞེས་བྱ་བ་འདིས་བསྟོད་དོ། །དེ་ནས་ནམ་མཁའ་ལ་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེའོ། །དེའི་འོག་ཏུ་ཡི་གེ་ཨཱཿཡོངས་སུ་གྱུར་པ་ལས་པདྨའི་སྣོད་དེ། །དེའི་ནང་
དུ་ཨོཾ་ཡིག་གིས་མཚན་པའི་གོ་ཀུ་ད་ཧ་ན། མ་ར་མུ་ཤུ་བི་ལ་སོགས་པའི་དམ་ཚིག་གི་དངོས་པོ་རྣམས་ཏེ། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ལས། མེ་འབར་བ་དང་། དེའི་རྫས་རྣམས་གདུས་པ་དང་། སྨིན་ནས་ཁུ་བར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་
སྟེན་པའི་ཡེ་ཤེས་ཀྱི་ཉི་མར་བྱེད་དེ། ཡེ་ཤེས་ཀྱི་ས་བོན་དེའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ། དངོས་པོ་རྣམས་དང་ལྷན་ཅིག་ཏུ་བྱས་ནས། ཨོཾ་ཨཱཿཧཱུྃ། ཞེས་བྱ་བའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ལྕེ་
ཧཱུྃ་ཡིག་དཀར་པོ་ལས་བྱུང་བའི་རྡོ་རྗེའི་རང་བཞིན་དུ་བྱས་ལ་བདག་ཉིད་དེ་ཡིས་ཚིམ་པར་བྱའོ། །དེ་ནས་སྙིང་གའི་འོད་ཉི་མ་ལ་རྡོ་རྗེའི་ལྟེ་བར་གནས་པའི་ཧཱུྃ་ཡིག་ལ་ལེགས་པར་བསྐོར་ནས་གནས་པའི། ཨོཾ་ཏྲེ་ལོ་ཀྱཱ་ཀྵེ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་ཡི་གེ་བཅུ་གཉིས་

པའི་སྔགས་ཀྱི་ཕྲེང་བ་མར་མེའི་ཕྲེང་བ་བཞིན་དུ་འབར་བ་ཡིད་ཀྱིས་མངོན་པར་བྲིས་ལ། རིམ་པ་བརྗོད་པ་བཞིན་དུ་རྒྱུན་མི་འཆད་པར་བཟླས་པ་བྱའོ། །གུང་དང་ཕྱི་དྲོའི་ཐུན་མཚམས་ནི་ཡུད་ཙམ་གྱིས་དཔལ་ཧེ་རུ་ཀའི་གཟུགས་སུ་བྱས་ཏེ། དེ་ནས་མིག་ལ་
སོགས་པ་རྣམ་པར་དག་པ་དང་། འཁོར་བཞི་བསྒོམ་པ་དང་། མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་ལ་སོགས་པ་བྱའོ། །འཇིག་རྟེན་གསུམ་འཕེན་དཔའ་བོ་ཡི། །སྒྲུབ་པའི་ཐབས་མཆོག་བྱས་པ་ལས། །བསོད་ནམས་གང་ཞིག་གྲུབ་པ་དེས། །འགྲོ་ཀུན་རྡོ་
རྗེ་འཛིན་གྱུར་ཅིག །ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་རྫོགས་སོ།། །།མཁས་པ་ཆེན་པོ་ཏཱ་ར་ཤྲཱིའི་ཞལ་སྔ་ནས་མཛད་པ། བལ་པོའི་པཎྜི་ཏ་སུ་མ་ཏི་ཀཱིརྟི་དང་། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་དབང་གིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་སྱ་
ཥེ་ཀ་ནིཤྩ་ཡ་ནཱ་མ། བོད་སྐད་དུ། དགྱེས་པའི་རྡོ་རྗེའི་དབང་གཏན་ལ་དབབ་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔའ་བོ་ཤེས་དང་ཤེས་བྱའི་བདག །ཁྱབ་བདག་འཁོར་ལོ་ཅན་བཏུད་དེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པ། །དབང་
གི་དེ་ཉིད་མཆོག་བཤད་བྱ། །འཇིག་རྟེན་ཆོས་ལས་རྣམ་གྲོལ་ཞིང་། །བརྩེ་ལྡན་ང་རྒྱལ་མེད་པ་ཡིས། །སེམས་ཅན་བསམ་པའི་དབང་གིས་ནི། །རྒྱལ་བས་ཕྱི་རོལ་བྱ་བ་བསྟན། དཀྱིལ་འཁོར་རྣམས་ནི་ཇི་བཞིན་དུ། །སུ་ཡིས་ཡོངས་སུ་བརྟག་པར་ནུས། །རང་གིས་
ལྷག་པའི་ལྷ་སྦྱོར་བས། །གྲུབ་པ་ཡི་ནི་དཀྱིལ་འཁོར་བརྟག །དེ་ལྟར་ཡང་། རྡུལ་ཚོན་མཆོག་གིས་བྱ་བའམ། །ཡང་ན་བར་མ་དག་ཀྱང་རུང་། །རིན་ཆེན་སྣ་ལྔའི་རང་བཞིན་ཕྱེ། །ཡང་ན་འབྲས་སོགས་ཕྱེ་མས་སོ། །ཞེས་གསུངས་སོ། །ཇི་ལྟར་འབྱོར་དང་རྗེས་མཐུན་པར། །
དཀྱིལ་འཁོར་དག་ནི་བྲི་བྱས་ལ། །ནོར་དང་ལྡན་པས་དབང་བསྐུར་བྱ། །ནོར་མེད་བྲིས་སྐུ་ལ་དབང་བསྐུར། །དཀྱིལ་འཁོར་རྫོགས་ནས་སྔགས་པ་ཡིས། །བུམ་པ་རྣམས་ནི་ལྷག་གནས་བྱ། །སློབ་མས་པུས་བཙུགས་ཐལ་སྦྱར་ནས། །བླ་མ་ལ་ནི་གསོལ་བ་གདབ། །

འཁོར་བའི་འདམ་དུ་བྱིང་བའི་བདག །སྐྱབས་མེད་ཁྱབ་བདག་ཉིད་ཀྱིས་སྐྱོབས། །སློབ་མའི་སྤྱི་བོར་ལག་བཞག་ནས། །བླ་མས་སྔགས་ཀྱིས་བྱིན་གྱིས་བརླབས། །ཁྲོ་བོའི་ས་བོན་སྙིང་གར་དགོད། །དེ་འབྱུང་ཁྲོ་བོའི་ཚོགས་ཀྱིས་ནི། །སློབ་མའི་སྡིག་པའི་ཕུང་པོ་རྣམས། །
ཟ་བཞིན་པར་ནི་བསམ་པར་བྱ། །ལག་པས་སྲུང་སྐུད་བཅིངས་ནས་ནི། །སོ་ཤིང་ཡང་ནི་འཆའ་རུ་གཞུག །རྨི་ལམ་ཤེས་པའི་རྒྱུ་རུ་ནི། །ཀུ་ཤའི་མལ་ལ་ཉལ་དུ་གཞུག །དགེ་དང་མི་དགེ་ཅི་མཐོང་བ། །དེ་བཞིན་བླ་མ་ལ་ནི་བརྗོད། །མི་དགེ་ན་ནི་ཞི་བར་བྱ། །དགེ་ན་ཤིས་སོ་ཞེས་
བརྗོད་དོ། །སྡོམ་པ་མ་ལུས་གཟུང་ན་ནི། །སྔགས་ཀྱི་སྐུ་རུ་བསྐྱེད་པར་བྱ། །སྔགས་ཀྱིས་བྱིན་བརླབས་ཁྲག་གི་ནི། །དཔྲལ་བར་ཐིག་ལེ་སྦྱིན་པར་བྱ། །དེ་ནས་དཀྱིལ་འཁོར་མདུན་འདུག་སྟེ། །སྦྱོར་བདག་རང་ནི་འཇུག་པར་བྱ། །གོས་ཀྱིས་གདོང་ནི་གཡོགས་ནས་སུ། །དཀྱིལ་
འཁོར་དུ་ནི་གཞུག་པར་བྱ། །དད་པས་དཀྱིལ་འཁོར་ཕྱག་བྱས་ཏེ། །ཁྱད་པར་དུ་ཡང་བླ་མ་ལའོ། །བཟའ་བསྲུང་དམ་ཚིག་ཅི་གསུངས་པའི། །དམ་ཚིག་དེ་ལ་སྦྱིན་པར་བྱ། །དེ་ནས་བསྐོར་བ་བྱས་ནས་ནི། །སྦྱིན་པ་བཞི་ནི་རབ་སྦྱིན་བྱ། །སྔགས་ཀྱིས་མངོན་བསྔགས་མེ་ཏོག་
ཏེ། །དཀྱིལ་འཁོར་བཟང་ལ་གཏོར་བར་བྱ། །གང་དུ་མེ་ཏོག་ལྷུང་བ་ཡིས། །དེ་ཡི་རིགས་དེ་ཤེས་པར་བྱ། །སློབ་མའི་གདོང་གཡོགས་བསལ་ནས་ནི། །དཀྱིལ་འཁོར་དེ་ཉིད་རབ་བསྟན་བྱ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀྱིས། །རྣམ་དག་དེ་བཞིན་ཉིད་བདག་ཅན། །ལྷ་
ཡི་རྣམ་པའི་སྦྱོར་བ་ལ། །བུ་ཁྱོད་ཀྱིས་ནི་སྦྱར་བར་བྱ། །ཀུན་ནས་བུམ་པ་བརྒྱད་པོ་ཡི། །རང་གི་རིག་མ་སྐྱེས་བུའི་ཆུ། །ཐུགས་རྗེའི་རྡོ་རྗེ་རབ་བསྒོམས་པས། །སློབ་མ་རྡོ་རྗེ་ཅན་དབང་བསྐུར། །རྡོ་རྗེ་ཉི་མར་རབ་བསྒོམས་པས། །དེ་ལ་ཅོད་པན་སྦྱིན་པར་བྱ། །རྡོ་རྗེའི་ཚིགས་
བཅད་རབ་སྦྱར་བ། །ཐམས་ཅད་སྔོན་བཞིན་སྦྱིན་པར་བྱ། །སློབ་མའི་འཇིག་རྟེན་དབང་ཆ་བྱད། །རྡོ་རྗེ་ཆེན་པོ་རྩེ་དགུ་པ། །ཉི་ཤུ་རྩ་བརྒྱད་ལྷ་ལྡན་པའི། །རྡོ་རྗེ་དབང་གིས་དབང་བསྐུར་བྱ། །སངས་རྒྱས་རྡོ་རྗེའི་དབང་གིས་ནི། །དེ་རིང་ཁྱོད་ནི་དབང་བསྐུར་ཏེ། །འདི་དེ་སངས་

རྒྱས་ཐམས་ཅད་ཉིད། །རབ་བསྒྲུབ་ཕྱིར་ནི་རྡོ་རྗེ་གཟུང་། །སློབ་མ་རྟ་ཡི་མཆོག་བསྒོམས་ཏེ། །སྒྲོལ་མ་ལྷན་ཅིག་ཁ་ནི་སྦྱར། །རྡོ་རྗེའི་བདག་པོས་དབང་བསྐུར་ཏེ། །རྡོ་རྗེ་དྲིལ་བུ་དཀྲོལ་བར་བྱ། །ཉི་ཤུ་རྩ་གསུམ་ལྷ་ཡི་བདག །དྲིལ་བུས་ཁྱོད་ནི་དབང་བསྐུར་རོ། །
ཨོཾ་བཛྲ་ཨ་དྷི་པ་ཏི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། སློབ་མ་རྣམ་སྣང་མཛད་བསྒོམས་ལ། །སྤྱན་དང་ལྷན་ཅིག་ཁ་ནི་སྦྱར། །རྡོ་རྗེ་དྲིལ་བུ་མགོར་བཞག་སྟེ། །རྡོ་རྗེ་མིང་གིས་དབང་བསྐུར་བྱ། །ཨོཾ་བཛྲ་ས་ཏྭ་ཏྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་ཁྱོད་རྡོ་རྗེ་ཆེ་གེ་མོ་རྡོ་རྗེ་ཞེས་བྱའོ། །
གང་དང་གང་སྣང་དེ་ཐམས་ཅད། །དེ་ཀུན་སེམས་ཀྱི་སྤྲུལ་པ་ཡིན། །ཆོས་རྣམས་རང་བཞིན་གྱིས་དག་པ། །སངས་རྒྱས་ཡེ་ཤེས་ཚུལ་འདི་དང་། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །རྡོ་རྗེ་སེམས་
དཔའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟྭཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུྃ། སྒྲུབ་པ་ཀུན་གྱི་ཆོ་ག་དང་། །བླ་ན་མེད་པ་ཀུན་གྱིས་མཆོད། །དེ་ནས་རྡོ་རྗེ་ལག་གིས་ལག །རྡོ་རྗེ་བརྟུལ་ཞུགས་ཁྱོད་ལ་སྦྱིན། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་
སེམས་དཔའ་དགའ་ཆེན་པོ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་པ་བདག་པོའི་བདག །ཤེས་རབ་ཕ་རོལ་ཕྱིན་བྱུང་བ། །དྲིལ་བུ་དེ་ལ་སྦྱིན་པར་བྱ། །རྡོ་རྗེ་དྲིལ་བུ་ཞེས་བྱ་བས། །སེམས་ཅན་ཀུན་གྱི་དོན་བྱེད་པ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །
ཤེས་རབ་དབྱངས་ཀྱི་རྗེས་འགྲོར་གསུངས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །དབུགས་དབྱུང་ཐམས་ཅད་བྱིན་ནས་ནི། །རང་ཉིད་ཤཱཀྱ་ཐུབ་གྱུར་པས། །དེ་རིང་སློབ་མ་ཁྱོད་ལུང་བསྟན། །སངས་རྒྱས་འགྱུར་བར་གདོན་མི་ཟ། །ཁྱོད་
ནི་མི་འཆི་མྱ་ངན་མེད། །འཇིགས་པ་དང་ནི་རིམས་མི་འབྱུང་། །བདེ་ཆེན་ཐེག་པ་འདི་ལས་ནི། །བུ་ཁྱོད་ང་ཡིས་ལུང་བསྟན་ཏོ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །སྲིད་པའི་ངན་འགྲོ་ལས་ནི་བཏོན། །ཁྱོད་ནི་ལུང་བསྟན་བརྗོད་

