Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 10
Văn bản gốc(Tây Tạng)
Trang 9 / 24 (50.000 ký tự/trang)
བརྒྱ་དང་བརྒྱད་དམ་ཉི་ཤུ་ལྔ། ། ལྔ་བཅུ་དེ་བཞིན་བར་མའོ། །དེ་ཡི་ཚད་ཀྱི་ཕྲེང་རྣམས་ནི། །ཀུན་ཕན་སྔགས་པས་ཐག་པར་བརྒྱུ། །སྟོང་ཕྲག་བརྒྱད་ཀྱང་དེ་བཞིན་བྱ། །ཕྲེང་བ་རྣམས་ནི་མཐེ་བོང་ཙམ། །དེ་ལྟར་ཕྲེང་བ་རྣམ་པ་བཞི། །འདིར་ནི་སྔགས་པས་བརྒྱུ་བར་བྱ། །ཞེས་སོ། །དེ་ལ་གཞོན་ནུ་མས་བྱས་ པའི་སྲད་བུ་རྣམས་པདྨའི་ཕྱག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་རྣམ་པར་དག་པ་ཕྱོགས་དང་ཕྱོགས་བྲལ་རྣམས་སུ་བརྒྱད་དང་། དབུས་སུ་ཀུན་ནས་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའ་རྣམ་པར་དག་པས་གཅིག་གོ་ཞེས་ཏེ། དགུའི་ཡོན་ཏན་གྱི་སྲད་ བུ་བསྒྲིལ་བར་བྱས་ནས། རིམ་པས་རིལ་བུ་ཐག་པ་ལ་བརྒྱུས་ཏེ། སྲད་བུའི་གདོང་གཉིས་མདུད་པ་བྱས་པའི་སྟེང་དུ་རིལ་བུ་སྟེ། ཀུན་དུ་བསྟེན་པའི་སྟོབས་དང་། མི་འཇིགས་པ་ལ་སོགས་པ་དང་པོའི་ཆོས་ཀྱི་སྐུ་ཉིད་དོ། །དེའི་སྟེང་དུ་རིལ་བུ་གཞན་ནི་ཆོས་ཀྱི་དབྱིངས་དེ་བཞིན་ ཉིད་དོ། །དེ་ནས་ཞི་བ་ལ་སོགས་པའི་ལས་དང་རྗེས་སུ་མཐུན་པའི་ཁ་དོག་གི་རིལ་བུ་ཙནྡན་ལ་སོགས་པ་རྣམས་ཀྱིས་བསྒོ་བར་བྱའོ། །ཀྱེ་རྡོ་རྗེ་ལ་སོགས་པའི་སྔགས་བཟླ་བས་ནི་བདུད་རྩི་ལྔ་དང་སྒྲོན་མ་ལྔ་ཡིས་སྦྱངས་ཏེ། མྱུར་བར་ལག་པ་གཡས་ཀྱི་སོར་ མོ་རྣམས་རྡོ་རྗེ་རྩེ་ལྔ་པའི་ངོ་བོར་བསྒོམས་ནས། ཨ་ཡིག་ལས་སྐྱེས་པའི་ཉི་མས་དེ་བྱིན་གྱིས་བརླབ་པོ། །གཡོན་པའི་སོར་མོ་པདྨའི་འདབ་མའི་རྣམ་པར་གསལ་བ་ལ། དང་པོའི་དབྱངས་ཡོངས་སུ་གྱུར་པ་ལས་རི་དགས་མཚན་པ་སྟེ། དེས་བྱིན་གྱིས་བརླབ་ཅིང་། སོ་སོར་ ཤེས་རབ་དང་། ཐབས་ཀྱི་རང་བཞིན་དེ་དག་གི་དབུས་སུ། བགྲང་ཕྲེང་བཟུང་ནས། ཀྱེ་རྡོ་རྗེའི་གཟུགས་ཀྱི་བར་མ་ཆད་པར་མངོན་པར་འདོད་པའི་ལྷའི་ངོ་བོར་རམ། ཐམས་ཅད་རིལ་བུར་བསྒོམ་པར་བྱའོ། །ཨཀྵ་རུ་ཀཱ་ར་ཎྱ་ཏུ་ཨ་སོ་ཧི་ཨ་མནྟ་བི་ས་རུ་ག་ནི་ཨ་སཾ་ཁ་ཨ་ལི་སིཛྫ་ཨི་ ཏ་ཏུ་བི་ས་རུ་ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ན་སརྦ་བུདྡྷ་མ་ཧནྦྷ་བེ་ཏ་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཱ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས་ལ། བརྒྱད་ལྷག་པའི་བརྒྱར་བསྒྱུར་པའི་སྔགས་བཟླས་པས་ཀྱང་བྱིན་གྱིས་བརླབ་བོ་ཞེས་པ་རབ་ཏུ་གནས་པའི་ཆོ་གའོ། །དེའི་རྗེས་སུ་སྟོང་པ་ཉིད་དང་སྙིང་རྗེ་དག་ དབྱེར་མེད་པར་ལྷག་པར་མོས་པས། གཡས་པའི་ལག་པས་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་ལས་རྣམས་ལ། གྲངས་ཇི་ལྟ་བར་སྡིགས་མཛུབ་དང་། གུང་མོ་དང་། མིང་མེད་དང་། མཐེའུ་ཆུང་རྣམས་སུ་བགྲང་ཕྲེང་གི་ཕྲེང་བ་གཞག་པ་ཡང་། མཐེ་བོང་གི་རྩེ་མོ་རྡོ་ རྗེ་ལྕགས་ཀྱུའི་ངོ་བོར་བསྒོམས་ཏེ། ལྷ་དགུག་པའི་བསམ་པས་དྲང་བར་བྱས་ནས་སྔགས་བཟླས་པར་བྱ་སྟེ། མྱུར་དུ་འགྲུབ་པར་བྱེད་དོ། །དམ་ཚིག་དག་ནི་བསྟེན་པ་དང་། །རྣལ་འབྱོར་སྒོམ་པར་བྱེད་པ་དང་། །སྔགས་བཟླས་པ་ལ་སོགས་པ་ཡིས། །མྱུར་དུ་འབྲས་བུ་ལྡན་ པར་འགྱུར། །ཞེས་པས། དམ་ཚིག་འགའ་ཞིག་བརྗོད་པར་བྱ་སྟེ། སེམས་ཅན་རྣམས་ལ་སྙིང་བརྩེ་བ་དོར་བར་མི་བྱ་བ་དང་། གཞན་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མེད་པར་གླེང་བར་མི་བྱ་བ་དང་། མངོན་སྤྱོད་ཀྱི་ལས་མི་བྱ་བ་དང་། འཇིགས་པ་དང་ཞུམ་པ་དང་ཁྲོ་བ་ལ་ སོགས་པ་ཡོངས་སུ་སྤང་བ་དང་། རྙེད་པ་དང་བཀུར་སྟི་ལ་སོགས་པའི་དོན་དུ་བདག་གི་ཡོན་ཏན་བསྒྲགས་པར་མི་བྱ་བ་དང་། ཕྱག་རྒྱ་དང་དཀྱིལ་འཁོར་དང་སྔགས་རྣམས་རང་གི་རྟོག་པ་ཙམ་གྱིས་མི་བྱ་བ་དང་། བདེ་བར་གཤེགས་པས་གསུངས་པའི་སྣ་ཚོགས་པའི་སྔགས་དང་ ལྷ་རྣམས་ཀྱང་དབྱེ་བ་མེད་པར་གཟུང་བར་བྱ་ཞིང་། ཡུལ་གང་དུ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལས་སླར་ཆོས་དང་ཆོ་ག་ཐོབ་པར་བྱ་བ་དང་། བཟའ་བྱ་དང་། བཟའ་བྱ་མ་ཡིན་པ་ལ་སོགས་པ་རྣམས་རང་བཞིན་གྱིས་ཡོངས་སུ་དག་པར་ མོས་པར་བྱ་བ་དང་། འཇིག་རྟེན་ལ་གནོད་པ་རྣམས་རྗེས་སུ་བསྲུང་བ་ལ་འཇུག་པར་གོམས་པར་བྱ་བ་དང་། བྱ་བ་ངན་པར་སྤྱོད་པ་རྣམས་དྲངས་ཏེ། བདག་གི་ནང་གི་ནང་དུ་ཐོབ་པར་བྱ་བ་དང་། སྒོམ་པ་པོ་བདག་རྣལ་འབྱོར་པ་དང་། རྣལ་འབྱོར་མའི་བདག་ཉིད་དུ་ཐེ་ཚོམ་ཟ་བ་དེ་ རྣམས་ཀྱི་མཐོང་བར་འགྱུར་བའི་དོན་སྤོང་བ་དང་། བརྡ་རྣམས་ལ་བདག་གོམས་པར་བྱ་བ་དང་། ཇི་ལྟར་ཚོགས་པའི་འདོད་པའི་ཡོན་ཏན་ལྔ་དེ་བཞིན་གཤེགས་པ་ལྔ་དག་པས་བསྟེན་པར་བྱ་བ་དང་། བུད་མེད་རྣམས་གདུང་བར་མི་བྱ་ཞིང་ཁྱད་པར་དུ་ཕྱག་རྒྱའི་གཟུངས་མ་ལ་ཚིག་ངན་ མི་བྱ་བ་དང་། མཚན་མའི་རྣམ་པ་དང་། བཟའ་བ་རྣམས་ལ་འགོམ་པར་མི་བྱ་བ་དང་། ཆོམ་རྐུན་གྱི་གྲོགས་སྤང་བར་བྱ་བ་དང་། བདུད་རྩི་ལྔ་དང་སྒྲོན་མ་ལྔ་ནག་པོའི་ཚེས་བརྒྱད་དམ་བཅུ་བཞི་ལ་རིལ་བུར་བྱས་ནས་གྲིབ་མ་ལ་བསྐམས་ཏེ། ཐོད་པའི་སྣོད་ཁ་སྦྱོར་དུ་གཞག་ཅིང་ཇི་ལྟ་བར་བདུད་ རྩིར་བྱས་ནས་ཉི་མ་སོ་སོར་བསྟེན་པར་བྱ་བ་དང་། རྩ་བའི་ལྟུང་བ་བཅུ་བཞི་དང་། སྦོམ་པོའི་ལྟུང་བ་བརྒྱད་རྣམས་འབད་པས་སྤང་བར་བྱ་སྟེ། དེ་རྣམས་ནི་རབ་ཏུ་གྲགས་པ་ཉིད་ཡིན་པས་མ་བྲིས་སོ། །དེ་རྣམས་དང་གཞན་ཡང་དམ་ཚིག་གི་ཁྱད་པར་རྨད་དུ་བྱུང་བ་རྣམ་པ་མང་པོ་ དེ་དང་དེ་རྣམས་བཅོམ་ལྡན་འདས་ཀྱིས་རྒྱུད་རྣམས་སུ་གསུངས་པ་རྣམས་གྲུབ་པ་རྣམས་ཀྱིས་ཀྱང་རབ་ཏུ་སྤྲོས་སོ། །དེ་ལྟར་རྟོགས་པར་བྱས་ནས་འགོམ་པར་མི་བྱ་ཞིང་། དམ་ཚིག་སྨྲ་བར་ཡང་མི་བྱའོ་ཞེས་པའོ། །བརྟག་པ་གཉིས་པ་ལ་སོགས་རྒྱུད་རྣམས་སུ། དེ་ཡི་ ཐབས་ནི་རྣམ་པ་དུ་མ་ཞིག །མཐོང་ནས་རྣམ་པ་སྣ་ཚོགས་མངོན་རྟོགས་དང་། སྒྲུབ་པའི་ཐབས་རྣམས་གཞན་ཡང་འབད་པར་བྱས། སྲོག་དང་འདྲ་བའི་བླ་མེད་བླ་མ་དང་། །དོན་དུ་གཉེར་བའི་སློབ་མ་རྣམས་ཀྱིས་ཀྱང་། །ཅུང་ཟད་དག་ནི་བསྐུལ་བར་གྱུར་པ་ལས། ། འདི་ནི་བདག་གིས་རབ་ཏུ་བཀོད་པ་ཡིན། །རང་ཉིད་གཟུགས་བརྙན་འདྲ་ཡང་བསྐུལ་བ་ལས། །ཐུབ་པའི་དགོངས་པ་ཅུང་ཟད་འཆད་པ་གང་། །དེ་ནི་ངན་པའི་སྤྱོད་པ་ཉིད་ཡིན་ཏེ། །ལྟུང་བ་དང་བཅས་དམྱལ་བ་རྣམས་སུ་འགྱུར། །མངོན་པར་རྟོགས་པའི་ཐིག་ལེ་འདི་བྱས་ལ། །བདག་ གིས་དགེ་བ་ཉེ་བར་བསྒྲུབས་པ་གང་། །དེ་ཡིས་མྱུར་དུ་དཔལ་ལྡན་ཀྱེ་རྡོ་རྗེའི། །རྣལ་འབྱོར་སྣོད་དུ་བདག་དང་འཇིག་རྟེན་གྱུར། །རྣམ་པར་གྲགས་པའི་མཁས་པ་གནས་བརྟན་ཤཱཀྱ་སྲུང་བའི་ཞབས་ཀྱིས་མཛད་པའི། དཔལ་ཀྱེ་རྡོ་རྗེའི་མངོན་པར་རྟོགས་པའི་ཐིག་ལེ་འདི་ རྫོགས་སོ།། །།ལུང་རིགས་ཀྱི་དབང་ཕྱུག་སྐད་གཉིས་སྨྲ་བའི་གཙུག་གི་ནོར་བུ། དཔལ་ལྡན་བྱང་ཆུབ་རྩེ་མོའི་བཀའ་དྲིན་ལས། བརྡ་སྤྲོད་པའི་ཚུལ་ལ་བློའི་སྣང་བ་ཅུང་ཟད་ཐོབ་པ་ཤཱཀྱའི་བཙུན་པ་སྐྱོབ་པ་དཔལ་བཟང་པོ་ཞེས་བྱ་བས་བསྒྱུར་བའོ། །རྒྱུད་རྒྱལ་རིན་ ཆེན་འབྱུང་གནས་བསྲུབས་པ་ལས། འབྱུང་བའི་ནོར་བུ་རིམ་གཉིས་འོད་དཀར་ཅན། །གང་འདིས་བོད་ཡུལ་གདུལ་བྱའི་ཀུ་མུད་ཚལ། །རྒྱས་པར་བྱ་ཕྱིར་སྐྱོབ་པ་དཔལ་བཟང་པོས། །བསྒྱུར་ལས་བྱུང་བའི་དགེ་བ་རབ་དཀར་བ། །དེ་ཡིས་འགྲོ་ཀུན་རྡོ་རྗེ་འཛིན་གྱུར་ཅིག ། པཎྜི་ཏ་ལ་མ་གཏུགས་པ་དང་། རྒྱ་དཔེ་གཉིས་པའང་མ་རྙེད་པས་ནོངས་པའི་ཆ་མཆིས་པ་རྣམས་མཁས་པ་རྣམས་ཀྱིས་བཟོད་པར་མཛད་ནས་སླར་བཅོས་ཤིང་ཉེས་པའི་ཆ་རྣམས་འདོར་བར་བྱའོ།། ༄། །ཆོས་སྤྱོད་མདོར་བསྡུས་པའི་བྱ་བ་བཞུགས་སོ། ། ༄༅༅། །དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདིའི་ལམ་དུ་འཇུག་པའི་རྣལ་འབྱོར་པས་དང་པོར་ལྷན་ཅིག་སྐྱེས་པའི་བདེ་བའི་ངང་དུ་ཉལ་ནས། ནང་པར་ཐོ་རངས་ཁར་ཚད་མེད་པའི་ལྷ་མོ་བཞིས་ཚད་མེད་པའི་གླུས་བསྐུལ་ནས་ལངས་ཏེ་ཁྲུས་བྱས་ནས་ནང་དུ་ གནས་ཏེ། བདུད་རྩི་དང་བའི་རྣམ་ལྔས་སེམས་དང་བས་མཎྜལ་ལེགས་པར་བྱས་ཏེ་བྱུག་པ་བྱ་ཞིང་། ངག་ཏུ་བཛྲ་རེ་ཁེ་ཧཱུྃ་ཞེས་བྱས་པས་ས་གཞི་བྱིན་གྱིས་བརླབས་ནས། དེ་ནས་མེ་ཏོག་གཅིག་མཎྜལ་གྱི་དབུས་སུ་གཞག །སྲུང་བའི་ཕུར་བུ་སྟོད་ཁྲོ་བོ་སྨད་ཕུར་པ་གཅིག་ཏུ་ བསམས་ལ་བསྲུང་ངོ་། །མེ་ཏོག་གཅིག་རང་གི་མགོར་བཞག་ནས་ལུས་བསྲུངས་པ་དང་། དེ་ནས་ལག་པ་བཀྲུས་ནས། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ཞེས་པས་མེ་ཏོག་གཅིག་དབུས་སུ་བཞག་པས་གཙོ་བོ་ཡབ་ཡུམ་དུ་བསྐྱེད། ཤར་དུ་གཽ་རཱི་ན་མཿཞེས་པས་མེ་ཏོག་ གཅིག་གཞག །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང་བྱང་ཤར་མཚམས་སུ་རིམ་པ་བཞིན་དུ། ཙཽ་རཱི་ན་མཿ། བེ་ཏཱ་ལཱི་ན་མཿ། གྷསྨ་རཱི་ན་མཿ། པུཀྐ་སཱི་ན་མཿ། ཤ་བ་རཱི་ན་མཿ། ཙཎྜ་ལཱི་ན་མཿ། ཌོམྦི་ནཱི་ན་མཿ། ཞེས་པས་མེ་ཏོག་དགྲམ་པ་དང་། དེར་ལྷ་མོ་རེ་རེ་མོས་པ་ཙམ་ གྱིས་བསྐྱེད་དེ། མཆོད་པ་རིམ་པ་བཞིན་དུ་བཤམས་ནས། བྲིས་སྐུ་ལ་སོགས་པ་ལེགས་པར་བཀྲམ་ནས། སྟན་བདེ་བ་ལ་སོགས་པར་འདུག་སྟེ། རང་ཉིད་མོས་པའི་ལྷར་བསམས་པའི་སྙིང་གར། པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་བསམས་ལ། ལུས་ ཀྱིས་རྡོ་རྗེ་དྲིལ་བུ་གཟུང་། ངག་ཏུ་ཨོཾ་ཧེ་བཛྲ་ཨ་དྷིཥྛ་ན་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་སེམས་ཀྱིས་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཐམས་ཅད་རྡོ་རྗེའི་ས་གཞི་དང་། དྲ་བ་དང་། ར་བ་དང་། གུར་དུ་བསམས་ལ་ཨོཾ་ཧེ་བཛྲ་ལ་གོང་གི་སྔགས་རཀྵ་ལ་སོགས་པ་སྦྱར། བསམ་པས་ལུས་ཐམས་ཅད་རྡོ་རྗེའི་རྣམ་པར་བྱ་བ་དང་། ཨོཾ་བཛྲ་བཛྲ་ལ་ཛི་ཧྭ་ལ་སོགས་པ་སྦྱོར་བས་ངག་རྡོ་རྗེར་བསམས་པ་དང་། ཨོཾ་ཧེ་བཛྲ་ཡོ་ག་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས། སེམས་རྡོ་རྗེའི་རྣམ་པར་སོང་བར་བསམས་པ་ནི་སེམས་སྲུང་བའོ། །དེ་ནས་ མཆོད་པ་ཐམས་ཅད་ལ་དམིགས་ནས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་པ་ལ་སོགས་པ་གང་དུ་བརྗོད་ཅིང་མེ་ཏོག་དང་སྤོས་དང་མར་མེ་དང་དྲི་ཆབ་དང་ལྷ་བཤོས་རྣམས་སོ་སོའི་རྫས་བསྣམས་པར་བྱིན་གྱིས་བརླབས་ལ། མཆོད་ཡོན་ལ་ཛཿཧཱུྃ་བཾ་ཧོཿསྭཱ་ཧཱ། ཞབས་བསིལ་ལ་ནི་རི་ཏི་ཁཾ་ སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབས་ནས་ཚོགས་ཀྱི་ལྷ་སྤྱན་དྲང་བ་ནི། ལུས་ཀྱིས་རྡོ་རྗེ་དྲིལ་བུ་གཟུང་ནས། ངག་ཏུ། ཁྱོད་ནི་རྣལ་འབྱོར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར། །རྡོ་རྗེ་མི་ཕྱེད་ཅི་བཞེད་པ། །མཆོག་ཏུ་དགྱེས་པར་གཤེགས་ནས་ཀྱང་། །བྱིན་ གྱིས་བརླབ་པར་མཛད་དུ་གསོལ། །ཞེས་བརྗོད་ལ་བསམ་པས་སྙིང་གའི་པདྨའི་ཧཱུྃ་ལས་འོད་འཕྲོས་པས། འོད་ཀྱིས་བླ་མ་དང་ཀྱེའི་རྡོ་རྗེ་འཁོར་དང་བཅས་པ་སྤྱན་དྲངས་ལ། དེ་ལ་མཆོད་ཡོན་དང་ཞབས་བསིལ་དང་། གདན་རྣམས་ཕུལ་ལ་མཎྜལ་གྱི་སྟེང་དུ་བཞུགས་སུ་ གསོལ། །དེ་ནས་དང་པོའི་བླ་མའི་སྨིན་མཚམས་སུ་ཤེས་པ་གཏད་ལ་བླ་མ་ལ་ཕྱག་བྱ་བ་དང་། མཆོད་པ་བྱ་བའོ། །དེ་ནས་ཡིད་ཀྱིས་གཙོ་བོའི་ཞབས་ལ་སྤྱི་བོས་གཏུགས་ལ་ལུས་ངག་ཡིད་གསུམ་གྱི་སྡིག་པ་དག་པར་བསམ་པ་དང་། ལུས་ཀྱིས་ཕྱག་བྱ་གསུང་། ཚིག་བརྗོད་ ཅིང་ཕྱག་བྱའོ། །དེ་ནས་མཆོད་པར་དབུལ་བ་ནི། དང་པོ་མིའི་མཆོད་པ་རྫས་རིམ་པར་བཤམས་པ་ཡོད་ན་དེ་དབུལ། མེད་ན་རང་གི་སྙིང་ག་ནས་ཕྱིའི་མཆོད་པའི་ལྷ་མོ་སྤྲུལ་ལ་དབུལ། ངག་ཏུ་བརྗོད་པ་ནི། ཆུ་དང་ཐང་ལས་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། ། གུས་པ་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཧཱུྃ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་བདུག་སྤོས་འདི། །གུས་པས་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཧཱུྃ། གདོན་རྣམས་རབ་འཇོམས་ ཤིས་པ་ཡི། །དགེ་ཞིང་མུན་སེལ་མར་མེ་འདི། །གུས་པས་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཧཱུྃ། ནགས་ཚལ་ཆུ་ནི་ཡིད་འོང་བའི། །དྲི་ཞིམ་ཆུ་ཡི་ལྷ་ཡི་ཆུ། །གུས་པས་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་ སུ་གསོལ། །ཨོཾ་ཧཱུྃ། སྨན་རྣམས་བཅུད་ནི་ཡིད་འོང་བའི། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །གུས་པས་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པས་མཆོད་ པ་དབུལ་བར་བྱའོ། །ད་ནི་ནང་གི་མཆོད་པ་ནི་རང་གི་སྙིང་ག་ནས། ལྷ་མོ་བརྒྱད་སྤྲོས་པ་ནི། གཽ་རཱི་བྱང་ཆུབ་སེམས་དཀར་པོ་ཐོགས་པ། ཙཽ་རཱི་བྱང་ཆུབ་སེམས་དམར་པོ་ཐོགས་པ། བེཏཱ་ལཱི་དྲི་ཆུ་ཐོགས་པ། གྷསྨ་རཱི་ཤ་ལྔ་འཛིན་པ། ཙཎྜ་ལཱི་ཅང་ཏེའུ་བརྡུང་བ་སྤྲོས་ལ་མཆོད་ པར་བྱའོ། །གསང་བའི་མཆོད་པ་ནི་རང་གི་སྙིང་ག་ནས་ལྷ་མོ་ཌོམྦི་ནཱི་སྤྲོས་ནས། ཡུམ་བདག་མེད་མ་དང་གཉིས་མེད་དུ་བསྟིམ་ལ་མཆོད་དོ། །དེའི་དུས་སུ་ངག་ཏུ་འདི་སྐད་བརྗོད་དོ། །གཽ་རཱི་མ་ནི་རི་བོང་འཛིན། ཙཽ་རཱི་མ་ནི་ཉི་མ་འཛིན། བཻ་ཏཱ་ལཱི་ནི་རྡོ་རྗེ་ཆུ། གྷསྨ་རཱི་ནི་སྨན་འཛིན་ ཅིང་། །སྦོས་མོ་ཙནྡན་སྡོང་བུ་འཛིན། །རི་ཁྲོད་མ་ནི་སྦྲང་རྩི་འཛིན། །གཏུམ་མོ་ཅང་ཏེའུ་སྒྲ་བརྡུང་ཞིང་། །གཡུང་མོ་མགུལ་པ་དག་ལ་འཁྱུད། །འདོད་ཆགས་ཆེན་པོ་རྗེས་ཆགས་པ། །སྐྱེས་བུ་བཞིན་དུ་བྱེད་པར་ཤོག །ཕྱི་དང་ནང་དང་གསང་བ་གསུམ། །འདི་དག་ གསུམ་གྱིས་གཙོ་བོ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ་ཧཱུྃ། དེ་ནས་སྡིག་པ་བཤགས་པ་ནི། བདག་གི་སྡིག་པ་བགྱིས་པ་དང་། །རྗེས་སུ་ཡི་རང་བགྱིད་སྩལ་གང་། །རྫོགས་སངས་རྒྱས་ཀྱི་སྤྱན་སྔ་འདིར། །ཐམས་ཅད་མ་ལུས་སོ་ སོར་བཤགས། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །འཕགས་པ་རང་རྒྱལ་ཉན་ཐོས་དང་། །སོ་སོ་སྐྱེ་བོའི་ཚོགས་རྣམས་ལ། །གུས་པས་རྗེས་སུ་ཡི་རང་ངོ་། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །དེ་ཡིས་གསུངས་པའི་དམ་ཆོས་དང་། །བྱང་ཆུབ་ སེམས་དཔའི་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་གི་སྦྱིན་པ་ལ་སོགས་པ། །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །རྡོ་རྗེ་ཐེག་པ་བླ་མེད་པའི། །ལམ་ནི་ཡང་དག་བསྟེན་པར་བགྱི། །བདག་གི་དགེ་བ་འདི་དག་ཀུན། །བླ་མེད་བྱང་ཆུབ་ཡང་དག་རྫོགས། ། སེམས་ཅན་ཀུན་དོན་ཕན་པའི་ཕྱིར། །མི་གནས་མྱ་ངན་འདས་ལ་དགོད། །བདག་གི་དགེ་བ་འདི་དག་ཀུན། །ཡོངས་སུ་རྫོགས་པར་གྱུར་ནས་ནི། །སེམས་ཅན་ཀུན་དང་ཐུན་མོང་དུ། །ཡོངས་སུ་སྨིན་ཅིང་རྫོགས་པར་ཤོག །ཅེས་བརྗོད་ལ། སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་དང་དཔལ་དགྱེས་པ་རྡོ་རྗེའི་ལྷ་ཚོགས་འཁོར་དང་བཅས་པ་ལ། བདག་ཉིད་ལུས་དབུལ་ཏེ། བདག་དུས་ཐམས་ཅད་དང་རྣམ་པ་ཐམས་ཅད་དུ་བཞེས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས། དམ་ཚིག་ ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། དེ་ནས་སྡོམ་པ་བཟུང་ནས་བསྟོད་པ་ཉི་ཤུ་པས་བསྟོད་ལ། བཟོད་པ་གསོལ་ནས་ནི། གང་ཡང་བདག་བློ་གཏི་མུག་པས། །ཞེས་པ་ལ་སོགས་པའོ། །ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས་སྨོན་ལམ་གདབ་པ་ནི་རིགས་སུ་སྐྱེ་ ཞིང་དམ་ཚིག་ཅན། །སྨྱོ་མེད་ཀྱེ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །དེ་ནས་གཤེགས་ སུ་གསོལ་བ་ནི། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་བྱོན་པར་མཛད་དུ་གསོལ། །ཞེས་བརྗོད་ལ་ཧེ་བཛྲ་མཎྜ་ལ་མུཿཞེས་པས་གཤེགས་སུ་གསོལ་བར་བྱའོ། ། མདོར་བསྡུས་པའི་བྱ་བ་རྫོགས་སོ།། ༄། །སཱཙྪའི་ཆོ་ག་བཞུགས་སོ།། ༄༅༅། །སཱཙྪ་བྱ་བའི་རིམ་པ་ཡང་། །ས་ལས་འཇིམ་པ་བྱས་ནས་ནི། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །འཇིམ་པ་རིན་ཆེན་སྣ་ལྔར་བསམ། །དེ་ནས་སེམས་ཅན་ཐམས་ཅད་ ལ། །བྱམས་དང་སྙིང་རྗེ་བསྐྱེད་བྱ་ཞིང་། །རིགས་གསུམ་ལྷ་ཡང་དྲན་པར་བྱས། །ཆོས་སྐུའི་གཟུགས་བརྙན་བཞེངས་པ་དང་། །དེ་ཡང་སེམས་ཅན་དོན་དུའོ། །དེ་ནས་འཇིམ་པ་དག་ལ་ནི། །སྔགས་ནི་ཉི་ཤུ་རྩ་ཅིག་གདབ། །ན་མོ་བྷ་ག་བ་ཏེ། བཻ་རོ་ཙ་ན། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྷཱ་ཡ། ཏདྱ་ཐཱ། ཨོཾ་སུཀྵྨེ་ཀྵྨེ་ས་མ་ཡ་ས་མ་ཡེ། ཤཱནྟེ་དཱནྟེ། ཨ་ས་མ་རོ་པེ་ཨ་ན་ལམྦེ། ཏ་རཾ་བེ་ཡ་ཤོ་བ་ཏི་མ་ཧཱ་ཏེ་ཛ་ནི་ར་ཀུ་ལེ་ནིརྦཱ་ཎི། སརྦ་ཏ་ཐཱ་ག་ཏ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། རྟེན་འབྲེལ་དག་གི་སྔགས་དག་གིས། །རབ་ཏུ་གནས་པ་བྱ་བ་ཡིན། །རྫོགས་སོ།། །། ༄། །བུང་བ་འདོད་པའི་སྒྲུབ་ཐབས་བཞུགས།། ༄༅༅། །བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ཉིད་ཡེ་ཤེས་རྒྱུས་སྐྱེས་པའི། །ལོངས་སྤྱོད་རྫོགས་སྐུ་ཕྱག་འཚལ་ནས། །ཤིན་ཏུ་བསྡུས་པར་གྱུར་པ་ཡི། །བུང་བའི་སྒྲུབ་ཐབས་བཤད་པར་ བྱ། དང་པོ་ཁོ་ནར་ཁམས་གསུམ་ཐམས་ཅད་སེམས་ཙམ་དུ་ཤེས་པར་བྱས་ལ། དེ་ནས་བདག་ཉིད་དཔལ་ཧེ་རུ་ཀའི་གཟུགས་ཆུ་སྐྱེས་དམར་པོ་དང་འདྲ་བ་སྐད་ཅིག་གིས་རྫོགས་པར་བྱས་ཏེ། རང་གི་སྙིང་གར་བཅུ་དྲུག་ཕྱེད་ཀྱི་པདྨ་ཤིན་ཏུ་དམར་བ་བསམས་ལ། དེ་ཡི་ལྟེ་བ་ལ་ཨཱ་ ལི་ཡང་དག་པར་བསྡུས་པའི་གཟུགས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྗེས་སུ་ཆགས་པའི་ཡི་གེ་ཨཾ་དང་ཧཱུྃ་ཡང་དག་པར་ཡིད་ཀྱིས་བྲིས་ཏེ། དེ་ནས་ཧཱུྃ་དང་ཨཾ་ལས་བྱུང་བ་ཤིན་ཏུ་དམར་བའི་འོད་ཟེར་ཡིད་བཟོ་བར་བྱེད་པ་སྤྲོས་ཏེ། གུར་གུམ་ལྟ་བུའི་འོད་ཟེར་དེ་ཕྱོགས་ ཐམས་ཅད་ཁྱབ་སྟེ། སེམས་ཅན་ཐམས་ཅད་རང་གི་གཟུགས་སུ་བྱས་ལ་དེའི་སྐུ་གསུང་ཐུགས་ལྷན་ཅིག་ཏུ་བཀུག་སྟེ། ཧཱུྃ་དང་ཨཾ་གཉིས་ཀྱི་ཐིག་ལེ་ལ་གཞུག་པར་བྱའོ། །དེ་ནས་ཧཱུྃ་ཡོངས་སུ་གྱུར་པ་ལས། ཐབས་དང་ཤེས་རབ་ཀྱི་རང་བཞིན་བུང་བའི་གཟུགས། རིན་པོ་ ཆེ་ལྟ་བུའི་སྙིང་རྗེ་ཆེན་པོའི་རང་བཞིན་མེ་ཏོག་གི་རོ་འཐུངས་པས་བརྒྱལ་བ། ཧཱུྃ་གི་ངོ་བོའི་སྒྲ་རྟག་རིང་དུ་སྒྲོག་པ། བདག་མེད་མ་དང་ཧེ་རུ་ཀའི་རང་བཞིན་བསྒོམ་པར་བྱའོ། །དེ་ནས་དེའི་སྙིང་གར་ཚོན་དམར་པོ། །ཀོ་བའི་ཆུ་ལྟ་བུའི་ཐིག་ལེ་ཕྲ་མོ་ཨཾ་དང་ཧཱུྃ་གི་ཡི་གེར་བལྟས་ཏེ། དེ་ ནས་ཐབས་དང་ཤེས་རབ་ཀྱི་བུང་བ་སྲོག་གི་རླུང་ལ་ཞོན་ཏེ། སྣའི་བུ་ག་ནས་ཕྱུང་ལ། ཁམས་གསུམ་ན་གནས་པ་སེམས་ཅན་གྱི་ལུས་ངག་ཡིད་གསུམ་རྣམ་པར་དག་པར་བྱས་ཏེ་བསྡུའོ། །ཡང་དབུགས་ཀྱི་རླུང་ལ་བརྟེན་ནས་ཇི་ལྟ་བར་བྱ་སྟེ། རང་གི་སྙིང་གའི་པདྨའི་ལྟེ་བ་ ལ་རབ་ཏུ་རྣམ་པར་དག་པ་ལ་གཞུག་པར་བྱ་སྟེ། གཞན་གྱི་སྐུ་གསུང་ཐུགས་དང་། རང་གི་སྐུ་གསུང་ཐུགས་གཅིག་ཏུ་མཉམ་པར་བསྒོམ་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་ཇི་སྲིད་སྐད་ཅིག་གིས་མཐོང་གི་བར་དུ། དབུགས་ལ་བརྟེན་པའི་གཟུགས་བསྒོམ་པར་བྱའོ། ། དེ་ལྟར་གོམས་པའི་རྟིང་ལ་སྐྱེས་པ་དང་བུད་མེད་ཀྱི་སྐད་ཅིག་པདྨ་དམར་པོ་འདབ་མ་བརྒྱད་པ་རྣམ་པར་བསམས་ལ། དེའི་རོ་བུང་བ་སྲོག་དང་རྩོལ་བ་ལ་བརྟེན་ནས་སྔ་མ་བཞིན་དུ་བྱུང་སྟེ། བདག་ཉིད་ཀྱི་སྙིང་གི་མེ་ཏོག་ལྟེ་བ་ལ་གཞུག་པར་བྱ་སྟེ། སྐྱེས་པའི་ སྣའི་བུ་གར་ཞུགས་ཏེ། ལུས་ངག་ཡིད་གསུམ་གྱི་གཟུགས། སྙིང་གའི་པདྨའི་ལྟེ་བ་ལ་འདུག་སྟེ་དེའི་སྙིང་གའི་པདྨའི་འདབ་མ་ལ་ལུས་ཀྱི་རང་བཞིན་གྱི་རྡུལ་ཡོད་པ་བདག་ཉིད་ཀྱི་ལུས་བསྒོམ། ངག་གི་རང་བཞིན་པདྨ་འཐུངས། །སེམས་ཀྱི་རང་བཞིན་པདྨའི་སྙིང་པོ་ཟོས་ ཏེ། དེ་ནས་སྒྲུབ་པ་པོས་རང་གི་དབུགས་ཀྱི་རླུང་བཀུག་སྟེ། སྐྱེས་པའི་སྣའི་བུ་ག་ནས་ཕྱུང་ལ། བདག་ཉིད་སྣའི་བུ་ག་ནས་སྙིང་གི་པདྨའི་གེ་སར་ལ་གཞུག་གོ། །དེ་ལྟར་ལུས་སྤྲུགས་དེར་ལུས་ཀྱང་རང་བཞིན་གྱི་ཆུ་སྐྱེས་ཀྱི་རྡུལ་གཉིས་གཅིག་ཏུ་བྱས། ངག་གི་རང་བཞིན་ གྱི་མེ་ཏོག་གི་ཁུ་བ་གཉིས་གཅིག་ཏུ་བྱས། སེམས་ཀྱི་རང་བཞིན་པདྨའི་སྙིང་པོ་གཉིས་གཅིག་ཏུ་བྱས་པར་བསམ་པར་བྱའོ། །དེ་ཡང་དེ་ལྟར་སྤྲོས་པ་དང་། དེ་ལྟར་གཞུག་པ་དང་། དེ་ལྟར་བསྟིམས་ཏེ། ཡང་དག་པར་བསམ་པར་བྱའོ། །དེ་ཡང་དང་ཡང་དུ་ཇི་སྲིད་དུ་རྗེས་སུ་ ཆགས་པ་མཐོང་བ་དང་། ཇི་ལྟར་བསྒོམ་པ་བཞིན་དུ་ཤེས་ནས་བྱེད་དེ། ཇི་ལྟར་མངོན་པར་འདོད་པ་གྲུབ་པར་བྱེད་དོ། །འདིར་བསྒོམ་པ་འདི་བྱས་ན། བུད་མེད་དགའ་བའི་སེམས་ཀྱིས་ཆགས་པར་བྱེད་པ་དང་། འདོད་པས་བརྒྱལ་བའི་ལུས་ཀྱིས། སྒྲུབ་པ་པོའི་སེམས་ བདེ་བར་བྱེད་ཅིང་དབང་དུ་འགྱུར་རོ། །ཉེས་པ་ཡོད་པར་མཐོང་ན། ཇི་ལྟར་བསྟན་པར་མི་བྱའོ། །གལ་ཏེ་བྱས་ན་ཆེན་པོའི་སྡིག་པར་འགྱུར་རོ། །དེ་བས་ན་སྔོན་དུ་ཡུལ་དང་ཡུལ་མ་ཡིན་པ་ཤེས་པར་བྱས་ལ། དེ་ཤེས་པ་དང་། ཇི་ལྟར་བསྟན་པ་བསྒོམ་པར་བྱའོ། ། བུང་བ་འདོད་པ་སྒྲུབ་པའི་ཐབས། །རྣམ་པར་བསྒྲུབས་པའི་བསོད་ནམས་ཀྱིས། །འདིར་ནི་འཁོར་བའི་སྐྱེ་བོ་རྣམས། །དཔལ་གྱི་སྙིང་རྗེ་ཐོབ་པར་ཤོག།། །རྫོགས་སོ། །གྲུབ་པ་བརྙེས་པའི་རཏྣ་ཙནྡྲས་མཛད་པ། ལོ་ཙཱ་བ་ཁུ་དངོས་གྲུབ་པོ།། །། ༄༅༅། །རྒྱ་གར་སྐད་དུ། བ་ལིཾ་ཏཏྟྭ་སཾ་གྲ་ཧ། བོད་སྐད་དུ། གཏོར་མའི་དེ་ཁོ་ན་ཉིད་བསྡུས་པ། ཡེ་ཤེས་ལྡན་པ་ལ་ཕྱག་འཚལ་ལོ། །གནས་ལ་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་གྲགས་ཆེན་དང་། །གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ཏེ། །གཏོར་ མའི་དེ་ཉིད་བཤད་པར་བྱ། །བསྐྱེད་རིམ་ལྷ་ཡི་དྲན་པ་བསྐྱེད། །མདུན་དུ་ནམ་མཁའི་དབུས་གནས་པར། །ཆོས་འབྱུང་ཨེ་ཡི་དབྱིབས་འདྲ་ལ། །པདྨ་འདབ་བརྒྱད་བསམ་པ་ནི། །སྟེང་འོག་དབུས་ཀྱི་ལྷ་ཡི་གདན། །ཇི་ལྟར་རིགས་པར་རིམ་པ་གསུམ། །ཁ་དོག་དབྱེ་བ་སོ་སོ་ཡི། ། སྟེང་འོག་ཕྱོགས་སྐྱོང་བརྒྱད་ཉིད་དོ། །སྤྱི་བོ་སྙིང་ག་མགྲིན་པ་རུ། །ཡི་གེ་གསུམ་ནི་སོ་སོར་དགོད། །དེ་ལས་འོད་ནི་དཀར་པོ་འབྱུང་། །གཟུགས་མེད་སྲིད་པའི་ལྷ་སོགས་ནས། །རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ནི། །འོད་ཀྱིས་བསྡུས་ནས་གཅིག་ཏུ་བྱས། །དེ་ལ་ཡི་གེ་ཉིད་དུ་ འགྱུར། །ཡི་གེ་ལས་ནི་མཚན་མར་རོ། །དེ་ཉིད་ཡོངས་སུ་གྱུར་པ་ལས། །སྐུ་ཡི་རྡོ་རྗེ་ངོ་བོ་ཉིད། །སྐུ་མདོག་དཀར་ཞིང་གཡས་བརྐྱང་བའི། །གཡས་ན་རྡོ་རྗེ་དྲིལ་བུ་བསྣམས། །ལྷ་མོ་སྤྱན་དང་བཞུགས་པའོ། །སྔར་གྱི་ཐུགས་ཀའི་ཡི་གེ་ལས། །སྔགས་ཀྱི་ཡེ་གེ་ཕྱུང་ནས་ནི། ། ཕྱོགས་སྐྱོང་བཅུ་དང་ཕ་མ་རྣམས། །བསྡུས་ཏེ་འོད་ཀྱི་གོང་བུར་རོ། །དེ་ལས་རང་གི་ས་བོན་ཉིད། །མཚན་མར་ཡང་དག་བལྟ་བའོ། །དེ་ཉིད་ལས་ནི་ལྷ་ཡི་གཟུགས། །ཐུགས་ཀྱི་རྡོ་རྗེ་སྐུ་མདོག་སྔོ། །ཕྱག་མཚན་སྐུ་ཡི་རྡོ་རྗེ་མཚུངས། །གཡས་བརྐྱང་པདྨའི་གདན་ལ་ནི། །མཱ་མ་ ཀཱི་དང་ལྷན་ཅིག་བཞུགས། །ཐུགས་ཀྱི་རྡོ་རྗེ་རབ་འདྲ་བའོ། །ས་སྟེངས་མི་དང་ས་འོག་ཀླུ། །བྱོལ་སོང་ཡི་དགས་དམྱལ་བ་རྣམས། །ཨ་ལས་འོད་ཟེར་བྱུང་ནས་ནི། །གཅིག་ཏུ་གྱུར་པས་ཆོས་འབྱུང་བསམ། །སྐུ་མདོག་དམར་པོ་ཕྱག་བཞི་པ། །ཕྱག་མཚན་བཛྲ་གྷཎྚེ་ བསྣམས། །གོས་དཀར་མོ་དང་གཉིས་མེད་སྦྱོར། །པདྨ་གར་དབང་བསྒོམ་པའོ། །དེ་ལྟར་སེམས་ཅན་ཐམས་ཅད་ནི། །ཆོས་འབྱུང་ནང་དུ་རིགས་གསུམ་དངོས། །བསམས་ལ་བདག་གི་མགྲིན་སོགས་ནས། །ཡི་གེ་ཧཱུྃ་སོགས་སོ་སོ་ལ། །ཛཿཧཱུྃ་བཾ་ཧོཿས་ལྕགས་ཀྱུ་ལ། །སོགས་ པའི་ལྷ་མོ་བཞི་པོ་ཡིས། །རྟག་པ་ལ་སོགས་རིགས་གསུམ་གྱི། །སངས་རྒྱས་བཀུག་སྟེ་གཟུགས་བརྙན་ལ། །བསྟིམས་པས་ཆུ་ལ་ཆུ་བླུགས་བཞིན། །ཐ་དད་མེད་དེ་གཅིག་ཏུ་གྱུར། །རང་སྙིང་ས་བོན་འོད་ཟེར་ལས། །ལྷ་མོ་ཕྱུང་སྟེ་དེ་རྣམས་ལས། །སྤྱི་བོར་ བུམ་པས་དབང་བསྐུར་བས། །སྟེང་གི་ལྷ་རྣམས་དཀར་པོ་ལ། །རྟག་པ་ཡི་ནི་དབུ་རྒྱན་བྱས། །དབུས་ཀྱི་ལྷ་ལ་ཐུགས་ཕྱག་རྒྱ། །འོག་གི་ལྷ་ལ་གསུང་ཕྱག་རྒྱ། །དེ་ལྟར་རིགས་གསུམ་དངོས་བསམས་ལ། །རང་ཉིད་ས་བོན་ཁྱད་པར་ལས། །འོད་ཟེར་ལས་ནི་ལྷ་ཡི་ཚོགས། ། ཕྱུང་སྟེ་ཞབས་བསིལ་ཞལ་བསིལ་དབུལ། །དེ་འོག་མཆོད་པ་རྣམ་ལྔས་མཆོད། །སྟེང་འོག་དབུས་སུ་རང་གི་རིགས། །དེའི་རྗེས་གཏོར་མ་བྱིན་བརླབས་ལ། །ཨིནྡའི་སྔགས་ཀྱིས་ལྷ་རྣམས་མཆོད། །ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ། བྷཱུ་ཏ། བ་ཧྣི། བ་ཨུ། རཀྵ། ཙནྡ། སུཛྫ། མཱ་ད། པཔྤ། ཏ་ལ་པཱ་ཏཱ་ལེ་ཨཥྚ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ་བྷུཉྫ། ཛི་གྷ། ཕུལླ། དྷཱུ་པ། མཱཾ་ས། པིཾ་ག །ཨམྦྷ། སཔྤ། ཀཛྫ་སཱ་དཱ། ཁནྟི། ཁུ་ཎི། ཕེ་ཊ། གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། བློ་དམན་རྣམས་ཀྱིས་གོ་ཆའི་ཕྱིར། །གཏོར་མའི་དེ་ཉིད་བསྡུས་པ་ འདི། །བདག་གིས་བསལ་བར་བྱས་པ་འདིས། །དགེ་བས་ཡིད་དགེར་བདེར་གྱུར་ཅིག །སློབ་དཔོན་དྷརྨཱ་པ་ཀས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤ་ཝ་སཾ་ག་བི་དྷིཿ། བོད་སྐད་དུ། རོ་སྲེག་པའི་ཆོ་ག །དཔལ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། ། རྫོགས་པའི་བྱང་ཆུབ་བདེ་ཆེན་པོ། །དྲི་མེད་ཡིད་ཀྱིས་བཏུད་བྱས་ཏེ། །རྡོ་རྗེ་གུར་གྱི་རྒྱུད་ལ་སོགས། །བརྟེན་ཏེ་དགྱེས་པ་རྡོ་རྗེ་ཡི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རོ་སྲེག་ཆོ་ག་བཤད་པར་བྱ། །དུར་ཁྲོད་དང་ནི་ཆུ་བོའི་འགྲམ། །ནགས་ཚལ་འབབ་ཆུ་དགོན་པ་རུ། །རྡོ་རྗེ་ སློབ་དཔོན་མཚན་ལྡན་ནི། །བརྟན་ཞིང་ཟབ་མོའི་ཆོས་དང་ལྡན། །རིག་པའི་གནས་རྣམས་ཀུན་ལ་མཁས། །རྩ་བའི་ལྟུང་བ་རབ་འཇོམས་པ། །དེ་ཡིས་ཉེ་བར་བསྟན་པའི་སྔགས། །སྒྲུབ་པ་པོ་ལ་འགྲུབ་པོ་ཀྱེ། །དེ་ལ་དང་པོར་བསྙེན་པ་ཡིས། །ཆོ་ག་བཞིན་དུ་ཤེས་བྱས་ཏེ། ། ལྷ་དང་རོ་ཡི་དབྱེ་བ་ཡིས། །རྣམ་པ་གཉིས་སུ་སྦྱར་བར་བྱ། །དེ་ལ་ལྷ་ཡི་ཆོ་ག་ཡང་། །བླ་མ་རྡོ་རྗེ་ཅན་མཆོད་ཅིང་། །བདུན་པོ་རྣམ་པར་དག་པར་བྱ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ། །ཆོས་ཀྱི་འབྱུང་གནས་རྣམ་པར་བསྒོམ། །དེ་ལ་སངས་རྒྱས་གནས་བསམས་ཏེ། །བྱང་ ཆུབ་རྣམ་ལྔ་བསྒོམ་པར་བྱ། །དང་པོ་སྐྱེས་བུ་བསམས་དེ་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །དྲི་ཟ་རབ་ཏུ་ཞུགས་པ་ནི། །ལྷུང་སྟེ་ཞུ་བ་རྗེས་དྲན་པ། །མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ། །བསྐུལ་ནས་འབྲས་བུ་བཞེངས་པ་ལ། །མིག་སོགས་གཏི་མུག་རྡོ་རྗེ་སོགས། ། རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །ཡེ་ཤེས་དངོས་པོ་རབ་བཅུག་ལ། །རིག་མ་བརྒྱད་ཀྱིས་དབང་བསྐུར་བྱ། །བདུད་རྩི་ཡང་ནི་མྱང་བྱ་ཞིང་། །ལྷ་མོ་བརྒྱད་རྣམས་ཀྱིས་མཆོད་དང་། །འཁོར་ལོའི་འདྲེན་པ་ལ་བསྟོད་བྱ། །དེ་ལྟར་ཡན་ལག་དྲུག་པོ་ནི། །སྔགས་དྲུག་གིས་ནི་ང་ རྒྱལ་བྱ། །དེ་ནས་ཀྱང་ནི་ཡུད་ཙམ་བསམ། །དེ་ལ་མཚན་མ་མཚོན་པར་བྱ། །དེ་ནས་རོ་ཡི་ཆོ་ག་ཡང་། །སློབ་དཔོན་འདས་པའི་དུས་ན་ནི། །རྨོངས་པ་རྣམས་ནི་ཤི་ཞེས་ཟེར། །ཤི་བ་ཞེས་པ་རྣམ་རྟོག་དེ། །དག་པའི་གནས་སུ་གཤེགས་པའོ། །ཡང་ན་བདེ་བ་ཅན་དུའམ། ། དག་པའི་གནས་སུ་སྐྱེ་འགྱུར་བ། །རོ་སྲེག་འདི་ཡིས་རྣམ་པར་འབྱེད། །ལུས་མཐའ་ནས་ནི་ལུས་མཐར་སྐྱེལ། །དམན་པའི་སེམས་ཅན་ཐམས་ཅད་ཀྱང་། །བདེ་འགྲོ་ནས་ནི་བདེ་འགྲོར་འགྲོ། །དེ་ལ་ཆོ་ག་དང་པོར་ནི། །ཆུ་གཙང་དྲི་ཞིམ་སྦྱར་བས་བཀྲུ། །སྣ་ཚོགས་དྲི་ཡིས་བྱུགས་པ་ དང་། །ཚུལ་བཞིན་རྒྱན་གྱིས་གནས་བྱས་ཏེ། །བགེགས་བསྐྲད་ལྷར་བསྐྱེད་ཆོ་ག་དང་། །སྐྱེ་མཆེད་གནས་གསུམ་བྱིན་གྱིས་བརླབས། །རྣམ་ཤེས་ཨ་ཡི་གཟུགས་ཀྱིས་གཞུག །རྩ་བའི་སྔགས་སོགས་ཚུལ་བཞིན་དུ། །བཟླས་པས་སྡིག་སྒྲིབ་ཐམས་ཅད་བཅོམ། །བྱང་ཆུབ་ སེམས་སུ་ཞུ་བྱས་ལ། །སླར་ཡང་བསྐྱེད་ཅིང་ཚུལ་བཞིན་ལྡང་། །གཏོར་མ་མཆོད་པ་རྒྱ་ཆེན་བྱ། །སྨོན་ལམ་གདབ་ཅིང་བསྲུང་ལ་གནས། །ཡི་གེ་བརྒྱ་པ་ཅི་མང་དུ། །བཟླས་བརྗོད་བྱ་བ་བསྔགས་པ་ཡིན། །དེ་ལྟར་ཐུན་གསུམ་བར་དུ་ནི། །བཟླས་བརྗོད་འབུམ་གྱི་ཚད་དུ་བྱ། །དེ་ནི་སྔོན་ གྱི་ཆོ་གའོ། །དེ་རྗེས་ས་ཡི་ཆོ་ག་སོགས། །དཀྱིལ་འཁོར་ཆོ་ག་ཚུལ་བཞིན་བྱ། །རྡོ་རྗེ་སློབ་དཔོན་དག་ལ་ནི། །རྡོ་རྗེ་དྲིལ་བུ་ལག་པར་སྦྱིན། །མགོ་བོར་དབུ་རྒྱན་བསྐོན་པར་བྱ། །རྡོ་རྗེ་སྡོམ་པ་རྣམས་བྱིན་ཏེ། །དཀྱིལ་འཁོར་དུ་འཇུག་ཚུལ་བཞིན་བྱ། །བུམ་པའི་དབང་བསྐུར་ རྣམས་བྱིན་ལ། །རྡོ་རྗེ་ཐབ་ཁུང་རབ་སྦྱོར་གྱིས། །འདུ་བྱེད་རབ་ཏུ་བྱ་བར་བསྟན། །སྒྲུབ་པ་པོ་ཡང་དེ་ལྟར་བྱ། །སེམས་ཅན་ཕལ་པ་ཐམས་ཅད་ཀྱིས། །འཇུག་ཅིང་དབང་བསྐུར་སྤང་བར་བྱ། །སྦྱིན་སྲེག་ཆོ་ག་འབའ་ཞིག་གིས། །སྦྱང་བ་དག་ནི་རབ་ཏུ་བྱ། །དེ་ལ་སྦྱིན་སྲེག་གི་ཆོ་ག་ནི་ དཀྱིལ་འཁོར་གྱི་ཕྱོགས་གཅིག་ཏུ་སྲེག་ཁང་བརྩིག་པར་བྱ་སྟེ། ཇི་ཙམ་ལྕོགས་པའི་མཎྜལ་བྱས་ལ། དེའི་དབུས་སུ་ཞི་བའི་ཐབ་ཁུང་ཟླུམ་པོ་ཁྲུ་གང་བར་བྱའོ། །ཁྲུ་ཕྱེད་ཐུར་དུ་བརྐོ། སོར་བཞི་ཕྱིར་བསྐྱེད། ཁ་ཁྱེར་སོར་བཞིས་བསྐོར། དེའི་ཕྱི་རིམ་གྱི་སོར་བཞི་བོར་ལ། པདྨའི་ ཕྲེང་བ་བྲི། ཐབ་ཁུང་གི་ནང་དུ་གཙོ་བོའི་ཕྱག་མཚན་བཞག་པ་ནི་དབུས་སུ་རྡོ་རྗེ། ཤར་དུ་འཁོར་ལོ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་རལ་གྲི། ཞེང་སོར་བརྒྱད་པར་བྱའོ། །ཁ་དོག་དཀར་པོས་བྱུགས་པ་དེར། ཤིང་གང་ཇི་ལྟར་རིགས་པར་བརྩིགས་ཏེ། རོ་དེ་དཀྱིལ་འཁོར་ལ་ཁ་མངོན་ དུ་ཕྱོགས་པར་གཞུག་གོ། །མཆོད་རྫས་དང་སྲེག་རྫས་གཞག་པའི་རིམ་པ་ནི། སྔགས་མཁན་གྱི་གཡོན་དུ་ཡོན་ཆབ་ཀྱི་སྣོད་གསེར་ལ་སོགས་པ་ཆབ་ཀྱིས་བཀང་བ་དང་། ཞབས་བསིལ་གྱི་སྣོད་གཞག་གོ། །གཡས་ཕྱོགས་སུ་ཟངས་གཞོང་ཅིག་གི་ནང་དུ་དྲིས་བཀང་ལ། ཀུ་ཤ་ བཅུག་པ་པྲོཀྵ་ཎའི་སྣོད་གཞག །དེ་བཞིན་དུ་མེ་ཏོག་དང་། བདུག་སྤོས་དང་། དྲིའི་དུང་ལ་སོགས་པའི་སྣོད་དུ་གཞག་གོ། །མདུན་གྱི་མཎྜལ་ལ་གསེར་ལ་སོགས་པ་ལས་བྱས་པའི་བཟེད་ཞལ་གཞག་པར་བྱ་སྟེ། དེ་ལྟར། མེ་ཏོག་བདུག་སྤོས་དེ་བཞིན་དྲི། །དྲི་ཡི་དུང་སོགས་གཡས་ གནས་ཏེ། །གཡོན་དུ་སྔགས་ཀྱི་མཆོད་ཡོན་སྣོད། །མདུན་དུ་བཟེད་སྣོད་བཞག་བྱས་ལ། །ཞབས་བསིལ་སྔོན་དུ་འགྲོ་བས་དབུལ། །མེ་ཏོག་སྤོས་སོགས་གོ་རིམས་བཞིན། །སྒེག་སོགས་མཆོད་པས་མཆོད་བྱས་ན། །སྐལ་བ་ཆེན་པོར་གྱུར་པ་ཡིན། །ཞེས་གསུངས་སོ། ། ཡང་སྲེག་རྫས་གཞག་པའི་རིམ་པ་ཡང་། མདུན་དུ་དགང་གཟར་དང་བླུགས་གཟར་དང་། ཁྱད་པར་གྱི་རྫས་ཏིལ་དང་། ཐུན་མོང་གི་རྫས་ཀྱི་གཙོ་བོ་མར་གཞག་པར་བྱའོ། །རྫས་གཞན་གཡས་ཕྱོགས་སུ་མཎྜལ་ལ་ཇི་ལྟར་འབྱོར་པར་གཞག་པར་བྱའོ། །དེ་ལྟར་ཡང་། དགང་ གཟར་བླུགས་གཟར་ཁྱད་པར་རྫས། །ཐུན་མོང་རྫས་ཀྱི་གཙོ་བོ་རྣམས། །སྔགས་མཁན་མདུན་དུ་བཞག་བྱས་ལ། །རྫས་གཞན་གཡས་སུ་ཅི་འབྱོར་པ། །གོ་རིམས་བཞིན་དུ་གཞག་པར་བྱ། །ཞེས་གསུངས་སོ། །དེ་ནས་བདག་ཉིད་ཁྲུས་བྱས་ལ་རྒྱན་གྱིས་བརྒྱན་ཏེ། མཆོད་པ་ལ་སོགས་པ་ཀུན་ཧཱུྃ་གིས་བསངས་ལ། ལག་པ་གཡས་པས་རྡོ་རྗེ་བཟུང་ལ། སྣོད་ཀུན་གྱི་སྟེང་དུ་གཏུག་ཅིང་། ཨོཾ་ཨཱཿཧཱུྃ། ཞེས་སྔགས་པས་འཇིག་རྟེན་པའི་རྟོག་པ་ཀུན་བསལ་ནས། རྫས་དེ་ཉིད་བཟང་ཞིང་དྲི་མ་མེད་པར་བསམ་མོ། །ཡམ་ཤིང་དང་བུད་ཤིང་ ཡང་ཞི་བ་ལ་ཇི་ལྟར་བསྔགས་པ་ལྟར་གཟུང་ངོ་། །དེ་ནས་སློབ་དཔོན་གྱིས་ཡན་ལག་དྲུག་དང་ལྡན་པའི་བསྐྱེད་པའི་རིམ་པ་རྫོགས་པར་བྱ། སྔར་གྱིས་གསལ་ན་མ་བྱས་ཀྱང་རུང་། དེ་ནས་གཙུབས་པ་ལ་སོགས་པའི་མེ་བླངས་ཏེ། རླུང་གཡབ་ཀྱིས་མེ་སྦར་རོ། །ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ ཕཊ། མེ་སྦར་བའི་སྔགས་སོ། །ཨོཾ་བཛྲ་སཏྭ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ་དགྲམ་པའི་སྔགས་སོ། །ཨོཾ་ཨཱཿཧཱུྃ། བསང་གཏོར་གྱི་སྔགས་སོ། །དེ་ནས་ཐབ་ཏུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཅིག་བསྒོམས་ལ། དེར་ཧེ་རུ་ཀ་ཡབ་ཡུམ་བྱང་ཆུབ་པ་ལྔས་བསྐྱེད་ལ། དེ་ཉིད་འདོད་ཆགས་ ཆེན་པོ་དངུལ་ཆུ་བཞིན་དུ་ཞུ་ནས་གནས་པ་ལས། ཡི་གེ་རཾ་སྦྲེལ་མར་གྱུར་ནས། ཡི་གེ་གཉིས་གྱུར་པ་ལས་མེ་ལྷ་ཡབ་ཡུམ་ཞལ་གསུམ་ཕྱག་དྲུག་པ། གསུས་ཁྱིམ་ཆེ་བ། རལ་པའི་དབུ་རྒྱན་ཅན། མཆོད་ཕྱིར་ཐོགས་འཆང་བ། ཕྱག་དང་པོ་གཉིས་ཀྱིས་རང་དང་འདྲ་བའི་ ཤེས་རབ་མ་ལ་འཁྱུད་པའོ། །གཡས་ན་གུནྡྷེ་དང་མཆོད་ཕྱིར་ཐོགས། གཡོན་ན་བུམ་པ་དང་བགྲང་ཕྲེང་ཐོགས་པ་སྐུ་མདོག་དཀར་པོར་བསམས་ལ། ཐུགས་ཀར་སྣ་ཚོགས་པདྨའི་སྟེང་དུ་མེ་གྲུ་གསུམ། ལྕེ་ལ་རཾ་དམར་པོ་བསམ་མོ། །དེ་ལྟར་རཾ་ཞུ་བ་ལས་དམ་ཚིག་སེམས་དཔའི་ མེ་ལྷར་བསྒོམ་པ་སྟེ། དེ་ཡང་རང་གི་ལྷག་པའི་ལྷར་དམིགས་ཏེ། བཟང་པོའི་རྒྱན་གྱིས་རྣམ་པར་བརྒྱན་པའི་མེ་ལྷ་ཕུན་སུམ་ཚོགས་པ་ཀུན་དམིགས་ལ། ལྟོ་བའི་གནས་སུ་སྲེག་བླུགས་བྱ། །ཞེས་གསུངས་སོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱིས་ཡེ་ཤེས་ སེམས་དཔའ་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་བཞུགས་པ་ལ་བསང་གཏོར་དང་། ཡོན་ཆབ་དང་། ཕྱག་བྱས་ལ། ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཱ་སརྦ་ཀརྨ་སཱ་དྷ་ཀ །ཀཱ་རུ་ཎྱ་ཀྲྀ་ཏྭ་སཏྭཱ་རྠ་ཨསྨིནྶནྣི་ཧི་ཏྭ་བྷ་བ། ཞེས་བྱ་བའི་སྔགས་ཀྱིས་སྤྱན་དྲངས་ལ། གཉིས་སུ་མེད་པར་བསྟིམས། དེ་ནས་ བྲོཀྵ་ཎཾ་ལ་སོགས་པ་བྱའོ། །གཟར་བུ་ལ་རང་གི་ལྷའི་ས་བོན་བསམས་ལ། གྲུ་མོ་གཉིས་སྤྲད་ལ་གཟར་བུ་བདུན་དབུལ། སྔགས་ནི། ཨོཾ་ཨགྣ་ཡེ་ཧཱུྃ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲཱཉྫཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་བོ་དྷི་པྲྀཀྵཱ་ཡ་སྭཱ་ཧཱ། ཨོཾ་པ་ཏ་ལཱ་ཡ་སྭཱ་ཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཨོཾ་སརྦ་ཀ་རཱ་ཡ་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སརྦ་པཱ་པཾ་ད་ཧ་ནཱ་ ཡ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སྲེག་རྫས་རྣམས་གོ་རིམས་བཞིན་དབུལ་ལོ། །དེ་ནས་མར་གྱི་དགང་བླུགས་བརྒྱའམ་སྟོང་དབུལ་བར་བྱའོ། །ཡང་བསང་གཏོར་བྱས་ནས། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཞེས་པས་ཨརྒྷཾ་དབུལ་ལོ། །ཨོཾ་ནི་རི་ཏི་ཧཱུྃ་ཞེས་ཞལ་བསིལ་དབུལ་ལོ། ། དེ་ནས་མེ་ཏོག་ལ་སོགས་པ་དང་། སྒེག་མོ་ལ་སོགས་པའི་མཆོད་པས་མཆོད་ལ། ཨོཾ་བཛྲ་གྷཎྚེ་ཨཱཿ། ཞེས་པས་དྲིལ་བུ་གཟུང་ངོ་། །ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་བྱ་བས་རྡོ་རྗེ་གཟུང་བར་བྱའོ། །དེ་ནས་མེ་ལྷ་ལ་བསྟོད་པ་བྱ་བ་དང་། དོན་ཆེན་པོའི་གསོལ་བ་གདབ་པ་ལ་སོགས་པ་ བྱའོ། །དེ་ནས་ཐབ་ཁུང་ལན་གསུམ་དུ་བསངས་ལ། མེ་ལྷའི་ཐུགས་ཀར་སོ་སོའི་སྙིང་པོ་ལས་དཀྱིལ་འཁོར་བསམས་ལ། དེ་ནས་ཡེ་ཤེས་སེམས་དཔའ་ཅི་རིགས་པར་སྤྱན་དྲངས་ལ་བཞུགས་སུ་གསོལ་ལོ། །ཡང་བསང་གཏོར་ལ་སོགས་པ་བྱས་ལ། གནས་ཁང་དུ་ བའི་ལྕི་བས་བྱུགས་ལ་མཎྜལ་གྲུ་བཞི་པའི་སྟེགས་བུ་བརྩིགས་ཏེ། རེ་ཁཱ་དཀར་པོས་གྲུ་ཉིས་རིམ་དུ་བྱས་ལ། དབུས་སུ་གཏོར་མ་ཆ་གཅིག་བཞག །མཆོད་པ་ལྔ་ཡང་བཤམས། ཚོགས་ཀྱི་ཁ་ཟས་སྣོད་ཆེན་པོ་གཅིག་ཏུ་སྤྱི་དཔུངས་སུ་གཞག །ཆང་ཡང་སྣོད་ཆེན་པོ་གཅིག་ བཀང་། དེ་མི་འདེགས་པར་བཞག་ནས། དེ་ནས་མར་གཟར་བུ་ཉི་ཤུ་རྩ་གཅིག་ཏུ་དབུལ་བར་བྱའོ། །དེ་ནས་རྫས་ལྷག་མ་རྣམས་རང་གི་སྔགས་སམ། ལྷའི་སྔགས་ཀྱིས་རིམ་བཞིན་དུ་ཕུལ་ལ། ཐ་མར་ཡང་མར་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་དབུལ། ཡང་བསང་བ་དང་མཆོད་པ་ ལ་སོགས་པ་རྫོགས་པར་བྱས་ལ། དེ་ཡང་སྦྱང་བར་འོས་པའི་གནས་སྐབས་དང་སྦྱར་བ་ནི། རྡོ་རྗེ་སྒྲུབ་པ་ཐ་མ་སློབ་དཔོན་ལ། །ཡི་གེ་རཾ་ལྷའི་སྡིག་སྒྲིབ་ཀུན། །བརྒྱ་པའི་གསང་སྔགས་བསྲེག་པ་རྣམས། །བརྒྱའམ་སྟོང་དུ་བཟླས་པར་བྱ། །རྡོ་རྗེ་རང་ལྷའི་སྡིག་པ་ནི། ། གཟུགས་ཀྱི་གཟུགས་ནི་ཡོངས་བསྒོམས་ལ། །སྦྱང་བའི་ཆོ་གའི་མན་ངག་སྟེ། །བརྒྱུད་པའི་ཐབས་ཀྱིས་ཤེས་པར་བྱ། །དེ་ནས་གར་གྱིས་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་བྱས་ལ། ཨོཾ་ཨཱཿཧཱུྃ་མུཿས་གཤེགས་སུ་གསོལ་ཞིང་སྨོན་ལམ་གདབ་པོ། །ཡི་གེ་བརྒྱ་པ་ལན་ གསུམ་བཟླས་ནས་རྫས་ཀྱི་ལྷག་མ་ཅི་འབྱོར་པས་མེ་ལྷ་མཆོད་པར་བྱའོ། །དེ་ནས་བསངས་ལ། མཆོད་པ་དང་། བསྟོད་པ་ལ་སོགས་པ་བྱའོ། །དེ་ནས་ཡང་མེ་བསངས་ལ་གཤེགས་སུ་གསོལ་བ་ནི། བདག་གི་དོན་དང་གཞན་གྱི་དོན། །བསྒྲུབས་ཀྱིས་བྱིན་ཟ་ཁྱེད་གཤེགས་ཤིག ། དེ་ལྟར་དུས་བཞིན་སླར་གཤེགས་ནས། །བདག་གི་དངོས་གྲུབ་ཐམས་ཅད་མཛོད། །ཅེས་གཤེགས་སུ་གསོལ་ལོ། །དམ་ཚིག་པ་མི་དམིགས་པར་བསམ་མོ། །དེ་ནས་རུས་བུ་བསྡུས་ལ། ཤི་བ་ལ་ཕན་བཏགས་པའི་ཕྱིར་མཆོད་རྟེན་བྱའོ། །དེ་ལྟར་ཉི་མ་གསུམ་ནི་ལོན་པ་ དང་། །རུས་པའི་ཕྲེང་བ་བསྡུས་བྱས་ལ། །དྲི་དང་འོ་མས་བྲན་ནས་ནི། །དེ་ཡིས་མཆོད་རྟེན་དག་ཏུ་བྱའོ། །ཞེས་གསུངས་སོ། །ཡོན་ཏན་བརྗོད་ཀྱིས་མི་ལང་བའི། །སྦྱིན་སྲེག་ཆོ་ག་འདི་བྱས་པས། །བདག་གི་བསོད་ནམས་ཕུང་པོ་འདིས། །ཉམ་ཐག་རྣམས་ནི་རྒྱལ་གྱུར་ ཤོག །སློབ་དཔོན་མཁས་པ་ཆེན་པོ་ཡེ་ཤེས་སྙིང་པོའི་ཞལ་སྔ་ནས་མཛད་པ། རོ་སྲེག་པའི་དབང་དུ་བྱ་བ་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། ཨེ་ཀ་བཱི་ར་ཤྲཱི་ཧེ་རུ་ཀ་ཥོ་ཌ་ཤ་བྷུ་ཛ་སཱ་དྷ་ནཱཾ་ནཱ་མ། བོད་སྐད་དུ། དཔའ་བོ་གཅིག་པ་དཔལ་ཧེ་རུ་ཀ་ཕྱག་ བཅུ་དྲུག་པའི་སྒྲུབ་པའི་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དང་པོར་རང་ཉིད་ཐུན་མོང་དང་ཁྱད་པར་གྱི་མཚན་ཉིད་དང་ལྡན་པས་བགེགས་དང་འཚེ་བ་ལ་སོགས་པ་མེད་པར་རྗེས་སུ་མཐུན་པའི་གནས་སུ་ཞུགས་ཏེ། བྱ་བའི་རིམ་པ་ནི་མཎྜལ་དང་རས་རིས་ལ་ སོགས་པ་དགོད་པ་དང་། མཆོད་པ་ཉེ་བར་བཤམས་ཏེ། ཁྲུས་སྔོན་དུ་སོང་བས་ལྷར་མོས་ཤིང་། སྟན་བདེ་བ་ལ་འདུག་ནས། ཨོཾ་བཛྲ་པུཥྤེ་ཨོཾ་ཨཱཿཧཱུྃ་ཞེས་པ་ལ་སོགས་པས་མཆོད་པ་ལྔ་བྱིན་གྱིས་བརླབས་པ་དང་། མཆོད་པ་གཞན་དག་ཀྱང་ཨོཾ་ཨཱཿཧཱུྃ་ཞེས་སོ། །དེ་ནས་རང་ གི་སྙིང་གར་རཾ་ཡོངས་སུ་གྱུར་པའི་ཉི་མ་ལ་ཧཱུྃ་བསམ་སྟེ། དེའི་འོད་ཟེར་བདག་གནས་པའི་ཁང་པ་ལ་ཕོག་པས་རྡོ་རྗེས་གཏམས་པར་མོས་ཤིང་། ཨོཾ་ཧེ་བཛྲ་ཨ་དྷི་ཏིཥྛ་སྟ་ཏ་ན་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་གནས་བསྲུང་བ་དང་། དེ་བཞིན་དུ་བདག་དང་སྲོག་དང་རྣལ་འབྱོར་བསྲུང་ བ་ལ་ཡང་སྦྱར་ཏེ། ཨོཾ་ཨཱཏྨ་ཛི་བ་ཡོ་ག་ཞེས་པ་དག་གིས་སོ། །དེ་ནས་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། བསོད་ནམས་ཚོགས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། མངོན་སུམ་ལྟ་བུར་གསལ་བར་དམིགས་ཏེ། ཆུ་དང་ཐང་ལས་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། ། གུས་པ་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་ལ་སོགས་པ་ཐུན་མོང་གི་མཆོད་པ་བྱས་ལ། ཡང་རང་གི་སྙིང་གའི་ས་བོན་ལས་ལྷ་མོ་བརྒྱད་ཕྱུང་སྟེ་མཆོད་དེ། དེ་ཡང་གཽ་རཱི་མ་ནི་རི་བོང་འཛིན། ཙཽ་རཱི་ མ་ནི་ཉི་མའོ། །རོ་ལངས་མ་ནི་འབབ་ཆུ་འཛིན། །གྷསྨ་རཱི་ནི་སྟོབས་འཛིན་པའོ། །སྦོས་མོ་ཙནྡན་སྡོང་བུ་འཛིན། །རི་ཁྲོད་མ་ནི་སྦྲང་རྩིའོ། །གཏུམ་མོ་ཅང་ཏེའུ་སྒྲ་བརྡུང་ཞིང་། །གཡུང་མོ་མགུལ་པ་ལ་སྦྱོར་བའོ། །སྐྱེས་བུ་བཞིན་དུ་བྱེད་པར་བཤད། །དེ་ནས་བཤགས་པ་བྱ་སྟེ། བདག་གིས་སྡིག་པ་བགྱིས་པ་དང་། །རྗེས་སུ་ཡི་རང་བགྱིས་པ་དང་། །རྫོགས་སངས་རྒྱས་ཀྱི་སྤྱན་སྔར་ནི། །ཐམས་ཅད་མ་ལུས་སོ་སོར་བཤགས། །དེ་ནས་རྗེས་སུ་ཡི་རང་བ་བྱས་ཏེ། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །འཕགས་པ་ཉན་ཐོས་རང་རྒྱལ་དང་། ། སོ་སོ་སྐྱེ་བོའི་བསོད་ནམས་དེ། །ཀུན་ལ་རྗེས་སུ་ཡི་རང་ངོ་། །དེ་ནས་བསྔོ་བ་བྱ་སྟེ། བདག་གི་དགེ་བ་འདི་དག་ཀུན། །བླ་མེད་བྱང་ཆུབ་ཡང་དག་རྫོགས། །སེམས་ཅན་ཀུན་དང་ཐུན་མོང་དུ། །ཡོངས་སུ་སྨིན་ཅིང་རྫོགས་པར་བགྱི། །དེ་ནས་སྐྱབས་སུ་གསོལ་ཏེ། །རྫོགས་པའི་ སངས་རྒྱས་རྐང་གཉིས་མཆོག །དེ་ཡིས་གསུངས་པའི་དམ་ཆོས་དང་། །བྱང་ཆུབ་སེམས་དཔའི་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །དེ་ནས་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བདག་གིས་བླ་མེད་བྱང་ཆུབ་ཏུ། །ཡང་དག་རྫོགས་པར་གྱུར་ནས་ནི། །སེམས་ ཅན་ཀུན་དོན་ཕན་པའི་ཕྱིར། །མི་གནས་མྱ་ངན་འདས་ལ་དགོད། །དེ་ནས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །བདག་གི་སྦྱིན་པ་ལ་སོགས་པ། །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །རྡོ་རྗེ་ཐེག་པ་བླ་མེད་པའི། །ལམ་ནི་ཡང་དག་བསྟེན་པར་བྱ། །དེ་ནས་སྔར་གྱི་ཧཱུྃ་ལས་ བྱུང་བའི་འོད་ཟེར་གྱིས་འགྲོ་བ་སེམས་ཅན་ཐམས་ཅད་བཀུག་ནས། བཤེས་དང་འབྲེལ་པ་ལྟ་བུར་གསལ་བར་དམིགས་ནས། ཚད་མེད་པ་བཞི་བརྩེ་གདུང་གི་རྣམ་པ་དང་། སྡུག་བསྔལ་དང་བྲལ་བར་བྱ་བ་དང་། ཐབས་ཐོབ་པས་དགའ་བ་དང་། མི་རྟོག་པ་ལ་འཇུག་པའི་བཏང་སྙོམས་ བསྒོམ་པར་བྱའོ། །དེའི་རྗེས་ལ་སྔགས་འདི་དག་བརྗོད་པས། སྟོང་པ་ཉིད་དུ་བསྒོམ་པར་བྱ་སྟེ། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿདྷརྨཱ་ཏེ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་པ་དེས་ནི། ཆོས་ཀུན་རྣམ་པར་དག་པས་ན། །བདག་ཀྱང་རང་བཞིན་རྣམ་པར་དག །ཅེས་པར་བསྒྲུབས་ན། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་ བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པ་དེས་ནི། སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །རང་བཞིན་ངའམ་བདག་ཡིན་ནོ། །ཞེས་པ་དེ་ལ་གནས་པར་བྱའོ། །དེ་ནས་བདག་ཉིད་སྐད་ཅིག་ཙམ་གྱིས་ནི། །ཡེ་ཤེས་དང་ལྡན་ལྷ་རུ་མོས་པ་རེ། །དེ་ཡི་མདུན་ན་ནམ་མཁའ་རེ་ཕ་ལས། །གྱུར་པ་ཉི་མའི་སྟེང་དུ་ ཧཱུྃ་ལས་ནི། །སྣ་ཚོགས་རྡོ་རྗེ་ཡེ་ཤེས་ལྔ་ལྡན་བསམ། །དེ་ཡི་ལྟེ་བར་ཧཱུྃ་ལས་འོད་འཕྲོས་པས། །བགེགས་བསྲེགས་ར་བ་དང་ནི་གུར་ཡང་བསམ། །དེ་ཡི་སྟེང་དུ་པདྨ་ཉི་མ་ལ། །རང་གི་སེམས་ཉིད་ཡེ་ཤེས་རྣམ་པ་ཡི། །ཧཱུྃ་གི་དེ་ཉིད་ཡོངས་སུ་གྱུར་པ་ལས། ། རྡོ་རྗེ་རྩེ་ལྔའི་ལྟེ་བར་ཡི་གེ་ཧཱུྃ། །ཡང་ན། དེ་ཡི་འོད་ཟེར་གྱིས་ནི་ཁམས་གསུམ་གྱི། །སེམས་ཅན་རྣམ་པར་སྦྱངས་ཏེ་འོད་ཟེར་བསྡུ། །དེ་རྗེས་རྡོ་རྗེ་ཡོངས་སུ་གྱུར་པ་ལས། །ཧེ་རུ་ཀ་དཔལ་ཟླ་བ་ཆུ་ཤེལ་འོད། །ཞལ་བརྒྱད་ཉི་ཤུ་རྩ་བཞི་སྤྱན་གྱིས་ཆེ། །བཅུ་དྲུག་ཕྱག་ལྡན་ཞབས་བཞིས་ བདུད་བཞི་མནན། །རང་སྣང་མོས་པ་ཙམ་སྟེ་དངོས་སུ་མིན། །མཆེ་བ་ཅུང་ཟད་གཙིགས་ཤིང་རལ་པ་དང་། །ཐོད་པའི་དབུ་རྒྱན་ཐོད་པའི་ཕྲེང་བ་དང་། །སྤྱི་གཙུག་འཁོར་ལོ་ལ་སོགས་ཕྱག་རྒྱ་ལྔ། །བརྐྱང་བསྐུམ་སྐྱིལ་ཀྲུང་ཕྱེད་པ་གར་མོས་བྱ། །དེ་ཚེ་རང་གི་སྙིང་གར་ཉི་མ་ལ། །ཧཱུྃ་གི་ རྣམ་པ་བདུད་རྩི་ཐིག་ལེར་བཅས། །སྲོག་དང་རྩོལ་བའི་སྦྱོར་བས་འོད་ཟེར་འཕྲོ། །ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ནི་ཅི་ནུས་པས་བཟླ་བར་བྱ་སྟེ། དེ་རྗེས་དེ་ཡང་སྨིན་པར་བྱ་བའི་ཕྱིར། །ཤིང་འབྲས་ཚོས་པ་ལྟར་གྱུར་འབྲས་བུ་ཡི། །ཧེ་རུ་ཀ་དཔལ་ཕྱག་མཚན་ཞལ་སོགས་ ནི། །སྔར་སོགས་མིག་སྨན་བཅག་པ་ལྟ་བུའི་མདོག །དེ་རྗེས་དེ་ཡང་རྫོགས་པར་བྱ་བའི་ཕྱིར། །རང་གི་སྙིང་གའི་ཉི་སྟེང་ས་བོན་ལས། །རྡོ་རྗེ་ས་བོན་དང་བཅས་ཡོངས་གྱུར་པ། །ཡེ་ཤེས་སེམས་དཔའ་རང་འདྲའི་སྙིང་ག་རུ། །ཏིང་འཛིན་སེམས་དཔའ་མཚན་མ་ས་བོན་བསམ། །དེ་ཡི་ འོད་ཀྱིས་ཡེ་ཤེས་བདག་པོ་བསྡུ། །དེ་བརྗོད་ཛཿཧཱུྃ་བཾ་ཧོཿས་རང་ལ་བསྟིམ། །རྫོགས་སངས་རྒྱས་ལས་གཞན་དུ་ཡང་མ་ཡིན། །བརྟན་པར་བྱ་ཕྱིར་སྐྱེ་མཆེད་དྲུག་པོ་དང་། །སྐུ་གསུང་ཐུགས་སུ་བྱིན་བརླབས་དབང་བསྐུར་བྱ། །དབང་གི་སྔགས་རྣམས་དག་ནི་བརྗོད་ཀྱང་རུང་། །མཆོད་ནས་ བསྟོད་དང་བདུད་རྩི་མྱང་བའང་བྱ། །དེ་དག་སྔགས་བརྗོད་པ་ཡང་འདི་ཡིན་ཏེ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲསྟུ་ཏེ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ད་ནི་རྫོགས་རིམ་ལ་འཇུག་པ། །ཤེས་བྱའི་ གཙོ་མོ་གཏུམ་མོ་སྦར། །ཡང་ནི་སྲོག་དང་རྩོལ་སྦྱར་བས། །ཡེ་ཤེས་རླུང་དང་མེ་སྦར་བས། །ཧཾ་ལས་བདུད་རྩིའི་ཐིག་ལེ་བབ། །ངལ་སོ་དབུགས་དབྱུང་དབྱེར་མེད་འགྱུར། །དེ་ལ་སེམས་བརྟན་རྩེ་གཅིག་བྱ། །ཉམས་ཆེན་གཙོ་བོའི་རྣམ་པ་ནི། །དགའ་དང་སྐད་ཅིག་རིགས་གསུམ་ལས། ། མཚན་ཉིད་བྲལ་བའི་ལྷན་སྐྱེས་བསྒོམ། །སེམས་བརྟན་པ་ཡི་མཚན་མ་ནི། །གཟུང་འཛིན་བྲལ་ཞིང་ཡེ་ཤེས་ཉིད། །རྟགས་ནི་སྨིག་རྒྱུ་དུ་བ་དང་། །མར་མེ་སྤྲིན་མེད་ནམ་མཁའ་འདྲ། །ངེས་པར་ཆོས་ཉིད་མངོན་སུམ་བྱེད། །དེ་ལྟར་ཅི་ནུས་བསྒོམ་བྱ་སྟེ། །སྐྱོ་བར་གྱུར་ན་སྔགས་བཟླས་བྱ། །བདག་ ཉིད་རིམ་གཉིས་ཚོགས་པ་གཅིག །བསྐྱེད་རིམ་འབྲས་བུ་ཧེ་རུ་ཀ །མིག་སྨན་ཆག་པ་ལྟ་བུར་མོས། །ཕྱག་མཚན་ཞལ་སོགས་སྔར་བཞིན་ནོ། །རྫོགས་རིམ་བདེ་ལ་མི་རྟོག་ཅིང་། །མི་དམིགས་པ་རུ་མོས་པས་བཟླས། །ཟླ་བ་ལྟ་བུའི་བསམ་གཏན་དང་། །ཆུ་ཟླ་ལྟ་བུའི་རྣམ་པ་སྟེ། །བྲག་ ཅ་ལྟ་བུའི་བཟླས་པ་ནི། །ཨོཾ་ཨཥྚཱ་ན་ནཱ་ཡ། པིངྒ་ལོརྡྷཱ་ཀེ་ཤ་ཝརྟྨ་ནེ། ཙ་ཏུ་རྦིཾ་ཤ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མཱུ་ཏ་བ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཱ་དྷཱ་རི་ཎེ། ཨདྷྨཱ་ཏ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷནྟུ་དཾཥྚྲཱི་ཎེ། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གརྫ་ཡ། ཏརྫ་ཡ་ཏརྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱན། བནྡྷ་བནྡྷ། ནཱ་གཱཥྚ་ཀཱན། གྲྀཧྞ་གྲྀཧྞ། སརྦ་ཤ་ཏྲཱུཾ་ནཾ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་དག་ནི་བཟླས་བྱས་ནས། །འབྱུང་པོ་ཀུན་གྱི་གཏོར་མའམ། །མཚན་ཕྱེད་ཡིན་ན་ཚོགས་འཁོར་བྱ། །དེ་ནས་ཙུད་ཟད་མཆོད་བྱས་ལ། །ཨོཾ་ཨཱཿཧཱུྃ་མུཿཡིས་ནི། །ཡེ་ཤེས་བདག་པོ་གཤེགས་ སུ་གསོལ། །དམ་ཚིག་རང་གི་ཐུགས་ཀར་བསྡུ། །སྤྱོད་ལམ་ལྷག་པར་མོས་པ་ཡིས། །བསྐྱེད་རིམ་ལྷ་ཡི་ང་རྒྱལ་དང་། །རྫོགས་རིམ་གཉིས་སུ་མེད་པར་མོས། །གང་ཞིག་ཐར་པའི་ལམ་ནི་འདོད་པ་དེས། །བླ་མེད་མཆོག་གི་ཐེག་པར་ཞུགས་ནས་ཀྱང་། །བླ་མ་དམ་པའི་གདམས་པ་ལ་བརྟེན་ནས། ཚེ་འདི་ཉིད་ལ་ ཕྱག་རྒྱ་ཆེན་པོ་བསྒྲུབ། །དེ་ལྟར་བདག་ལ་འདི་ནི་རིམ་པར་འབྱུང་། །རྗེས་སུ་འབྲངས་པས་འདི་བཞིན་བསྒྲུབ་པར་བྱ། །དགེ་བ་གང་ཐོབ་དེས་ནི་ཐམས་ཅད་ཀྱང་། །འཕྲལ་ལ་ཡིད་ཆེས་མངོན་དུ་བྱེད་གྱུར་ཅིག །དཔའ་བོ་གཅིག་པ་དཔལ་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་སྒྲུབ་པའི་ཐབས་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། པྲ་ཏིསྟ་བི་དྷིཿ། བོད་སྐད་དུ། སྤྱན་དབྱེ་བའི་ཆོ་ག །རྣལ་འབྱོར་མ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་སློབ་དཔོན་གྱིས་རབ་ཏུ་གནས་པའི་ལས་བྱ་བའི་ཕྱིར། ཆོ་ག་གང་གིས་གང་ལ་རབ་ཏུ་གནས་པ་དེའི་མཚན་ཉིད་བཤད་པར་བྱའོ། །དེ་ཡང་ ཐམས་ཅད་ལ་འཐད་ཅིང་དགོས་པ་མ་ཡིན་ཏེ། སྐྱེ་བ་མེད་པ་ལ་གང་ཞིག་རབ་ཏུ་གནས་པར་བྱ། ཀུན་རྫོབ་གཙོ་བོར་སྤྱོད་པས་ཀྱང་། །དེ་ཉིད་བྱིན་རླབས་ཡིན་ཤེས་ན། །རབ་གནས་ཆོ་ག་མི་འཐད་དོ། །སེམས་ཅན་དང་པོའི་ལས་ཅན་གྱིས། །རྒྱུད་རྣམས་ཡང་དག་སྨིན་ཕྱིར་ བྱས། །དེ་ཡང་སློབ་དཔོན་མཐུ་ཐོབ་པ་དང་། མ་ཐོབ་པའི་བྱེ་བྲག་གིས་ཆོ་ག་བསྡུས་པ་དང་། རྒྱས་པའི་བྱེ་བྲག་གིས་ཅི་རིགས་པར་བླ་མའི་མན་ངག་ལ་བརྟེན་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་ཆོ་ག་རྒྱས་པ་ནི་དང་པོ་བསྙེན་པ་གཙོ་བོའི་འབུམ་མམ། འཁོར་གྱི་ཁྲིར། དེ་ལྟར་ གྲངས་སམ། མཚན་མའི་བསྙེན་པ་བྱས་ལ། དཀྱིལ་འཁོར་བྲི་བའི་ཆོ་ག་དག་ཚུལ་བཞིན་དུ་བྱས་ལ། ཁྲུས་སའི་སྟེགས་བུ་བརྩིགས་ལ། བུམ་པ་རྣམས་བཀོད་ལ། བཟླས་བརྗོད་ཀྱི་ཆོ་ག་ནི་རང་གི་ཡི་དམ་གྱི་ལྷའི་སྦྱོར་བས། མཚན་ཉིད་ལྡན་པའི་བུམ་པ་ལས། །ཐམས་ཅད་ཆུ་ལས་ ཁམ་ཕོར་དུ། །ཅུང་ཟད་བླུགས་ཏེ་རྣམ་རྒྱལ་གྱི། །བུམ་པ་པཾ་ལས་སྐྱེས་པ་ཡི། །རིན་པོ་ཆེ་ཡི་སྟེང་དུ་གཞག །དེར་ནི་དཀྱིལ་འཁོར་བསྐྱེད་བྱ་སྟེ། །དམ་ཚིག་བདག་ཉིད་རྫོགས་པ་དང་། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ནས། །ཞལ་བསིལ་ལ་སོགས་རིམ་པར་དབུལ། །དམ་ ཚིག་ལྷན་ཅིག་བཅུག་བྱས་ཏེ། །མཆོད་པ་རྣམས་ཀྱིས་ཚིམ་བྱས་ལ། །མེ་ཏོག་སྤོས་སོགས་རོལ་མོ་ཡིས། །འབད་པ་ཡིས་ཀྱང་མཆོད་པར་བྱ། །དྲིལ་བུ་དག་ནི་དཀྲོལ་བ་དང་། །བསྟོད་པ་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་བཀྲུ་ བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཤེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུྃ། འདི་ནི་ཁྲུས་སྔགས་སོ། །རས་སོགས་རང་རང་གསང་སྔགས་ཀྱིས། །མཉམ་པར་གཞག་པས་དབུལ་བར་བྱ། །ཡང་ན་རང་གི་སྔགས་ཀྱིས་དབུལ། །བཟླས་ཏེ་ཕྱག་འཚལ་གཙོ་བོ་ལ། །ཨོཾ་བཛྲ་བཱ་ས་སེ་སྭཱ་ཧཱ། མེ་ཏོག་ལ་སོགས་པའི་སྔགས་སུ་ཡང་འགྱུར་རོ། །གསེར་ལ་སོགས་པས་སྣོད་བྱས་ཏེ། །སྦྲང་རྩི་མར་སར་བྱུགས་པ་ཡི། །གསེར་གྱི་ཐུར་མ་ཡིས་ནི་མིག །དབྱེ་བའམ་ཡང་ན་བསམ་གཏན་གྱིས། །ཨོཾ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། ། དགའ་ལྡན་ཡང་དག་རབ་བཞུགས་ནས། །ཇི་ལྟར་ལྷ་མོ་སྒྱུ་འཕྲུལ་ལྷུམས། །དེ་བཞིན་འདིར་གནས་བཞུགས་བྱས་ལ། །འདིར་ནི་རྒྱུན་དུ་ཞུགས་གྱུར་ནས། །མགོན་པོ་མེ་ཏོག་ལ་སོགས་འདི། །བྱང་ཆུབ་སེམས་ཀྱིས་བསྡུས་པའི་ཕྱིར། །ཆེ་གེ་མོ་ཡི་དོན་དུ་བཞེས། །ལྷ་རྣམས་ བརྟན་པར་འདོད་པ་ཡིས། །མགོ་བོ་སྙིང་ག་གསང་གནས་སུ། །རྡོ་རྗེ་ཡིས་ནི་བསྐོར་བྱས་ནས། །ལན་གསུམ་བསྐོར་ཏེ་རབ་གནས་བྱ། །ཆད་པའམ་ནི་ལྷག་པས་ཀྱང་། །བདག་གིས་བརྗོད་ནས་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་མཛད་པ། །མགོན་པོ་ཁྱོད་ཀྱིས་བཟོད་ པར་མཛོད། །མ་རྙེད་པ་དང་མ་ཤེས་པ། །མ་ལུས་པར་ཡང་བཟོད་པར་མཛོད། །ཉུངས་པའམ་གཞན་དུ་བགྱིས་པ་གང་། །དེ་དག་བཟོད་པར་མཛད་པར་རིགས། །ཞེས་པས་བཟོད་པར་གསོལ་ལ་སྨོན་ལམ་གདབ་པོ། །མཆོད་རྟེན་གླེགས་བམ་ལ་སོགས་ལ། །ཀྱེ་ཡི་རྡོ་རྗེ་འཁོར་བཅས་ པས། །རབ་ཏུ་གནས་པར་བྱ་བ་དང་། །རྣམ་པ་དག་ནི་ཅི་རིགས་པར། །དེ་ནས་སློབ་མ་རྩ་བའི་དཀྱིལ་འཁོར་དུ་བཅུག་ལ། །ཅི་བདེ་བར་ནི་མཆོད་པར་བགྱིས། །ཞེས་བསྒོའོ། །དེ་ནས་གཏོར་མ་དང་སྦྱིན་སྲེག་གི་ལས་བྱ་སྟེ། དེ་རྣམས་ཀྱི་ཆོ་ག་ནི་གཞན་དུ་ཤེས་པར་བྱའོ། །མཆོད་པ་དང་བསྟོད་ པ་སྔོན་དུ་འགྲོ་བས། ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ་བ་ལ་སོགས་པ་བྱའོ། །དེ་ནི་ཆོ་ག་རྒྱས་པའོ། །རྡོ་རྗེ་སློབ་དཔོན་ནུས་དང་ལྡན་པས་ནི། །ཉིན་གཅིག་གི་རབ་ཏུ་གནས་པའི་ཆོ་ག་རྫོགས་པར་བྱ་སྟེ། རང་གི་ལྷ་བསྐྱེད་པའི་རིམ་པ་བྱས་ལ། རང་གི་ལྷའི་སྔགས་བརྒྱའམ། སྟོང་དུ་བཟླས་བརྗོད་བྱས་ཏེ། རབ་ཏུ་གནས་པའི་རྟེན་སྦྱང་བ་དང་། བརྟེན་པའི་ཡེ་ཤེས་སེམས་དཔའ་གཞུག་པ་བྱས་ལ། ཡིད་ཀྱིས་མཆོད་པས་མཆོད་ལ་བཟླས་བརྗོད་ཅི་རིགས་པ་བྱའོ། །རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བ་ལིཾ་བི་དྷིཿ། བོད་སྐད་དུ། གཏོར་མའི་ཆོ་ག།། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ལ། །བཏུད་དེ་དང་བས་ཕྱག་འཚལ་ནས། །སེམས་ཅན་ཐམས་ཅད་བསྲུང་བའི་ཕྱིར། །གཏོར་མའི་ཆོ་ག་བྲི་བར་བྱ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐད་ཅིག་ཙམ་གྱིས་ སྟོང་པར་བསྒོམས་ལ། དེ་ནས་ཧཱུྃ་ཞེས་བརྗོད་དེ། ཧཱུྃ་ལས་སྐད་ཅིག་ཙམ་གྱིས་རྡོ་རྗེའི་ས་གཞི་དང་། ར་བ་དང་དྲ་བའི་ནང་དུ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དུར་ཁྲོད་བརྒྱད་དང་བཅས་པ་ལ་ལྷའི་དཀྱིལ་འཁོར་དུ་བསྐྱེད་ལ། བདག་ཉིད་ཀྱང་དེའི་མདུན་དུ་ཧེ་རུ་ཀའི་གཟུགས་ སུ་བསམས་ལ། ཡི་གེ་འབྲུ་དྲུག་དང་། འབྲུ་གསུམ་དང་། ཅོད་པན་གྱི་ལྷ་དྲན་པར་བསྲུང་པར་བྱའོ། །དེ་ནས་འོག་ཏུ་ཡཾ་རཾ་ལས་རླུང་དང་མེ་བསྐྱེད་ལ། ཨ་ལས་ཐོད་པ་བསྐྱེད། དེའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་བསམ། དེའི་སྟེང་གི་བར་སྣང་ལ་ཧཱུྃ་ལས་ཟླ་བའི་སྟེང་དུ་རྡོ་རྗེ་བསྐྱེད། རླུང་གིས་མེ་སྦར་མེས་བདུད་རྩི་བསྐོལ་བའི་འོད་ཀྱིས་ཟླ་བ་དང་རྡོ་རྗེ་ཡང་ཐིམ་ནས་ལྷའི་བདུད་རྩིར་གྱུར་ཏེ། དེའི་སྟེང་དུ་ཨོཾ་བསམ། དེའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་བསྟིམས་ལ། ཡི་གེ་འབྲུ་གསུམ་གྱི་སྔགས་ལན་གསུམ་བཟླས་པས། བྱིན་གྱིས་བརླབ་པོ། །དེ་ནས་ སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ནས། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་གཙྪ་ཨ་ཨ་ཨ་གྷ་ཏ་ཨ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦྦ་བཛྲ་ཌཱ་ཀི་ནཱི་ནཾ་ཧྲྀ་ད་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་བརྗོད་ལ། དམ་ཚིག་གི་དཀྱིལ་འཁོར་ལ་བསྟིམས་ལ། ཡང་ཡིད་ ལས་བྱུང་བའི་མཆོད་པ་རྣམས་ཀྱིས་མཆོད་དོ། །དེ་ནས་ལྷ་རྣམས་དང་དུར་ཁྲོད་བརྒྱད་ཀྱི་བདག་པོ་རྣམས་ཀྱི་ལྕེ་ཧཱུྃ་ལས་རྡོ་རྗེ་ནས་འབྲུ་ཙམ་བསམས་ལ། དེའི་རྩེ་མོར་ཧཱུྃ་བསྒོམས་ཏེ། དེའི་འོད་ཟེར་གྱིས་བདུད་རྩི་དྲངས་ནས། གསོལ་བས་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པར་བསམ་མོ། ། སྔགས་ནི་ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུྃ་ཕཊ། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཨོཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུྃ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཏྲཱཾ་ཕཊ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་མཾ་བ་ལིཾ་ཨ་ཕཊ། ཨོཾ་སརྦ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུྃ་ཕཊ། ཨོཾ་སརྦྦ་ཡོ་གི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུྃ་ ཧ་ཧ་ཧེ་ཧོཿ། དེ་ནས་དེ་ཉིད་ལྔ་པས་བསྟོད་པ་ནི། །མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་ མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་གཉིས་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་ལོ། །རྡོ་རྗེ་དག་པ་གདོན་མི་ཟ། །བསམ་པ་ཐམས་ཅད་ཡོངས་རྟོགས་པ། །སངས་རྒྱས་ངོ་བོ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། ། གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །ངོ་བོ་ཉིད་ཀྱིས་གནས་པ་མེད། །དེ་ལྟར་ཆོས་འདི་ཤེས་ནས་ཀྱང་། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །ཨོཾ་ཨཱཿཧཱུྃ་ཡུལ་ཆེ་གེ་མོ་ཞེས་བྱ་བ་ལ་སོགས་པའི་ཀྵེ་ཏྲ་པཱ་ལ་ཨི་དཾ་ བ་ལིཾ་གྲྀཧྣ་མ་མ་ས་པ་རི་ཝཱ་རཱན་སརྦ་སཏྭཉྫ་པཱ་པཾ་བྱ་ཏི་བིགྷྣཾ་ཤཱནྟིཾ་ཀུ་རུ་དྷ་ན་དྷ་ན། ཨཱ་ཡུ་ཨརྒྷཾ་ཨཱ་དི་པུཥྚིཾ་ཀུ་རུ་སརྦ་པྲ་ཡཙྪ་རཀྵ་ཀུ་རུ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ནད་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ནས། །སངས་རྒྱས་ཉིད་དང་ཕྲད་གྱུར་པའི། །ལམ་དེ་ཉིད་ལ་འགྲོ་ བར་ཤོག །མ་གྲོལ་བ་རྣམས་གྲོལ་བ་དང་། །མ་བརྒལ་བ་རྣམས་སྒྲོལ་བྱེད་ཅིང་། །རྣལ་འབྱོར་བསྟན་བཅོས་གནས་པ་ནི། །ད་ལྟ་ཉིད་དུ་གནས་པར་ཤོག །དེའི་འོག་ཏུ་ཡི་གེ་འབྲུ་གསུམ་གྱིས་ཞི་བ་ལ་སོགས་པའི་ལས་བཅོལ་ལོ། །དེ་ནས་ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་བརྗོད། སེ་གོལ་ལན་ གསུམ་བརྡབས་ཏེ་གཤེགས་སུ་གསོལ་ལོ། །རྫོགས་སོ།། ༄། །གཏོར་མའི་ཆོ་ག་བཞུགས།། ༄༅༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དང་པོ་ཐོད་པའམ་སྣོད་གང་རུང་བའི་ནང་དུ། གཏོར་མའི་ཕུད་བཀྲོས་ལ། བསང་ནན་དང་བཅས་པ་བླུགས་ལ། དེ་ནས་ བདག་ཉིད་ལྷག་པའི་ལྷར་བསྒོམས་ལ། གཏོར་མའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཧཱུྃ་མཐིང་ག་གཅིག་བསམ། དེ་ཞུ་སྟེ་གཏོར་མ་ལ་ཐིམ་པས། གཏོར་མའི་རྫས་ཀྱི་དངོས་པོ་སྦྱངས་པར་བསམ་མོ། །དེ་ནས་ཡང་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་། ཨ་ དམར་པོ་གཅིག་བསམ། དེ་འོད་དུ་ཞུ་སྟེ་ཐིམ་པས། ཁ་དོག་དམར་པོ་ལ་དངས་ཤིང་དག་ལ་དྲི་མ་མེད་པ། རོ་མཆོག་དང་ལྡན་པར་བསྒོམ། དེ་ནས་ཡང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་དཀར་པོ་གཅིག་བསྒོམ། དེ་འོད་དུ་ཞུ་སྟེ་ཐིམ་པས། དཀར་ལ་དང་བ་རོ་མཆོག་བརྒྱ་དང་ལྡན་པའི་ བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་མོ། །དེ་ནས་བདུད་རྩི་ལས་འོད་འཕྲོས་པས། དེ་བཞིན་གཤེགས་པའི་ཐུགས་མི་རྟོག་པའི་ཡེ་ཤེས་ཀྱི་བདུད་རྩི་དང་། ལྷ་ཡུལ་ན་ཡོད་པའི་བདུད་རྩི་བཀུག་སྟེ། དེ་ལ་ཐིམ་པར་བསམ། དེ་ནས་བདུད་རྩི་དེ་ཉིད་ལས་ཡང་འོད་འཕྲོས་པས། བླ་མ་དམ་པ་ དང་བཅས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཕྱི་ནང་གི་ཆོས་སྐྱོང་མཁའ་འགྲོ་མ་དང་བཅས་པ་ནམ་མཁའ་ལ་བཀུག་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་གཏོར་མ་ལས་འོད་འཕྲོས་པས་སོ་སོའི་ལྕེ་ལ་རེག་པས། བདུད་ རྩིའི་བདེ་བ་ཆེན་པོའི་རོ་སྟོབས་ཤིང་མྱོང་བར་བསམ་མོ། །དེ་ནས་ཆོས་བཤད་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། ཞེས་པ་ལ་སོགས་པ་བྱ། མཁའ་འགྲོ་མ་རྣམས་ལ་ཅི་འདོད་པའི་ལས་བཅོལ་ལོ། །བཟོད་གསོལ་བྱས་ལ་གཤེགས་སུ་གསོལ། རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་བ་ལིཾ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་ཀྱེ་རྡོ་རྗེའི་གཏོར་མའི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཅན། །ཡི་གེ་གཉིས་ལས་ཡང་དག་འབྱུང་། །སྐུ་གསུང་ཐུགས་ཀྱི་དབང་ ཕྱུག་གཙོ། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དང་། སྦྱིན་སྲེག་དང་། ཆོ་ག་མཆོད་པ་དང་། སྒྲུབ་པའི་དུས་སུ་རྣལ་འབྱོར་པས་ཕན་གདགས་པ་དང་། ཚར་གཅད་པའི་ཕྱིར་འདི་བརྩམས་སོ། །དེ་ལ་གཏོར་མའི་དགོས་པ་ཡང་གང་ཞིག་ཅེ་ན། གཞུང་ ལས། བགེགས་རྣམས་ཞི་བར་བྱ་བ་དང་། །ལྷ་རྣམས་དགོད་པར་བྱ་བ་དང་། །དམ་ཚིག་ཉམས་པ་བསྐང་བའི་ཕྱིར། །གཏོར་མའི་ལས་ནི་ཅི་ནུས་རྩོམ། །ཞེས་འབྱུང་ངོ་། །ཡང་རྒྱུད་ལས། འབྱུང་པོ་ཀུན་ལ་གཏོར་མ་འདི་དག་གིས། །རྣལ་འབྱོར་པ་ཡིས་མཆོད་པ་ལེགས་བྱས་ན། །དུས་ ཀུན་རྙེད་པ་བདེ་བར་གྱུར་པ་དང་། །ལྷ་རྣམས་དགའ་ཞིང་འགྲོ་བ་འབྱོར་བར་འགྱུར། །འབྱུང་པོའི་ཚོགས་ལ་གཏོར་མ་ཅིག་བྱིན་ན། དབང་དང་མངོན་སྤྱོད་དགྲ་ཡི་སྡེ་འཇོམས་ཤིང་། །དགར་དང་བསད་དང་ལྐུགས་པར་བྱེད་པ་དང་། །ཞི་ཞིང་བདེ་བར་རྒྱས་པར་བྱེད་པ་ཡིན། །ཞེས་འབྱུང་ངོ་། ། ཡང་སློབ་དཔོན་ཁ་ཅིག་གིས། །འཇིག་རྟེན་འཇིག་རྟེན་ལས་འདས་པའི། །དངོས་གྲུབ་མཆོག་འདོད་ཐམས་ཅད་ལ། །དཔལ་ལྡན་རྫོགས་པའི་སངས་རྒྱས་ཀྱིས། །གཏོར་མའི་ལས་ནི་ཤིན་ཏུ་བསྔགས། །ཞེས་འབྱུང་བས་གཏོར་མའི་ལས་འདི་ཤིན་ཏུ་ཕན་ཡོན་ཆེའོ། །དེ་ལ་ཐོག་ མར་སྔགས་པས་འབྱུང་པོ་ཉི་ཤུ་རྩ་བཞི་ལ་གཏོར་མ་སྦྱིན་དགོས་ཏེ། ལྷ་ཆེན་བརྒྱད་པོ་འཁོར་བཅས་དང་། །ཀླུ་ཆེན་བརྒྱད་དང་ཕྱོགས་སྐྱོང་བརྒྱད། །འཁོར་དུ་གཏོགས་པ་བརྒྱད་རྣམས་ལ། །རྒྱུན་དུའམ་ཡང་ན་ཟླ་བའམ། །དེ་བཞིན་ལོ་གཅིག་ཁྱུད་འཁོར་དང་། །དཀྱིལ་འཁོར་སྦྱིན་སྲེག་ བཟླས་པ་དང་། །དེ་བཞིན་གནོད་པ་བྱུང་དུས་སུ། །ཇི་ལྟར་འོས་ཤིང་རིགས་པ་དང་། །རང་གིས་ཅི་འབྱོར་རྗེས་མཐུན་པར། །ནན་ཏན་དུ་ནི་གཏོར་མ་སྦྱིན། །ཞེས་འབྱུང་ངོ་། །དེ་ལ་གཏོར་མའི་རྫས་ཀྱང་གང་ཞེ་ན། མེ་ཏོག་བདུག་སྤོས་མར་མེ་བྱུག་པ་དང་། །སྨན་རྣམས་དང་ནི་དྲི་དང་ལྷ་བཤོས་ དང་། །ཆང་སྦྱར་འབྲུ་དང་སྣ་ཚོགས་ཆང་ལ་སོགས། །ཨུ་ལོ་པི་དང་ལ་དུ་ཁུར་བ་དང་། །ཟན་དྲོན་དང་ནི་དྲུག་ཅུ་པར་བྱས་པ། །ཕྱེ་ལ་སོགས་པ་དང་བཅས་བསྲེས་ནས་ནི། །འབྲས་ཆན་འབྲས་ཀྱི་ཕྱེ་མ་འབྲུ་བདུན་དང་། །ཁྲག་དང་ཤ་འདྲེས་ཉ་ཤ་ལ་སོགས་པ། །བཙོས་དང་རྗེན་དང་ རྙིང་དང་བཅས་པ་རྣམས། །དེ་བཞིན་བདུད་རྩི་ལྔ་དང་བསྲེས་ནས་ནི། །དེ་དག་ཀུན་གྱིས་སྣོད་ནི་བཀང་ནས་ཀྱང་། །བུམ་པ་ཆུས་བཀང་བ་ཡི་སྟེང་དུ་གཞག །ཁུར་བའམ་ཟས་ངན་མར་མེ་སྟེང་དུ་བལྟམ། མཚན་མོའི་དུས་སུ་དེ་དག་ལ་ཡང་དབུལ། །ཞེས་འབྱུང་བས་དེ་དག་གི་སྟེང་དུ་ཞི་བའི་ གཏོར་མ་ནི་ཞོ་དང་། བུ་རམ་དང་། འོ་ཐུག་ལ་སོགས་པ་བསྲེའོ། །དྲག་པོ་ལ་ནི་བསྒྲུབ་བྱའི་གཟུགས་བརྙན་སྟེང་དུ་གཞག་གོ། །དེ་ལ་རིགས་ཀྱི་བུ་དག་ཚེ་རིང་བར་འདོད་པ་དང་། ནད་ཉུང་བར་འདོད་པ་དང་། གནོད་པ་ཞི་བར་འདོད་པ་དང་། དཔལ་དང་གྲགས་པ་འཕེལ་བར་འདོད་པ་ དང་། བུ་ལོན་ལན་ཆགས་བྲལ་བར་འདོད་པ་དང་། དུས་མ་ཡིན་པར་འཆི་བ་བཟློག་པར་འདོད་པ་དང་། ལོངས་སྤྱོད་འབྱོར་པ་འཕེལ་བར་འདོད་པ་དང་། ཕས་ཀྱི་རྒོལ་བ་ཚར་གཅད་པར་འདོད་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པར་འདོད་པའི་མཁས་པས་ གཏོར་མའི་ལས་ལ་བརྩོན་པར་བྱའོ། །དེ་ལ་བདག་ཉིད་སྐུ་ཕྱག་རྒྱ་ཆེན་པོ་གསལ་བར་བསྒོམས་ལ། ཐོག་མར་ནམ་མཁའ་ལྟ་བུ་ལ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཡཾ་གིས་མཚན་པ། རཾ་ལས་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པ། དེ་ལས་ཨ། ཨ་ལས་ཐོད་པའི་ནང་དུ་ལྕགས་ཀྱུ་ལྔ་དང་། ས་བོན་ ལྔ་ལས་བདུད་རྩི་ལྔར་བསྐྱེད་དོ། །ཧཱུྃ་ལས་རྡོ་རྗེ་ཨ་ལས་ཟླ་བ་དེའི་སྟེང་དུ། ཨོཾ་གྱིས་ཡེ་ཤེས་ཀྱི་བདུད་རྩིར་སྦྱང་། ཨཱཿས་གཟི་བྱིན་བསྐྱེད། ཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩི་དང་། དམ་ཚིག་གི་བདུད་རྩི་གཉིས་སུ་མེད་པར་བྱའོ། །དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ་འདི་བརྗོད་དོ། །བདག་ གི་བསོད་ནམས་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་རླབས་དང་། །གསང་སྔགས་རིག་སྔགས་མཐུ་དག་དང་། ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་སུ། །སེམས་ཅན་ཀུན་ལ་ཕན་འདོད་པས། །དོན་རྣམས་ཡང་དག་བསམ་པ་ཀུན། །སེམས་ཅན་ཁམས་ནི་མ་ལུས་ པར། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོག་མ་མེད་པར་འབྱུང་གྱུར་ཅིག །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུ་ཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་མམ་བདུན་བརྗོད་དོ། །དེ་ལྟར་བྱིན་གྱིས་བརླབས་ནས། གཏོར་མའི་མགྲོན་སྤྱན་དྲང་བའི་ཕྱིར། ཧེ་རུ་ཀའི་ཕྱག་རྒྱས་ཡབ་ ཡུམ་བཅིངས་ཏེ་སྔགས་འདི་བརྗོད་དོ། །ཨོཾ་ཨ་རལླི་ཧོཿཛཿཧཱུྃ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་བརྗོད་ལ་འབྱུང་པོ་ཉི་ཤུ་རྩ་བཞི་ལ་སོགས་པ་འཁོར་སྡེ་བརྒྱད་མདུན་དུ་བསམས་ཏེ། མཆོད་པ་ལྔ་ཡང་དབུལ། ལྷ་ཆེན་བརྒྱད་པོ་འཁོར་བཅས་དང་། ། ཀླུ་ཆེན་བརྒྱད་པོ་འཁོར་བཅས་དང་། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང་། གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམས་མ་ལུས་དང་། །འབྱུང་པོའི་ཚོགས་རྣམས་མ་ལུས་དང་། །ཡི་དགས་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །སྨྱོ་ བྱེད་ཚོགས་རྣམས་མ་ལུས་དང་། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང་། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །དེ་ལ་སོགས་པ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་ སྣོམས་ལ། །བདག་མིང་འདི་ཞེས་བྱ་བ་དང་། ནད་མེད་ཚེ་དང་དབང་ཕྱུག་རྣམས། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་ཞི་བར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་རྒྱས་པར་ཤོག །བདེ་ལེགས་ ཐམས་ཅད་འགྲུབ་པ་དང་། །ཡིད་ལ་འདོད་པ་ཀུན་གྲུབ་ཤོག །དེ་ནས་པདྨའི་ལག་པ་གྱེན་དུ་ཁ་ཕྱེ་སྟེ། གཏོར་མ་ལ་གཏད་དེ། སྔགས་འདིས་བསྔོའོ། །ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ། བྷཱུ་ཏ། བཧྣི། བཱ་ཨུ། རཀྑ། ཙནྡ། སུཛྫ། མཱ་ད། པཔྤ། ཏ་ལ་པཱ་ཏཱ་ལེ། ཨཊྚ། སཔྤ་སྭཱ་ཧཱ། དགྲ་ བགེགས་མཱ་ར་ཡ་ཕཊ། ཨི་དཾ་བ་ལིཾ། བྷུཉྫ། ཛི་གྷ། ཕུ་ལླ། དྷཱུཔྤ། མཱཾ་ས། པིཾ་གྷ། ཨཾ་བྷ། སཔྤ། ཀཛྫ། སཱ་ད། ཁནྟི། ཁུ་ཎི། ཕེ་ཌ། གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་བརྗོད་དོ། །རིགས་ལྔ་ལ་བསྟོད་པ་བྱ། ཡི་གེ་བརྒྱ་པ་བཟླས། ཕྲིན་ལས་ གཞོལ། སྨོན་ལམ་གདབ། ཕན་གདགས་པའི་གཏོར་མའོ། །སྔགས་པ་གང་ཞིག་དགྲ་དང་བགེགས་ལ་སོགས་པ་ཚར་གཅོད་པའི་ལས་བྱེད་པ་རྣམས་ཀྱིས་གོང་དུ་སྨོས་པའི་གཏོར་མའི་རྫས་མདུན་དུ་བཞག་སྟེ། དགྲ་བགེགས་གང་ཡིན་པའི་རཱུ་པ་ཡང་གཏོར་མའི་ནང་དུ་དམིགས་ལ། འབྱུང་པོ་ཉི་ཤུ་རྩ་བཞི་ལ་སོགས་པ་སྤྱན་དྲངས་ལ་གཏོར་མ་གཏང་། ལས་གཞོལ་བ་ནི། ལྷ་ཆེན་བརྒྱད་པོ་ཞེས་པ་ནས། མཁའ་འགྲོ་ཚོགས་རྣམས་མ་ལུས་ཀུན། །དེ་ལ་སོགས་པ་གནོད་སྦྱིན་ཚོགས། །དྲག་ཅིང་གཏུམ་པའི་འབྱུང་པོ་སྤྱོན། །མ་རུངས་སེམས་ཅན་འདི་ དག་ལ། །དྲག་ཅིང་སྙིང་རྗེ་མེད་པ་ཡི། །རྣལ་འབྱོར་མ་དང་མ་མོ་དང་། །མཁའ་འགྲོ་གནོད་སྦྱིན་ཤ་ཟ་དང་། ལྟོ་འཕྱེ་དང་ནི་སྲིན་པོ་དང་། །གཞན་ཡང་ཤ་ཟ་ཁྲག་ཟ་བའི། །ཁྱི་དང་ཁྲ་དང་ཀང་ཀ་དང་། །འོལ་བ་བྱ་རྒོད་ལ་སོགས་པའི། །གཟུགས་ཅན་ཐམས་ཅད་འདིར་སྤྱོན་ཅིག །བདག་ མིང་འདི་ཞེས་བྱ་བ་ལ། གནོད་པར་བྱེད་པའི་དགྲ་བགེགས་ཀྱི། །ཆུང་མ་ནོར་དང་སྲོག་དང་ནི། །གནོད་པ་རྣམས་ནི་ཕྲོགས་པར་མཛོད། །རང་གི་ཡུལ་ནས་དབྱུང་བ་དང་། །དགར་བ་དང་ནི་བསྐྲད་པར་གྱིས། །བདག་གི་དཔུང་ནི་སྟོབས་མེད་ལ། །དགྲ་བགེགས་སྟོབས་ལྡན་ཁོ་ན་སྟེ། །འདི་ནི་ཁྱོད་ཀྱིས་ བཟའ་བའི་ཕྱིར། །ཤ་དང་ཁྲག་དང་ཞག་དང་རྐང་། །བཟའ་བ་བཏུང་དང་བཅས་པར་མཛོད། །གནོད་བྱེད་གསོལ་ལ་དེ་མདངས་ཕྲོག །རང་གི་རྣལ་འབྱོར་ཅི་རིགས་པར། །ལོང་ལ་བཟའ་བ་ཉིད་དུ་གྱིས། །ཐམས་ཅད་ཚིམ་པར་བཞེས་པར་མཛོད། །གང་གིས་བདག་ལ་མི་ཚུགས་ཤིང་། ། དགྲ་བགེགས་ཐམས་ཅད་ཆོམས་པར་མཛོད། །བདག་ལ་ལས་ཀྱི་དངོས་གྲུབ་ནི། །རྒྱ་ཆེན་ཡོངས་སུ་སྩལ་ནས་ཀྱང་། །ཉིད་ཀྱི་གནས་དང་ཡུལ་དུ་གཤེགས། །ཅི་ནུས་འབྱོར་པའི་མཆོད་པ་འདི་བཞེས་ལ། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །པུས་མོའི་ལྷ་ང་ས་ལ་བཙུགས་ ནས་སུ། །ཐལ་མོ་སྦྱར་ནས་ཁྱོད་ལ་གསོལ་བ་ནི། །བཙུན་མོ་དང་ནི་སྲས་དང་གཡོག་ཏུ་བཅས། །གསན་ཞིང་འདིར་གཤེགས་བདག་ལ་བཀའ་དྲིན་སྐྱོབས། །ཡང་གཏོར་མའི་སྔགས་བརྗོད། དེ་ནས་དགྲ་བགེགས་ཀྱི་ཤ་ཁྲག་དང་། །སྙིང་ལ་སོགས་པ་དང་། གཏོར་མའི་ཟས་ རྣམས་གཅིག་ཏུ་བསྡུས་ནས། གནོད་སྦྱིན་ལ་སོགས་པ་མི་སྡུག་པའི་གཟུགས་ཅན། གྲངས་མེད་པས་ཟོས་ཤིང་འཐུངས་པར་བསམས་ལ་གཏང་། གཏོང་བའི་དུས་སུ་རོལ་མོ་དང་དྲིལ་བུ་དང་རྔེ་ཆུང་གི་སྒྲ་དཀྲོལ་ཞིང་གཏང་ངོ་། །དེ་ནས་ནང་དུ་ཞུགས་ལ་རང་ཅི་འདོད་པའི་བཟླས་པ་བྱ། གཏོར་མ་གཏོང་བའི་དུས་སུ་རང་གང་འདོད་པའི་བསྐུལ་ཚིག་དང་། དམོད་བཅོལ་དང་། འོ་དོད་བོད། སུ་བ་བྱ། མཱ་ར་ཡ་དང་བཅས་པས་གཏོར་མ་གཏང་། དཔལ་ཀྱེའི་རྡོ་རྗེའི་གཏོར་མའི་ཆོ་ག་ཞེས་བྱ་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་བ་ལིཾ་ཏ་བིདྷི་ནཱ་མ། བོད་སྐད་དུ། ཀྱེའི་རྡོ་རྗེ་ཞེས་བྱ་བའི་གཏོར་མའི་ཆོ་ག །ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ནམ་མཁའ་ཀུན་དུ་རྒྱུ་གྲུབ་པའི། །མཁའ་འགྲོ་རྣམས་ལ་རབ་ཏུ་འདུད། །དེ་དང་དེ་ཡི་བྱ་བ་ནི། །གཏོར་མའི་ཆོ་ག་ཅུང་ཞིག་བཤད། །དེ་ལ་གཏོར་མ་རྣམས་གསུམ་སྟེ། །དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་དང་། །དེ་སྤྲུལ་ མཁའ་འགྲོ་མ་རྣམས་དང་། །མགྲོན་གྱུར་ཕྱོགས་སྐྱོང་རྣམས་ལའོ། །དཀྱིལ་འཁོར་ཆེན་པོའི་ལྷ་ལ་ནི། །རེ་ཞིག་བྱིན་གྱིས་བརླབ་པ་ཡང་། །བདག་ཉིད་འདོད་པའི་ལྷར་མོས་པས། །སྣོད་དག་མཆོག་ཏུ་གྱུར་པ་རུ། །གཏོར་མའི་རྫས་ནི་བདུད་རྩིར་བསམ། །དེ་བསྟན་དེ་ཉིད་གསུམ་སྔགས་ བརྗོད། །ཡང་ན་འདོད་ཡོན་ལྔར་གྱུར་པར། །བསམ་ཞིང་བྱིན་གྱིས་བརླབས་སྔགས་བརྗོད། །དེ་རྗེས་མདུན་དུ་དཀྱིལ་འཁོར་བའི། །ལྷ་རྣམས་སྐད་ཅིག་རྡོར་འཛིན་བསམ། །དེ་རྣམས་དབུལ་བའི་རིམ་པ་ནི། །ཨོཾ་མ་ཧཱ་བྷཱུ་ཏ་ཁཱ་ཧི། གྲྀཧྣ་གྲྀཧྣ་བྷུཉྫ་བྷུཉྫ་ཁ་ཁ་ཁཱ་ཧི། ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ཨ་ མྲྀ་ཏ་རཱ་ས་ཁཱ་ཧི། ཀཱ་མ་གུ་ཎི་ས་མཱ་ར་ས་ཁཱ་ཧི། ཞེས་གླུ་བླང་སོ་སོའི་མཚན་དང་སྦྱར་བ་ནི། ཨོཾ་ཧེ་བཛྲ་ནཻ་ར་ཨཱཏྨཱ་ཏ་ཨི་དཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། དེ་བཞིན་དུ་ཨོཾ་བཛྲ་གཽ་རཱི་ཨི་དཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །དེ་ལྟར་ཚིམ་ཞིང་མཉེས་གྱུར་ནས། །བདག་ཉིད་བསྒྲུབ་པ་རྐྱེན་སྦྱོར་བའི། ། མཁའ་འགྲོ་མ་ཡི་གཏོར་མ་ནི། །རེ་ཞིག་བྱིན་བརླབས་སྔགས་དང་མཚུངས། །དབུལ་ཐབས་བདག་ཉིད་འདོད་ལྷ་ཡི། །མདུན་དུ་དམ་ཚིག་རྗེས་དྲན་ནས། །མཁའ་འགྲོ་མ་རྣམས་སྐད་ཅིག་གིས། །ཐ་སྙད་ཚུལ་དུ་རབ་གྱུར་ནས། །གཏོར་མའི་ལོངས་སྤྱོད་བྱ་ཕྱིར་དང་། །ལས་དང་སྒྲུབ་ ལ་རབ་བསྐུལ་ལ། །དེ་རྣམས་དབུལ་བའི་རིམ་པ་ནི། །ལྷག་མ་བསྡུས་པའི་རིམ་པ་ལས། །སྔགས་འདི་གླུ་རུ་བཅས་པ་བརྗོད། །ཨོཾ་ཨུ་ཙིཥྚ་བ་ལིཾ་ཏ་བཛྲ་ཌཱ་ཀི་ནཱི་སཾ་པ་ནི་ན། བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཨི་དཾ་ཨུ་ཙིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། གྲྀཧྞ་གྲྀཧྞ། བྷུཉྫ་བྷུཉྫ། པྲ་ཏཱིཙྪ་ཁཱ་ཧི། ཀརྨ་ སིདྷི་སཾ་པ་ནི་ན་སྭཱ་ཧཱ། དེ་ནས་ལས་དང་དངོས་གྲུབ་སྩོལ། །མངོན་པར་འདོད་པའི་ཕྲིན་ལས་བཅོལ། །མགྲོན་གྱུར་འབྱུང་པོའི་གཏོར་མ་ནི། །མདུན་དུ་ཆོས་འབྱུང་གྲུ་གསུམ་ལས། །སྟེང་དང་འོག་དང་བར་དག་ཏུ། །ཆུ་སྐྱེས་འདབ་བརྒྱད་རིམ་བཞིན་བསམ། །སྟེང་དུ་ས་ བོན་ཨོཾ་གྱུར་ལས། །ཟླ་ཉི་ནས་གཟུང་ཚངས་སོགས་པར། །མདོག་དཀར་རྡོ་རྗེ་དྲིལ་འཛིན་པ། །དབུ་ལ་སྐུ་ཡི་མཚན་མ་དག །རང་འདྲའི་ཚོགས་པ་བརྒྱད་དུ་བསམ། །བར་གྱི་པདྨ་འདབ་བརྒྱད་ལ། །མ་ཡི་ལྷར་གྱུར་ཕྱོགས་སྐྱོང་བརྒྱད། །ས་བོན་བརྒྱད་གྱུར་མདོག་སྔོན་པོ། །རྡོ་རྗེ་དྲིལ་འཆང་ རང་འདྲར་ལྡན། །དབུ་ལ་ཐུགས་ཀྱིས་མཚན་པར་བསམ། །འོག་ཏུ་ཀླུ་བརྒྱད་ས་ལས་བྱུང་། །མདོག་དམར་རྡོ་རྗེ་དྲིལ་འཛིན་ཞིང་། །དབུ་ལ་གསུང་གི་རྡོ་རྗེས་མཚན། །རང་འདྲ་དང་ནི་ལྡན་པར་བསྒོམ། །དེ་ནས་རེ་ཞིག་བྱིན་བརླབས་པ། །དམ་ཚིག་བདུད་རྩིའི་སྣོད་བཅས་པ། །རླུང་དང་མེ་སོགས་ སྨིན་བྱེད་པ། །དེ་རྗེས་བདུད་རྩི་དང་བསྲེས་ལ། །གོང་དུ་བརྗོད་པའི་ལྷ་རྣམས་ཀྱིས། །འོད་ཟེར་སྦུ་གུ་ལྷ་རྣམས་ལྕེས། །ལོངས་སྤྱོད་པས་ནི་ཚིམ་པར་བྱེད། །དེ་ཚེ་ཟེའུ་འབྲུ་རྣམ་གསུམ་ལ། །ཚངས་དང་འདོད་ལྷ་ས་ཡི་ལྷ། །རིམ་པ་བཞིན་དུ་བསམ་པར་བྱ། །དེ་ཡི་སྔགས་བརྗོད་བསྐུལ་ བཅས་པ། །རྡོ་རྗེ་དྲིལ་བུ་གསིལ་གསོར་བྱ། །ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ། བྷཱུ་ཏ། བཱཧྣི། བ་ཨུ། རཀྑ། ཙནྡ། སུཛྫ། མཱ་ད། པཔྤ། ཏ་ལ་པཱ་ཏཱ་ལ། ཨཊྚ། སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ། བྷུཉྫ། ཛི་གྷ། ཕུལླ། དྷཱུཔྤ། མཱཾ་ས། པིཾ་གྷ། ཨཾ་བྷ། སཔྤ། ཀཛྫ། སཱ་ད། ཁནྟི། ཁུ་ཎི། ཕེཌ། གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཕན་ཡོན་སྔོན་དུ་བསྔོ་བ་ནི། །རེས་འགའ་གཏོར་མ་བཏང་བ་དང་། །རྒྱུན་དུ་བཏང་བའི་ཕན་ཡོན་ནི། །རྒྱུད་དུ་གསུངས་པ་བཞིན་བརྗོད་དོ། །བླ་མ་དམ་པའི་རྗེས་འབྲང་ཡིད་བརྟན་ཞིང་། །འཕྲལ་ལ་མངོན་དུ་བྱེད་ཅིང་བྱིན་རློབ་པ། །དམ་ པ་འགའ་ཡིས་གསོལ་བཏབ་ནས། །མན་ངག་གཞུང་བཞིན་མཐུན་པར་བྲིས་པ་ཡིན། །བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ཞེས་བྱ་བའི་གཏོར་མའི་ཆོ་གའི་རིམ་པ་རྫོགས་སོ།། ༄། །ཕྱག་མཚན་གྱི་ཕན་ཡོན་བཞུགས་སོ།། ༄༅༅། །བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། ། ཀྱེའི་རྡོ་རྗེ་བདག་མེད་ལྡན། །མཁའ་འགྲོ་བརྒྱད་ཀ