པར་བྱ། །ཁྱོད་ནི་ས་སྟེངས་མཐོ་རིས་སུ། །དགྱེས་པའི་རྡོ་རྗེ་ཞེས་བྱ་བའི། །དེ་བཞིན་གཤེགས་པ་འགྲུབ་པར་འགྱུར། །རིན་ཆེན་དབང་གི་དམ་ཚིག་ནི། །ཞེས་བྱ་བཅོམ་ལྡན་འདས་ཀྱིས་གསུངས། །རིགས་མཆོག་ལྔ་ལས་བྱུང་བ་ཡིས། །རིག་མ་དེར་ནི་གཞུག་པར་བྱ། །ཡང་
ན་གང་དེ་ཇི་སྙེད་པ། །དེ་བཞིན་ལོ་ནི་བཅུ་དྲུག་པའོ། །ཇི་སྲིད་ཁུ་བ་ལྡན་གྱུར་པར། །དེ་སྲིད་ཕྱག་རྒྱ་བསྟེན་པར་བྱའོ། །ཕྱག་རྒྱའི་གདོང་ནི་དགབ་པར་བྱའོ། །ཐབས་ཀྱི་གདོང་ཡང་དེ་བཞིན་ནོ། །དེ་བསྟེན་པ་ལས་གང་བྱུང་བ། །མཐེ་བོང་སྲིན་ལག་དག་གིས་ནི། །སློབ་མའི་
ཁར་ནི་དབབ་པར་བྱ། །དེ་ཡིས་ཚིགས་བཅད་འདི་ལྟ་སྟེ། །ཇི་ལྟར་སངས་རྒྱས་འཕགས་པ་ཡིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །འདི་ནི་གསང་བའི་དབང་ངོ་། །བཞིན་
མཛེས་མིག་ནི་ཡངས་པ་དང་། །ལང་ཚོའི་གཟུགས་ཀྱིས་བརྒྱན་པ་ལ། །ཏིང་འཛིན་ཡན་ལག་གིས་སྐྱེས་པའི། །ཤེས་རབ་སློབ་མ་ལ་གཏད་བྱ། །དེ་ལ་ཚིགས་སུ་བཅད་པ་འདིའོ། །ལྷ་མོ་དགའ་སྟེར་གནས་སྟེར་མ། །སྣ་ཚོགས་གཟུགས་ཅན་ཡིད་དགའ་མ། །ཟུང་
ཤིག་ཟུང་ཤིག་སེམས་དཔའ་ཆེ། །བཟུང་ནས་མཆོད་པ་རབ་ཏུ་གྱིས། །རང་འདོད་ལྷ་ཡི་སྦྱོར་བ་དག །ཤེས་རབ་ཐབས་ཀྱི་སྦྱོར་རིག་པ། །ཤིན་ཏུ་སེམས་ནི་མཉམ་གཞག་པའི། །ཆོ་གས་ཕྱག་རྒྱ་མཆོད་པར་བྱ། །ཤེས་རབ་ལྡན་ཞིང་སེར་སྣ་བྲལ། །དགའ་བའི་སྐད་
ཅིག་ཉེར་ལོངས་སྤྱོད། །བླ་མ་ལ་ནི་བཏུད་བྱས་ཏེ། །ཇི་ལྟར་ཉམས་མྱོང་བརྗོད་པར་བྱ། །དགའ་བའི་སྐད་ཅིག་དབྱེ་རིག་པའི། །སྟོན་པས་དེ་ནས་ལུང་བསྟན་ཏེ། །སྐུ་གསུམ་ཡོངས་སུ་ཤེས་པ་ནི། །ཤེས་རབ་ཆོས་ཉིད་བཤད་ཀྱིས་ཉོན། །ཨེ་ཡིག་ཆ་བྱད་བཟང་པོ་གང་། །
དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གཞི། །སངས་རྒྱས་རིན་ཆེན་ཟ་མ་རྟོག །སྐད་ཅིག་དབྱེ་བས་ཕྱེ་བ་ཡིས། །དགའ་བའི་སྐད་ཅིག་དེར་སྐྱེ་འགྱུར། །སྐད་ཅིག་ཡེ་ཤེས་བདེ་ཡེ་ཤེས། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །སྣ་ཚོགས་རྣམ་པར་སྨིན་

པ་དང་། །རྣམ་ཉིད་མཚན་ཉིད་བྲལ་དེ་བཞིན། །ཨེ་ཝཾ་ཤེས་པའི་རྣལ་འབྱོར་པས། །སྐད་ཅིག་བཞི་ལ་ཡང་དག་འགྲོ། །སྣ་ཚོགས་རྣམ་པ་དུ་མར་བཤད། །འཁྱུད་དང་འོ་བྱེད་ལ་སོགས་པའོ། །དེ་ལས་བཟློག་པ་རྣམ་པར་སྨིན། །བདེ་བའི་ཡེ་ཤེས་
ལོངས་སྤྱོད་པའོ། །རྣམ་པར་ཉེད་པར་འགྲོ་བར་གསུངས། །བདག་གིས་བདེ་བ་ལོངས་སྤྱོད་དོ། །འདི་གསུམ་ལས་གཞན་མཚན་ཉིད་བྲལ། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །དང་པོ་དགའ་བ་སྣ་ཚོགས་ཏེ། །མཆོག་ཏུ་དགའ་བ་རྣམ་པར་སྨིན། །དགའ་དང་
བྲལ་བ་རྣམ་ཉེད་དེ། །ལྷན་ཅིག་སྐྱེས་དགའ་མཚན་ཉིད་བྲལ། །སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །དབང་བཞིའི་གྲངས་ཀྱི་དབྱེ་བ་ཡིས། །དགའ་བ་ལ་སོགས་རིམ་ཤེས་བྱ། །དེ་ཡི་ཕྱིར་ནི་དགའ་བ་རྣམས། །བཞི་ཡི་བྱེ་བྲག་རབ་ཏུ་
ཕྱེ། །གང་ཕྱིར་ལྷན་ཅིག་སྐྱེས་རྣམ་བཞི། །རྫོགས་པའི་རིམ་པའི་ཕྱོགས་ཡིན་ནོ། །དང་པོ་དགའ་བ་དཔའ་བོ་སྟེ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཤིན་ཏུ་དགའ་བ་མཐའ་དག་ཉིད། །བདེ་དེའི་ཐབས་ཀྱིས་ཐམས་ཅད་རིག །ཅུང་ཟད་དགའ་བ་བདེ་བ་ཆེ། །མཆོག་
ཏུ་དགའ་བ་དེ་བས་ལྷག །དགའ་བྲལ་དགའ་བ་ཆགས་བྲལ་ཡིན། །ལྷག་མ་ལྷན་ཅིག་སྐྱེས་དགའ་བའོ། །དང་པོར་རེག་པར་འདོད་པ་སྟེ། །གཉིས་པ་བདེ་བར་འདོད་པའོ། །གསུམ་པ་ཆགས་པ་སྤངས་པ་ཡིན། །བཞི་པ་དེ་ཡིས་བསྒོམ་པར་བྱ། །མཆོག་ཏུ་དགའ་བ་སྲིད་
པར་གསུངས། །དགའ་དང་བྲལ་བས་མྱ་ངན་འདས། །དབུ་མ་དགའ་བ་ཙམ་ཉིད་དེ། །ལྷན་ཅིག་སྐྱེས་པས་འདི་རྣམས་སྤངས། །མཁའ་མཉམ་རྡུལ་བྲལ་ཞི་བ་སྟེ། །དངོས་དང་དངོས་མེད་བདག་ཉིད་མཆོག །ཐབས་དང་ཤེས་རབ་མཉམ་འདྲེས་ཤིང་། །ཆགས་
དང་ཆགས་བྲལ་རྣམ་པར་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མཆོག་གི་ཡི་གེའོ། །ཀུན་ལ་ཁྱབ་པའི་དེ་ཉིད་འདི། །ལུས་ཀུན་ལ་ནི་རྣམ་པར་གནས། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་ལ་སོགས་

པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧཾ་འབབ། །ཀོ་ལླ་ཨི་རེ་ཊྛི་ཨ་བོ་ལ། མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎ་ཀྲྀ་པི་ཊ་ཧོ་བཱཛྫ་ཨི། ཀ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ། ཏ་ཧིཾ་བ་ལ་ཁཱཛྫ་ཨི། གཱ་ཌྷེཾ་མ་ཨ་ཎཱ་བིཛྫ་ཨི། ཧ་ལེ་ཀཱ་ལིཉྫར་པ་ཎི་ཨ་ཨི། དུནྡུ་ར་བཱཛྫི་ཨ་ཨི། ཙ་ཨུ་ས་མ་ཀསྠུ་
རི་སིཧླཱ། ཀཱསྤུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨིནྡྷ་ན་ཤཱ་ལིཉྫ་ཏ་ཧིཾ། བྷ་རུ་ཁཱ་ཧི་ཨ་ཨི། །ཕྲེཾ་ཁ་ཎ་ཁ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷ་ན་མུ་ནི་ཨ་ཨི། ནི་ར་སུཾ་ཨཾ་གེ་ཙ་ཌཱ་ཝི། ཏ་ཧི་ཛ་ས་རཱ་ཝ་པ་ཎི་ཨ་ཨི། མཱ་ལ་ཨ་ཛེ་ཀུན་དུ་རུ་པཱ་ཊ་ཨི། ཌིཎྜ་མ་ཏ་ཧིཎྜ་བཱཛྫི་ཨ་ཨི། གང་ཕྱིར་བདེ་ཆེན་
ཐོས་གནས་པས། །བདེ་ཆེན་འཁོར་ལོ་ཕལ་ཆེན་པོའོ། །བདེ་བ་གང་གིས་འདིར་འཆི་བའི། །བདེ་དེས་བསམ་གཏན་ཞེས་སུ་བརྗོད། །བདེ་བ་ཆེན་པོར་བ་ཐོབ་ན། །སྣ་ཚོགས་པ་ཡིས་སྐད་ཅིག་སྤོང་། །བདེ་བ་ཆེན་པོ་གཟུང་བྱ་ཞེས། །སེམས་དཔའ་ཆེ་ལ་བླ་མ་
གསུང་། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་ཐར་པ་སྟེར་ཞི་བ། །ཁྱོད་ཀྱི་ཕ་ནི་ཁྱོད་རང་ཡིན། །ཤེས་རབ་ཡེ་ཤེས་ཀྱི་མངོན་པར་བྱང་ཆུབ་པའོ། །ཆགས་སོགས་རོལ་མོ་འདིར་མ་བཤད། །ཡང་བདག་མེད་མས་
གསོལ་བ། དགེ་སློང་དགེ་སློང་མ་རྒན་པོ། །དེ་བཞིན་མ་ནིང་ལ་སོགས་པའི། །འདི་རྣམས་ཇི་ལྟར་བྱང་ཆུབ་འབྱུར། །བཅོམ་ལྡན་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཇི་ལྟར་སྔོན་གྱི་རྗེས་འབྲངས་ནས། །སློབ་དཔོན་གྱིས་ནི་
ཕུན་ཚོགས་སྦྱིན། །དགའ་བྲལ་དང་པོ་མཆོག་གི་མཐའ། །དེ་ནས་ཡེ་ཤེས་བསྟེན་པར་བྱ། །རང་གི་ལག་པ་གཡས་གཡོན་གྱི། །མཐེ་བོང་སྲིན་ལག་དག་གིས་ནི། །ལོངས་སྤྱོད་ཀྱི་ནི་དབའ་རླབས་གཉིས། །རྣལ་འབྱོར་པ་ཡིས་གནན་པར་བྱ། །དེ་ལས་སྐྱེས་པའི་
ཡེ་ཤེས་ནི། །དཔེར་ན་གཞོན་ནུ་མ་ཆགས་བཞིན། །ཉམས་སུ་མྱོང་བའི་ཡེ་ཤེས་འདི། །ཚིག་གི་སྤྱོད་ཡུལ་ག་ལ་ཡིན། །དེ་ལ་ཐོག་མཐའ་དབུ་མ་མེད། །སྲིད་དང་མྱ་ངན་འདས་པ་མིན། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཡིན། །

དང་པོ་གཏི་མུག་འཆི་བར་འགྱུར། །མཐའ་མར་འཁོར་བའི་གཟུགས་ཅན་མ། །དབུ་མར་རྡུལ་བྲལ་ཞི་བ་ནི། །ཁྱབ་བདག་དངོས་དང་དངོས་མེད་ཟད། །ཆོས་ཀྱི་དབྱིངས་ཀྱི་མངོན་པར་བྱང་ཆུབ་པའོ། །སེམས་ཅན་མོས་པ་སྣ་ཚོགས་ལ། །ཕན་པར་
འཇུག་པའི་དབྱེ་བ་ཡིས། །རྡོ་རྗེ་འཛིན་ཆེན་ཐབས་བདག་གིས། །སྒྲུབ་ཐབས་དུ་མ་གསུངས་པ་ཡིན། །སྔགས་ཀྱི་ཚུལ་ནི་རྗེས་སྦས་པ། །ལམ་འདིའམ་ནི་གཞན་ཡང་རུང་། །ཤིན་ཏུ་བླ་མ་ལ་གུས་པའི། །དད་ལྡན་སྐྱེས་བུ་ལ་བཤད་བྱ། །རྣལ་འབྱོར་མའི་རྒྱུད་དགྱེས་
པའི་རྡོ་རྗེ་ལས་བཏུས་པའི་དབང་རྣམ་པར་གཏན་ལ་དབབ་པ་སློབ་དཔོན་ཆེན་པོ་དགྲ་ལས་རྒྱལ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
༄༅༅། །རྒྱ་གར་སྐད་དུ། ཤྲཱི་ད་ཤ་ཀྲོ་དྷ་བི་དྱཱ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་ཁྲོ་བོ་བཅུའི་རིག་པའི་ཆོ་ག་ཞེས་བྱ་བ། དཔལ་ཁྲོ་བོ་བཅུ་ལ་ཕྱག་འཚལ་ལོ། །གྲོ་གའམ་ལོ་མ་ལ་རྩིབས་བརྒྱད་པའི་འཁོར་ལོ་བྲིའོ། །ཤར་དུ། ན་མཿས་མནྟ་བུདྡྷེ་བྷྱོ། །ན་མོ་མུངྒ་ར་ཧ་སྟཱ་ཡ་
ཙཎྜ་མཎྜ་ལཱཀྵེ་པ་ཀཱ་ར་ཡ་དྷཱ་ར་ཀ་སྱ་རཀྵ་ཤཱནྟིཾ་པུཥྚིཾ་ཀུ་རུ་ཧཱུཾ་ཕཊ། ལྷོར། ན་མཿས་མནྟ་བུདྡྷེ་བྷྱོ་མ་ཧཱ་དཎྜ་དྷ་ར་བི་བི་དྷ་སུ་རཱ་སུ་ར་མརྡ་ན་བྷཱུ་ཏཱན་ནིརྨ་ཐ་དྷཱ་ར་ཀ་སྱ་རཀྵཾ་ཤཱནྟིཾ་པུཥྚིཾ་ཀུ་རུ་ཧཱུྃ་ཕཊ། ནུབ་ཏུ། ན་མཿས་མནྟ་བུདྡྷེ་བྷྱོ་ཧུ་ལུ་ཧུ་ལུ་མ་ཧཱ་པདྨ་ཨ་མྲྀ་ཏཱི་ཀུ་རུ་བི་ཥཱ་ཎི་དྷཱ་ར་ཀསྱ་རཀྵཾ་ཤཱནྟིཾ་པུཥྚིཾ་ཀུ་རུ་
ཧཱུྃ་ཕཊ། བྱང་དུ། ན་མཿསམནྟ་བུདྡྷེ་བྷྱོ་ན་མོ་བཛྲ་ཀྲོ་དྷཱ་ཡ་མ་ཧཱ་དཾཥྚྲོཏྐཊ་བྷཻ་ར་བཱ་ཡ་བཛྲ་སནྡོ་ཧ་དརྦཱ་ཡ་ཨ་མྲྀ་ཏ་ཀུཎྜ་ལི་དྷཱ་ར་ཀ་སྱ་རཀྵཾ་ཤཱནྟིཾ་པུཥྚིཾ་ཀུ་རུ་ཧཱུྃ་ཕཊ། དབང་ལྡན་དུ། ན་མཿས་མནྟ་བུདྡྷེ་བྷྱོ་ཨོཾ་ཡ་མ་དཎྜཱ་ཡ། ཏུ་རུ་ཏུ་རུ་མུ་རུ་མུ་རུ་སརྦ་དུཥྚཱཾ། མཱ་ར་ཡ་མཱ་ར་ཡ་དྷཱ་ར་ཀ་སྱ་རཀྵཾ་
ཤཱནྟིཾ་པུཥྚིཾ་ཀུ་རུ་ཧཱུྃ་ཕཊ། མེ་རུ། ན་མཿས་མནྟ་བུདྡྷེ་བྷྱོ་ན་མོ་མ་ཧཱ་བ་ལཱ་ཡ་ཨུ་ཙྪུཥྨ་ཀྲོ་དྷ་རཱ་ཛཱ་ཡ་སརྦ་ནཱ་གཱ་ནཱཾ་ཧྲི་ད་ཡཾ་ཏཱ་ཌ་ཡ་དྷཱ་ར་ཀེ་སྱ་རཀྵཾ་ཤཱནྟིཾ་པུཥྚི་ཀུ་རུ་ཧཱུྃ་ཕཊ། བདེན་བྲལ་དུ། ན་མཿས་མནྟ་བུདྡྷེ་བྷྱོ་ན་མོ་ཨ་ཙ་ལ་ཀཱ་ཎཱ་ཡ། ཙེཊྚ་ཙེཊྚ། མོཊྚ་མོཊྚ། ཏུཊྚ་ཏུཊྚ། གྷ་གྷ། གྷཱ་ཏ་ཡ། གྷཱ་

ཏ་ཡ་དྷཱ་ར་ཀསྱ་རཀྵཾ་ཤཱནྟིཾ་པུཥྚིཾ་ཀུ་རུ་ཧཱུྃ་ཕཊ། རླུང་དུ། ན་མཿས་མནྟ་བུདྡྷེ་བྷྱོ་ཨོཾ་ཊཀྐི་རཱ་ཛཱ་དྷཱ་ར་ཀ་སྱ་རཀྵཾ་ཤཱནྟིཾ་པུཥྚིཾ་ཀུ་རུ་ཧཱུྃ་ཛཿ། འཁོར་ལོའི་ལྟེ་བར། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞཱ་གྲྀཧྣ་ཧཱུྃ། གྲྀཧྞཱ་པ་ཡ། གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿབྷ་ག་བཱན་བིདྱཱ་རཱ་ཛ་དྷཱ་རཱ་ཀ་སྱ་རཀྵཾ་ཤཱནྟིཾ་པུཥྚིཾ་ཧཱུྃ་ཕཊ་སྭཱ་ཧཱ།
སྔགས་འདིས་འཁོར་ལོ་ཡོངས་སུ་འཁོར་བར་བྲིའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ན་མཿས་མནྟ་དྷ་རྨཱ་ནཱཾ། ན་མཿས་མནྟ་སཾ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ། ཨོཾ་བི་མ་ལ། ཨོཾ་ཤཾ་ཀ་ར། ཨོཾ་པྲ་ཏྱཾ་གི་ར། བཛྲོ་ཥྞཱི་ཥ་ཙཀྲ་བརྟི། སརྦྦ་ཡནྟྲ། མནྟྲ། མཱུ་ལ་ཀརྨ། བནྡྷ་ནཾ། ཏཱ་ཌ་ནཾ། ཀཱི་ལ་ནམྦཱ། དྷཱ་ར་ཀ་སྱ་ཀྲྀ་ཏཾ།
ཡེ་ན་ཀེ་ན་ཙི་ཏ། ཀྲྀ་ཏཾ་ཏ། སརྦཱནྟུ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མ་ར་མ་ར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཨཏྨ་རཀྵཾ་པྲ་ཡོ་གེ་ཤུ། ཡནྟྲ་མནྟྲ་ངྷི་ནཱ་ཤེ་ནཾ་བཱ་ཧཱུྃ་བིརྱཱ་ག་ཏཾ་ཀྲྀ་ཏྭཱཾ་ཏྲཻ་ལོ་ཀྱཻ་དྣྣ་པི་ལཾ་གྷ་ཏེ། དཔལ་ཁྲོ་བོ་བཅུའི་རིག་པའི་ཆོ་ག་ཞེས་བྱ་བ་རྫོགས་སོ།། །།
པཎྜི་ཏ་ཛཻ་རྟ་རིས་མཛད་པའོ།། །།སྒྲ་པ་ཆེན་པོ་ཛཻ་ཏ་ཀརྞྞལི་ཞལ་སྔ་ནས་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་ལེགས་པར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། གུ་ཧྱ་ཨ་བྷི་ཥེ་
ཀ་ཀྲི་པ་ནཱ་མ། བོད་སྐད་དུ། གསང་བའི་དབང་གི་རབ་ཏུ་བྱེད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རིག་མས་གསོར་བའི་རྡོ་རྗེ་རྩ་བར་རོལ་ལོངས་རྫོགས། །སོ་སོར་རེག་པ་ཆོས་དེ་གྱེན་དུ་རབ་སྤྲོས་སྤྲུལ། །སྤྲོས་པའི་ཁམས་གསུམ་སྤྲུལ་ན་ཚད་
མེད་མཁྱེན་གྱུར་པ། །ལུས་ངག་ཡིད་ཀྱིས་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ། །གསང་བའི་རྒྱུད་ལས་བཤད་པའོ། །དབང་བསྐུར་ལ་ནི་ཡེ་ཤེས་བཞི། །མཚན་མ་ལྔ་དང་ཡང་དག་ལྡན། །ཡང་དག་གསལ་བར་བྲི་བར་བྱ། །ཨོཾ་ཡིག་ཉིད་དང་ཨཱཾ་ཡིག་དང་། །ཀ་ཡིག་ཙ་ཏྲར་
ཡང་དག་ལྡན། །ཏ་ཡིག་དང་ནི་པ་ཡིག་དང་། །ཡ་དང་ཤ་ཡི་ཡི་གེའོ། །སྡེ་དགུ་ཡི་ནི་ཡི་གེའོ། །ཨོ་ཡིག་ཨཱི་ཡང་ལྷ་མོའོ། །ཁ་ཚ་ཋ་དང་བཞི་པ་གཞན། །ཐ་ཕ་དང་ནི་ར་ཥ་ཡ། །གཉིས་པའི་སྡེ་ཞེས་བྱ་བར་འདོད། །ཨུ་ཨཱུ་ཡི་གེ་ལྷ་མོ་ཆེ། །ག་ཛ་ཌ་དག་ལྷན་ཅིག་ལྡན། །

ད་བ་དང་ཡང་ལ་སུ་དག །འདི་ནི་གསུམ་པའི་སྡེ་ཡིན་ནོ། །ཨེ་ཨཻ་ཞེས་བྱ་སྔོན་དུ་གྱུར། །དེ་ནས་ཡང་ནི་གྷ་ཛྷ་ཌྷ། །དྷ་བྷ་ཝ་ཧ་དེ་ནས་ཡང་། །འདི་ནི་སྡེ་པ་བཞི་པའོ། །ཨོ་ཡིག་ཉིད་དང་ཨཽ་ཡིག་དང་། །ཨོཾ་ཡིག་དང་ནི་ཚེག་དྲག་བཅས། །ང་ཉ་ཎ་ན་མ་དང་
ལྡན། །འདི་ནི་སྡེ་པ་དགུ་ཡི་བདག །རྡོ་རྗེ་མཛེས་པ་རྡོ་རྗེ་བརྡེག་པ་བཞི། །རབ་དགྱེས་པ་ཡི་མྱུ་གུ་དང་། །ངོ་མཚར་རྡོ་རྗེ་ཡེ་ཤེས་རྡོ་རྗེ་དང་། །ཡིད་བཞིན་རྡོ་རྗེ་ལུས་མེད་རྡོ་རྗེ་དང་། །ཤེས་རབ་མྱུ་གུ་སྙིང་རྗེ་མྱུ་གུ་དང་། །དམ་པའི་དགའ་བའི་རྡོ་རྗེ་དང་། །རབ་ཏུ་དགྱེས་པའི་རྡོ་རྗེ་
དང་། །སྤྱན་རས་གཟིགས་ཀྱི་རྡོ་རྗེ་དང་། །དབབ་པའི་རྡོ་རྗེ་ནམ་མཁའི་རྡོ་རྗེ་དང་། །ཤེས་རབ་རྡོ་རྗེ་ཕ་རོལ་ཕྱིན་པའི་རྡོ་རྗེ་དང་། །འདོད་ཆགས་རྡོ་རྗེ་དང་མིང་འདི་རྣམས་ཀྱིས་གཙང་བའི་གནས་སུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །བུད་མེད་བཤད་དེ། རྡོ་རྗེ་འགྱིང་དང་མཚོན་
ཆ་དང་། །རྡོ་རྗེ་ཨེ་མའོ་བདེ་བ་མོ། །རྡོ་རྗེ་བདག་མེད་མ་དང་། རྡོ་རྗེ་སྤྱན་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། རྡོ་རྗེ་དཀར་མོ་དང་། རྡོ་རྗེ་སྒྱུ་འཕྲུལ་མ་དང་། རྡོ་རྗེ་འབར་མ་དང་། རྡོ་རྗེ་འཁྲི་ཤིང་མ་དང་། རྡོ་རྗེ་ཤུགས་དང་། རྡོ་རྗེ་རོ་ལངས་མ་དང་། རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་དོ་ཤལ་
མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་བཞད་མ་དང་། རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་པད་རྐན་མ་དང་། རྡོ་རྗེ་རྒྱས་མ་དང་། རྡོ་རྗེ་པདྨ་དང་། རྡོ་རྗེ་འབྱུང་གནས་དང་། རྡོ་རྗེ་དགོད་མ་དང་། རྡོ་རྗེ་ཆགས་པ་མ་དང་། རྡོ་རྗེ་སྒྲོལ་མ་དང་། རྡོ་རྗེ་ཧ་ར་དང་། རྡོ་རྗེ་རྣམ་བསྙེམས་མ་དང་། རྡོ་རྗེ་བློ་གྲོས་མ་
དང་། རྡོ་རྗེ་ཀོ་ནེ་ན་མ་དང་། རྡོ་རྗེ་ཁ་ཆུ་མ་དང་། རྡོ་རྗེ་དབུགས་དང་། རྡོ་རྗེ་ལག་དང་། མཁའ་འགྲོ་མ་རྣམས་མི་བསྐྱོད་པ། ཨ་ཨཱ་ཀ་ཅ་ཊ་ཏ་པ་ཡ་ཤ་རྣམས་བཤད་པ་ལ་གཙོ་བོ་དཔའ་བོ་རྣམ་པར་སྣང་མཛད། ཨི་ཨཱི་ཁ་ཚ་ཋ་ཐ་ཕ་ར་ཥ་རྣམས་རབ་དགྱེས་རྡོ་རྗེ་ལ་སོགས་པའོ། །རིན་
ཆེན་དབང་ཨུ་ཨཱུ་ག་ཛ་ཌ་ད་བ་ལ་ས་རྣམས་ངོ་མཚར་རྡོ་རྗེ་ལ་སོགས་པའོ། །སྣང་བ་མཐའ་ཡས་ཨེ་ཨཻ་གྷ་ཛྷ་ཌྷ་དྷ་བྷ་བ་ཏ་རྣམས་རྡོ་རྗེ་པདྨའི་མྱུ་གུ་ལ་སོགས་པའོ། །དོན་ཡོད་གྲུབ་པ་ཨོ་ཨཽ་ཨཾ་ཨཱཿང་ཉ་ཎ་ན་མ་རྣམས་རྡོ་རྗེ་སྤྱན་རས་གཟིགས་ལ་སོགས་པའོ། །གསང་བའི་

དབང་གི་མིང་གི་རབ་ཏུ་བྱེད་པ། ཡང་དག་པའི་མན་ངག་འགྲོལ་བར་དཀའ་བ་རྫོགས་སོ།། །།སློབ་དཔོན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅན་བི་ན་པའི་ཞལ་སྔ་ནས་མཛད་པའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཨ་བྷི་ཥེ་ཀ་ཏྲི་ཀྲ་མ་ནཱ་མ།
བོད་སྐད་དུ། དབང་ཆེན་པོ་རིམ་པ་གསུམ་པ་ཞེས་བྱ་བ། དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །པྲ་ཡི་ཡེ་ཤེས་སྒྲུབ་འདོད་པས། །འདོད་ཆོས་མཚན་གཉིས་ཤེས་པའི་མུ། །དེ་ཤེས་ཡུལ་དུ་བྱ་བ་ནི། །མིག་དགུ་གཤི་ར་མཐའ་ཟད་རྩེ། །ཆུ་སྐྱེས་དགའ་གཉིས་དབུས་སུ་
འདུས། །གསང་བའི་ས་བཅུར་ཤེས་པར་བྱ། །ཐབས་ཀྱི་ཟེ་འབྲུ་གསུམ་ནོར་བུ། །པྲ་རུ་འདོད་པ་སངས་རྒྱས་གཅིག །ཐུར་རླུང་ཕྲད་བཟློག་དབུས་ཞུགས་པས། །ས་གནས་གར་འདོད་ཀུན་ཀྱང་འགེངས། །རྟོག་བྲལ་སྨོན་ལམ་གཟུགས་སུ་གཉིས། །ར་ཏའི་ཏི་ལ་བཞི་
འགྱུར་གྱི། །སྐད་ཅིག་ཆ་ཀུན་ཤེས་བྱས་ནས། །རོ་བཞི་ཤེས་པས་རོ་བཞི་བྱ། །རླུང་གི་ས་ཡི་དུས་སུ་ནི། །ཧཱུྃ་ཕཊ་བསྐྱོད་པས་ལས་རླུང་མེ། །འབྱུང་བཞིའི་རླུང་གྲངས་འཁོར་ལོ་བཞིན། །ས་ཡི་དུས་སུ་བཟློག་ལ་བསྟུན། །ཆུ་ཚགས་རླུང་གིས་གཟུང་ཡི་གེ། །འགྲེང་
སྟེངས་ཡར་རླུང་དགག་པའོ། །ཏིང་འཛིན་ཁྱད་པར་གྱུར་པ་ཡིས། །གཉིས་འདུས་བྷ་གར་རླུང་བཞི་གནོན། །མི་གཡོ་བདུད་བཞི་མནན་ཞེས་བྱ། །ཅུང་ཟད་འདུས་པར་ཟིན་པ་ཡིས། །མི་རྟོག་དང་པོའི་ས་ཐོབ་བཤད། །བརྒྱད་ཕྱེད་མཐའ་ཡི་བརྒྱད་ཕྱེད་མཐར། བྲག་གདུང་
ལྟ་བུ་གཉིས་ཕྲད་དེ། །བསྟན་པས་ཡེ་ཤེས་བསམ་ཡས་ཤིང་། །ཀུན་ཀྱང་གསལ་བ་དུང་ལྟ་བུ། །ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཡོན་ཏན་ཆེ་བ་བརྗོད་མི་ལང་། །གལ་ཏེ་པྲ་ཡི་ཉི་མ་དག །ཐིག་ལེ་ཁ་བསྒྱུར་སྔོན་བཞིན་སྤྲད། །མར་རམ་ཆུ་ལྟར་འདྲེས་ནུས་པས། །
སོ་སོར་གནས་ཀྱང་རྨོངས་པ་མེད། །ཀུན་རྫོབ་སྣང་བ་མ་ཡིན་ཏེ། །དངོས་པོ་གཉིས་ཀྱང་རྟག་ཏུ་འདྲེས། །སུས་ཀྱང་མཐོང་བར་མི་ནུས་ཏེ། །ཡོན་ཏན་ལྗགས་ཀྱིས་རྫོགས་པ་མིན། །བསྐལ་པར་འཇིགས་དང་བྲལ་བ་མེད། །གཟུང་འཛིན་བྲལ་བའི་ཡེ་ཤེས་སྐུ། །དུས་སུ་

ཆོས་རྣམས་མེ་ལོང་བཞིན། །དབང་ཆེན་པོ་རིམ་པ་གསུམ་པ་ཞེས་བྱ་བ་རྫོགས་རིམ་གྱི་མན་ངག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དྭི་བྷུ་ཛ་ཧེ་བཛྲ་སཱ་དྷ་ནཾ། བོད་སྐད་དུ། དགྱེས་པ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་ཧེ་
རུ་ཀ་ལ་ཕྱག་འཚལ་ལོ། །ཨེ་ཝཾ་ཡི་གེ་ལ་བཞུགས་པས། །དགའ་བཞི་ལ་སོགས་མངའ་བདག་ནི། །དང་པོ་དབུས་མཐའ་ལས་གྲོལ་བ། །རྡོ་རྗེ་འཆང་དེ་ལ་ཕྱག་འཚལ། །བླ་མ་རྣམས་དང་སངས་རྒྱས་དང་། །ཆོས་དང་དགེ་འདུན་གུས་བཅས་ཤིང་། །རྒན་གཞོན་
རྡོར་སྤྱོད་ཕྱག་བྱས་ནས། །དགྱེས་པ་རྡོ་རྗེའི་སྒྲུབས་ཐབས་བཤད། །དང་པོ་གོམས་པར་བྱེད་པ་ནི། །གང་དུ་སྔགས་པས་དངོས་གྲུབ་འགྲུབ་ཅིང་། སེམས་རྩེ་གཅིག་པར་འགྱུར་བ། ཤིང་གཅིག་གམ། དུར་ཁྲོད་དམ། མ་མོའི་ཁྱིམ་མམ། དེ་བཞིན་མཚན་མོའམ། སྐྱེ་བོས་
དབེན་པའི་གྲོང་མཐའ་འམ། དགོན་པར་བསྔགས་པ་གསུངས་པའི་གནས་བཟང་པོ་བརྟག་གོ། །རང་གི་སྙིང་གར་རཾ་བསམས་ལ། དེ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་དེ་ལ་ཧཱུྃ་ཡང་བསྐྱེད་ལ། ཌོཾ་བི་ནཱིས་རྗེས་སུ་ཆགས་པས་ཕྲག་ན་འཁྱུད་པའི་ཐབས་དང་ཤེས་རབ་ཀྱི་
བདག་ཉིད་ཅན་རྡོ་རྗེ་ལས་འཁྲུངས་པས། ཐུགས་རྗེ་དང་ལྡན་པའི་རྗེ་བཙུན་ལ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལྷ་མོ་བརྒྱད་གཽ་རཱི་རི་དགས་ཀྱི་མཚན་མ་བསྣམས་པ། ཙཽ་རཱི་ཉི་མའི་སྣོད་བསྣམས་པ། བེ་ཏཱ་ལཱི་ཆུ་བསྣམས་པ། གྷསྨ་རཱི་སྨན་བསྣམས་པ། པུཀྐ་སཱི་ཕྱག་ན་རྡོ་རྗེ་
བསྣམས་པ། ཤ་བ་རཱི་རོ་བསྣམས་པ། ཙཎྜ་ལཱི་ཌ་མ་རུ་བསྣམས་ནས། གཡུང་མོ་དེ་ཁོ་ནས་མཆོད་པས་དེ་རྣམས་ཀྱིས་གཙོ་བོ་ལ་མཆོད་པ་བྱེད་པ་ནམ་མཁའ་ལ་བལྟའོ། །དེ་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །
འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །དང་པོ་བྱམས་པ་བསྒོམ་པར་བྱ། །གཉིས་པ་སྙིང་རྗེ་བསྒོམ་པར་བྱ། །གསུམ་པ་དགའ་བ་བསྒོམས་ནས་ནི། །ཀུན་གྱི་མཐའ་རུ་བཏང་སྙོམས་སོ། །ཡང་སེམས་སྟོང་པ་ཉིད་དུ་དམིགས་

པས་ཐ་མལ་པའི་ང་རྒྱལ་སྤང་བར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དང་པོར་རཾ་ལས་ཉི་མ་བསམ། །ཉི་མའི་དབུས་སུ་རབ་གནས་པའི། །ཧཱུྃ་ལས་སྣ་ཚོགས་རྡོ་རྗེར་བསམ། །རྡོ་རྗེ་དེ་ལས་ར་བ་དང་། །རྡོ་རྗེའི་གུར་གྱིས་ཕུབ་པར་བསྒོམ། །མཁའ་དབྱིངས་
བྷ་ག་བསྒོམས་ནས་ནི། །དེ་ནང་བསྒོམ་པར་བྱ་བ་ནི། །དང་པོར་རོ་ནི་བསམ་བྱ་སྟེ། །ཆོས་དབྱིངས་བདག་མེད་ཡིན་ཞེས་བྱ། །དེ་སྟེངས་གནས་པའི་རྣལ་འབྱོར་པས། །ཧེ་རུ་ཀ་རུ་བསྒོམ་པར་བྱ། །ཨཱ་ལི་ལས་ཟླ་ཀཱ་ལི་ཉི། །དེ་སྟེངས་ས་བོན་ཧཱུྃ་བརྟག་བྱ། །ཧཱུྃ་ལས་རྡོ་རྗེ་
བསམ་པར་བྱ། །རྡོ་རྗེའི་ལྟེ་བ་ཧཱུྃ་ལ་ཡང་། །དེ་ཉིད་ཧཱུྃ་ནི་གནས་པར་བསམ། །མེ་ལོང་ཡེ་ཤེས་ཟླ་བ་སྟེ། །མཉམ་ཉིད་ཡེ་ཤེས་བདུན་པར་ལྡན། །ཕྱག་མཚན་ས་བོན་སོ་སོར་རྟོག །ཐམས་ཅད་གཅིག་བསྡུས་བྱ་ནན་ཏན། །ཆོས་ཉིད་དག་པའི་རྫོགས་པའི་སྐུ། །མངོན་
པར་བྱང་ཆུབ་རྣམ་པ་ལྔ། །རིམ་བཞིན་མཁས་པས་བསྒོམ་པར་གསུངས། །སེམས་ཅན་ལུས་ལས་ཡང་དག་འབྱུང་། །དཀྱིལ་འཁོར་གཙོ་བོ་བསྒོམ་པར་བྱ། །ཞལ་དང་ཕྱག་མཚན་གསུངས་བཞིན་ཏེ། །ཆུ་ཤེལ་ལྟ་བུའི་འོད་མངའ་བ། །དགའ་བས་གཉིས་ནི་སྙོམས་
པར་ཞུགས། །བདག་མེད་མ་དང་ལྷན་ཅིག་སྦྱོར། །བསྲུབ་བྱ་བསྲུབས་པའི་སྦྱོར་བ་ཡིས། །གཽ་རཱི་ལ་སོགས་ངེས་འབྱུང་བྱ། །གཾ་ཙཾ་བཾ་གྷཾ་པཾ་སཾ་ལཾ་ཌཾ་ས་བོན་ལས་ངེས་འབྱུང་། །དབང་པོ་གཽ་རཱི་གཤིན་རྗེ་སྐུ། །ཆུ་ཡི་ཕྱོགས་སུ་བེ་ཏཱ་ལཱི། །ལུས་ངན་ཕྱོགས་སུ་གྷསྨ་རཱི། །པུཀྐ་
སཱི་ནི་དབང་ལྡན་འདོད། །མེ་ཡི་ཕྱོགས་སུ་ཤ་བ་རཱི། །ཙཎྜ་ལཱི་ནི་བདེན་བྲལ་གནས། །རླུང་གི་ཕྱོགས་སུ་ཌོམྦིར་འདོད། །གཽ་རཱི་ཁ་དོག་ནག་པོར་འགྱུར། །ཙཽ་རཱི་བཙོད་ཀྱི་ཁ་དོག་ལྡན། །བེ་ཏཱ་ལཱི་ནི་གཙོ་མོའི་མདོག །མརྒཏ་མདོག་འདྲ་གྷསྨ་རཱི། །ཨིནྡྲ་ནཱི་མདོག་པུཀྐ་སཱི། །ཤ་བ་
རཱི་ནི་ཆུ་ཤེལ་བཞིན། །ཙཎྜ་ལཱི་ནི་མཁའ་བཞིན་སྔོ། །ཌོམྦི་ནཱི་ནི་སྣ་ཚོགས་མདོག །རོ་ཡི་སྟེང་ན་འོད་འབར་ཞིང་། །ཕྱག་གཉིས་དབུ་སྐྲ་གྱེན་དུ་བརྫེས། །སྤྱན་དམར་ཞལ་ནི་གཅིག་དང་བཅས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཕྱག་ནི་གཅིག་ན་ཀ་པཱ་ལ་བསྣམས། །

གཡས་ཀྱི་ཕྱག་ན་གྲི་གུག་གོ། །ཁ་ཊྭཱཾ་ག་ནི་ཕྱག་གཡོན་ན། །རྐེད་པ་སྟག་གི་པགས་པས་གཡོགས། །དེ་ནས་རྡོ་རྗེ་ཆགས་ཆེན་གྱིས། །རིག་མ་དང་བཅས་ཞུ་བར་གྱུར། །སྣ་ཚོགས་གླུ་དང་ཉེར་སྤྱོད་པས། །དེ་ནས་ལྷ་མོ་སྐུལ་བར་བྱེད། །སྙིང་རྗེའི་ཡིད་
ཀྱིས་ལྷ་མོ་བཞེངས། །སྦོས་མོས་བདག་ལ་ཡོངས་སུ་སྐྱོབས། །སྟོང་པའི་ཏིང་འཛིན་སྤངས་ནས་ནི། །བདེ་ཆེན་འདོད་པས་བདག་ལ་སྦྱོར། །ཁྱོད་མི་བཞུགས་ན་བདག་འགུམ་པས། །སྟོང་པའི་རང་བཞིན་སྤངས་ནས་སུ། །རི་ཁྲོད་མ་འབྲས་བསྒྲུབ་པའི་ཕྱིར། །དགྱེས་
པ་རྡོ་རྗེ་ཁྱོད་བཞེངས་ཤིག །འདོད་པས་འཇིག་རྟེན་སྙིང་མནན་ན། །གཙོ་བོ་ཅི་ཕྱིར་སྟོང་ཉིད་བཞུགས། །ཁྱོད་མི་བཞུགས་ན་ཕྱོགས་རྨོངས་པས། །གཏུམ་མོ་བདག་ནི་གསོལ་བ་འདེབས། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །སྒྱུ་འཕྲུལ་ལྟ་བུར་ཁྱོད་བཞེངས་ཤིག །
འགྲོ་གཙོ་སྨྲ་བས་བདག་ལེགས་ཤེས། །ཐུགས་རྗེ་རྒྱུན་ཆད་མ་མཛད་ཅིག །དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། །བཞི་པས་ས་བོན་དགོད་པ་པོ། །ཧཱུྃ་རྡོ་རྗེ་ལས་རྡོ་རྗེ་ཆེར། །ཞུ་བའི་གཟུགས་ནི་བཞེངས་
པར་གྱུར། །འགྲོ་བའི་དོན་ལ་འོད་ཟེར་གྱིས། །རང་གི་ལུས་ནི་རྣམ་སྤྲོས་པས། །ནམ་མཁའི་དཀྱིལ་འཁོར་ཁྱབ་བྱས་ནས། །ཚོགས་རེ་སླར་ཡང་འདུས་པ་ཡིན། །རྣལ་འབྱོར་ཞེ་སྡང་བདག་ཉིད་གྱུར། །ཁ་དོག་སྔོ་ཞིང་ཅུང་ཟད་དམར། །དབུ་སྐྲ་སེར་པོ་གྱེན་དུ་བརྗེས། །ཕྱག་
རྒྱ་ལྔ་ཡི་རྒྱན་གྱིས་བརྒྱན། །འཁོར་ལོ་རྣ་ཆ་མགུལ་རྒྱན་དང་། །ལག་པའི་གདུ་བུ་སྐ་རགས་རྣམས། །སངས་རྒྱས་ལྔ་ཡི་རྣམ་དག་སྟེ། །ཕྱག་རྒྱ་ལྔ་རུ་རབ་ཏུ་གྲགས། །བཅུ་དྲུག་ཆ་བྱད་ཁྲོས་པས་གཟིགས། །ཕྱག་གཡོན་རྡོ་རྗེ་ཐོད་པས་མཚན། །ཁ་ཊྭཱཾ་ག་ཡང་གཡོན་
པ་ནི། །རྡོ་རྗེ་འབར་བ་གཡས་པ་ན། །ཧཱུྃ་སྒྲོགས་པ་ཡི་བདག་ཉིད་ཅན། །ལྷ་མོ་བརྒྱད་ཀྱིས་ཡོངས་བསྐོར་ནས། །མགོན་པོ་དུར་ཁྲོད་ནང་ན་རོལ། །དཔལ་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་པ་སྤངས་པ་ཡིན། །ཀ་ནི་གང་དུ་མི་གནས་

པ། །ཆོས་ཀྱི་དབྱིངས་ལས་ངེས་འཁྲུངས་པས། །ཆོས་ཉིད་བདག་ཉིད་བསྒོམ་པ་ཡིན། །ཨོཾ་དྷ་རྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །མིག་ནི་རྡོ་རྗེ་གཏི་མུག་མ། །རྣ་བ་རྡོ་རྗེ་ཞེ་སྡང་མ། །སྣ་ནི་སེར་སྣ་རྡོ་རྗེ་མ། །ལྕེ་ནི་འདོད་ཆགས་རྡོ་རྗེ་མ། །རེག་བྱ་རྡོ་རྗེ་ཕྲག་དོག་མའོ། །བདག་མེད་
རྣལ་འབྱོར་མ་ནི་ཡིད། །ས་སྤྱོད་མ་ནི་ལུས་རྡོ་རྗེ། །མཁའ་སྤྱོད་མ་ནི་གསུང་རྡོ་རྗེ། །ཐུགས་ནི་དབུས་ན་བཞུགས་པའི་ཕྱིར། །དེ་ཕྱིར་བདག་མེད་མ་དབུས་འཁྲུངས། །རང་སྙིང་ནས་ནི་ས་བོན་བྱུང་། །འོད་ཟེར་ནག་པོ་དང་ལྡན་ལ། །ལྕགས་ཀྱུའི་རྣམ་པ་ཅན་གྱིས་ནི། །
ཁམས་གསུམ་ན་བཞུགས་སངས་རྒྱས་རྣམས། །ཡུམ་བརྒྱད་དང་བཅས་བཀུག་ནས་ནི། །ཡང་དག་མཆོད་ནས་གསོལ་བ་གདབ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བས་སོ། །ཧེ་རུ་ཀ་སྐུའི་ཆ་བྱད་ཅན། །དེ་བཞིན་གཤེགས་པ་ལྔ་རྣམས་ཀྱིས། །དེ་བཞིན་
གཤེགས་ལྔ་བདག་ཉིད་ཅན། །བདུད་རྩི་ལྔ་ཡིས་གང་བ་ཡི། །བུམ་པའི་དབང་བསྐུར་ཏེ། རྔ་བརྡུངས་པའི་སྒྲ་དང་ལྡན་པས་མེ་ཏོག་གི་ཆར་དང་གུར་གུམ་གྱི་ཆར་འབེབས་ཤིང་། །ཐུགས་རྗེ་ལ་སོགས་པ་མངོན་པར་བསྟོད་ཅིང་། སྤྱན་ལ་སོགས་པས་གླུ་ལེན་པས་
དབང་བསྐུར་བས་མགོ་ལ་རང་གི་རིགས་ཀྱི་བདག་པོ་བཞུགས་པར་འགྱུར་རོ། །འཁོར་ལོའི་གཟུགས་ནི་མི་བསྐྱོད་པ། །རྣ་བ་འོད་དཔག་མེད་ཀྱི་བདག །མགུལ་རྒྱན་རིན་ཆེན་འབྱུང་བའི་བདག །གདུ་བུ་རྣམ་པར་སྣང་མཛད་འདོད། །སྐ་རགས་ལ་ནི་དོན་གྲུབ་བཞུགས། །
ཤེས་རབ་རང་བཞིན་ཁ་ཊྭཱཾ་ག །འཁོར་བ་མྱ་ངན་འདས་པ་ཡི། །རྣམ་རྟོག་བཅད་པ་པདྨའི་སྣོད། །རྣམ་པར་གྲོལ་བའི་རྒྱུ་རུ་ནི། །བདུད་བཞིའི་ཁྲག་ནི་གསོལ་བ་ཡིན། །སྙིང་རྗེའི་སྤྱན་ནི་དམར་བ་ཡིན། །ཡན་ལག་ནག་པོ་བྱམས་པའི་སེམས། །པགས་པ་བྱང་ཆུབ་ཡན་
ལག་བདུན། །རུས་པའི་རྒྱན་ནི་བདེན་པ་བཞི། །ཁྲོ་བ་མ་རུངས་གདུལ་བྱ་ལ། །ཁྲག་ནི་ཤ་བ་རཱི་རུ་བསྟན། །ཁུ་བ་ཙཎྜ་ལཱི་རུ་གྲགས། །ཚིལ་དང་རྐང་ནི་ཌོམྦི་ནཱི། །བདུད་ལ་སོགས་པ་ཉེས་པ་དྲུག །གཅོད་ཕྱིར་གྲི་གུག་ཐོགས་པས་བཞུགས། །ཐོད་པ་སྟོང་ཉིད་ངོ་བོ་སྟེ། །

ཐམས་ཅད་ཐབས་སུ་ཤེས་པར་བྱ། །དུས་ཚིགས་གསུམ་ལྡན་བྱིན་གྱིས་བརླབས། །ལྷ་ཡི་སྐུ་རུ་གནས་པར་བྱ། །བྱ་རྣམས་བྱེད་ཚེ་རྣལ་འབྱོར་པས། །རྣལ་འབྱོར་འདི་ནི་དྲན་པར་བྱ། །སྐད་ཅིག་ཙམ་ཡང་སེམས་གཞན་ནི། །མ་རིག་མ་རུངས་ལྡན་སེམས་
ཀྱིས། །དངོས་གྲུབ་འདོད་པའི་སྒྲུབ་པ་པོས། །འབད་པས་མཁས་པས་གནས་མི་བྱ། །ཟླ་དྲུག་རྣལ་འབྱོར་པས་བསྒོམས་ན། །ཐེ་ཚོམ་འདིར་མེད་དངོས་གྲུབ་ཐོབ། །དེ་ལ་སོམ་ཉི་མི་བྱ་སྟེ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །ཡན་ལག་ཇི་སྙེད་ཡོད་པ་དང་། །གོང་
དུ་བརྗོད་པ་ཐམས་ཅད་ནི། །དེ་སྙེད་སྔགས་དང་ཕྱག་རྒྱ་ཡིན། །དཔལ་ལྡན་ཧེ་རུའི་གོ་འཕང་གནས། །དེ་ལ་སྔགས་ནི་འདི་ཡིན་ཏེ། །ཨོཾ་ཏྲཻ་ལོ་ཀྱཱ་ཀྵེ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གཤེགས་སུ་གསོལ་བའི་དོན་དུ་སྤྱན་དྲངས་ནས། །ཡང་དག་པར་མཆོད་ལ། བསོད་ནམས་
ཡོངས་སུ་བསྔོས་ལ་བཟོད་པར་གསོལ་ལོ། །ཧེ་རུ་ཀ་རྣམ་པར་བསམས་ནས་ལྡང་བའི་བླ་མའི་མན་ངག་ཡིན་ནོ། །ཤེས་རབ་བླ་མའི་ཞོ་རྟག་ཏུ། །བླ་མ་དམ་པའི་གདམས་ངག་གི །བདུད་རྩི་མྱང་བ་གང་ཡིན་པ། །དེ་ཡིས་སངས་རྒྱས་ཐོབ་པར་འགྱུར། །དགྱེས་རྡོར་རྒྱུད་
ལས་གསུངས་པ་ཡི། །དེར་རྙེད་རིམ་པས་བསྡུས་ནས་ནི། །དགྱེས་པའི་སྒྲུབ་ཐབས་གསལ་བྱས་པས། །བསོད་ནམས་དཔག་མེད་གང་བསགས་པ། །དེས་ནི་ལྟས་ངན་ཉེས་མང་ཞིང་། །སྡུག་བསྔལ་གྱིས་རྨོངས་བསམ་ལྡན་འགྲོ། །མ་ལུས་ཐུབ་དབང་དཀྱིལ་འཁོར་ཆེ། །
དཔལ་ལྡན་རྒྱལ་པོའི་སྣོད་ཐོབ་ཤོག །གསུང་བསྡུས་པའི་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཤྲཱི་བྷ་དྲ་དང་། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ཨ་བྷི་ས་མ་ཡ་ཏི་ལ་ཀ་ནཱ་མ། །
བོད་སྐད་དུ། དཔལ་ཀྱེ་རྡོ་རྗེའི་མངོན་པར་རྟོགས་པའི་ཐིག་ལེ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །གྲུབ་པའི་དབང་ཕྱུག་སྐུ་མདོག་སྔོན་པོ་མུན་པ་རབ་འཕྲོག་སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་རྒྱན་ཅན། །དབུགས་བྲལ་འགྱེལ་བའི་བྲང་གི་སྟེང་དག་

ཏུ་ནི་གནས་པའི་མ་ཟླུམ་དབུས་སུ་གར་མཛད་ཟ་བྱེད་དང་། །སྤྱི་བོ་ལས་ནི་སྐྱེས་པའི་སྣོད་དང་རིག་མར་བཅས་ལ་ཕྱག་དག་རབ་སྟེར་ཕྱག་རྒྱ་དྲུག་དང་ལྡན། །མགོ་བོའི་ཕྲེང་ལྡན་འཇིགས་བྱེད་རྣམ་འགྱུར་དམར་སེར་སྐྲ་ཅན་འཇིག་རྟེན་གསུམ་བསྐྱོད་དཔའ་བོ་ཁྱོད་ལ་འདུད། །འདིར་ཆོ་ག་དང་
ལྡན་པས་དབང་ཐོབ་པ་སྔོན་དུ་སོང་ཞིང་། བླ་མ་ལ་གུས་ལ་དག་པའི་འཚོ་བ་དང་ལྡན་པ་བདེན་པའི་ངག་ལ་སོམ་ཉི་མེད་པས། བདུད་རྩི་ལྔ་ལ་སོགས་པས་ཁ་ཡོངས་སུ་དག་པར་བྱས་ཏེ། དུར་ཁྲོད་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་འགའ་ཞིག་ཏུ། སྣ་ཚོགས་
རྡོ་རྗེས་མཚན་པའི་སྟན་བདེ་བ་ལ་གནས་པའི་རྣལ་འབྱོར་པས། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་གནས་བསྲུང་བར་བྱས་ནས། རང་གི་སྙིང་གའི་ནང་དུ་རཾ་དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ་ངེས་པར་བལྟས་ལ།
དེའི་ཡང་འོད་ཟེར་ཁ་དོག་ལྔ་པ་རྣམས་ཀྱིས་ནང་སྣང་བར་བྱས་ཏེ། བ་སྤུའི་ཁུང་བུ་སོ་སོ་ནས་ཕྱིར་འཐོན་པ། བཅོམ་ལྡན་འདས་དཔལ་འཇིག་རྟེན་གསུམ་པོ་ཀུན་དུ་བསྐྱོད་པའི་དཔའ་བོ་འཆད་པར་འགྱུར་བའི་གཟུགས་ཅན་དང་། བླ་མ་རྗེ་བཙུན་སྤྱན་དྲངས་ཏེ། མདུན་གྱི་ནམ་
མཁར་བཞུགས་པ་ལ་ཕྱག་བྱས་ནས། སྙིང་གའི་ས་བོན་ལས་ངེས་པར་འཐོན་པའི་ཕྱི་དང་གསང་བ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་ཀྱིས་མཆོད་པར་བྱས་ཏེ། །དེ་ལ་ལྷའི་མེ་ཏོག་དང་བདུག་སྤོས་ལ་སོགས་པ་ཉེར་སྤྱོད་ལྔས་མཆོད་པ་ནི་ཕྱིའི་མཆོད་པའོ། །ས་བོན་དེ་ཉིད་ལས་
མངོན་པར་སྤྲོས་པའི་གཽ་རཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་རང་གི་དམ་ཚིག་གི་རྫས་ཀྱིས་ཉེ་བར་མཆོད་པ་ནི་གསང་བའི་མཆོད་པ་སྟེ། དེ་ལ་བཅོམ་ལྡན་འདས་ཀྱི་ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་སུ་དཀར་མོ་དང་ཆོམ་རྐུན་མ་དང་རོ་ལངས་མ་དང་། གྷསྨ་རཱི་རྣམས། ནག་
མོ་དང་བཙོད་ཀ་དང་། སེར་མོ་དང་། ལྗང་གུའི་མདོག་ཅན། ཐོད་པར་གནས་པའི་བྱང་ཆུབ་ཀྱི་སེམས་དང་། རང་བྱུང་མེ་ཏོག་དང་། རྡོ་རྗེའི་ཆུ་དང་སྨན་འཛིན་པའོ། །དབང་ལྡན་དང་མེའི་ཕྱོགས་བྲལ་དུ། པུཀྐ་སཱི་དང་རི་ཁྲོད་མ་སྔོན་མོ་དང་དཀར་མོའི་ཁ་དོག་ཅན་ཐོད་པར་

གནས་པའི་དངུལ་ཆུ་འཛིན་པའོ། །གང་། པུཀྐ་སཱི་ནི་རྡོ་རྗེའི་ལག །ཅེས་བརྟག་གཉིས་སུ་མངོན་པར་བརྗོད་པ་དེ་ལ་ཡང་། རྡོ་རྗེ་ཤ་ཆེན་ཉིད་དུ་རྣམ་པར་བཤད་དོ། །བདེན་བྲལ་དུ་ཙཎྜ་ལཱི་ནམ་མཁའ་ལྟར་སྔོ་བསངས་མ་སྒྲ་དང་ལྡན་པའི་ཅང་ཏེའུའོ། །འདི་རྣམས་
ཀྱིས་ནི་དཀར་མོ་ལ་སོགས་པ་རྣམས་ཀྱིས་ཏེ་གསང་བའི་མཆོད་པའོ། །ཙཎྜ་ལཱིའི་ཅང་ཏེའུས་ནི་ཕྱིའི་མཆོད་པའོ་ཞེས་ཁ་ཅིག་ཏུ་རྣམ་པར་བཤད་དོ། །རླུང་དུ་གཡུང་མོ་སྣ་ཚོགས་པའི་མདོག་ཅན་རང་གི་ལུས་ཀྱིས་འཁྱུད་པ་སྟེ། དེ་ཡང་བདག་མེད་མ་དང་ལྷན་ཅིག་ཏུ་གྱུར་ཅིང་
མགྲིན་པ་ནས་འཁྱུད་ནས། བདེ་བ་ཆེན་པོའི་རང་བཞིན་དང་ལྡན་པར་བྱེད་པ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །གཞན་ཡང་དེ་འདིར་བརྗོད་པ། མངའ་བདག་གང་ཞིག་བདེ་བ་ཆེན་པོས་མཆོད་མཛད་མ། །ནང་འཁྲུངས་ལྷ་མོར་གཅིག་སྟེ་ལྷ་མོ་གཞན་མ་ཡིན། །ཞེས་པས་ཐམས་ཅད་
རྣལ་འབྱོར་པའི་རྒྱུད་ལས་སྤྲུལ་པ་ཉིད་ཡིན་ཏེ། བདག་ཉིད་ཀྱི་རྒྱུད་ལས་ཕྱེ་བའི་ཕྱིར་ཡང་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་ཐོགས་པ་མེད་པས་ལུས་གཅིག་ལ་ངེས་པར་གནས་ཏེ་སྲིད་པ་བར་མ་པ་བཞིན་ནོ་ཞེས་མན་ངག་གོ། །སྙིང་པོའི་བདག་མེད་མ་བསལ་ནས་གཡུང་མོས་
གཙོ་བོའི་མགྲིན་པ་ནས་འཁྱུད་དེ་བདེ་བ་ཆེན་པོའི་རང་བཞིན་དེ་ཁོ་ན་ཉིད་ཀྱིས་མཆོད་པས་མཆོད་པར་བྱེད་པའོ་ཞེས་འདོད་པའང་མཐོང་ངོ་། །གང་ལྷ་མོ་བརྒྱད་པོ་རྣམས་ཀྱིས་གསང་བས་མཆོད་དེ་སླར་ཡང་བདག་མེད་མ་དང་ལྷན་ཅིག་རོ་གཅིག་པར་གྱུར་ནས་དེ་དང་
དེ་གཉིས་སུ་མེད་པར་གྱུར་པ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ་ཞེས་པ་ནི་ལེགས་པ་མ་ཡིན་ཏེ། བྱ་བ་དང་རྗེས་སུ་མཐུན་པའི་རྣམ་པས་ལོགས་སུ་ཕྱེ་བའི་ཕྱིར་ཏེ། འདོད་ཆགས་ཆེན་པོའི་རྗེས་ཆགས་པ། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་རྒྱུད་དུ་གསུངས་
པའི་ཕྱིར། དེའི་རྗེས་སུ་རང་གི་སྡིག་པ་བཤགས་པ་དང་། གཞན་གྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། རྫོགས་པའི་སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་འདའ་བར་བཞེད་པའི་དེ་བཞིན་གཤེགས་པ་འཁོར་བར་

བཞུགས་པར་གསོལ་བ་དང་། ཡིད་ཀྱིས་ལངས་ནས་ཕྱག་འཚལ་བ་ལ་སོགས་པ་ཡན་ལག་བདུན་པའི་ཆོག་བླན་མེད་པའི་རྣམ་གྲངས་ཅན་བྱས་ནས། ཁམས་གསུམ་པོ་མཐའ་དག་གི་བདག་ཉིད་ཅན་བདེ་བ་ཆེན་པོའི་འབྱུང་གནས་དཔལ་ཧེ་རུ་ཀ་རྡོ་རྗེ་ནི་སངས་རྒྱས་
དང་། དེས་གསུངས་པའི་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པ་རང་བཞིན་གྱི་གཟུགས་ནི་ཆོས་དང་། དེའི་འཁོར་ལོར་གནས་པའི་རྣལ་འབྱོར་པའི་ཚོགས་དགེ་འདུན་ལ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་
པའི་རྒྱུར་གྱུར་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་མཚན་མ་མེད་པ་ཡང་དག་པར་རྫོགས་པར་རྟོགས་པའི་བདེ་བ་ཆེན་པོའི་བདག་ཉིད་ཅན་དུ་སེམས་བསྐྱེད་པར་བགྱིའོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་རྡོ་རྗེའི་ཐེག་པ་ལ་རྟག་ཏུ་གནས་པར་བགྱིའོ། །
དཔལ་ཧེ་རུ་ཀ་ལ་སོགས་པ་དང་། རྡོ་རྗེ་བཙུན་མོའི་ཚོགས་ལ་བདག་ཉིད་དབུལ་བར་བགྱིའོ་ཞེས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བདག་གི་དངོས་པོ་དབུལ་བའི་མཐར་ཐུག་པ་བྱས་ནས། བུ་གཅིག་པ་བཞིན་དུ་སེམས་ཅན་རྣམས་དེ་བཞིན་ཉིད་དུ་རོ་གཅིག་པའི་
བདེ་བ་ཆེན་པོ་ལ་སྦྱོར་བར་འདོད་པའི་བྱམས་པ་དང་། རྣམ་པར་རྟོག་པའི་རྒྱ་མཚོར་བྱིང་བའི་སེམས་ཅན་སྐྱབས་མེད་པ་མཐའ་དག་བསྒྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེ་དང་། དགེ་བ་ལས་སྐྱེས་པའི་ལོངས་སྤྱོད་སྤྱོད་པ་ལ་སོགས་པ་རྣམས་ལ་མི་འབྲལ་བར་འདོད་པའི་རང་
བཞིན་ཅན་གྱི་དགའ་བ་དང་། ཐམས་ཅད་ལ་ཁོང་ཁྲོ་བ་རྗེས་མཐུན་དང་བཅས་པ་སྤངས་ཏེ། གཞན་ལ་ཕན་པར་འདོད་པའི་ཆོས་ཉིད་ལའང་རང་དང་གཞན་རོ་མཉམ་པར་འཇུག་པའི་མཚན་ཉིད་ཅན་གྱི་བཏང་སྙོམས་བསྒོམས་ཏེ། རྣལ་འབྱོར་པའི་བསོད་ནམས་ཀྱི་ཚོགས་
སྐྱེད་ཅིང་ཡེ་ཤེས་ཀྱི་ཚོགས་འཕེལ་བའི་ཆེད་དུ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་པའི་དོན་མངོན་སུམ་དུ་གྱུར་པར་བྱས་ཤིང་སྔོན་དུ་བཀླགས་ནས། བླ་མའི་མན་ངག་ལས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་མོ། །ཇི་ལྟར་བསྡུ་བའི་རྣམ་པ་ནི་

གཉིས་སུ་འགྱུར་ཏེ། དེ་ལ་འདིའི་རྣམ་པ་དང་པོ་ནི། འཁོར་ཐམས་ཅད་དང་། བཅོམ་ལྡན་འདས་སྐད་ཅིག་གིས་འོད་གསལ་དུ་གཞུག་པ་ནི་བསྡུ་བའོ། །གཉིས་པ་ནི་མཆོད་པའི་ལྷ་མོ་ཐམས་ཅད་དང་བཅས་པའི་བཅོམ་ལྡན་འདས་ཀྱང་བདག་ཉིད་ཀྱི་ཐུགས་
ཀའི་ས་བོན་ལ། དེ་ཉི་མ་ལ། ཉི་མ་ཧཱུྃ་ཡིག་གི་ཨཱུ་ཡིག་ལ། ཨཱུ་ཡིག་ཧ་ཡིག་ལ། ཧ་ཡིག་མགོ་བོ་ལ། མགོ་བོ་ཟླ་ཕྱེད་ལ། ཟླ་ཕྱེད་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ་རབ་ཏུ་གཞུག་ཅིང་། མཐར་སྒོམ་པ་པོ་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆ་ཙམ་དུ་བསྒོམས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་
བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པའི་དོན་མངོན་དུ་གྱུར་པར་བྱས་ནས། བརྗོད་མ་ཐག་པའི་ཀུན་དུ་སྤྱོད་པའི་རྣམ་རྟོག་དེ་ཡང་དོར་བར་བྱ་སྟེ། འདི་ནི་ཆོས་ཐམས་ཅད་དམིགས་སུ་མེད་པའི་རང་བཞིན་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དེ་ཡིན་ནོ། །དེ་ནས་སྔོན་གྱི་
སྨོན་ལམ་གྱི་བྱེད་པའི་དབང་ལས་རང་བཞིན་གྱི་འོད་གསལ་ལས་ནམ་མཁའི་རྟོག་པ་རྣམ་པར་རྟོག་པ་ལས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་ལངས་ཏེ། དེ་ལ་འདིའི་ལྡང་བའི་རིམ་པ་ནི་ནམ་མཁར་ར་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་རྩེ་
མོ་གསུམ་པ་འོད་ཟེར་ལྔ་འཕྲོ་བ་ཅན་བསྒོམ་པར་བྱས་ནས་འོད་ཟེར་བསྐལ་པ་འཇིག་དུས་ཀྱི་མེ་ལྟ་བུ་དང་ལྷན་ཅིག་ཐམས་ཅད་ནས་འཕྲོས་པས་སྡིག་པ་རྣམས་ཐལ་བར་བྱས་ནས་འབར་པ་དང་ལྡན་པའི་རྡོ་རྗེའི་ར་བ་ཇི་སྲིད་འདོད་པར་ཡངས་པར་བསྐྱེད་པའི་སྟེང་དུ་རྡོ་རྗེའི་གུར།
དེའི་འོག་ཏུ་རྡོ་རྗེའི་བླ་རེ། འོག་རྡོ་རྗེའི་རང་བཞིན་གྱི་ས་གཞི་ཀུན་ནས་སའི་མཐིལ་གྱི་མཐར་ཐུག་པར་རྣམ་པར་བསམ་པར་བྱ་སྟེ། རྡོ་རྗེའི་ར་བ་ལ་སོགས་པ་དེ་རྣམས་ཀྱང་བགེགས་གཞོམ་པའི་དོན་དུ་སྟེ། འཇིག་རྟེན་པའི་རྣམ་པར་ཤེས་པ་དག་པའི་རང་བཞིན་དུ་རིག་པར་
བྱའོ། །དེ་ནས་རྡོ་རྗེ་གུར་གྱི་ནང་དུ་སྐུ་དང་གསུང་དང་ཐུགས་རྣམ་པར་དག་པས་ཟུར་གསུམ་པ། སྒྲིབ་པ་ཐམས་ཅད་སྤངས་ནས་སྟོན་ཀའི་ཟླ་བ་ལྟར་དཀར་བ། སྐུ་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཛིན་པའི་རང་བཞིན་ཆོས་ཀྱི་འབྱུང་གནས་ཆེན་པོ་སྟེ། ཆོས་ཀྱི་འབྱུང་

གནས་དེ་ནི་འོག་ཕྲ་བ་སྟེང་ཡངས་པ་ཁ་དོག་དཀར་བའོ། །དེའི་ནང་དུ་རྣམ་པར་ཤེས་པ་བརྒྱད་དག་པས་དུར་ཁྲོད་བརྒྱད་ཀྱི་དབུས་སུ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པ་རྣམ་པར་དག་པས་པཾ་ཡིག་ལས་སྐྱེས་པའི་པདྨ་འདབ་མ་སྣ་ཚོགས་པ་ཅན་གྱི་ཟེ་འབྲུ་ལ། བདག་མེད་
མ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དག་པས་རོ་ཉལ་བའི་སྙིང་གར། རང་གི་འོད་ཀྱི་ཕྲེང་བས་སྲིད་པ་གསུམ་གྱི་གཟི་བརྗིད་སྒྲིབ་ཅིང་ཕན་པར་བྱེད་པས་ཉི་མའི་དཀྱིལ་འཁོར་དམར་སེར་ལ། ཨཱ་ལི་ཕྲག་གཉིས་ཡོངས་སུ་གྱུར་པ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཐབས་
ཀྱི་ངོ་བོ་ཟླ་བ། དེའི་སྟེང་དུ་ཌ་ཌྷ་ད་དྷ་ཡ་ར་ལ་དང་ལྡན་པའི་ཀཱ་ལི་ཕྲག་གཉིས་ཡོངས་སུ་གྱུར་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉི་མ་ཤེས་རབ་ཀྱི་བདག་ཉིད། འགྲོ་བ་གསུམ་པོའི་སྟེང་དུ་བརྗིད་པ་དག་བཞིན་དུ་ཤེས་རབ་ལས་སྔར་དམིགས་པའི་སྐྱེས་བུ་ཡང་གནས་
པ་སྟེ་འདུས་པའི་བདེ་བ་ཆེན་པོར་བསམ་པར་བྱའོ། །དེ་ནས་མ་དང་ཕ་ཉི་མ་དང་ཟླ་བ་ཁ་སྦྱར་བའི་དབུས་སུ་ཞུགས་པའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཨཾ་ཧཱུྃ་སྔོན་པོའི་ས་བོན་གཉིས་བསམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་གྲི་གུག་དང་རྡོ་རྗེ་དག་གི་ལྟེ་བ་ལ་ཟླ་བ་དང་ཉི་
མ་ལ་གནས་པའི་ས་བོན་གཉིས་པོ་དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བསྒོམ་པར་བྱས་ནས། དེའི་འོད་ཟེར་གྱི་དྲ་བས་འགྲོ་བའི་དོན་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་མི་སྣང་བའི་ཚུལ་གྱིས་དེ་ཉིད་ལ་རབ་ཏུ་ཞུགས་ཏེ། དེ་རྣམས་ཐམས་ཅད་གཅིག་
ཏུ་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས་སུ་བསམ་པར་བྱའོ། །ཟླ་བ་དང་ཉི་མ་དང་ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་ལས། བདག་ཉིད་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དཔལ་མགོན་པོ་འཇིག་རྟེན་གསུམ་ཀུན་དུ་བསྐྱོད་པ་བྱམས་པ་ཆེན་པོ་རྣམ་པར་
དག་པས་སྐུ་མདོག་སྔོན་པོ། ཉོན་མོངས་པ་ཞེ་སྡང་གི་རྟོག་པ་ཞིག་པས་སྐུ་མདོག་ནག་པོའོ་ཞེས་ཁ་ཅིག་གོ། །གདུག་པ་ཅན་འདུལ་བས་ཁྲོས་པ། གཉིས་སུ་མེད་པའི་ཡེ་ཤེས་དག་པས་ཞལ་གཅིག་པ། ལོག་པའི་ལྟ་བ་རབ་ཏུ་བཅོམ་པས་རྣམ་པར་འགྱུར་བའི་ཞལ་

ཅན། བདུད་བཞི་རབ་ཏུ་འཇོམས་པས་མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བ་བདུད་མངོན་པར་འཆིང་ཤིང་། འཇོམས་པས་དྲག་ཏུ་རྒོད་པ། སྐུ་དང་གསུང་དང་ཐུགས་རྣམ་པར་དག་པས་སྤྱན་གསུམ་པ། ཡང་ན་རྣམ་པ་ཐམས་ཅད་ཀྱི་ལམ་གསུམ་
མཐོང་བ་དག་པའོ། །བརྩེ་བ་དང་ལྡན་པས་དམར་པོའོ། །གདུག་པ་ཅན་འདུལ་བ་དག་པས་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྣ་ཚོགས་པ་རྗེས་སུ་འཛིན་པ་ཉིད་ཀྱི་ཕྱིར་སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་རྒྱན་ཅན་ནོ། །རང་བཞིན་མེད་པ་ཉིད་སོ་སོར་རྟོག་པའོ་ཞེས་
ཁ་ཅིག་གོ། །རིགས་ལྔ་རྣམ་པར་དག་པས་དཔའ་བོའི་ཐོད་པ་ལྔ་དཔྲལ་བའི་མཚམས་སུའོ། །ཚོགས་གཉིས་རྣམ་པར་དག་པས་ཕྱག་གཉིས་པ། གཡས་ཀྱིས་མི་ཤེས་པའི་རི་བོ་འབྱེད་པ་ལ་མཁས་པ་ཉིད་ཀྱི་ཕྱིར་དང་། ཡེ་ཤེས་ལྔ་རོ་མཉམ་པར་བསྒོམ་པ་དག་
པས་རྡོ་རྗེ་སྔོན་པོ་རྩེ་མོ་ལྔ་པ་འཛིན་པའོ། །གཡོན་པས་གཡོན་ཉིད་ནས་ཤེས་རབ་མ་ལ་མཉམ་པར་འཁྱུད་ཅིང་བདུད་བཞིའི་ཁྲག་དག་པ་དང་། བདེ་བ་ཆེན་པོ་དང་སྙིང་རྗེའི་རོ་དག་པས་ཁྲག་གིས་གང་ཞིང་རྡོ་རྗེས་མཚན་པའི་ཐོད་པ་འཛིན་པའོ། །བདེན་པ་གཉིས་
རྣམ་པར་དག་པས་ཞབས་གཉིས་པ། སྣ་ཚོགས་ཆུ་སྐྱེས་ལ་གནས་པའི་རོ་ཉལ་བའི་སྙིང་གར་ཉི་མ་ལ་ཁམས་གསུམ་པོ་དམིགས་པ་མེད་ཅིང་གསལ་བ་དག་པ་དང་། ཐབས་སུ་གྱུར་པའི་བྱང་ཆུབ་ཀྱི་སེམས་སྟེང་དུ་འགྲོ་བ་དག་པས་གཡོན་པའི་བརླ་ལ་གཡས་པའི་ཞབས་
ཀྱི་རྩེ་མོ་གཞག་པའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། ཐམས་ཅད་ལ་ཀུན་དུ་ཁྲོ་པ་སྤངས་པ་དང་སྙིང་རྗེ་ཆེན་པོའི་ཚོགས་དག་པས་གཡོན་པའི་ཞབས་ཀྱི་མཐེ་བོའི་རྩེ་མོས་ཡིད་སོང་བའི་སྟན་ལ་གནས་པའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དང་།
གསུམ་རྣམ་པར་དག་པས་ཁྲོ་གཉེར་གསུམ་དང་ལྡན་པ་ཡི་གེ་ཨཱ་ལི་ཀཱ་ལི་ལྔ་བཅུ་དག་པས་མགོ་བོ་སར་པ་ལྔ་བཅུ་རྒྱུ་མ་རློན་པ་ལ་བརྒྱུས་པའི་ཕྲེང་བས་སྐུ་ལ་བརྒྱན་པའོ། །མི་བསྐྱོད་པ་དང་། འོད་དཔག་མེད་དང་། རིན་ཆེན་འབྱུང་ལྡན་དང་། རྣམ་པར་སྣང་མཛད་དང་།

དོན་ཡོད་གྲུབ་པ་རྣམ་པར་དག་པས་མིའི་རུས་པ་ལས་བྱས་པའི་འཁོར་ལོ་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་སུ་གྲགས་པའི་ཕྱག་རྒྱ་ལྔ་འཛིན་པ། རྡོ་རྗེ་སེམས་དཔའ་རྣམ་པར་དག་པས་རུས་པའི་རང་བཞིན་ལས་བྱུང་བའི་ཐལ་བས་བྱང་ཆུབ་ཀྱི་སེམས་
ཀྱིས་ཡན་ལག་ཐམས་ཅད་ལ་ཁྱབ་པ་མཚོན་པ་ཉིད་ཀྱིས་ལུས་ཐམས་ཅད་ལ་བྱུགས་པའི་ཕྱག་རྒྱ་དྲུག་པ་རྣམ་པར་འཛིན་པ་ཅན་ནོ། །འགྲོ་བ་མི་རྟག་པ་ཉིད་བསྲེགས་པས་ཐལ་བས་བྱུགས་པའི་སྐུའོ་ཞེས་གཞན་རྣམས་སོ། །རྣམ་པར་མི་རྟོག་པའི་ཚངས་པ་དག་པས་མི་
ཡི་སྐྲ་ཡི་མཆོད་ཕྱིར་ཐོགས་པ་ཅན། ཆགས་པ་ལ་སོགས་པ་རྣམ་པར་དག་པས་སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །ཨོཾ་ཡིག་ལས་སྐྱེས་པའི་བདག་མེད་མ་སྔོན་མོ། ཕྱག་གཡས་ཀྱིས་དངོས་པོ་དང་དངོས་པོ་མ་ཡིན་པའི་རྣམ་པར་རྟོག་པ་གཅོད་པས་གྲི་གུག །
ཅིག་ཤོས་ཀྱིས་བདེ་བ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་རྡུལ་གྱིས་གང་བའི་ཐོད་པ་འཛིན་པའི་རྣམ་པར་འཕྲུལ་པའོ། །ཞལ་གཅིག་མ་ཅན་ཕྱག་རྒྱ་ལྔ་འཛིན་མ། སྟོང་པ་ཉིད་རྣམ་པར་དག་པས་དབྱངས་ལྔ་བཅུའི་བདག་ཉིད་ཅན་གྱི་མགོ་བོ་སྐམ་པོ་ལྔ་བཅུའི་ཕྲེང་བ་
ཅན་དཔྲལ་བར་ཐོད་པ་ལྔ་ཡིས་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བའི་ཚོགས་ཅན། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ་མཆེ་བ་རྣམ་པར་གཙིགས་པའི་ཞལ་ཅན། སྐེ་རགས་སིལ་བུ་ཅན་མ་དང་ལྷན་ཅིག་ཡང་དག་པར་སྦྱོར་བའི་རྣལ་འབྱོར་གྱིས་གཉིས་སུ་
མེད་པའི་བདེ་བ་ཆེན་པོས་ལུས་ཐམས་ཅད་ལ་བགྲོད་པའི་མཐུ་ལས་བ་སྤུ་ལངས་པའི་ལུས་ཅན་ནོ། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་ཁ་ཅིག་སྒྲོག་པར་བྱེད་དོ། །སྲིད་པ་གསུམ་མཛེས་པར་གནོན་པའི་རང་བཞིན་གྱིས་ལུས་ཀྱི་ལོངས་སྤྱོད་རྒྱས་ཤིང་དམ་པའི་རོལ་སྒེག་
གི་ཉམས་ཅན་ཉིད་ཀྱི་ཕྱིར་སྒེག་པ་དང་བཅས་པའོ། །འཇིག་རྟེན་གསུམ་མནན་པ་ཉིད་ཀྱི་ཕྱིར་དཔའ་བོའོ། །མི་ཡི་མགོ་བོའི་ཕྲེང་བ་ལ་སོགས་པའི་རྒྱན་འཛིན་པ་ཉིད་ཀྱི་ཕྱིར་དང་། མནན་པ་ཉིད་ཀྱི་ཕྱིར་མི་སྡུག་པ། སྒེག་པའི་རྗེས་སུ་བྱེད་པའི་རྩེ་འཇོ་འཕྲོ་བ་ནི་རྒོད་པ།

བསྐལ་པ་འཇིག་པ་རྩོམ་པ་འབྱུང་བའི་ཉི་མའི་དཀྱིལ་འཁོར་ཤིན་ཏུ་གཏུམ་པ་ལ་ཡུམ་དང་རྩེ་ཞིང་རྣམ་པར་རྩེ་བས་དྲག་ཤུལ་ཅན། ལྷ་དང་ལྷ་མ་ཡིན་མཐའ་དག་སྐྲག་པར་བྱེད་པའི་ལུས་ཅན་གྱིས་འཇིགས་སུ་རུང་བ། རྟོག་པ་མཐའ་དག་གི་མཚན་མ་མེད་
ཅིང་བདེ་བ་ཆེན་པོའི་རང་བཞིན་ཉིད་དུ་ཡང་སྔོན་གྱི་སྨོན་ལམ་ལས་གྲུབ་པ་ཕུལ་དུ་བྱུང་བའི་སྤྲུལ་པ་མ་ལུས་པ་རྣམ་པར་སྤྲོས་ཏེ། འགྲོ་བའི་དོན་ཕུན་སུམ་ཚོགས་པ་ཇི་ལྟ་བ་བཞིན་འབྱུང་བ་ནི་སྙིང་རྗེ་ཆེན་པོ། འགྲོ་བ་ལས་འདས་ཤིང་བླ་ན་མེད་པའི་ལུས་ཅན་ཉིད་ནི་རྔམ་པ་སྟེ་རྨད་
དུ་བྱུང་བ། ཆགས་པ་ལ་སོགས་པའི་ཉོན་མོངས་པའི་ཕུང་པོ་ཞི་བ་ཉིད་ཀྱི་ཕྱིར་དང་། ཐོག་མ་མེད་པའི་གཏེར་ཅན་ཉིད་ཀྱི་ཕྱིར་ཞི་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་ནང་རྣམ་པར་དག་པ་ནི། ཤ་ནི་པུཀྐ་སཱི། ཁྲག་ནི་རི་ཁྲོད་མ། གདོལ་པ་མོ་ཁུ་བ། གཡུང་མོ་རྐང་དང་ཚིལ་བུ།
པགས་པ་རིམ་པ་བདུན་བྱང་ཆུབ་ཀྱི་ཡན་ལག་བདུན། རུས་པ་བདེན་པ་བཞིའོ། །དེ་བཞིན་དུ་དམ་ཚིག་སེམས་དཔའི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་པས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་ནང་དུ་སོན་པའི་ཉི་མ་ལ་གནས་པའི་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་ལྟེ་བའི་ནང་དུ་གནས་
པའི་ཉི་མའི་སྟེང་དུ་ཧཱུྃ་ཡིག །བཅོམ་ལྡན་འདས་མའི་ཐུགས་ཀར་གནས་པའི་ཟླ་བ་ལ་ཨཾ་ཡིག་གི་ས་བོན་ལས་སྐྱེས་པའི་གྲི་གུག་གི་ཡུ་བ་ལ་གནས་པའི་ཟླ་བ་ལ་ཨཾ་ཡིག་བལྟས་ནས། དེ་དག་གི་འོད་ཟེར་སྤྲོས་ཤིང་བསྡུས་པས། མདུན་གྱི་ལམ་དུ་ཡེ་ཤེས་སེམས་
དཔའ་འབད་པ་དང་བཅས་པས་སྤྱན་དྲངས་མདུན་དུ་བཞུགས་པ་ལ། སྙིང་གའི་ས་བོན་གྱི་འོད་ཟེར་ལས་འཕྲོས་པའི་གཽ་རཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་ཡོན་ཕུལ་བ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་པ་དང་། ཡང་དག་པར་བསྟོད་དེ། ཛཿཡིག་གིས་སྤྱན་དྲངས།
ཧཱུྃ་ཡིག་གིས་དམ་ཚིག་སེམས་དཔའ་བྱིན་གྱིས་བརླབས་པའི་དོན་ཆུ་ལ་ཆུ་བཞིན་དུ་བཅུག །བཾ་ཡིག་གིས་བཅིངས། ཧོཿཡིག་གིས་དབང་དུ་བྱས་ཏེ། དེ་ནས་བར་མ་ཆད་པར་སྙིང་གའི་ས་བོན་གྱི་འོད་ཟེར་ལྕགས་ཀྱུའི་རྣམ་པས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། སྔར་བཞིན་མ་མོ་

བརྒྱད་ཀྱིས་མངོན་པར་མཆོད་ཅིང་བཀུར་སྟིར་བྱས་ཏེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཨ་བྷི་ཥིཉྩནྟུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་སོ། །དེ་ནས་སངས་རྒྱས་དེ་རྣམས་
ཧེ་རུ་ཀའི་རྣམ་པས། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་གསུངས་ཤིང་། བདུད་རྩི་ལྔ་
འཛིན་པའི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བུམ་པས་དེ་ལ་གནས་པའི་དྲི་མ་དང་སྒྲིབ་པ་ཐམས་ཅད་ཟད་པར་བྱས་ཏེ། ལན་པ་མེད་ཅིང་མངོན་པར་མཚམས་སྦྱོར་བ་མེད་པའི་ཡེ་ཤེས་ཀྱི་ཆུ་རྣམས་ཀྱིས་མངོན་པར་དབང་བསྐུར་བར་བྱའོ། །དབང་
བསྐུར་བའི་དུས་ཉིད་དུ་གུར་གུམ་དང་མེ་ཏོག་ལ་སོགས་པའི་ཆར་འབབ་ཅིང་། རྔ་བོ་ཆེའི་སྒྲ་ཡང་འབྱུང་བར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱ་ཞིང་འཆད་པར་འགྱུར་བའི་རྡོ་རྗེའི་གླུས་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བསྟོད་པར་བྱ་སྟེ།
དབང་བསྐུར་བའི་ཆུ་ལྷག་མ་རང་གི་རིགས་ཀྱི་བདག་པོར་བསྒོམས་ཏེ། དེ་ལས་ཀུན་དུ་བྱུང་བ་འཚོ་བ་རྣམ་པར་དག་པས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་སྤྱི་བོར་མི་བསྐྱོད་པ་བསྐྱེད་པར་བྱའོ། །དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་
དབང་བསྐུར་བ་ལྷག་པར་བརྟན་པར་བྱའོ། །དེ་ནས་བར་མ་ཆད་པར་དབང་པོ་རྣམས་སུ་གོ་ཆ་བྱས་ཏེ། དེ་ལ་མིག་ཏུ་གཏི་མུག་རྡོ་རྗེ་མའི་མིང་ཅན་དང་མཚུངས་པ་དཀར་མོའོ། །རྣ་བ་དག་ལ་ཞེ་སྡང་རྡོ་རྗེ་མ་བདག་མེད་མའི་མིང་ཅན་དང་མཚུངས་པ་ནག་མོ། །སྣའི་བུ་ག་དག་ལ་
སེར་སྣ་རྡོ་རྗེ་མ་ནང་གི་གསང་བའི་དཀར་མོའི་མིང་ཅན་དང་མཚུངས་པ་སེར་མོ། ཁ་ལ་འདོད་ཆགས་རྡོ་རྗེ་མ་ནང་གི་ཆུའི་རྣལ་འབྱོར་མ་དང་འདྲ་བ་དམར་མོ། ལུས་ལ་ཕྲག་དོག་རྡོ་རྗེ་མ་རྡོ་རྗེ་མཁའ་འགྲོ་མ་ཞེས་ཀྱང་གྲགས་པ་བཞིན་ལྗང་གུ། ཡིད་ལ་བདག་མེད་རྣལ་

འབྱོར་མ་བདག་མེད་མའི་མིང་ཅན་མ་བཞིན་ནག་མོའོ། །འདི་རྣམས་ཀྱང་གྲངས་ཇི་ལྟ་བ་བཞིན་དུ། ཨཱཾ་ཨཾ་ཨཱིཾ་ཨིཾ་ཨཱུཾ་ཨུཾ་གི་ས་བོན་ལས་སྐྱེས་པ། ཞལ་གཅིག་པ། སྤྱན་གསུམ་པ། གཡས་པ་དང་ཅིག་ཤོས་ཀྱི་ཕྱག་དག་གིས་གྲི་གུག་དང་ཐོད་པ་འཛིན་
པ། རོ་ལ་གནས་པའི་ཟླ་བ་ལ་བཞུགས་པར་བསྒོམ་པར་བྱ་ཞིང་། སྤྱི་བོ་དང་མགྲིན་པ་དང་སྙིང་ག་རྣམས་སུ་ཡང་། ཨོཾ་ཨཱཿཧཱུྃ་གི་ཡི་གེ་ལས་སྐྱེས་བའི་དཀར་པོ་དམར་པོ་ནག་པོའི་མདོག་ཅན་མ། འཇིག་རྟེན་གསུམ་ལས་བྱུང་བ་ས་སྤྱོད་མ་དང་མཁའ་སྤྱོད་མ་དང་བདག་མེད་མ་
བསམ་པར་བྱའོ། །ཨོཾ་ཨཾ་ཨཾ་གི་ས་བོན་ལས་སྐྱེས་པའོ་ཞེས་ཁ་ཅིག་གོ། །དབྱིབས་ནི་གཏི་མུག་རྡོ་རྗེ་མ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་རེ་ཞིག་མཚོ་སྐྱེས་རྡོ་རྗེའི་རིམ་པས། ཡེ་ཤེས་སེམས་དཔའ་བཅུག །དབང་བསྐུར། གོ་ཆའི་རིམ་པ་ངེས་པར་མཐོང་ངོ་། །ལཱུ་ཡི་
པའི་ཞབས་ཀྱི་མངོན་པར་རྟོགས་པར་ནི། གོ་ཆའི་བར་མ་ཆད་པར་ཡེ་ཤེས་སེམས་དཔའ་བཅུག །དེ་ནས་དབང་བསྐུར་རོ་ཞེས་གོ་རིམས་སོམོ། །དེ་བཞིན་དུ་ཤཱནྟི་པའི་དགོངས་པའི་རྗེས་སུ་འབྲང་བའི་ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་སུ་ཡང་བྲིས་སོ། །རྣམ་པར་དག་པའི་
གཏེར་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་བཅུག་པའི་བར་མ་ཆད་དུ་གོ་ཆ་བརྗོད་ནས་དབང་བསྐུར་བར་མངོན་པར་བརྗོད་པ་ནི་གྲུབ་པ་གཉིས་ཀྱི་བཞེད་པ་དང་མཐུན་པ་མ་ཡིན་ནོ། །དེའི་བར་མ་ཆད་དུ་མདུན་དུ་ཛཾ་ཡིག་སྔོན་པོ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་མཆོག་
མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་དམར་པོ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་གྲུ་གསུམ་པ། རེ་ཕས་ཟུར་གསུམ་ལ་མཚན་པ། དེའི་སྟེང་དུ་མགོ་བོ་གསུམ་གྱི་སྒྱེད་པུ་ལ་གནས་པའི། ཨ་ཡིག་དམར་པོ་ལས་སྐྱེས་པའི་པདྨའི་སྣོད་དེ་ཐོད་
པའོ། །དེའི་དབུས་སུ་བྷྲཱུཾ་ཨཱཾ་ཛྲཱི་ཁཾ་ཧཱུྃ་ཡོངས་སུ་གྱུར་པ་ལས། གོ་ཀུ་ད་ཧ་ན། བི་ར་ཤུ་མ་མུའི་རང་གི་ངོ་བོའི་སྒྲོན་མ་ལྔ་དང་བདུད་རྩི་ལྔ་རང་རང་གི་ས་བོན་གྱི་བྱིན་གྱིས་བརླབས་པ། དེའི་སྟེང་དུ་ཨོཾ་དཀར་པོ་བསམས་ནས་དེའི་གཟུགས་ཁྱབ་པའི་ཨཾ་ཡིག་ལས་སྐྱེས་པའི་

ཟླ་བའི་དཀྱིལ་འཁོར་དེའི་ཡང་སྟེང་དུ། ཧཱུྃ་ཡིག་དཀར་པོ་ལས་བྱུང་བའི་རྡོ་རྗེ་དེའི་ས་བོན་གྱིས་མཆན་པ་བལྟ་བར་བྱའོ། །དེ་ནས་རླུང་གིས་བསྐུལ་བའི་མེས་རྡོ་རྗེའི་འཁོར་དེ་ཐམས་ཅད་དང་རྡོ་རྗེ་ཡང་ཞུ། ལྔ་ཚན་བཞི་པོ་ཞུ་བ་ལས་བྱུང་བའི་བདུད་རྩིའི་སྣོད་དེ་ཉིད་ཀྱི་ནང་དུ་བསྒྲུབས་
ཏེ། དེ་ནས་ཇི་སྲིད་དུ་དེ་ཉིད་གང་བར་བསམ་པར་བྱའོ། །དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་ཞེས་པའི་ཡི་གེ་གསུམ་བལྟས་ནས། དེའི་འོད་ཟེར་མགལ་མེའི་རྣམ་པས་སྲིད་པ་གསུམ་ན་གནས་པའི་བདུད་རྩི་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་དེ་
ཉིད་ལ་རབ་ཏུ་བཅུག་སྟེ་རོ་མཉམ་པར་གྱུར་པས། ལྷའི་དྲི་དང་རོ་དང་ལྡན་པའི་སྟོན་ཀའི་ཟླ་བའི་འོད་ལྟར་དྲི་མ་མེད་པར་རྣམ་པར་བསམས་ནས་རང་གི་ལྕེའི་རྩེ་མོ་ལ་ཧཱུྃ་དཀར་པོ་ལས་བྱུང་བའི་རྡོ་རྗེ་ནས་འབྲུའི་ཚད་ཙམ་བསམས་ཏེ། དེའི་འོད་ཟེར་མགལ་མེ་ལྟ་བུས་བཅོམ་ལྡན་
འདས་ཀྱི་བདུད་རྩི་དེ་ཞལ་གྱིས་མྱང་ཞིང་། བཅོམ་ལྡན་འདས་མའི་ཞལ་དུ་བྱིན་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྭ་ད་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་བཅོམ་ལྡན་འདས་མཉེས་པར་གྱུར་པའོ། །དེ་ནས་ཐུགས་ཀའི་ས་བོན་ལས་རྣམ་པར་འཐོན་པའི་གཟུགས་རྡོ་རྗེ་མ་
ལ་སོགས་པ་རྣམས་ཀྱིས་མེ་ལོང་དང་། པི་ཝང་དང་། དྲིའི་དུང་ཆོས་དང་། རོའི་སྣོད་དང་སྣ་ཚོགས་པའི་གོས་དང་། ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་གིས་མཆོད་པ་བར་མ་ཆད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་། སྤྱན་མ་ལ་
སོགས་པ་རྣམས་ཀྱིས། །ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་མཆོག་བརྙེས་ཤིང་། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མ་སྤྲོས་པ་རྡོ་རྗེ་སྒྲུབ་པའི་ཡིད། །ཧེ་རུ་ཀ་
དཔལ་རྡོ་རྗེ་ཡིད་ཀྱིས་དགྱེས། །ཞེས་རྡོ་རྗེའི་གླུ་ཡིས་བསྟོད་པར་བྱ་སྟེ། དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །ཕྱི་ནས་འཁོར་ལོ་བཞིའི་བདག་ཉིད་ཀྱི་ཕྱག་རྒྱ་བྱ་སྟེ། དེ་ལ་ལྟེ་བའི་འོག་ཏུ་རྣམ་པར་གནས་པའི་སྤྲུལ་པའི་འཁོར་ལོ་དམར་

པོའམ། སྣ་ཚོགས་མདོག །པདྨ་འདབ་མ་དྲུག་ཅུ་རྩ་བཞི་འོད་ཟེར་འཕྲོ་བ་ཅན་གྱི་སྙིང་པོ་ལ། ཨཾ་ཡིག་ནག་པོ་བྱིན་གྱིས་བརླབ་ཅིང་གདོང་སྟེང་དུ་ཕྱོགས་པའོ། །སྙིང་གར་ཆོས་ཀྱི་འཁོར་ལོ་དཀར་པོ་པདྨ་འདབ་མ་བརྒྱད་པ། དེའི་དབུས་སུ་ས་བོན་ཧཱུྃ་ཡིག་སྔོན་པོ་
ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མ་རྣམས་སུ། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་གྲངས་ཇི་ལྟ་བར། བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་གི་ས་བོན་ནོ། །དབང་ལྡན་ལ་སོགས་པའི་འདབ་མ་རྣམས་སུ་སྤྱན་མ་ལ་སོགས་པ་རྣམས་ཀྱི་ས་བོན་ཨེ་ཝཾ་མཱ་ཡ་སྟེ་འདི་རྣམས་ཀྱི་ཁ་འོག་ཏུའོ། །
མགྲིན་པར་ལོངས་སྤྱོད་རྫོགས་པའི་འཁོར་ལོ་མཚོ་སྐྱེས་དམར་པོ་འདབ་མ་བཅུ་དྲུག་པ། དེའི་ཟེའུ་འབྲུ་ལ་ཨཾ་ཡིག་དམར་པོ། ཨཱ་ལི་ཀཱ་ལིས་ཡོངས་སུ་བསྐོར་བ་འདི་རྣམས་ཀྱི་ཁ་སྟེང་དུའོ། །སྤྱི་བོར་བདེ་བ་ཆེན་པོའི་འཁོར་ལོ་འདམ་སྐྱེས་འདབ་མ་སུམ་ཅུ་རྩ་གཉིས་པ།
དབུས་སུ་ཧཾ་ཡིག་དཀར་པོས་བྱིན་གྱིས་བརླབས་པ་ཁ་འོག་ཏུ་བལྟ་བའོ། །འདི་རྣམས་ཐམས་ཅད་ཀྱི་ཡི་གེ་ཟླ་བ་ལ་གནས་པའོ། །དེ་ནས་འཁོར་ལོ་བཞི་པོ་དེའི་འོད་ཟེར་གྱི་ཚོགས་ནམ་མཁའ་ལ་སྤྲོས་པས་འགྲོ་བའི་དོན་བྱས་ནས། དེར་དེ་ཉིད་ནང་དུ་བསྒོམ་པར་བྱས་ཏེ། དེའི་རྗེས་སུ་
རིགས་ལྔའི་ཆ་ཤས་ཅན་དུ་བྱ་བའི་དོན་དུ། བཅོམ་ལྡན་འདས་མའི་སྤྱི་བོ་དང་སྙིང་ག་དང་ལྟེ་བ་དང་གསང་གནས་དང་བརླ་ཟུང་རྣམས་སུ། ཇི་ལྟ་བའི་རིམ་པས། ཨོཾ་ཧཱུྃ་སྭཱ་ཨཱཿཧཱ། ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་
མེད་དང་དོན་ཡོད་གྲུབ་པ་བསམ་པར་བྱའོ། །ཧཱུྃ་ཡོངས་སུ་གྱུར་པ་ལས་པདྨ་དང་རྡོ་རྗེ་ཨཱཿདང་ཨོཾ་ཡིག་གིས་ཡོངས་སུ་རྫོགས་པའི་ཟེ་འབྲུ་དང་ནོར་བུ་བསམ་པར་བྱ་སྟེ། དེ་ནས་ཨོཾ་པདྨ་སུ་ཁ་དྷཱ་ར་མ་ཧཱ་རཱ་ག་སུ་ཁནྡ་ཙ་ཏུར་ཨཱ་ནནྡ་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་
ཙ་ཏུར་ཨཱ་ནནྡ་དཱ་ཡ་ཀ་ཁ་ག་མུ་ཁ་ཨེ་ཀ་རཱ་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། ཞེས་པས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབས་པར་བྱས་ནས། འཛག་པ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཐོབ་པར་བྱ་བའི་ཆེད་དུ། པདྨ་དང་རྡོ་རྗེའི་སྦུ་གུ་དག་ལ་ཧཱུྃ་ཕཊ་ཀྱི་ཡི་གེ་སེར་པོ་བསམ་པར་བྱའོ། །

དེ་ནས་སཱིའི་ཡི་གེ་གསུམ་བརྗོད་ཅིང་། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པ་འདིས་རྗེས་སུ་ཆགས་པར་བྱའོ། །དམ་ཚིག་ལ་ཡང་ལས་ཀྱི་ཕྱག་རྒྱའི་སྙོམས་པར་འཇུག་པ་དང་། རིགས་ལྔའི་ཆ་ཤས་ཅན་བསྒྲུབ་པ་ལ་སོགས་པ་ཐམས་ཅད་ཡིད་ལ་
བྱའོ། །གཞན་ཡང་མ་དག་པའི་བདེ་བ་སྙེམས་པའི་རྣལ་འབྱོར་པས་དེ་བསྒྲུབ་པར་བྱའོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སུ། བླ་མ་དམ་པའི་མན་ངག་ལས་ལྷག་པར་རྟོགས་པའི་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་མཚན་ཉིད་ཀྱི་དབྱེ་བས་དགའ་བ་ལ་སོགས་
པའི་ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་ལ་ཡང་དེ་བཞིན་ཁོ་ནར་གོམས་པའི་དབང་ལས་རིམ་པས་འཆར་བའི་མཐར། རྟོག་པ་མཐའ་དག་གི་དྲ་བ་མེད་པ་བཞི་པ་ལྷན་ཅིག་སྐྱེས་པའི་བདེ་བ་སྒོ་ཐམས་ཅད་ལ་ལན་ཅིག་གནས་པའི་ཆ་ཤས་ཅན་གྱི་རྣམ་པ་དྲི་མས་མཚན་པ་མ་ཡིན་པ་
འོད་གསལ་བ་ལ་རབ་ཏུ་བཞུགས་པ་ནི་རིམ་པའོ། །ཡང་ན་དེ་ལ་འདིའི་རིམ་པ་ནི། འཇིག་རྟེན་གསུམ་དུར་ཁྲོད་ལ། དུར་ཁྲོད་པདྨའི་སྟན་ལ། པདྨ་རོ་ལ། རོ་ཉི་མ་ལ། ཉི་མ་བཅོམ་ལྡན་འདས་མ་ལ། བཅོམ་ལྡན་འདས་མ་རྗེས་སུ་ཆགས་པས་ཞུ་བར་གྱུར་ཏེ་བཅོམ་ལྡན་འདས་ལ།
བཅོམ་ལྡན་འདས་ཐུགས་ཀའི་ཉི་མ་ལ། ཉི་མ་རྡོ་རྗེ་ལ། རྡོ་རྗེ་དེའི་ལྟེ་བར་གནས་པ་ལ། ཉི་མ་དོན་ཡོད་གྲུབ་པའི་ངོ་བོ་ཧཱུྃ་ཡིག་གི་ཨཱུ་ཡིག་ལ། ཨཱུ་ཡིག་འོད་དཔག་མེད་ཀྱི་རང་བཞིན་གྱི་ཧ་ཡིག་ལ། ཧ་ཡིག་རིན་ཆེན་འབྱུང་ལྡན་དུ་གྲགས་པའི་མགོ་བོ་ལ། མགོ་བོ་རྣམ་པར་སྣང་
མཛད་ཀྱི་རང་བཞིན་གྱི་ཟླ་ཕྱེད་ལ། ཟླ་བ་རྡོ་རྗེ་སེམས་དཔའི་རང་བཞིན་གྱི་ཐིག་ལེ་ལ། ཐིག་ལེ་ལྷག་མ་མི་བསྐྱོད་པའི་བདག་ཉིད་ཀྱི་ནཱ་ད་ལ་བཞུགས་པར་བྱའོ། །ཁ་ཅིག་གིས་ནི་མི་བསྐྱོད་པའི་རང་བཞིན་གྱི་ཐིག་ལེ། རྡོ་རྗེ་སེམས་དཔའི་རང་བཞིན་གྱི་ནཱ་དར་གསུངས་སོ། །
བློ་གྲོས་ལྷག་པ་ཙམ་གྱིས་ནི། །ནཱ་ད་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆ་ཤས་ཙམ་དུ་བསམས་ནས་དོར་བར་བྱ་སྟེ། དེ་ཉིད་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་མཆོག་གི་སྟོང་པ་ཉིད་སྤྲིན་མེད་པའི་ནམ་མཁའ་ལྟར་གསལ་ཞིང་འོད་གསལ་བའི་གོ་འཕང་ལ་ཇི་ལྟར་སྔོན་གྱི་

སྨོན་ལམ་གྱི་ནུས་པ་གནས་པས་སྒྲུབ་པའི་དབང་ལས་དེ་བཞིན་ཁོ་ནར་བལྟ་བར་བྱའོ། །དེ་བཞིན་དུ་ཡང་དང་ཡང་དུ་ལྡང་པའི་བྱ་བ་ལ་ཞུགས་ནས། དེ་ནས་ཇི་ལྟར་དབུགས་ཀྱི་རླུང་མེ་ལོང་ལ་གནས་པ་ཀུན་ནས་སོང་བ་བཞིན་དུ་ཡང་དག་པའི་མཐའ་ལ་
རྣལ་འབྱོར་པས་ཡང་དང་ཡང་དུ་འཇུག་པར་བྱའོ། །རིམ་པ་འདི་ནི་བདེན་པ་གཉིས་དབྱེར་མེད་པ་འབྲས་བུ་རྡོ་རྗེ་འཛིན་པའི་རང་བཞིན་ཟུང་དང་གཉིས་མ་ཡིན་པའི་རང་བཞིན་གྱི་རྣལ་འབྱོར་མངོན་སུམ་དུ་བྱེད་པའོ། །འདི་ནི་དེ་ཁོ་ན་ཉིད་ཤེས་རབ་དང་བཅས་པའི་བསྒོམ་པ་འོད་
གསལ་ལ་རབ་ཏུ་འཇུག་པའི་ཐབས་སོ། །ཤེས་རབ་མེད་པའི་བསྒོམ་པ་ལ་ལྟོས་པས་ནི། ཤེས་རབ་རྣམ་པར་དག་པའི་ཁ་ཊྭཱཾ་ག་ཉིད་དོ། །ཤེས་རབ་ཁ་ཊྭཱཾ་གཟུགས་ཅན་མ། ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་གཏུམ་མོའི་རྣལ་འབྱོར་ལ་སོགས་པས་ལྷན་ཅིག་སྐྱེས་
པ་འཆར་བ་ནི་འོད་གསལ་ལ་རབ་ཏུ་འཇུག་པའོ། །དེ་ལ་རེ་ཞིག་འདིའི་གཏུམ་མོའི་རྣལ་འབྱོར་ནི། ལྷའི་རྣམ་པར་གསལ་བ་ལ། ལྟེ་བའི་འཁོར་ལོར་ཨཾ་ཡིག་ཉིད་དམ། སེམས་བརྟན་པའི་རྒྱུར། སྲོག་གི་རླུང་འབབ་པ་གཉིས་པོ་དག་ཡོངས་སུ་བསྡུས་ནས། ཨ་བ་དྷཱུ་ཏཱིར་བཅུག་སྟེ།
ལྟེ་བའི་འོག་གི་རླུང་གིས་སྦར་བར་གྱུར་པའི་རབ་ཏུ་གཏུམ་པའི་མེ་དྲང་ཞིང་ཤིན་ཏུ་ཕྲ་བའི་རེ་ཁཱའི་གཟུགས་ཅན། མཆོག་གི་བདག་མེད་མའི་མིང་ཅན་བཅོམ་ལྡན་འདས་མ་གཏུམ་མོ་འབར་བས། སྙིང་གའི་འཁོར་ལོར་གནས་པའི་དེ་བཞིན་གཤེགས་པ་ལྔ་རྣམས་དང་། སྤྱན་མ་ལ་
སོགས་པའི་ལྷ་མོ་བཞི་བསྲེགས་ཏེ། ཇི་སྲིད་དུ་སྤྱི་བོའི་འཁོར་ལོར་གནས་པའི་ཡིད་འཇོམས་པ་མ་ཡིན་པ་ལ་རེག་པར་བྱའོ། །དེ་བཞིན་དུ་འབར་བ་དང་། བཅོམ་ལྡན་འདས་རི་བོང་ཅན་འཛག་སྟེ་འོང་བ་དེའི་ཚེ་ཡང་གཏུམ་མོ་མྱུར་དུ་འབར་བར་བྱེད་པའོ། །དེ་རབ་ཏུ་འབར་བ་དང་རི་བོང་
ཅན་ཤིན་ཏུ་མྱུར་བར་འཛག་སྟེ། ལྟེ་བའི་དཀྱིལ་འཁོར་ལ་དམིགས་བཞིན་པའི་གཏུམ་མོ་དང་ལྷན་ཅིག་གཅིག་ཏུ་གྱུར་ནས་ཡིད་ངེས་པར་འཛིན་པར་གྱུར་པའོ། །བྱང་ཆུབ་ཀྱི་སེམས་རབ་ཏུ་འཛག་པ་ཡང་སྤྲུལ་པའི་འཁོར་ལོ་ལ་སོགས་པ་རྣམས་སུ་ཉེ་བར་བསགས་པས་

མཆོག་ཏུ་དགའ་བའི་རིམ་པས་སྤྱི་བོ་ནས་པདྨ་དང་རྡོ་རྗེ་ནོར་བུའི་མཐར་ཐུག་པ་ལ་རྣམ་པར་མ་ཆད་པར་སྟོང་པ་ཉིད་དང་། སྙིང་རྗེ་དབྱེར་མེད་པ་རིམ་གྱིས་འཕེལ་བ་ཉེ་བར་སོན་པ་གཏུམ་མོའི་མེའི་འོད་ཀྱིས་ཡོངས་སུ་སྦྱངས་ཏེ། བདེ་བ་ཆེན་པོའི་འཁོར་ལོ་རྩ་སུམ་ཅུ་རྩ་གཉིས་ལ་ཁྱབ་པར་
གྱུར་ཅིང་དེ་ནས་གཞན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཇི་སྲིད་པར་ལུས་ཐམས་ཅད་ལ་མངོན་པར་ཁྱབ་པར་བྱེད་པ་ནང་གི་ཉི་མ་དང་ཟླ་བའི་ངོ་བོ་ཤེས་རབ་དང་ཐབས་མཉམ་པར་བགྲོད་པ་དགའ་བྲལ་གྱི་བདེ་བ་ཆེན་པོའི་མཐུས་ཕུང་པོ་དང་ཁམས་ལ་སོགས་པ་བདུད་དང་བཅས་པ་
འདི་མཐའ་དག་མངོན་དུ་གྱུར་ཅིང་རབ་ཏུ་གྱུར་ཏོ་ཞེས་པ་གཏུམ་མོའི་རྣལ་འབྱོར་གྱིས་འོད་གསལ་ལ་རབ་ཏུ་བཞུགས་པའོ། །འདི་ཉིད་ནི་ཆོས་ཀྱི་ཕྱག་རྒྱའོ། །འདི་ཉིད་ནི་དཔྱིད་ཀྱི་ཐིག་ལེའི་སྦྱོར་བའོ། །དེ་ལྟར་ན་དཔྱིད་ནི་བཅོམ་ལྡན་འདས་ཏེ་ཟླ་བའོ། །དེའི་ཐིག་ལེ་ནི་བཅོམ་ལྡན་
འདས་མ་གཏུམ་མོ་སྟེ་དེ་དག་གི་སྦྱོར་བ་ཞེས་པ་འདི་ཉིད་དང་སྦྱོར་བ་སྟེ། གཏུམ་མོ་རྟག་ཏུ་གོམས་པའི་རྣལ་འབྱོར་པས་བརྟན་པར་བསྲུངས་པས་མཆོག་གི་བདེ་བ་ཆེན་པོའི་རྒྱུར་གྱུར་ལྷན་ཅིག་སྐྱེས་པ་གཏུམ་མོ་གསལ་བར་བྱའོ། །དེ་ལྟར་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཟུང་དང་
གཉིས་མ་ཡིན་པར་གནས་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལྷག་པར་རྟོགས་སོ། །རྣལ་འབྱོར་མ་ཞེས་པ་ནི་གསང་ཆེན་རྟོགས་པར་ཁ་ཅིག་སྒྲོག་པར་བྱེད་དོ། །དེའི་ལམ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའམ། ཆོས་ཀྱི་ཕྱག་རྒྱ་ལ་ས་བཅུའི་རིམ་པས་གསལ་བར་བྱ་
སྟེ། ཕྱིས་རྡོ་རྗེ་འཛིན་པར་བསྟན་ཏོ། །ཁ་ཅིག་ཏུ་གནས་ལ་སོགས་པར་རྡོ་རྗེ་ལ་སོགས་པའི་རིགས་ལས་བྱུང་བ་ཡེ་ཤེས་ཐོབ་པའི་ནུས་པ་ཅན་ལས་ཀྱི་ཕྱག་རྒྱ་ཟླ་བ་གཅིག་ལ་སོགས་པར་ལོ