Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 10
Văn bản gốc(Tây Tạng)
Trang 11 / 24 (50.000 ký tự/trang)
་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། དེ་བཞིན་གཤེགས་པ་མི་བསྐྱོད་པའོ། །སྦྱིན་པ་ལ་སོགས་པ་ལ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། རིན་ཆེན་འབྱུང་ལྡན་དང་། །རྡོ་རྗེ་སེམས་དཔའོ། །བྱམས་པ་ལ་སོགས་པ་ལ། རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པའོ། །ལུས་ལ་སོགས་པ་ལ་རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། མི་བསྐྱོད་པ་ ཞེས་བྱ་བའོ། །ད་ནི་མཁའ་འགྲོ་མ་རྣམས་ལ་རྒྱས་གདབ་པ་བརྗོད་པར་བྱ་སྟེ། གཽ་རཱི་དང་རོ་སྲེག་མ་ལ་མི་བསྐྱོད་པས་རྒྱས་གདབ་པའོ། །རི་ཁྲོད་མ་དང་ཆོམ་རྐུན་མ་ལ་རྣམ་པར་སྣང་མཛད་ཀྱིས་སོ། །རོ་ལངས་མ་དང་ཙཎྜ་ལཱི་ལ་རིན་ཆེན་འབྱུང་ལྡན་གྱིས་སོ། །གྷསྨ་རཱི་དང་རིགས་ངན་མ་ལ་སྣང་ བ་མཐའ་ཡས་ཀྱིས་སོ། །དོན་ཡོད་གྲུབ་པ་དང་རིན་ཆེན་འབྱུང་ལྡན་ལ་སྣང་བ་མཐའ་ཡས་ཀྱིས་རྒྱས་གདབ་པོ། །རྣམ་པར་སྣང་མཛད་དང་སྣང་བ་མཐའ་ཡས་ལ་མི་བསྐྱོད་པས་རྒྱས་གདབ་པའོ། །དེ་ལ་རྡོ་རྗེ་སེམས་དཔས་རྒྱས་གདབ་པའོ། །མཁའ་འགྲོ་མ་ཐམས་ཅད་དེ་བཞིན་གཤེགས་ པའི་སྦྱོར་བས་ཕན་ཚུན་དུ་རྒྱས་གདབ་པའོ། །དེ་ནས་བདག་མེད་མ་ནི་རང་བཞིན་གྱིས་རྡོ་རྗེ་སེམས་དཔའ་དང་མཉམ་པའོ། །འདི་དག་དངོས་པོ་གཅིག་པ་ཉིད་ནི། དཔལ་ལྡན་དཔའ་བོ་ཧེ་རུ་ཀ་འབྱུང་བ་ཆེན་པོ་ལྔའི་གཟུགས་ཅན། འདོད་ཆགས་ལ་སོགས་པ་གཟུགས་ཀྱི་བདག་ཉིད་དེ་བཞིན་ གཤེགས་པ་ལྔ་ཕྱག་རྒྱ་འཛིན་པ་ཡུལ་དྲུག་ལ་ཁྱབ་པའོ། །ཡུལ་དྲུག་གི་རང་བཞིན་དུ་གྱུར་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་པ། སྟོང་པ་ཉིད་བཅུ་དྲུག་གིས་ཡོངས་སུ་བསྐོར་བ། དགེ་བ་བཅུ་རྒྱན་དུ་གྱུར་པ། བདུད་བཞི་མནན་པར་མཛད་པ། བདེན་པ་བཞི་བསྟན་པར་ མཛད་པ། སྐུ་བཞིའི་བདག་ཉིད་དུ་གྱུར་པ། དེ་ཁོ་ན་ཉིད་བཞི་དབུས་སུ་ཞུགས་པ། དགའ་བ་བཞི་གནང་བར་མཛད་པ། སྐད་ཅིག་བཞིའི་རང་བཞིན་དུ་གྱུར་པ། ཚངས་པའི་གནས་བཞི་ལ་ཞུགས་པ། བདག་མེད་མའི་སྦྱོར་བ་དང་ལྡན་པའི་མངའ་བདག །སྲིད་པ་གསུམ་ལ་རོལ་པར་མཛད་པ་ ཞེས་བྱའོ། །ཐབས་དང་ཤེས་རབ་གཏན་ལ་འབེབས་པའི་དུམ་བུ་སྟེ་ལྔ་པའོ།། །།ད་ནི་བདག་མེད་མའི་འཁོར་ལོ་བསྐྱེད་པའི་རིམ་པ་བྲི་བར་བྱ་སྟེ། རེ་ཕས་ཉི་མ་མདུན་དུ་བསྒོམས་ནས་སུ། །ཉི་དེར་ཧཱུྃ་སྐྱེས་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་ར་བ་དང་། །དྲ་བ་བཅིང་བ་ རྣམ་པར་བསྒོམ་པར་བྱ། །དང་པོར་རེ་ཞིག་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་རོ་བསྒོམས་ལ། དེ་ནས་ཧེ་རུ་ཀ་ཉིད་བསྒོམ་པར་བྱའོ། །མེའི་དཀྱིལ་འཁོར་གྱི་རྣམ་པ་ཁ་སྦྱོར་དུ་གྱུར་པ་ཆོས་ཀྱི་འབྱུང་གནས་ལས་སྐྱེས་པའི་འཁོར་ལོ་སྟེ། དེའི་དབུས་སུ་གདན་བཅོ་ལྔའི་བདག་ཉིད་དུ་གྱུར་པར་རོ་བསྒོམ་ པར་བྱའོ། །དེའི་སྟེང་དུ་དབྱངས་དང་པོ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ཏེ། དེའི་སྟེང་དུ་རེ་ཕ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །འདི་དག་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དག་གོ། །འདི་དག་ ཡང་དག་པར་སྦྱོར་བས་རྡོ་རྗེ་སེམས་དཔའི་གདན་ཡིན་ནོ། །དཀྱིལ་འཁོར་དེ་ལ་རིམ་པ་དེ་ཉིད་ཀྱིས་ཡི་གེ་ཧཱུྃ་ལས་སྐྱེས་པའི་བཅོམ་ལྡན་འདས་ཞལ་གཅིག་པ་ལ་ཕྱག་གཡས་པ་ན་རྡོ་རྗེ་དང་ཕྱག་གཡོན་པ་ན་ཐོད་པ་སྟེ། མགོ་བོའི་ཕྲེང་བས་བརྒྱན་པར་གྱུར་པ། སྐུ་མདོག་ཆུ་ཤེལ་དང་འདྲ་བར། བདག་མེད་མའི་སྐུ་ལ་འཁྱུད་པར་བསྒོམ་པར་བྱའོ། །དེ་ནས་སྔོན་བཞིན་དུ་ཟླ་བ་ཉི་མ་འབྱུང་བའི་རིམ་པས། ཡི་གེ་ཨ་ལ་སོགས་པའི་ཡི་གེ་འབྲུ་བཅོ་ལྔ་བདག་མེད་མ་ལ་སོགས་པར་གྱུར་ཏེ། དབུས་སུ་བདག་མེད་མའོ། །ཤར་དུ་རྡོ་རྗེ་མའོ། །གཤིན་རྗེར་དཀར་མོའོ། །ཆུ་རུ་རོ་ལངས་ མའོ། །གནོད་སྦྱིན་དུ་རྡོ་རྗེ་མཁའ་འགྲོ་མའོ། །ཕྱི་རོལ་གྱི་ཤར་གྱི་སྒོ་ལ་དཀར་མོའོ། །ལྷོ་རུ་ཆོམ་རྐུན་མའོ། །ནུབ་ཏུ་རོ་ལངས་མའོ། །བྱང་དུ་གྷསྨ་རཱིའོ། །དབང་ལྡན་དུ་རོ་སྲེག་མའོ། །མེ་རུ་རི་ཁྲོད་མའོ། །བདེན་བྲལ་དུ་ཙཎྜ་ལཱིའོ། །རླུང་དུ་རིགས་ངན་མའོ། །སྟེང་དུ་མཁའ་སྤྱོད་མའོ། ། འོག་ཏུ་ས་སྤྱོད་མ་སྟེ་ལྷ་མོ་འདི་རྣམས་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་ནག་པོ་མི་བཟད་པ། སྤྱན་དམར་བ་ཕྱག་རྒྱ་ལྔ་འཛིན་པ། ཕྱག་གཡས་པ་ན་གྲི་གུག་དང་། གཡོན་པ་ན་ཐོད་པ་དང་ཁ་ཊྭཱཾ་གའོ། །སྟག་གི་པགས་པ་གོས་སུ་མཛད་པ། སྐྲ་སེར་ལ་གྱེན་དུ་གྱུར་པར་བསྒོམ་ པར་བྱའོ། །བདུད་ལ་སོགས་པའི་སྐྱོན་རྣམས་གཅོད་པར་བྱེད་པའི་གྲི་གུག་གོ། །བསྒོམ་པ་དང་སྒོམ་པ་པོའི་རྣམ་པར་རྟོག་པ་ཉམས་པར་བྱེད་པ་ནི་ཐོད་པ་སྟེ། བདུད་བཞི་ཟ་བར་བྱེད་པ་ནི་ཁྲག་གིས་གང་བའོ། །ཁ་ཊྭཱཾ་ག་ནི་སྟོང་པ་ཉིད་ཡིན་ལ། རོ་ནི་ཐབས་སོ། །འདོད་ཆགས་དང་། ཞེ་སྡང་ལ་ སོགས་པའི་བདག་ཉིད་འགྲོ་བ་གསུམ་པོ་ཟ་བར་བྱེད་པས་ན་སྟག་སྟེ་དེའི་པགས་པ་གོས་སུ་མཛད་པའོ། །དེ་ལྟ་བུར་གྱུར་པའི་འཁོར་ལོ་རྣལ་འབྱོར་པ་གང་གིས་བསྒོམ་པ་དེས་མྱུར་བར་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བའོ། །ལྷ་མོ་དེ་ཐམས་ཅད་ཇི་ལྟར་བརྗོད་པའི་རིམ་པས་རྫོགས་ནས་རྗེ་ བཙུན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཐིམ་ནས་དེའི་བདག་ཉིད་དུ་འགྱུར་རོ། །དེ་ཉིད་ཆ་བཅོ་ལྔའི་བདག་ཉིད་ཟླ་བ་སྟེ་བྱང་ཆུབ་ཀྱི་སེམས་ཡིན་ལ། ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་བྱང་ཆུབ་ཀྱི་སེམས་དེ་ནི། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ཐབས་དང་། བྱིན་ གྱིས་བརླབས་པའི་རིམ་པས་སྐྱེ་བར་འགྱུར་རོ། །དེའི་ཆ་བཅོ་ལྔས་རྣལ་འབྱོར་མ་བཅོ་ལྔར་ཡང་དག་པར་འདོད་དོ། །དེ་རྣམས་ཇི་ལྟར་འགྱུར་ཞེ་ན། བྱ་བ་བྱེད་པའི་ཕྱིར་ཟླ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཨཱ་ལིའི་གཟུགས་ཀྱི་བདེ་བ་ཆེན་པོར་བརྗོད་དོ། །དེ་བས་ན་ལྷ་མོ་རེ་རེ་ནི་ཐབས་ཤེས་ རབ་ཀྱི་བདག་ཉིད་བསྐྱེད་པའོ། །ཀུན་རྫོབ་ནི་འདུས་པ་སྟེ། དེ་བས་ན་ཀུནྡ་དང་འདྲ་ཞེས་པ་ནི་ཐབས་ཉིད་ཀྱི་གནས་པའོ། །དོན་དམ་པར་ནི་དཔྱོད་པ་སྟེ། བདེ་བའི་གཟུགས་ཤེས་རབ་མ་མངོན་པར་བརྗོད་ཅེས་བྱ་བའོ། །བདག་མེད་མའི་དུམ་བུ་སྟེ་དྲུག་པའོ།། །།དེ་ནས་གཉིས་སུ་ མེད་པའི་བདག་ཉིད་དུ་གྱུར་པའི་བཅོམ་ལྡན་འདས་ཕྱག་བཅུ་དྲུག་པའི་སྒྲུབ་པ་བརྗོད་པར་བྱ་སྟེ། ཕྱག་རྣམས་ནི་སྟོང་པ་ཉིད་བཅུ་དྲུག་ཏུ་བསྟན་ཏེ། དེ་རྣམས་གང་ཡིན་ཞེ་ན། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་ དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་སྟེ། སྟོང་པ་ཉིད་བཅུ་དྲུག་ནི་ཕྱག་བཅུ་དྲུག་ཏུ་བརྗོད་དོ། །ཡང་དག་པར་བསྡུ་བ་བཞི་ནི་ཞབས་བཞི་ཡིན་ལ། དེ་རྣམས་གང་ཡིན་ཞེ་ན་སྦྱིན་པ་དང་ཚིག་ སྙན་པ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་སྟེ། དེ་རྣམས་ནི་ཞབས་རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་པགས་པ་སྟེ། དེ་རྣམས་གང་ཡིན་ཞེ་ན། དྲན་པ་དང་བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་དང་། ཆོས་རྣམ་ པར་འབྱེད་པ་སྟེ། དེ་རྣམས་ནི་པགས་པའོ། །ཤ་ལ་རོ་སྲེག་མ་དང་། ཁྲག་ལ་རི་ཁྲོད་མ་དང་། ཤུ་ཀྲ་ལ་ཙཎྜ་ལཱི་དང་། རྐང་དང་ཀླད་པ་ལ་རིགས་ངན་མ་སྟེ། དེ་རྣམས་ནི་ཤ་དང་ཁྲག་དང་ཤུ་ཀྲ་དང་། རྐང་དང་ཀླད་པར་བརྟགས་སོ། །རུས་པ་རྣམས་ནི་བདེན་པ་བཞི་སྟེ། སྡུག་བསྔལ་ དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ནི་རུས་པ་རྣམས་སུ་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་ནི་ཞལ་བརྒྱད་དེ། དེ་རྣམས་གང་ཡིན་ཞེ་ན། ཕྱིའི་གཟུགས་སྟོང་པར་མཐོང་བ་དང་། ནང་གི་གཟུགས་སྟོང་པར་མཐོང་བ་དང་། དགེ་བ་དང་མི་དགེ་བའི་ལྟ་བས་བྱས་པའི་སྟོང་པར་ མཐོང་བ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟོང་པར་མཐོང་བ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོང་པར་མཐོང་བ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་སྟོང་པར་མཐོང་བ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟོང་པར་མཐོང་བ་དང་། འདུ་ཤེས་ཀྱིས་རིག་པའི་འགོག་ པ་སྟོང་པར་མཐོང་བ་ཞེས་བྱ་བ་སྟེ། རྣམ་པར་ཐར་པ་བརྒྱད་ནི་ཞལ་བརྒྱད་དོ། །འདོད་ཆགས་ཆེན་པོ་ལས་བྱུང་བའི་ཞལ་ནི་གཡོན་པ་དམར་པོའོ། །གཏི་མུག་ཆེན་པོའི་བདག་ཉིད་གཡས་པ་སྟེ་དཀར་པོའོ། །ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་ཞེ་སྡང་ཆེན་པོ་ལས་བྱུང་བའི་ནུབ་ ཀྱི་ཞལ་ནི་མཆེ་བ་གཙིགས་པ་སྟེ་བདུད་བཞི་ཉམས་པའི་དོན་དུའོ། །ཞེ་སྡང་ཆེན་པོ་དང་གཏི་མུག་ཆེན་པོ་དང་། འདོད་ཆགས་ཆེན་པོ་ལས་འབྱུང་བའི་གར་གྱི་རོ་དགུ་འབབ་པར་བྱེད་པ་རྩ་བའི་ཞལ་ཤེས་པར་བྱའོ། །སྟེང་གི་ཞལ་ནི་མི་བཟད་པའི་འཇིགས་སུ་རུང་བའོ། །ཞལ་གཞན་མ་ རྣམས་ནི། ཤིན་ཏུ་མི་བཟད་པ་དང་འཇིགས་པར་མཛད་པའོ། །གར་གྱི་རོ་དགུ་ནི་རོལ་པ་དང་། དཔའ་བ་དང་། གཤེ་བ་དང་། དགོད་པ་དང་། མི་བཟད་པ་དང་། འཇིགས་བྱེད་དང་། གཤིན་རྗེ་དང་། ངོ་མཚར་བ་དང་། ཞི་བ་སྟེ་གར་གྱི་རོ་དགུ་དང་ལྡན་པའོ། །ལོག་པར་ལྟ་བ་ཉམས་པར་བྱེད་པའི་ཕྱིར་ མཆེ་བ་གཙིགས་པའོ། །སྤྱན་ནི་སྡང་བར་མཛད་པས་ལོག་པར་ལྟ་བ་ཉམས་པའི་ཕྱིར་རོ། །རྣམ་པར་ཐར་པ་གསུམ་ནི་སྤྱན་གསུམ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ། །རིམ་པ་འདི་ཉིད་ཀྱིས་ཞལ་བརྒྱད་ལ་སྤྱན་ཉི་ཤུ་རྩ་བཞིར་འགྱུར་རོ། །སེམས་ཅན་རྣམས་ལ་ སྙིང་རྗེའི་ཕྱིར་དེ་རྣམས་དམར་པོའོ། །ཕྱག་རྒྱ་རྣམ་པ་ལྔ་སངས་རྒྱས་ལྔར་འགྱུར་ཏེ། དབུ་ལ་འཁོར་ལོའི་ཚུལ་གྱིས་མི་བསྐྱོད་པའོ། །ཕྱག་ལ་ཕྱག་གདུབ་ཀྱི་གཟུགས་ཀྱིས་རྣམ་པར་སྣང་མཛད་དོ། །སྙན་ཆའི་བདག་ཉིད་སྙན་ལ་སྣང་བ་མཐའ་ཡས་སོ། །མགུལ་ལ་མགུལ་ནོར་ གྱི་རང་བཞིན་གྱིས་རིན་དབང་ངོ་། །སྐ་རགས་ཀྱི་ཡོན་ཏན་གྱི་ཚུལ་གྱིས་སྐུ་རྐེད་ལ་དོན་ཡོད་གྲུབ་པའོ་ཞེས་བྱ་སྟེ། སངས་རྒྱས་ལྔ་ནི་ཞེ་སྡང་ལ་སོགས་པའི་གཟུགས་ཀྱི་བདག་ཉིད་ཕྱག་རྒྱར་འགྱུར་རོ། །བདུད་བཞི་ནི་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དེ། འདི་རྣམས་ཞབས་ཀྱིས་མནན་པར་མཛད་དེ། ཚངས་པ་དང་། དྲག་པོ་དང་། ཁྱབ་འཇུག་དང་། འདོད་པའི་ལྷ་ཡིན་ལ། གཏི་མུག་དང་། ཕྲག་དོག་དང་། ཞེ་སྡང་དང་། འདོད་ཆགས་ཞེས་བྱ་བའི་དོན་ཏོ། །མི་དགེ་བ་བཅུས་མགོ་བོའི་ཕྲེང་བ་མཛད་དེ། དེ་རྣམས་ གང་ཡིན་ཞེ་ན། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཚིག་འཁྱལ་པ་དང་། ཕྲ་མ་དང་། ཚིག་རྩུབ་པ་དང་། གནོད་སེམས་དང་། མནར་སེམས་དང་། ལོག་པར་ལྟ་བ་ཞེས་བྱ་བ་སྟེ། དེ་རྣམས་ཀྱིས་ཕྲེང་བ་ མཛད་དོ། །དཔུང་པ་ལ་རྫུ་འཕྲུལ་གྱི་རྐང་པ་བཞིས་དཔུང་རྒྱན་དུ་མཛད་དེ། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའོ། །ཞབས་ལ་ཞབས་གདུབ་ནི་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་སྟེ། ཚུལ་ཁྲིམས་དང་། བསམ་གཏན་དང་། ཤེས་རབ་དང་། རྣམ་པར་ གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །ལོག་པའི་འདོད་ཆགས་ཉམས་པར་བྱེད་པའི་ཕྱིར། རྣལ་འབྱོར་མའི་དྲ་བ་ཉེ་བར་བསྟན་ཏོ། །སྐྲག་པ་ཉམས་པར་བྱེད་པའི་ཕྱིར་སྐུ་ལ་ཐལ་བས་བྱུགས་པར་མཛད་པ། འཁོར་བ་རང་བཞིན་མེད་པའི་སྒོམ་པ་ཉིད་ཀྱིས་གྲི་ གུག་དང་ཐོད་པ་འཛིན་པའི་ཕྱག་རྒྱས་འཁྱུད་པའོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་ཐོད་པ་རྣམས་ཡོངས་སུ་བརྗོད་དོ། །ཐོད་པ་དེ་རྣམས་ཀྱི་ནང་ནས་གཡས་པའི་ཐོད་པ་བརྒྱད་ལ་གླང་པོ་ཆེ་དང་། རྟ་དང་། བོང་བུ་དང་། བ་ལང་དང་། རྔ་མོ་དང་། མི་དང་། ཤ་ར་བྷ་དང་། བྱི་ལའོ། །དེ་ བཞིན་དུ་གཡོན་པའི་ཐོད་པ་བརྒྱད་ལ། ས་དང་། ཆུ་དང་། མེ་དང་། རླུང་དང་། ཟླ་བ་དང་། ཉི་མ་དང་། གཤིན་རྗེ་དང་། གནོད་སྦྱིན་ནོ། །འདི་རྣམས་ཀྱང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཕྲ་མ་དང་། ཕྲག་དོག་དང་། ངར་འཛིན་པ་དང་། ང་རྒྱལ་དང་། སེར་སྣར་བརྗོད་དོ། ། གང་གི་ཡེ་ཤེས་བླ་མེད་ནི། །ཐམས་ཅད་དབང་གིས་ཐོབ་པ་སྟེ། །དེ་ཡི་ཅོད་པན་མི་བསྐྱོད་པ། །བླ་མ་དམ་པས་འཛིན་པ་ཡིན། །ཡེ་ཤེས་སྣང་བར་གྱུར་པའི་ཕྱིར། །འོད་ཟེར་འབར་བས་བརྟགས་པའོ། །ཐེག་ཆེན་པོ་ལ་ཞོན་པ་སྟེ། །ཡིན་པ་དང་མིན་པའི་བརྟག་པ་ཐམས་ཅད་ཕྱོགས་ ལས་འདས་པའི་ཕྱིར་རོ། །ཐེག་པ་ཆེན་པོ་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པའོ། །དེ་རྣམས་ཀྱང་གང་ཡིན་ཞེ་ན། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་པོ། །འདི་རྣམས་ཀྱི་གནས་པ་མེད་པའི་སྦྱོར་བས། ཐམས་ཅད་མཁྱེན་པ་ཉིད་ལ་བཞུགས་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་ འདས་ཐེག་པ་ཆེན་པོ་ཉིད་ལ་བཞུགས་པའོ། །བཅོམ་ལྡན་འདས་ཕྱག་བཅུ་དྲུག་པའི་དུམ་བུ་སྟེ་བདུན་པའོ།། །།དེ་ནས་དཀྱིལ་འཁོར་གྱི་རིམ་པ་བརྗོད་པར་བྱ་སྟེ། དཀྱིལ་འཁོར་ཆེན་པོ་འདི་ཉིད་ནི། །ཟུར་བཞི་པོས་ནི་ཡང་དག་མཛེས། །སྒོ་བཞི་པ་དང་འོད་ཟེར་ཆེ། །དྲ་བ་དྲ་བ་ཕྱེད་ཀྱིས་བརྒྱན། །ཕྲེང་བ་ སྣ་ཚོགས་རྔ་མར་ལྡན། །ཀ་པ་བརྒྱད་ཀྱིས་ཉེ་བར་མཛེས། །མར་མེ་སྤོས་དང་དེ་བཞིན་དྲི། །ཕྲེང་མ་ལ་སོགས་ལྷ་མོས་བསྐོར། །མགྲིན་པ་ལ་ནི་མགུལ་ཆིངས་དང་། །རིན་པོ་ཆེ་ནི་སྣ་ལྔ་དགོད། །ཁ་རྒྱན་གྱིས་ནི་བརྒྱན་པ་སྟེ། །བུམ་པ་བརྒྱད་ཀྱིས་ཡང་དག་ལྡན། །རྟ་བབས་བཞིས་ནི་མཛེས་པར་ གྱུར། །རྒྱལ་མཚན་ཚོགས་དང་ལྡན་པའོ། །བླ་རེ་སྣ་ཚོགས་ཀྱིས་མཛེས་པ། །དཀྱིལ་འཁོར་དེ་ནི་གྲུ་བཞི་པ། །ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་བརྒྱན། །ཞེས་བྱ་བའོ། །ཅིའི་ཕྱིར་དཀྱིལ་འཁོར་ཞེ་ན། ལུས་དང་ངག་དང་སེམས་བདེན་པར་བྱེད་པས་ན་དཀྱིལ་འཁོར་དུ་བརྗོད་དོ། །བདེན་པ་བཞི་ཡི་རྣམ་པ་ ཡིས། །གྲུ་བཞི་པ་ནི་རྣམ་པར་བརྟགས། །བདུད་བཞི་པོ་ལ་འཇིགས་བྱེད་ཕྱིར། །དྲི་མ་མེད་པའི་སྒོ་བཞི་པའོ། །ཚངས་པའི་གནས་ནི་བཞི་ཡི་ཕྱིར། །ཟུར་བཞི་པ་ནི་ཡོངས་སུ་བརྟགས། །རྣམ་ཤེས་བརྒྱད་ནི་རྟོག་པའི་ཕྱིར། །ཀ་བ་བརྒྱད་ནི་བཤད་པ་ཡིན། །ཕྱི་རོལ་དུ་ནི་དཀྱིལ་འཁོར་ ཏེ། །ཆོ་གས་གྲུ་བཞི་པ་རུ་བཤད། །རྣམ་པར་ཤེས་པ་བརྒྱད་གང་ཡིན་ཞེ་ན། །མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ རྣམ་པར་ཤེས་པ་དང་། ཀུན་གཞིའི་རྣམ་པར་ཤེས་པའོ། །ཐོད་པ་བརྒྱད་ནི་གཟུགས་ཅན་བརྒྱད་དེ། དེ་རྣམས་གང་ཡིན་ཞེ་ན། ས་དང་ཆུ་དང་མེ་དང་རླུང་དང་གཟུགས་དང་དྲི་དང་རོ་དང་རེག་བྱའོ། །ཁ་བརྒྱད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེ་རྣམས་གང་ཡིན་ཞེ་ན། ཡང་དག་པའི་ ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་བརྩོན་འགྲུས་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནོ། །རིན་པོ་ཆེ་སྣ་ལྔ་དགོད་པའི་བུམ་པ་རྣམས་སོ། །རིན་པོ་ ཆེ་སྣ་ལྔ་ནི་སྟོབས་ལྔ་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། བསམ་གཏན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །ཉོན་མོངས་པ་བཞི་བཅོམ་པར་མཛད་པས་ན་ཧ་ར་སྟེ། ཉོན་མོངས་པ་བཞི་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ལོ། །ཧ་ར་ཕྱེད་ནི་ཉོན་མོངས་པ་ཕྱེད་ཟད་པའི་ཕྱིར་ཞེས་བྱ་བ་ནི། དྲ་བ་དང་དྲ་བ་ཕྱེད་དོ། །བླ་བྲེས་རྒྱས་པར་བྱེད་པའི་སེམས། །གང་ཕྱིར་དངོས་པོ་ཀུན་ལའོ། །དེ་ནས་བླ་བྲེ་སེམས་ཡིན་པར། །དོན་དམ་བདེན་པས་བཤད་པའོ། །ཏིང་ངེ་འཛིན་གྱི་ཡན་ལག་ ནི་ཏིང་ངེ་འཛིན་གསུམ་སྟེ། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ཐིག་ལེའི་རྣལ་འབྱོར་ཏེ། ཕྲ་མོའི་རྣལ་འབྱོར་རོ། །ཏིང་ངེ་འཛིན་གསུམ་པོ་འདི་ལ་ཡན་ལག་རེ་རེ་ནི། བསྙེན་པ་དང་ཉེ་བའི་བསྙེན་པ་དང་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་སྟེ། ཏིང་ངེ་འཛིན་གྱི་ཡན་ལག་ནི་རྟ་བབས་ རྣམས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྔ་མ་རྣམས་སུ་བཤད་དོ། །བྱམས་པ་ལ་སོགས་པ་ཡི་སེམས། །ཆོས་ཀྱི་དྲན་པ་སྦྱོར་བ་སྟེ། །བདེར་གཤེགས་ཡེ་ཤེས་སྨྲ་བ་སྟེ། །རྡོ་རྗེ་ཐིག་སྐུད་བརྗོད་པ་ཡིན། །ཆོས་ཀྱི་སྦྱིན་པ་བཞི་སྟེ། ཆོས་ཐམས་ཅད་མི་རྟག་པ་དང་། ཆོས་ ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། ཞི་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ། ཆོས་ཀྱི་སྦྱིན་པ་བཞིའོ། །ཕྱི་རོལ་དུ་ནི་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲིར་འགྱུར་ཞེས་བྱ་བའོ། །དཀྱིལ་འཁོར་འདི་ཉིད་ནི་ཕྱི་དང་ནང་དུ་ཤེས་པར་བྱའོ། །དེ་ལྟར་ ཤེས་རབ་མ་དང་། ལྷན་ཅིག་ཏུ་བདེ་བས་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པར་འགྱུར་ཏེ། བཅོམ་ལྡན་འདས་དེ་ཉིད་ཀྱིས་རྣལ་འབྱོར་མའི་འཁོར་ལོ་བསྟན་པར་མཛད་དེ། བདག་མེད་ལྷན་ཅིག་སྦྱོར་བ་ཡིས། །གཉིས་ཀས་བདེ་བ་ཐོབ་འགྱུར་ཏེ། །སོམ་ཉི་མེད་པའི་བདེ་ཐོབ་ནས། །སོམ་ ཉི་མེད་པའི་གཟུགས་ཅན་ཡིན། །ལྷ་དང་ལྷ་མོའི་གྲོང་ཁྱེར་དུ། །རྒྱུན་མི་འཆད་པར་བདེ་བར་རོལ། །ཤར་ཕྱོགས་ཤར་གྱི་སྒོ་ལ་ནི། །དཀར་མོ་ཕྱུང་ནས་གནས་པ་ཡིན། །སྲུབ་ཅིང་བསྲུབ་པའི་སྦྱོར་བ་ཡིས། །དེ་ནས་ཆོམ་རྐུན་མ་ནི་ཕྱུང་། །ཕྱུང་ནས་ལྷོ་ཡི་སྒོ་ལ་ནི། །ཆོམ་རྐུན་ མས་ནི་སྒོ་སྲུང་བྱེད། །བོ་ལ་ཀཀྐོལ་སྦྱོར་བ་ཡིས། །དེ་ནས་རོ་ལངས་མ་ནི་དབྱུང་། །ཕྱུང་ནས་ནུབ་ཀྱི་སྒོ་ལ་ནི། །དྲག་མོའི་གཟུགས་ཅན་མ་གནས་པའོ། །སྲུབ་ཅིང་བསྲུབ་པའི་སྦྱོར་བ་ཡིས། །བདུད་འཇོམས་མ་ནི་གནས་པ་ཡིན། །གཉིས་མེད་སྙོམས་པར་ཞུགས་པ་ལས། །ཕྱི་ནས་ གྷསྨ་རཱི་ཕྱུང་སྟེ། །ཕྱུང་ནས་བྱང་གི་སྒོ་ལ་ནི། །མི་བཟད་གཟུགས་ཅན་མ་གནས་སོ། །གཉི་ག་མཉེས་པའི་སྦྱོར་བ་ལས། །ཕྱི་ནས་རོ་སྲེག་མ་ཕྱུང་སྟེ། །ཕྱུང་ནས་དབང་ལྡན་མཚམས་སུ་ནི། །དྲག་མོའི་གཟུགས་ཅན་མ་གནས་པའོ། །སྲུབ་ཅིང་བསྲུབ་པའི་སྦྱོར་བ་ཡིས། །དེ་བཞིན་ མེ་ལ་རི་ཁྲོད་མའོ། །སྲིན་མོ་ལ་ནི་ཙཎྜ་ལཱི། །རླུང་གི་མཚམས་ལ་རིགས་ངན་མའོ། །བརྫུན་གྱི་རྣམ་པར་རྟོག་པ་གཅོད་པའི་ཕྱིར་དཀར་མོའི་ཕྱག་གཡས་པའི་གྲི་གུག་ཏུ་བརྗོད་དོ། །ཕྱག་གཡོན་པ་ལ་འཁོར་བའི་བག་ཆགས་འཇོམས་པའི་རོ་ཧི་ཏར་འདོད་དོ། །ཆོམ་རྐུན་མའི་གཡས་ན་ཐབས་དང་ ཤེས་རབ་ཀྱི་རང་བཞིན་གཏན་ལ་འབེབས་པར་བྱེད་པའི་ཅང་ཏེའུ་སྟེ། གཡོན་པ་ལ་གཏི་མུག་གི་བདག་ཉིད་ཕག་གོ། །རོ་ལངས་མའི་གཡས་པ་ལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་སྦལ་པ་སྟེ། གཡོན་པ་ལ་སྙིང་རྗེའི་བདག་ཉིད་པདྨའི་སྣོད་དོ། །གྷསྨ་རཱིའི་གཡས་པ་ནི་ཞེ་སྡང་གི་བདག་ཉིད་དུ་གྱུར་ པ་སྤྲུལ་ཏེ། གཡོན་པ་ལ་ཐབས་དང་ཤེས་རབ་ཉིད་ཀྱི་རྣལ་འབྱོར་གྱི་སྣོད་དོ། །རོ་སྲེག་མའི་གཡས་པ་ན་མ་ལུས་བདུད་ཀྱི་སྡེ་གླང་པོ་ཆེའི་སྣ་འདྲལ་བར་བྱེད་པའི་ཕྱིར་སེང་གེ་ཡོངས་སུ་བརྗོད་དོ། །གཡོན་པ་ལ་རྟོག་པ་གཉིས་འཛིན་མ་ལུས་པ་གཅོད་པར་བྱེད་པས་ན་དགྲ་སྟའོ། །རི་ཁྲོད་ མའི་གཡས་པ་ལ་རྣམ་པ་ལྔའི་རང་བཞིན་ཉིད་ཀྱི་དགེ་སློང་སྟེ། གཡོན་པ་ལ་གཉིས་སུ་མེད་པའི་ཡེ་ཤེས་རྟོག་པར་བྱེད་པས་ན་འཁར་གསིལ་དུ་བརྗོད་དོ། །ཙཎྜ་ལཱིའི་གཡས་པ་ན་ལོག་པའི་ལྟ་བ་གཅོད་པར་བྱེད་པས་ན་འཁོར་ལོ་སྟེ། མི་ཤེས་པ་དབྱུང་བར་བྱེད་པས་ན་ཐོང་གཤོལ་ལོ། །རིགས་ ངན་མའི་གཡས་པ་ནི་མི་ཕྱེད་པའི་རྣམ་པས་ཡེ་ཤེས་རྟོགས་པར་བྱེད་པས་ན་རྡོ་རྗེ་སྟེ། གཡོན་པ་ནི་གདུག་པ་ཐམས་ཅད་བསྡིགས་པར་བྱེད་པས་སྡིགས་མཛུབ་ཏུ་བརྗོད་དོ། །ལྷ་མོ་ཐམས་ཅད་སྤྱན་གསུམ་པ། །ཕྱག་གཉིས་པ་གར་ཕྱེད་ཀྱི་བཞུགས་སྟབས་ཀྱིས་བཞུགས་པ། སྐྲ་ གྱེན་དུ་གྱུར་པ། ཕྱག་རྒྱ་ལྔས་མཛེས་པར་གྱུར་པའོ། །རིམ་པ་ཇི་ལྟ་བས་ལྷ་མོ་དཀར་མོ་ལ་སོགས་པའི་སྐུ་མདོག་ནི་ནག་མོ་དང་། བཙོད་དང་འདྲ་བ་དང་། གསེར་ཞུ་ན་མ་བཞིན་དང་། དམར་པོ་དང་། ཨིནྡྲ་ནཱི་ལ་དང་། ཆུ་ཤེལ་དང་། སྔོན་པོ་དང་། ཁ་དོག་བསྲེས་པར་གྱུར་པའོ། ། འདི་རྣམས་ཀྱི་གདན་ནི། ཚངས་པ་དང་། དབང་པོ་དང་། ཉེ་བའི་དབང་པོ་དང་། དྲག་པོ་དང་། གཤིན་རྗེ་དང་། གནོད་སྦྱིན་དང་། བདེན་བྲལ་དང་རླུང་ངོ་། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་མཐོང་བའི་ཕྱིར། སྤྱན་གསུམ་པའོ། །གཟུགས་མེད་ པ་གཉིས་སྦྱར་བའི་ཕྱིར་རྣལ་འབྱོར་མ་རྣམས་ལ་ཕྱག་གཉིས་གཉིས་སོ། །གཟུགས་མེད་པ་གཉིས་གང་ཡིན་ཞེ་ན། ནམ་མཁའ་དང་རྣམ་པར་ཤེས་པ་སྟེ། དེ་དག་ནི་ཕྱག་གཉིས་སོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཕྲ་མ་དང་། ཚིག་རྩུབ་པ་དང་། ཕྲག་དོག་དང་། སེར་སྣ་དང་། ངར་འཛིན་པ་ནི་ཚངས་པ་ལ་སོགས་པའི་གདན་རྣམས་སོ། །ཕྱག་རྒྱ་ལྔ་ནི་ལྟ་བ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ལོག་པའི་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་ པའི་ལྟ་བ་སྟེ། ཕྱག་རྒྱ་ལྔར་འགྱུར་རོ། །གདུག་པའི་སེམས་ཉམས་པར་བྱེད་པའི་ཕྱིར་འཇིགས་སུ་རུང་བ་དང་སྐྲ་གྱེན་དུ་གྱུར་པའོ། །རྣལ་འབྱོར་མ་འདི་རྣམས་ཀྱིས་ཡོངས་སུ་བསྐོར་བའི་བཅོམ་ལྡན་འདས་བསྒོམ་པར་བྱ་ཞེས་བྱ་བའོ། །དཀྱིལ་འཁོར་གྱི་འཁོར་ལོ་ལ་རྣལ་འབྱོར་མ་ རྣམས་ཡོངས་སུ་རྫོགས་པའི་དུམ་བུ་སྟེ་བརྒྱད་པའོ།། །།ད་ནི་དུར་ཁྲོད་རྣམས་བརྗོད་པར་བྱ་སྟེ། ཤར་སྒོ་ལ་གཏུམ་བྱེད་ཅེས་བྱ་བ་ནི་དུར་ཁྲོད་དོ། །བརྒྱ་བྱིན་ནི་ཞིང་སྐྱོང་ངོ་། །ཀླུ་ནི་ནོར་རྒྱས་ཀྱི་བུའོ། །ཤིང་ནི་ཤི་རི་ཤའོ། །སྤྲིན་ནི་སྒྲ་སྒྲོགས་བྱེད་པའོ། །མེའི་མཚམས་སུ་ དུར་ཁྲོད་ནི་ཨ་ཏ་ཏའི་གད་མོའོ། །ཞིང་སྐྱོང་ནི་མེའོ། །ཀླུ་ནི་པདྨ་ཆེན་པོའོ། །ཤིང་ནི་ཀ་རཉྫའོ། །སྤྲིན་ནི་མཐུག་པོའོ། །ལྷོ་རུ་དུར་ཁྲོད་ནི་ཀེང་རུས་འཇིགས་བྱེད་པའོ། །ཞིང་སྐྱོང་ནི་གཤིན་རྗེའོ། །ཀླུ་ནི་པདྨའོ། །ཤིང་ནི་ཙུ་ཏའོ། །སྤྲིན་ནི་འཁོར་བྱེད་དོ། །བདེན་བྲལ་དུ་དུར་ཁྲོད་ནི་ཀཱི་ལི་ ཀཱི་ལའི་སྒྲའོ། །ཞིང་སྐྱོང་ནི་སྲིན་པོའི་དབང་པོའོ། །ཀླུ་མཐའ་ཡས་སོ། །ཤིང་ནི་བརྐ་ཏིའོ། །སྤྲིན་ནི་གར་བྱེད་དོ། །ནུབ་ཏུ་དུར་ཁྲོད་ནི་འབར་བས་བསྐོར་བའོ། །ཞིང་སྐྱོང་ནི་ཆུ་ལྷའོ། །ཀླུ་ནི་སྟོབས་ཀྱི་རྒྱུའོ། །ཤིང་ནི་ཨ་ཤོ་ཀའོ། །སྤྲིན་ནི་མི་བཟད་པའོ། །རླུང་དུ་དུར་ཁྲོད་ནི་མུན་པ་ མི་བཟད་པའོ། །ཞིང་སྐྱོང་ནི་རླུང་ངོ་། །ཀླུ་རིགས་ལྡན་ནོ། །ཤིང་ཨ་རྫ་གའོ། །སྤྲིན་ནི་ཆུ་འཛག་པའོ། །གནོད་སྦྱིན་ལ་དུར་ཁྲོད་ནི་ཚང་ཚིང་ངོ་། །ཞིང་སྐྱོང་ནི་གནོད་སྦྱིན་ནོ། །ཀླུ་འཇོག་པོའོ། །ཤིང་ཨ་ཤྭཏྠའོ། །སྤྲིན་རྒྱལ་གྱུར་པའོ། །དབང་ལྡན་དུ་དུར་ཁྲོད་ནི་དཔལ་འཕེལ་ པའོ། །ཞིང་སྐྱོང་ནི་དབང་ཕྱུག་གོ། །ཀླུ་དུང་སྐྱོང་ངོ་། །ཤིང་ནི་འབའ་ཏའོ། །སྤྲིན་ནི་གཏུམ་བྱེད་གདུག་པར་གནས་པའོ། །དུར་ཁྲོད་ནི་འཇིགས་བྱེད་འཇིགས་སུ་རུང་བ་སྟེ། ཉལ་བ་དང་གར་བྱེད་པ་ལ་སོགས་པའི་འདྲེ་དང་རོའི་ཚོགས་ཀྱིས་བསྐོར་བ་དང་། ཤིང་དང་ཤིང་ཏོག་རྣམས་ཀྱིས་མཛེས་ པར་གྱུར་པའོ། །བརྒྱ་བྱིན་ལ་སོགས་པའི་ཞིང་སྐྱོང་རྣམས་ཀྱི་ཁ་དོག་ནི་སེར་པོ་དང་། དམར་པོ་དང་། སྔོན་པོ་དང་། ནག་པོ་དང་། དཀར་པོ་དང་། ལྗང་གུ་དང་། ཁ་དོག་དཀར་སེར་དུ་གྱུར་པའོ། །གླང་པོ་ཆེ་དང་། སྤྲིན་དང་ར་སྐྱེས་དང་མ་ཧེ་དང་ལུག་དང་འུག་པ་དང་ཆུ་སྲིན་དང་། ཤ་བ་དང་། མི་དང་། གླང་གི་གདོང་པ་རྣམས་ཏེ། ལུས་པོ་ནི་མིའི་རྣམ་པ་བཞིན་དུ་ཡིན་ལ། དེ་རྣམས་ཤིང་རྣམས་ཀྱི་སྟེང་དུ་གནས་པར་འགྱུར་རོ། །ཀླུ་ནོར་རྒྱས་ཀྱི་བུ་ལ་སོགས་པའི་ཁ་དོག་ནི་དཀར་པོ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། བསྲེས་པ་དང་། སྔོན་པོ་དང་། རིམ་པ་ཇི་ལྟ་བ་བཞིན་ ཁ་དོག་སྔོན་པོའོ། །སྤྲིན་རྣམས་ནི་སྣ་ཚོགས་པར་ཤེས་པར་བྱའོ། །འདི་རྣམས་ནི་འཁོར་ལོའི་ཕྱི་རོལ་དུ་རྡོ་རྗེ་གུར་གྱི་མཐར་བྲི་བའམ། བསྒོམ་པར་བྱའོ། །དུར་ཁྲོད་བརྒྱད་པོ་འདི་རྣམས་ལ་མི་བཟད་པའི་གཟུགས་དང་ལྡན་པ་གྲངས་མེད་པ་སྣ་ཚོགས་པ་གར་གྱི་རོ་དགུ་དང་ལྡན་པའོ། ། ཁ་དོག་སྔོན་པོ་དང་སེར་པོ་ལ་སོགས་པ་དང་རྣམ་པ་སྣ་ཚོགས་བསྒོམ་པར་བྱའོ། །དུར་ཁྲོད་ཅེས་བྱ་བ་ནི་ལུས་པོ་སྟེ། དབུགས་བྱུང་བས་ན་དུར་ཁྲོད་ཡིན་ལ་སའོ། །དེ་ནས་ཞིང་སྐྱོང་བར་བྱེད་པས་ན་ཞིང་སྐྱོང་སྟེ་རླུང་ངོ་། །བསྲེག་པའི་བདག་ཉིད་ཀླུ་སྟེ་མེའོ། །ཁྱབ་པར་བྱེད་པས་ན་ཤིང་སྟེ་ ནམ་མཁའི་མཚན་ཉིད་དོ། །ཆུའི་བདག་ཉིད་ནི་སྤྲིན་ནོ། །དེ་ལྟར་དུར་ཁྲོད་བརྒྱད་ལ་ཞིང་སྐྱོང་དང་། ཀླུ་དང་། ཤིང་དང་། སྤྲིན་རྣམས་སུ་འགྱུར་རོ། །འདི་དག་ནི་དབུས་སུ་མཆོག་གི་དགའ་བ་གནང་བར་མཛད་པ་དགའ་བ་དང་བཅས་པའི་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བའོ། ། རོ་ལ་སོགས་པའི་གར་གྱི་རོ་དགུ་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་བཞུགས་པར་ཤེས་པར་བྱའོ། །རང་གི་མིང་གི་ཡི་གེ་ལས་སྐྱེས་པའི་རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་བཅོམ་ལྡན་འདས་རྣལ་འབྱོར་གྱི་བདག་ཉིད་བསྒོམ་པར་བྱ་ཞེས་པའོ། །དུར་ཁྲོད་ ཀྱི་དུམ་བུ་སྟེ་དགུ་པའོ།། །།ཕྱི་དང་ནང་གི་གཟུགས་ཅན་པའི། །སེམས་ཀྱི་དེ་དག་ཐམས་ཅད་ཡིན། །རྣམ་རྟོག་སྦྱོར་བ་བྲལ་བའི་ཕྱིར། །སྲིད་པ་གསུམ་ལ་རོལ་པ་ཡིན། །ཕྱག་རྒྱའི་རྒྱུ་ནི་བྲལ་བའི་ཕྱིར། །རྣལ་འབྱོར་པས་ནི་སྙིང་རྗེ་བསྒོམ། །སྟོང་ཉིད་སྙིང་རྗེ་དབྱེར་ མེད་པ། །བྱང་ཆུབ་སེམས་ཞེས་དྲན་པའོ། །འཇིག་རྟེན་ཁམས་ནི་གང་ཞིག་དང་། །གཞན་དུ་སངས་རྒྱས་མཐོང་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །གཞན་དུ་སངས་རྒྱས་མ་བསྟན་ཏོ། །གདོལ་པ་སྨྱིག་མཁན་ལ་སོགས་གང་། །གསོད་པའི་དོན་ཕྱིར་བསམས་ པས་སོ། །དགྱེས་རྡོར་དེ་རྣམས་ཀྱིས་ཐོས་ནས། །འགྲུབ་འགྱུར་དེ་ལ་ཐེ་ཚོམ་མེད། །ལམ་འདི་དག་ནི་མ་ཤེས་པར། །བྱིས་པ་མི་ཤེས་པས་གཡོགས་ཏེ། །འགྲོ་དྲུག་འཁོར་བའི་བཙོན་ཁང་དུ། །རྨོངས་པ་དེ་རྣམས་འཁྱམས་པར་འགྱུར། །ཚིག་ཏུ་བརྗོད་པ་ལས་འདས་པའི། ། དབང་པོ་ཀུན་ལ་སྤྱོད་ཡུལ་མིན། །ཡིད་ཀྱི་རྣམ་ཤེས་སྤྱོད་ཡུལ་བ། །ཡེ་ཤེས་འདི་ནི་རང་རིག་པའོ། །བྱིན་གྱིས་བརླབ་པའི་རིམ་པ་འདི། །ཀུན་མཁྱེན་ཡེ་ཤེས་བདག་ཉིད་ཡིན། །མཐོ་རིས་མི་དང་ས་འོག་ཏུ། །སྐད་ཅིག་གིས་ནི་རྣམ་གཅིག་འགྱུར། །རང་བཞིན་དབྱེ་བའི་རྟོག་པ་ནི། ། གནོད་པར་བྱེད་པར་མི་ནུས་ཏེ། །ལྷ་མིན་དབང་པོ་དང་འདྲ་གང་། །ངེས་པར་དྲུང་དུ་གནས་གྱུར་ན། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་ཚུལ་བཞིན་སྤྱོད་པར་བྱའོ། །ཆུ་ཀླུང་གི་ནི་རྒྱུ་བ་བཞིན། །མར་མེའི་འོད་ཟེར་བཞིན་དུ་སྟེ། །དེ་ཉིད་སྦྱོར་བར་རྟག་ཏུ་ནི། །ཉིན་དང་མཚན་ དུ་གཞག་པར་བྱ། །སེམས་ཅན་ཐམས་ཅད་རྒྱུ་བའི་ཕྱིར། །རྟག་ཏུ་སྙིང་རྗེ་བཏུང་བར་བྱ། །སྦྱོར་བཏུང་དགའ་བྱ་རྣལ་འབྱོར་པས། །བཏུང་གཞན་ལ་ནི་ཆགས་མི་བྱ། །ཞེས་བྱ་བའོ། །དེ་ནས་དགོངས་པའི་སྐད་བྲི་བར་བྱ་སྟེ། ཆང་ནི་སྨྱོ་བྱེད་སྟོབས་ནི་ཤ། །དེ་བཞིན་འདུས་པ་མལ་ཡ་ཛ། །འགྲོ་བ་ ཁྱི་དང་འཛག་པ་རོ། །རྡུལ་མེད་བསྡུས་པའི་རྒྱན་ཡིན་ཏེ། །འོངས་པ་བྲི་མཁན་བརྗོད་པའོ། །ཅང་ཏེའུ་ཀྲྀ་པི་ཊར་འདོད་དང་། །དུན་དུར་སྐལ་བ་མི་ལྡན་བརྗོད། །སྐལ་ལྡན་ཀ་ལེཾ་ཛ་རར་བརྗོད། །ཌིཎྜི་མ་ནི་མི་རེག་བརྗོད། །པདྨའི་སྣོད་ནི་ཐོད་པའོ། །ཟན་ནི་འགྲངས་བྱེད་ཤེས་པར་བྱ། །ཆོད་ མ་མཱ་ལ་ཏིནྟའོ། །དྲི་ཆེན་བཞི་མཉམ་བརྗོད་པ་དང་། །དྲི་ཆུ་གླ་རྩིར་བརྗོད་པའོ། །རང་བྱུང་སི་ཧཱ་ལར་ཞེས་བྱ། །ས་བོན་ག་བུར་འདོད་པ་དང་། །ཤ་ཆེན་སཱ་ལུ་ལས་སྐྱེས་བརྗོད། །དབང་པོ་གཉིས་སྦྱོར་ཀུན་དུ་རུ། །རྡོ་རྗེ་བོ་ལར་བརྗོད་པར་བྱ། །པདྨ་ཀཀྐོལ་འདོད་པའོ། །རིགས་ཀྱི་དབྱེ་བས་ཕྱེ་བ་ཡིས། ། རིགས་ནི་རྣམ་པ་ལྔ་རུ་བཤད། །དགོངས་པའི་སྐད་ནི་འདི་ཡིན་ཏེ། །རིགས་ཅན་སངས་རྒྱས་ལྔ་ཡིན་ནོ། །རྡོ་རྗེ་རིགས་ཅན་རིགས་ངན་བརྗོད། །དེ་བཞིན་གར་མཁན་མ་ཡི་རིགས། །རིན་ཆེན་རིགས་ཅན་ཙཎྜ་ལཱི། །དེ་བཞིན་རིགས་ཅན་གཉིས་སྐྱེས་མའོ། །ལས་ཀྱི་རིགས་ཅན་ཚོས་མཁན་ མའོ། །ཕྱག་རྒྱ་དེ་རྣམས་གྲུབ་བཟངས་ཏེ། །རྡོ་རྗེ་མཆོད་བྱས་བརྟུལ་ཞུགས་ཅན། །དེ་རྣམས་ཀྱི་ནི་ཤུ་ཀྲ་བཏུང་། །དེ་ནས་དོན་ལ་དཔྱད་པར་བྱ། །མ་ད་ན་ཞེས་བྱ་བ་ནི། །གསུམ་ཀ་རྨོངས་པར་གྱུར་པ་དང་། །དབང་པོ་ལྔ་པོ་འདི་དག་གཅིག་ཏུ་གྱུར་པའོ། །སྟོབས་ནི་འདོད་ཆགས་ལ་སོགས་ པའི་སྡེའོ། །ཤ་ནི་བསམ་པ་རླག་པའི་སེམས་ངན་ནོ། །མ་ལ་ཡ་ཛ་ནི་ཐབས་དང་ཤེས་རབ་གཅིག་པ་ཉིད་དུ་བྱེད་པ་ཡིན་པ་ལ་དེ་ཉིད་འདུས་པའོ། །ཁྱི་འདི་རང་བཞིན་མེད་པའི་ལམ་ལ་འཇུག་པའོ། །རོ་ནི་སེམས་ཡིན་ལ་འཛག་པ་ནི་ཤེས་རབ་ཀྱི་བསམ་པས་འཛག་ཅེས་བྱའོ། །རུས་པའི་ རྒྱན་ནི་རྣམ་པར་མཛེས་པའོ། །རྡུལ་མེད་ནི་བག་ཆགས་ཀྱི་རྡུལ་དང་བྲལ་བའི་སེམས་སོ། །འོང་བ་ནི་དངོས་དང་དངོས་མེད་ལས་འདས་པའོ། །ཕྲེཾ་ཁ་ཎ་དང་ཅང་ཏེའུ་ནི་རང་བཞིན་མེད་པ་ཉིད་ཀྱིས་ཐབས་དང་ཤེས་རབ་གཏན་ལ་འབེབས་པ་སྟེ་ཅང་ཏེའུ་འདོད་དོ། །སྐལ་བར་མི་ལྡན་ནི་གདུལ་བར་ དཀའ་བའི་སེམས་ཡིན་ལ། དུནྡུ་རར་བརྗོད་དོ། །སྐལ་ལྡན་ནི་འོད་གསལ་བའི་སེམས་སོ། །ཀ་ལིཾ་ཛ་ནི་ཤེས་རབ་ཡིན་ལ་སེམས་གང་ལ་ཆགས་པར་གྱུར་པ་དེ་ཀ་ལི་ཛ་རའོ། །མི་རེག་པ་ནི་ཐུགས་ཀྱིས་རྡོ་རྗེའོ། །ཌིཎྜི་མ་ནི་སྒྲའི་རྡོ་རྗེ་དང་ལྡན་པའོ། །བྷཉྫ་མ་ནི་དྲི་མ་དང་བྲལ་བའོ། ། མ་ལ་ཏིནྡ་ན་ནི་ཤེས་རབ་ཀྱི་བདག་ཉིད་ཡིན་ལ་སེམས་ཀྱི་དྲི་མ་བསྲེག་པའོ། །ཟན་ནི་ཚུལ་ཁྲིམས་ཀྱི་སེམས་ལ་རྙེད་པའོ། །འགྲངས་པར་བྱེད་པ་ནི་ཤེས་རབ་པོ། །ཀ་པཱ་ལ་ཞེས་བྱ་བ་ལ་ཀ་ཞེས་བྱ་བ་ནི་ནམ་མཁའ་སྐྱོང་བར་བྱེད་པའོ། །པདྨའི་སྣོད་ནི་ཤེས་རབ་ལ་སྣོད་དུ་གྱུར་པའོ། །དྲི་ ཆེན་ནི་བྱམས་པ་ལ་སོགས་པ་བཞི་རོ་མཉམ་པ་ཉིད་དུ་བྱེད་པའི་ཕྱིར་བཞི་མཉམ་པའོ། །དྲི་ཆུ་ནི་སྙིང་རྗེའོ། །གླ་རྩི་ནི་རང་བྱུང་བའོ། །སིཧླ་ནི་དགའ་བའོ། །ཤུ་ཀྲ་ནི་བཏང་སྙོམས་སོ། །ག་པུར་ནི་ཤ་ཆེན་ནོ། །སཱ་ལུ་ལས་སྐྱེས་པ་ནི་གཉིས་ཀའི་ཡན་ལག་གི་ཆ་ཤས་ ཀྱི་རྟོག་པ་གང་དུ་མེད་དེ་སྒྲིབ་པ་མེད་པའོ། །དབང་པོ་གཉིས་ཀྱིས་སྦྱོར་བ་ནི་སྟོང་པ་ཉིད་དང་སྙིང་རྗེ་ཡང་དག་པར་སྦྱོར་བའོ། །ཀུན་དུ་རུ་ནི་མི་ཕྱེད་པའི་ཚུལ་གྱིས་ཕྱེ་བའོ། །བོ་ལ་ཀ་ནི་ཤེས་རབ་བརྙེས་པའོ། །པདྨོ་ནི་ནམ་མཁའི་རང་བཞིན་དུ་གྱུར་པའི་སིཧླའོ། །ཀཀྐོ་ལཱ་ནི་བདེ་བ་མཆོག་ཏུ་ སྦྱིན་པ་ཞེས་བྱའོ། །སནྡི་ནི་ཉེ་བར་སྡུད་པ་སྟེ། ཨ་པ་ཤ་ཞེས་བྱ་བ་ནི་དེ་སྐྱེད་པར་བྱེད་པ་སྟེ། སན་དྷྱ་བ་ཤ་ཞེས་བྱ་བའོ། །དེ་ལྟར་བདག་གིས་སྙིང་རྗེ་མཆོག་གི་སྦྱོར་བ་དེ་ཉིད་སྣང་བ་ནི། སྣ་ཚོགས་ལ་ནི་ཕན་ཐོགས་བྱེད་པའི་བསྟན་བཅོས་ལེགས་པར་བརྗོད་ནས་སུ། བདུད་རྩིའི་བདག་ཉིད་གྱུར་ པ་གང་ཐོབ་དེ་ཡིས་འགྲོ་གསུམ་པོ། །སྐད་ཅིག་ཕྱེད་ཀྱིས་དགྱེས་རྡོར་གོ་འཕང་བླ་ན་མེད་པར་འགྱུར་བར་ཤོག །དགོངས་པའི་དུམ་བུ་བཅུ་པའོ།། །།སྙིང་རྗེས་ཐུགས་ནི་བརླན་གྱུར་པའི། །དཔལ་ལྡན་འཇིག་རྟེན་མགོན་པོ་ཡིས། །སྣ་ཚོགས་ལ་ནི་ཕན་པའི་ཕྱིར། །དེ་ཉིད་སྣང་བར་ མཛད་པ་ཡིན། །ཞེས་བྱ་བའོ། །དེ་ཁོ་ན་ཉིད་ཀྱི་སྣང་བ་རྫོགས་སོ། །ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐས་བསྒྱུར་ཏེ་གཏན་ལ་ཕབ་པའོ། །ལེའུ་སྟོན་རྒྱ་ནག་གིས་ནན་གྱིས་ཞུས་པའོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་སྱ་ཧསྟ་བྱ་བ་ར་ཀྲ་མ་ནཱ་མ། བོད་སྐད་དུ། དགྱེས་པ་རྡོ་རྗེའི་ ལག་ཏུ་བླང་བའི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལ་དང་པོར་བདག་ཉིད་སྒྲུབ་པ་པོ་བློ་ཕུན་སུམ་ཚོགས་པ་དང་ལྡན་པས་བསམ་གཏན་གྱི་ཁང་པར་ཞུགས་ཤིང་། ཆོས་ཐམས་ཅད་བདག་མེད་པར་མོས་ཏེ། ཕྱིའི་ཁྲུས་དང་། ནང་བདུད་རྩིའི་ཁྲུས་ བྱའོ། །དེ་ནས་ཅི་འབྱོར་པའི་ཡོ་བྱད་བ་སོགས་པ་དང་། མཎྜལ་བྱ་བ་དང་། རས་རིས་དགྲམ་པ་དང་། དྲི་ཆབ་ལ་འཐོར་འཐུང་དང་ཉེ་རེག་བྱས་ཤིང་། ཨོཾ་ཧེ་བཛྲ་ཨ་ཏིཥྛཱ་ན་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་བདག་ལ་སོགས་པ་བསྲུང་བར་འགྱུར་རོ། །དེ་ནས་སྟན་བཟང་པོ་ལ་འདུག་སྟེ། མཆོད་པའི་ཡོ་བྱད་རྣམས་བྱིན་གྱིས་བརླབ་པ་དང་། ཨོཾ་བཛྲ་པུཥྤེ་ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱེ་ཨོཾ་ཨཱཿཧཱུྃ་ཞེས་པས་སོ། །མཆོད་རྫས་གཞན་དག་ནི་ཨོཾ་ཨཱཿཧཱུྃ། ཞེས་པས་བདུན་ནམ་ཉི་ཤུ་རྩ་གཅིག་གིས་སོ། །དེ་ནས་ རང་གི་སྙིང་གའི་ཧཱུྃ་གི་འོད་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ཏེ། ཧཱུྃ་ཁྱོད་ནི་རྣལ་འབྱོར་མ་རྣམས་བསྐོར། །རྡོ་རྗེ་མི་ཕྱེད་ཅིག་བཞེད་པ། །མཆོག་ཏུ་དགྱེས་པས་གཤེགས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཨོཾ་བཛྲ་གཽ་རཱི་ཛཿཨོཾ་བཛྲ་ཙཽ་རཱི་ཧཱུྃ། ཨོཾ་བཛྲ་བེ་ཏཱ་ལཱི་ བཾ། ཨོཾ་བཛྲ་གྷསྨ་རཱི་ཧོཿཞེས་བརྗོད་པས་མངོན་སུམ་དུ་གསལ་བར་བལྟས་ལ་མཆོད་པར་བྱའོ། །ཆུ་དང་ཐང་ལས་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །གུས་པ་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་ མ་ཡེ་ཧཱུྃ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་བདུག་སྤོས་འདི། །གུས་པ་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གདོན་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་སེལ་ མར་མེ་འདི། །གུས་པ་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ནགས་ཚལ་བཅུད་ནི་ཡིད་དུ་འོང་། །དྲི་ཞིམ་སྦྱར་བ་ལྷ་ཡི་ཆུ། །གུས་པ་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་ སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྨན་རྣམས་བཅུད་ནི་ཡིད་དུ་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །གུས་པ་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་ཏྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ ཡེ་ཧཱུྃ། དེ་ནས་ལྷ་མོ་བརྒྱད་ཀྱིས་མཆོད་དེ། །གཽ་རཱི་མ་ནི་རི་བོང་འཛིན། །ཙཽ་རཱི་མ་ནི་ཉི་མ་འཛིན། །བེ་ཏཱ་ལཱི་ནི་རྡོ་རྗེ་ཆུ། །གྷསྨ་རཱི་ནི་སྨན་འཛིན་ཅིང་། །སྦོས་མོ་ཙནྡན་སྡོང་བུ་འཛིན། །རི་ཁྲོད་མ་ནི་སྦྲང་རྩི་འཛིན། །གཏུམ་མོ་ཅང་ཏེའུའི་སྒྲ་སྒྲོགས་ཤིང་། །འདོད་ཆགས་ཆེན་པོའི་རྗེས་ཆགས་ པས། །གཡུང་མོས་མགུལ་པ་ནས་འཁྱུད་པ། །སྐྱེས་བུ་བཞིན་དུ་བྱེད་པར་བཤད། །ཕྱི་དང་ནང་དང་གསང་བ་དང་། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་བཤགས་པ་བྱ་སྟེ། བདག་གི་སྡིག་ པ་བགྱིས་པ་དང་། །རྗེས་སུ་ཡི་རང་བགྱིད་སྩལ་གང་། །རྫོགས་སངས་རྒྱས་ཀྱི་སྤྱན་སྔར་ནི། །ཐམས་ཅད་མ་ལུས་སོ་སོར་བཤགས། །དེ་ནས་རྗེས་སུ་ཡི་རང་བ་བྱས་ཏེ། སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །འཕགས་པ་ཉན་ཐོས་རང་རྒྱལ་དང་། །སོ་སོའི་སྐྱེ་བོའི་བསོད་ནམས་དེ། ། ཀུན་ལ་རྗེས་སུ་ཡི་རང་ངོ་། །དེ་ནས་བསྔོ་བ་བྱ་སྟེ། བདག་གི་དགེ་བ་འདི་དག་ཀུན། །བླ་མེད་བྱང་ཆུབ་ཡང་དག་རྫོགས། །སེམས་ཅན་ཀུན་དང་ཐུན་མོང་དུ། །ཡོངས་སུ་སྨིན་ཅིང་རྫོགས་པར་བགྱི། །དེ་ནས་སྐྱབས་སུ་གསོལ་ཏེ། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །དེ་ཡིས་ གསུངས་པའི་དམ་ཆོས་དང་། །བྱང་ཆུབ་སེམས་དཔའི་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །དེ་ནས་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བདག་གིས་བླ་མེད་བྱང་ཆུབ་ཏུ། །ཡང་དག་རྫོགས་པར་གྱུར་ནས་ནི། །སེམས་ཅན་ཀུན་དོན་ཕན་བྱའི་ཕྱིར། །མི་གནས་ མྱ་ངན་འདས་ལ་དགོད། །དེ་ནས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བདག་གིས་སྦྱིན་པ་ལ་སོགས་པ། །ཕ་རོལ་ཕྱིན་པ་ཀུན་རྫོགས་པས། །རྡོ་རྗེ་ཐེག་པ་བླ་མེད་པའི། །ལམ་ནི་ཡང་དག་བསྟེན་པར་བྱའོ། །དེ་ནས་ཚད་མེད་པ་བཞི་རིམ་པ་བཞིན་དུ་བསྒོམས་ལ། ཡེ་ཤེས་ ཀྱི་ཚོགས་སྟོང་པའི་བྱང་ཆུབ་ཏུ་བསམས་ཏེ། ར་བ་དང་གུར་ལ་སོགས་པའི་ནང་དུ་འབྱུང་བཞི་ཡོངས་སུ་གྱུར་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་ཁྱུང་དང་ལྡན་པའི་ནང་དུ་སོ་སོའི་གདན་དབུས་སུ་བདུད་བཞི། ཤར་ཕྱོགས་སུ་ཚངས་པ། ལྷོ་ཕྱོགས་སུ་དབང་པོ། ནུབ་ཕྱོགས་སུ་ཉེ་དབང་། བྱང་ཕྱོགས་སུ་དྲག་པོ། བྱང་ཤར་དུ་གཤིན་རྗེ། ཤར་ལྷོར་ནོར་བྱིན། ལྷོ་ནུབ་ཏུ་བདེན་བྲལ། ནུབ་བྱང་དུ་ཐགས་བཟངས་རིས་ཀྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནི་ལ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་ནས་དེའི་དབུས་སུ་མངོན་པར་བྱང་ ཆུབ་པ་རྣམ་པ་ལྔ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་ཉིད་དུ་བརྗོད། །ཐམས་ཅད་གཅིག་གྱུར་བྱ་ནན་ཏན། །རྫོགས་པ་ཆོས་དབྱིངས་དག་པའོ། །ཞེས་པས་རྒྱུའི་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་རིག་མ་ སྔོན་མོ་དང་བཅས་པ། ཞལ་ཕྱག་བཅུ་དྲུག་པ་ཕྱག་རྒྱ་ལྔ་དང་ཐལ་ཆེན་གྱིས་ལུས་ལ་བརྒྱན་པ་བསྐྱེད་ལ། གསང་བའི་གནས་པདྨ་སུ་ཁ་དྷ་ར་ཞེས་པ་ལ་སོགས་པ་དང་། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ལ་སོགས་པས་བྱིན་གྱིས་བརླབས་ལ། སིཾ་སིཾ་ཞེས་པ་ལ་སོགས་པའི་རྟེན་ཅིང་འབྲེལ་པར་ འབྱུང་བས་བསྐྱོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པས་རྗེས་སུ་ཆགས་པའི་ཞུ་བ་ལས། རྗེས་སུ་མཐུན་པའི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་ལྷ་མོའི་འཁོར་ལོ་སྤྲོ་བར་བྱའོ། །དེ་ལ་གཽ་རཱི་མ་ནི་ཤར་གྱི་གདན་གྱི་སྟེང་དུ་སྔར་གྱི་བསོད་ནམས་དང་ཡེ་ཤེས་ ལས་ཨཱ་ལི་ཀཱ་ལིར་སྣང་ལ། དེ་དག་གྱུར་པ་ལས་ཟླ་བ་དང་ཉི་མ་སྟེ་མངོན་པར་བྱང་ཆུབ་པ་གཉིས་པའོ། །དེ་དག་གི་ནང་དུ་ཞུ་བར་གྱུར་པའི་གྷཾ། ཞགས་པ་གྲི་གུག་ཏུ་གྱུར། དེ་ལ་གྷཾ་གིས་མཚན་པ་ཟླ་ཉིའི་སྟེང་དུ་གནས་པ་ནི་བྱང་ཆུབ་པ་གསུམ་པའོ། །དེ་ནས་ས་བོན་གྷཾ་ལས་འོད་ཟེར་ རྣལ་འབྱོར་མའི་རྣམ་པའི་གཟུགས་སུ་བྱུང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་སླར་བསྡུས་པས་ཉི་ཟླ་ལ་སོགས་པ་ཞུ་བ་ནི་བྱང་ཆུབ་པ་བཞི་པའོ། །དེ་ལ་གཽ་རཱིའི་གཟུགས་སྐུ་མདོག་ནག་པོ་དྲག་ཆེན་མོ་ལ་སོགས་པ་རྫོགས་པ་ནི་བྱང་ཆུབ་པ་ལྔ་པའོ། །དེ་བཞིན་དུ་ཙཽ་རཱི་ལ་ སོགས་པ་གཞན་དག་ལ་ཡང་སྦྱར་རོ། །དེ་ལྟར་འཁོར་བསྐྱེད་པའི་བྱ་བ་རྫོགས་པ་དང་། དེའི་དབུས་སུ་གཙོ་བོ་རྒྱུས་འགྱུར་བ་ནི་སྲིད་པ་བར་དོ། །ཡི་གེ་ཨོཾ་ཨཱཿཧཱུྃ་ཧོ་དམར་པོ་གཉིས་ཀྱི་བར་དུ་བཅུག་པ་སྲིད་པ་བར་དོ་དྲི་ཟ་ཉེ་བར་འཁོར་གྱི་ཚུལ་དུ་གནས་པ་སྟེ། དགའ་ལྡན་དེའི་ཞལ་དུ་ཞུགས་པས་ པདྨའི་མཐའ་རུ་ཆགས་ཤིང་ཞུ་བས་དྲན་པ་དང་ལྡན་པར་གྱུར་ཏེ། དེ་ཉིད་ཀྱི་ཚེ་གཙོ་བོ་རིག་མ་དང་བཅས་པར་ཡང་ཞུ་བར་གྱུར་ཏོ། །དེ་ལྟར་རྒྱུ་རྫོགས་ནས་རྐྱེན་གླུས་བསྐུལ་བ་ནི། གྲྭ་བཞི་ན་གནས་པའི་ལྷ་མོ་བཞིས་བསྐུལ་བའི་ལས་བྱེད་པས་ན། བྱམས་པ་ལ་སོགས་པའི་གླུ་བཞི་ བླང་བར་བྱ་སྟེ། བཞེངས་ཤིག་རྗེ་བཙུན་སྙིང་རྗེའི་ཡིད། །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། །ཁྱོད་མི་བཞུགས་ན་བདག་འགུམ་པས། །དགྱེས་པའི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་ནས། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱིད། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ ཤིག །གཡུང་མོ་བདག་ཡིད་དྲན་ཉམས་པས། །སྙིང་རྗེའི་རྒྱུན་ཆད་མ་མཛད་ཅིག །ཅེས་པའི་རྐྱེན་གྱིས་བསྐུལ་བས། འབྲས་བུའི་ཧེ་རུ་ཀ་ཡུད་ཙམ་གྱིས་མངོན་པར་བྱང་ཆུབ་པ་ལྔས་རྫུས་སྐྱེས་དང་ཆོས་མཐུན་པར་བསྐྱེད་པར་བྱ་སྟེ། དེ་ཡང་ཞུ་སྟེ་གོང་བུ་གཉིས་སུ་གྱུར་ཏེ། གོང་བུ་གཅིག་ནི་ སྟེང་འོག་གི་ཉི་ཟླ་གཉིས་དང་། བར་དུ་ས་བོན་ཧཱུྃ་ལས་རྡོ་རྗེར་གྱུར། དེ་ལས་ས་བོན་གྱིས་མཚན། དེ་ལས་འོད་ཟེར་རྣལ་འབྱོར་མའི་གཟུགས་སྤྲོས་བསྡུས་པ་ལས་གཅིག་ཏུ་གྱུར་པ་ལས་སྐུ་མདོག་ནག་པོ་ལ་སོགས་པའི་མཚན་ཉིད་དུ་གྱུར་ཏོ། །དེ་བཞིན་དུ་བདག་མེད་མ་ལ་ཡང་ཨོཾ་དང་གྲི་ གུག་ལ་སོགས་པ་བྱང་ཆུབ་པ་ལྔ་ལས་གྱུར་ཏོ། །དེ་མ་ཐག་ཏུ་ཞབས་རྣམས་ཀྱི་སྟང་སྟབས་ལ་སོགས་པ་གྱུར་པའི་རྗེས་ལ། དབུས་ཀྱི་གནས་སུ་དཀྱིལ་འཁོར་གྱི་བདག་པོར་གྱུར་ཏོ། །དེ་ནས་ཡང་འཁོར་རྣམས་ཀྱི་སྐུ་མདོག་དང་། མཚན་མ་ལ་སོགས་པ་གསལ་བར་བྱས་པ་དང་། སེམས་དཔའ་སུམ་བརྩེགས་བྱ་སྟེ། དེ་ལ་དཔའ་བོའི་ཐུགས་ཀར་པཾ་ལས་པདྨ་འདབ་མ་བརྒྱད་པ་དང་། རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེའོ། །དེ་ལ་ཧཱུྃ་གིས་མཚན་པར་གྱུར་པ་ལས་བསྐྱེད་པའི་ཡེ་ཤེས་པ་རང་དང་འདྲ་བའོ། །དེའི་ཡང་ཐུགས་ཀར་པདྨ་དང་ཉི་མ་ལ་ཧཱུྃ་ཡོངས་སུ་གྱུར་པའི། རྡོ་རྗེ་ལ་ཧཱུྃ་གིས་མཚན་པའོ། །དེ་བཞིན་དུ་གཞན་དག་ལ་ཡང་ཧཱུྃ་དང་རྡོ་རྗེ་སེམས་དཔའ་སུམ་བརྩེགས་བྱ་བ་ཉིད་དོ། །དེ་ནས་གཙོ་བོའི་ཏིང་ངེ་འཛིན་སེམས་དཔའ་ལས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་གསལ་བ་དེ་ལས་བྱུང་བའི་ཡིད་ཀྱིས་མཆོད་པས་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་བརྗོད་དོ། །དེ་ནས་རྡོ་རྗེ་གླུ་དང་ཕྱག་རྒྱར་བཅས་པས། ཨོཾ་བཛྲ་གཽ་རཱི་བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་བཛྲ་ཙཽ་རཱི་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་བེ་ཏཱ་ལཱི་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷསྨ་རཱི་བཛྲ་གྷཎྜེ་ཧོཿཞེས་པས་དགུག་པ་དང་གཞུག་པ་དང་། བཅིང་བ་དང་། དབང་དུ་ བྱེད་ཅིང་། དམ་ཚིག་གི་འཁོར་ལོ་དང་དབྱེར་མེད་དུ་གྱུར་ཏོ། །དེ་ནས་དམ་ཚིག་ལ་ཡེ་ཤེས་ཀྱི་འཁོར་ལོ་བརྟེན་ཞིང་ནུས་པ་བསྐྱེད་པའི་དོན་དུ་ལྷ་ཀུན་གྱི་སྐྱེ་མཆེད་བྱིན་གྱིས་བརླབས་པ་དང་། སྐུ་གསུང་ཐུགས་སོ། །དེ་ལ་གཙོ་བོའི་མིག་ལ་མཾ་གྱི་ས་བོན་ནོ། །དེ་ཡང་ཡོངས་སུ་གྱུར་པ་ལས་གཏི་ མུག་རྡོ་རྗེ་མ་གསལ་བར་བསམ་ཞིང་། མཾ་མོ་ཧ་བཛྲི་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དོ། །རྣ་བར་ས་བོན་ཌཾ་ལས་ཞེ་སྡང་རྡོ་རྗེ་མ་བསམ་ཞིང་། དཾ་དྭེ་ཥ་བཛྲི་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དོ། །སྣ་ལ་པཾ་ཡོངས་སུ་གྱུར་པ་ལས་སེར་སྣ་རྡོ་རྗེ་མ་བསམ་ཞིང་། པཾ་བེ་ཤུ་ན་བཛྲི་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དོ། །ཁ་ལ་རཾ་ ཡོངས་སུ་གྱུར་པ་ལས། འདོད་ཆགས་རྡོ་རྗེ་མ་བསམ་ཞིང་། རཾ་རཱ་ག་བཛྲ་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དོ། །ལུས་ལ་ཨོཾ་ཡོངས་སུ་གྱུར་པ་ལས་ཕྲག་དོག་རྡོ་རྗེ་མ་བསམ་ཞིང་། ཨོཾ་ཨིརྵྱ་བཛྲ་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དོ། །སྙིང་གར་ཡིད་ལ་ཡང་ས་བོན་ནཾ་ཡོངས་སུ་གྱུར་པ་ལས་བདག་མེད་པར་ བསམ་ཞིང་། ནཾ་ནཻ་ར་ཨཱཏྨ་བཛྲི་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དོ། །དེ་བཞིན་དུ་གཙོ་བོའི་སྙིང་ག་དང་། ལྐོག་མ་དང་། སྤྱི་བོར་ཨོཾ་ཨཱཿཧཱུྃ་གི་ས་བོན་ལས། མཁའ་སྤྱོད་སྐུའི་རྡོ་རྗེ་མ། ས་སྤྱོད་གསུང་གི་རྡོ་རྗེ་མ། ཞབས་འོག་གནས་པ་ཐུགས་ཀྱི་རྡོ་རྗེ་མར་གསལ་བར་བསྐྱེད་ཅིང་། ཨོཾ་སརྦ་ ཏ་ཐཱ་ག་ཏ་ཁེ་ཙ་རི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷཱུ་ཙ་རི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ཏཱ་ལ་ཝ་སི་ནི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ། དེ་བཞིན་དུ་ལྷ་ཀུན་ལ་ཡང་རིམ་པ་བཞིན་དུ་སྦྱར་རོ། །དེ་ནས་གཙོ་བོའི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་མདུན་ གྱི་ནམ་མཁར་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ། ཡང་འོད་ཟེར་གྱིས་མཆོད་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྗོད་པས་མཉེས་པར་གྱུར་པ་དེ་ལས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་ པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་དཔལ་ཧེ་རུ་ཀ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་གྱུར་ཏེ། དེ་བཞིན་གཤེགས་པ་ལྔ་ཞུ་བའི་བུམ་པས་ལྷ་ཀུན་ལ་དབང་བསྐུར་ནས། སོ་སོར་རིགས་ཀྱི་བདག་པོ་དབུ་ལ་བསྐྱེད་ཅིང་། མེ་ཏོག་གི་ཆར་ལ་སོགས་པ་བྱུང་བ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་ནས་ཡང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་མཆོད་པའི་ལྷ་མོའི་ཚོགས་སྤྲོས་ནས་བདག་ཉིད་གཙོ་བོ་དང་བཅས་པའི་འཁོར་ལོ་ལ་མཆོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་ནས། ཐམས་ཅད་དངོས་པོའི་རང་བཞིན་མཆོག །ཅེས་བྱ་བ་ལ་སོགས་པ་འམ། ཁྱོད་ནི་རྣལ་འབྱོར་མ་རྣམས་ཡོངས་སུ་བསྐོར། །ཞེས་བྱ་བ་ལ་སོགས་པས་འཁོར་གྱིས་གཙོ་བོ་ལ་བསྟོད་པར་བསམ་ཞིང་། བདག་ཉིད་ཀྱང་གླུ་བླང་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་སྟུ་ཏེ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་ བརྗོད་དོ། །དེ་ནས་བདུད་རྩི་མྱང་བའི་ཆོ་ག་བྱ་སྟེ། བདག་ཉིད་གཙོ་བོའི་ང་རྒྱལ་དང་ལྡན་པས་དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་ཡེ་ཤེས་ཀྱི་སྣང་བ་ལས་གྱུར་པ་ཡིན་པས་ན་རང་དང་ཐ་མི་དད་པའི་ང་རྒྱལ་བྱའོ། །དེ་ནས་རང་གི་མདུན་དུ་འཇིག་རྟེན་པའི་གཡོས་བྱེད་པའི་ཚུལ་དུ་ཀཾ་ཡོངས་སུ་གྱུར་པ་ལས་ ཐོད་པ་གསུམ་དང་། ཡཾ་ལས་རླུང་ངོ་། །དེ་ནས་རཾ་ཡོངས་སུ་གྱུར་པའི་མེའི་སྟེང་དུ། ཨ་ཡོངས་སུ་གྱུར་པའི་ཐོད་པའོ། །ནང་དུ་བདུད་རྩིའི་རི་ལུའམ་ཕྱེ་མ་མྱོས་བྱེད་དང་སྦྱར་བ་ལ། བི་ར་ཤུ་མ་མུ་དང་། གོ་ཀུ་ད་ཧ་ན་ལས་བདུད་རྩི་ལྔ་དང་། སྒྲོན་མ་ལྔའི་ངོ་བོར་གྱུར་ཏོ། །དེའི་སྟེང་དུ་ཧཱུྃ་ཡོངས་སུ་ གྱུར་པ་ལས་རྡོ་རྗེ་རྒྱ་གྲམ་ཁ་ཆོད་ལྟ་བུར་བསམ་མོ། །དེ་ནས་རླུང་གིས་མེ་བསྐྱོད་པས་ཐོད་པར་བདུད་རྩི་དང་སྒྲོན་མ་འདྲེས་ཤིང་ཁོལ་བས་རླངས་པ་ལྟ་བུའི་འོད་ཟེར་བྱུང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ། དེ་རྡོ་རྗེ་ལ་ཐིམ་པས་ཞུ་ནས་ དམ་ཚིག་གི་བདུད་རྩི་ལ་ཐིམ་ཞིང་འདྲེས་པར་གྱུར་ཏོ། །ཨོཾ་ཨཱཿཧཱུྃ་ཞེས་ལན་བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད་པས་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ནས་དཀྱིལ་འཁོར་གྱི་ལྷ་ཀུན་རང་གི་གཙོ་བོར་གསལ་བའི་ཐུགས་ཀར་བསྐྱེད་ཅིང་དམིགས་པའམ། ཡང་ན་རང་ཉིད་ལས་གྱུར་པའི་ འོད་ཟེར་ལྟ་བུའི་སྣང་བར་བསམས་ཏེ། རང་གི་ལྕེ་ལ་ཧཱུྃ་ལས་གྱུར་པའི་རྡོ་རྗེ་ནས་འབྲུ་ཙམ་བསམ་མོ། །དེའི་འོད་ཟེར་སྦུ་གུས་བདུད་རྩིའི་རོ་མྱང་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སུ་ས་ཏྭ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེ་ལྟར་ཡན་ལག་དྲུག་པོ་དག །འཁོར་ལོས་སྒྱུར་བ་དྲུག་ རྣམས་སུ། །མོས་དང་ལྡན་པས་བསྒོམས་གྱུར་ན། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །དེ་ཡི་རྟགས་ནི་འདི་ཡིན་ཏེ། །དང་པོ་སྤྲིན་དང་འདྲ་བ་ནི། །སྤྲིན་མེད་ནམ་མཁའི་བར་དུའོ། །དེ་ནས་རྫོགས་དེ་ཁོ་ན་ཉིད། །གཏུམ་མོ་སྦར་བ་ལ་སོགས་བྱ། །རྣལ་འབྱོར་དེ་ཡིས་ངལ་གྱུར་ནས། ། དེ་ཉིད་རྗེས་སུ་དྲན་པ་དང་། །སྔགས་བཟླས་གཏོར་མ་གཏང་བ་དང་། །སྤྱོད་ལམ་ལྷག་པར་མོས་པ་བྱ། །དེ་དག་གི་དོན་ནི་འདི་ཡིན་ཏེ། ཡན་ལག་དྲུག་པོ་ཞེས་པ་ནི། །གཞི་དང་རྗེས་སུ་ཆགས་པ་དང་། །དབང་བསྐུར་མཆོད་བསྟོད་བདུད་རྩི་མྱང་། །འཁོར་ལོས་སྒྱུར་དྲུག་ཅེས་པ་ནི། །རྟག་ པ་རྡོ་རྗེ་འཆང་བ་དང་། །མི་བསྐྱོད་དོན་ཡོད་རིན་ཆེན་འབྱུང་། །འོད་དཔག་མེད་པའམ་ཡེ་ཤེས་རྣམས། །ཆོས་ལྡན་བསྒོམ་པ་ཞེས་པ་ནི། །རྣམ་པ་དེ་དག་བསྒོམ་པའི་ཚེ། །མོས་པ་སངས་རྒྱས་རང་བཞིན་ནོ། །མྱུར་དུ་བྱང་ཆུབ་འཐོབ་ཅེས་པ་ནི། མཆོག་ཏུ་གྱུར་པའི་རྟེན་འབྲེལ་མཐུ། ། རྡོ་རྗེ་སེམས་དཔའ་མཁྱེན་ཕྱིར་རོ། །དེའི་རྟགས་ཞེས་པ་ནི། སེམས་བརྟན་དེ་ཉིད་ལ་འཇུག་དང་། །དངོས་གྲུབ་འགྲུབ་པའི་མཚན་མའོ། །དང་པོ་སྤྲིན་དང་འདྲ་ཞེས་པ་ནི། དབང་སྟོབས་ལྷན་སྐྱེས་བུ་མོའམ། །ལས་ཀྱི་ཕྱག་རྒྱ་མངོན་དུ་སྣང་། །སྤྲིན་མེད་ནམ་མཁའི་བར་དུའོ། ། ཞེས་པ་ནི། སྒོམ་དང་སྤྱོད་པ་འབྲས་བུའི་སྟོབས། །ཕྱག་རྒྱ་ལ་སོགས་རིམ་བཞིན་སྦྱར། །རྫོགས་རིམ་དེ་ཁོ་ན་ཞེས་པ་ནི། རིམ་གཉིས་ཚོགས་པ་གཅིག་པའམ། །བརྟེན་ཏེ་བྱིན་གྱིས་བརླབ་ཕྱིར་རོ། །གཏུམ་མོ་སྦར་བ་ལ་སོགས་ཞེས་པ་ནི། །མཚན་མ་རྣམ་རྟོག་འཇོམས་ པ་ཡིས། །ཡི་གེ་ཨ་མ་ཐིག་ལེ་ལས། །འབར་བའི་འོད་ཟེར་བྱུང་བས་སོ། །སོགས་པ་རྫོགས་རིམ་གཞན་ཡང་བསྒོམ། །རྣལ་འབྱོར་དེ་ཡིས་ངལ་ཞེས་པ་ནི། རིམ་པ་གཉིས་ཀྱིས་ངལ་གྱུར་ན། །དབུགས་དབྱུང་བ་ནི་རྣམ་པ་གསུམ། །དེ་ཉིད་རྗེས་སུ་དྲན་ཞེས་པ་ནི། བདག་ ཉིད་ལྷ་ཡི་ཕུང་པོ་དང་། །སྐྱེ་མཆེད་ལ་སོགས་ལྷ་མོར་དྲན། །ཧེ་རུ་ཀ་ཡི་ཆ་བྱད་ནི། །ཕ་རོལ་ཕྱིན་པའི་རྣམ་དག་དྲན། །སྔགས་བཟླས་ཞེས་པ་ནི། དེ་ལ་སྔགས་ཀྱི་བཟླས་པའི་ཚེ། །བདག་ཉིད་རིམ་པ་གཉིས་པོ་དག །ཚོགས་པ་གཅིག་ཏུ་སྣང་བྱས་ནས། །བདག་ཉིད་ ནམ་མཁའི་ངོས་གནས་པའི། །ཟླ་བ་ལྟ་བུའི་བསམ་གཏན་མོས། །དཀྱིལ་འཁོར་འཁོར་ལོའི་བདག་ཉིད་ནི། །ཆུ་ཟླ་ལྟ་བུར་གྱུར་པའོ། །དེ་ལ་སྔགས་ཀྱི་བཟླས་པ་ཡང་། །བདག་ཉིད་ཚོགས་པ་གཅིག་གྱུར་པས། །སྒྲ་རིངས་གསལ་བ་ཁྲི་འབུམ་བཟླས། །དེ་ཚེ་དཀྱིལ་འཁོར་ པ་དག་ཀྱང་། །སྒྲ་བརྙན་བྲག་ཅའི་ཚུལ་དུ་ཟློས། །གཏོར་མ་བཏང་ཞེས་པ་ནི། དེ་ལ་གཏོར་མའི་བྱ་བ་སྟེ། བཤད་རྒྱུད་ལུང་དང་མན་ངག་གོ། །བདག་ཉིད་ཚོགས་པ་གཅིག་གྱུར་པས། །མདུན་གྱི་ཆོས་འབྱུང་གྲུ་གསུམ་དུ། །སྟེང་འོག་པདྨ་རིམ་གསུམ་བྱ། །སྟེང་དུ་ཚངས་ པ་ལ་སོགས་ལྷ། །ཨོཾ་སྐྱེས་མདོག་དཀར་རྟག་པས་མཚན། །རྡོ་རྗེ་དྲིལ་བུ་འཛིན་པ་ཡིས། །རང་མཚུངས་རིག་མ་དང་ལྡན་པའོ། །བར་གྱི་པདྨ་ཧཱུྃ་ལས་བྱུང་། །མདོག་སྔོན་མི་བསྐྱོད་པ་ཡིས་མཚན། །རྡོ་རྗེ་དྲིལ་བུ་འཛིན་པ་ཡིས། །རང་མཚུངས་རིག་མ་དང་ལྡན་པའོ། །འོག་གི་ པདྨར་ཨ་ལས་བྱུང་། །མདོག་དམར་འོད་དཔག་མེད་པས་མཚན། །རྡོ་རྗེ་དྲིལ་བུ་འཛིན་པ་ཡིས། །རང་མཚུངས་རིག་མ་དང་ལྡན་པའོ། །ཡཾ་ལས་རླུང་དང་རཾ་ལས་མེ། །ཨ་ལས་ཐོད་པར་བདུད་རྩི་བསམ། །བདུད་རྩི་སྒྲོན་མའི་ས་བོན་ལས། །རིམ་བཞིན་བསྐོལ་བས་འོད་ཟེར་བྱུང་། ། དེ་ཡིས་ཡེ་ཤེས་བཀུག་བྱས་ཏེ། །དེ་ཉིད་གསུམ་གྱི་སྔགས་ཀྱིས་བརྟན། །དེ་ལ་སྔར་གྱི་མགྲོན་རྣམས་ཀྱི། །ལྕེ་ཡི་འོད་ཟེར་སྦུ་གུ་ཡིས། །བདུད་རྩི་རོ་རུ་གསོལ་བར་བྱེད། །ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ། བྷཱུ་ཏ། བཧྣི། བ་ཨུ། རཀྑ། ཙནྡ། སུཛྫ། མ་ད། པཔྤ། ཏ་ལ་པཱ་ཏཱ་ལེ། ཨཊྚ་སཔྤ་ སྭཱ་ཧཱ། ཨི་དཾ་བ་ལིཾ། བྷུཉྫ། ཛིཾ་གྷ། ཕུལླ། དྷཱུ་པ། མཱཾ་ས། པིཾ་གྷ། སམྦྷ། སཔྤ། ཀཛྫ། སཱ་ད། ཁནྟི། ཁུ་ཎི། ཕེ་ཌ། གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། གལ་ཏེ་མཚན་ཕྱེད་ཚོགས་འཁོར་ལོ། །བྱེད་ན་དབུགས་དབྱུང་བཞི་པ་སྟེ། །གཉིས་འོག་ གཏོར་མའི་སྔོན་དུ་བྱ། །དང་པོར་ཀུན་གྱིས་ཁྲུས་ལ་འཇུག །བདུད་རྩི་ལྔ་དང་དྲི་ཞིམ་བྱུགས། །གོས་བཟང་རུས་སོགས་རྒྱན་གྱིས་བརྒྱན། །སོ་སོའི་མགོ་ལ་མེ་ཏོག་གཞག །ཡང་ན་མེ་ཏོག་ཕྲེང་བས་བཅིང་། །ཐིག་གདབ་ལེ་ཚེར་བྱ་བ་དང་། །རང་རང་སྟན་ལ་བདེ་བར་འདུག །ཀུན་གྱི་རྣལ་ འབྱོར་གསལ་བ་རུ། །ཕྱོགས་དང་མཚམས་སུ་ལྷ་རུ་གསལ། །དེ་ནས་ཀརྨ་བཛྲ་ཡིས། །མེ་ཏོག་ལ་སོགས་མཆོད་པ་ལྔ། །རྣལ་འབྱོར་ཀུན་ལ་རིམ་བཞིན་བྲི། །དེ་ནས་དཀྱིལ་འཁོར་ལྷ་རྣམས་ལ། །བ་ལིཾ་ཆེན་པོའི་གཏོར་མ་བསྟབ། །བཟའ་དང་བཏུང་བའི་ཕུད་བསྡུས་ལ། །ལག་ཏུ་ ཐོགས་ནས་འདི་སྐད་བརྗོད། །ཨོཾ་བཛྲ་གཽ་རཱི་ག་ཎ་ཙཀྲ་ཨ་དྷིཥྛཱ་ན། ཞེས་པའི་གླུ་ནི་དྲུག་འགྱུར་དུ། །ལྷ་མོ་བརྒྱད་པོ་རིམ་བཞིན་དུ། །དེ་ལྟར་བྱིན་གྱིས་བརླབ་བྱས་ལ། །ཀརྨ་བཛྲས་ཕུད་དེ་རྣམས། །གཏོར་ཆེན་བསྐྱེད་གསུམ་ལྡན་པར་ནི། །ར་མགོ་ལུག་མགོ་མི་མགོ་ཅན། །འཕན་དང་བ་ དན་བརྒྱན་པས་དབུལ། །ཨོཾ་ཧེ་བཛྲཱ་དྷིཥྛཱ་ན། མ་ཧཱ་བ་ལིཾ་ཏ་པྲ་ཏཱིཙྪ་ཧོ། །ཁ་ཁ་ཁཱ་ཧི་ཁཱ་ཧི། གྲྀཧྞ་གྲྀཧྞ། བྷུཉྫ་བྷུཉྫ་པྲ་ཏཱི་ཙྪ་ཧོཿཞེས་པས་གླུ་བླང་ཞིང་། ཨོཾ་བཛྲ་ནཻ་ར་ཨཱཏྨ། ཨོཾ་བཛྲ་གཽ་རཱི་ཞེས་པའི་མིང་ཀུན་དང་སྦྱར་ཞིང་དབུལ་ལོ། །དེ་ནས་ཀརྨ་བཛྲ་ཡིས། །རྡོ་རྗེ་སློབ་དཔོན་ལ་སོགས་པ། །ཀུན་ གྱི་མདུན་དུ་མཎྜལ་བྱ། །རྡོ་རྗེ་ལག་ཀོར་གར་བྱ་ཞིང་། །རྡོ་རྗེ་གླུ་ཡིས་འདི་སྐད་བརྗོད། །ཁྱོད་ནི་རྣལ་འབྱོར་དམ་པ་མཆོག །བདེ་བ་ཆེན་པོའི་རོས་གང་བ། །དེ་ཡི་རྐྱེན་དུ་དབུལ་ལགས་ཀྱིས། །དགྱེས་པའི་མདངས་ཀྱིས་བཞེས་སུ་གསོལ། །དེ་ནས་བཟའ་དང་བཅའ་ལ་སོགས། །ཁྱད་ པར་དང་ནི་ཐུན་མོང་དུ། །སོ་སོར་ཚིམ་པར་གྱུར་ནས་ཀྱང་། །རྡོ་རྗེ་གར་དུ་གླུ་བླངས་ཏེ། །ཚོགས་ཀྱི་བདག་པོས་སྔར་བྱས་པའོ། །ཡང་ན་གཞན་དག་གིས་ཀྱང་ངོ་། །ཨོཾ་བཛྲ་གཽ་རཱི་ཧཱུྃ། བཛྲ་པཱུ་ཛ་ཨ་ནུཏྟ་ར་ཞེས་པ་རྐང་པ་གསུམ་གྱི་གླུས་ལྷ་མོ་བརྒྱད་ཅར་ལ་སྦྱར་བར་བྱའོ། །གཞན་ ཡང་སྐད་ཅིག་དགའ་བའི་གླུ། །རྣམ་པ་སྣ་ཚོགས་དུ་མ་ཡི། །འོ་དང་འཁྱུད་པ་ལ་སོགས་པ། །རྣམ་པ་སྣ་ཚོགས་སྐད་ཅིག་མ། །དགའ་བའི་ལོངས་སྤྱོད་རབ་ཏུ་འབུལ། །རྣམ་པ་སྣ་ཚོགས་དུ་མ་ཡི། །སྒེག་དང་དཔའ་ལ་སོགས་པ་རྣམས། །རྣམ་པར་སྨིན་པའི་སྐད་ཅིག་མ། ། མཆོག་དགའི་ལོངས་སྤྱོད་རབ་ཏུ་འབུལ། །རྣམ་པ་སྣ་ཚོགས་དུ་མ་ཡི། །བདེ་བའི་སྟོན་མོ་ལ་སོགས་པའི། །རྣམ་པ་མེད་པའི་སྐད་ཅིག་མ། །དགའ་བྲལ་ལོངས་སྤྱོད་རབ་ཏུ་འབུལ། །རྣམ་པ་སྣ་ཚོགས་དུ་མ་ཡི། །བདེ་མཆོག་ཆེན་པོ་ལ་སོགས་པ། །མཚན་ ཉིད་བྲལ་བའི་སྐད་ཅིག་མ། །ལྷན་སྐྱེས་ལོངས་སྤྱོད་རབ་ཏུ་འབུལ། །འཇིག་རྟེན་མ་ལུས་ཐམས་ཅད་ཀྱང་། །ནམ་མཁའ་ཀུན་གྱི་རྣལ་འབྱོར་གྱིས། །ནམ་མཁའི་དམ་ཚིག་ལ་ཞུགས་ཏེ། ཐམས་ཅད་ནམ་མཁར་ལོངས་སྤྱོད་པའོ། །ཞེས་པ་ཡིས་ནི་གླུ་བླངས་ལ། །གལ་ཏེ་ སློབ་མ་འཇུག་འདོད་ལ། །ཚོགས་ཀྱི་འཁོར་ལོ་སྔོན་ཉིད་དུ། །ཅུང་ཟད་བཟླས་པའི་རྗེས་ལ་བྱ། །དེ་ཡང་རྡོ་རྗེ་སློབ་དཔོན་གྱི། །ལས་སུ་བྱ་བ་འདི་ཡིན་ཏེ། །སྔོན་དུ་གྲངས་དང་མཚན་མའོ། །དུས་ཀྱི་བསྙེན་པས་སྦྱང་བར་བྱ། །འབུམ་དང་ཁྲི་ཡིས་གཙོ་འཁོར་ལོ། །དེ་བཞིན་ཟླ་ དྲུག་གོམས་པ་དང་། །སྔགས་ཀྱི་རབ་མཐོང་ཕ་རོལ་སོན། །གསལ་བར་ནུས་པའི་རྣལ་འབྱོར་རོ། །དེར་ནི་བསྙེན་པས་མཐུ་བསྐྱེད་ནས། །ས་ཡི་ཆོ་ག་བརྟག་པ་ནི། །ཕྱི་དང་ནང་དུ་ཤེས་པར་བྱ། །ཕྱི་ནི་ཚྭ་སྒོ་ཅན་ལ་སོགས། །ངན་པའི་སྐྱོན་དག་སྤང་བྱས་ནས། །གྲོང་ཁྱེར་བྱང་ ངམ་ཤར་དུ་གཞོལ། །མཉམ་ལ་སོགས་པའི་ཡོན་ཏན་ལྡན། །ནད་ནི་མཚན་མ་རྨི་ལམ་སོགས། །རྣལ་འབྱོར་ནུས་པས་རབ་ཏུ་བརྟག །སྦྱང་བ་དེ་བཞིན་ཕྱི་དང་ནང་། །ཕྱི་ནི་འདོམ་གང་ལྟེ་བ་དང་། །པུས་ནུབ་ཙམ་དུ་བརྐོ་བྱས་ཏེ། །འབྱོར་པ་རབ་འབྲིང་ཐ་མ་ཡིས། །རྡོ་དང་གྱོ་མོ་ སོལ་དུམ་བསལ། །དེ་ནས་ནང་གི་སྦྱང་བ་ནི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་སོ། །དེ་ནས་བྱིན་གྱིས་བརླབ་བྱ་སྟེ། །འོག་གཞི་རི་རབ་རྩེ་མོའམ། །ཤྲཱི་དྷ་ན་ལ་སོགས་པ་ཡི། །བདེ་བ་ཅན་གྱི་གནས་སུ་བསམ། །དེར་གནས་པ་ཡི་རྣལ་འབྱོར་ནི། །ཡན་ལག་དྲུག་པོ་སྔར་ བཞིན་བྱ། །དེ་ནས་ས་ཡི་ལྷ་མོ་ནི། །བསྐྱེད་ཅིང་སྤྱན་དྲངས་བཞུགས་པ་ལ། །མ་མ་རིན་ཆེན་སྣ་ཚོགས་འཛིན། །ཞེས་སོགས་ཚིག་གིས་དཔང་པོར་གསོལ། །དེ་རྗེས་རྣལ་འབྱོར་ལྡན་པ་ཡི། །སློབ་དཔོན་ལ་ནི་གྲོགས་མཆོག་གིས། །ཕྱོགས་བཞི་ནས་བསྟོད་གསོལ་ བ་གདབ། །དེ་ཡི་དོར་བྱས་ལངས་ཏེ་བསྲུང་། །རྡོ་རྗེ་ལྟ་སྟངས་རྡོ་རྗེ་འགྲོས། །དེངས་ཤིག་པ་དང་སྟང་སྟབས་སོགས། །དཀྱིལ་འཁོར་ཆོ་གའི་གཞུང་བཞིན་བྱ། །དེ་ཡི་མཚན་མོ་སྟ་གོན་ནི། །ལྷ་དང་བུམ་པ་སློབ་མའོ། །དེ་ལ་ལྷ་ཡི་བྱ་བ་ནི། །དང་པོར་ཀརྨ་བཛྲ་ཡིས། །བྱ་བ་ལ་ནི་འཇུག་ པ་དང་། །ཚོགས་བསགས་པ་དང་རྣལ་འབྱོར་ནི། །ཡན་ལག་དྲུག་པོ་སྔར་བཞིན་བྱ། །དེ་ནས་བདག་ཉིད་ཕུན་སུམ་ཚོགས། །ལྡན་པའི་བླ་མ་ལ་ནི་འཕོ། །དེ་ཚེ་དྲི་ཡི་ཐིག་ལེ་དང་། །མེ་མར་དགུ་སོགས་ཕུན་ཚོགས་བྱ། །དེ་ནས་བླ་མའི་རྣལ་འབྱོར་ནི། །གཟུགས་བརྙན་མེ་ཏོག་ཚོམ་ བུ་ལ། །ཏིང་འཛིན་ས་བོན་བདག་གིས་བསྐྱེད། །ཡེ་ཤེས་བཀུག་ལ་སུམ་བསྲེག་བྱ། །དེ་ཡང་རང་གི་སྙིང་ག་ཡི། །ས་བོན་འོད་ཟེར་ལྕགས་ཀྱུ་ཡིས། །མདུན་དུ་ཡེ་ཤེས་འཁོར་ལོ་བསྡུ། །ཡིད་ལས་བྱུང་བའི་མཆོད་པ་ཡིས། །ཅི་རིགས་མཆོད་ཅིང་སྔགས་འདི་བརྗོད། །ཨོཾ་ སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་གཽ་རཱི་ལ་སོགས་པའི། །ཛཿཧཱུྃ་བཾ་ཧོཿའི་སྔགས་དང་ནི། །གླུར་བཅས་པ་ཡི་ཕྱག་རྒྱ་ནི། །དགུག་སོགས་ཐིམ་པས་ཡེ་ཤེས་འབར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །སྒྲུབ་སྟེ་གཞན་ལ་ཡང་མ་ཡིན། ། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས། །བྱིན་གྱིས་བརླབ་དང་དབང་བསྐུར་བ། །སྔར་བཞིན་བྱས་ཏེ་མཆོད་པའི་ཚོགས། །འདིར་ནི་རབ་ཏུ་རྒྱས་པར་བྱ། །བསྟོད་དང་བདུད་རྩི་མྱང་བ་དང་། །སྔགས་དང་བཅས་པ་སྔར་བཞིན་བྱ། །དེ་ནས་ཡང་ནི་འདི་སྐད་བརྗོད། །གཉིས་མེད་ཡེ་ཤེས་ ལས་བྱུང་བའི། །ཁྱབ་བདག་དངོས་གྲུབ་བདག་ཉིད་ཅན། །སྟོན་པ་གཙོ་བོ་ཁྲག་འཐུང་ལ། །བདག་མེད་མ་དང་ཡང་དག་ལྡན། །ཕྱོགས་མཚམས་རྣམས་ཀྱི་མཁའ་འགྲོ་དང་། །རིག་པའི་ལྷ་མོ་སྒྱུ་འཕྲུལ་དང་། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་ དགོངས་སུ་གསོལ། །སློབ་མ་ལ་ཡང་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་དག་འདི་ཞེས་པས། །ནང་པར་དཀྱིལ་འཁོར་བྲི་བར་འཚལ། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་པས་ལྷ་ལ་གསོལ་བ་ གདབ་པར་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེ་ཡིས། །བུམ་པའི་བྱ་བ་རབ་ཏུ་བརྩམ། །དེ་ཡང་རྒྱུ་དང་མཚན་ཉིད་དང་། །སྦྱང་དང་བྱིན་བརླབ་བྱ་བ་ལྔ། །དེ་སྡོམ་པ་ཡི་ཚིག་ཡིན་ནོ། །དེ་ལ་རྒྱུ་ཞེས་པ་ནི། གསེར་དངུལ་ཟངས་མ་ལ་སོགས་པའི། །རིན་ཆེན་ལས་སམ་འཇིམ་པའང་ རུང་། །མཚན་ཉིད་ཅེས་པ་ནི། ལྟོ་ཆེ་མགྲིན་པ་རིང་བ་དང་། །མཆུ་འཕྱང་ལ་སོགས་ར་རི་མེད། །སྦྱང་ཞེས་པ་ནི། ལེགས་པར་བཀྲུ་ཞིང་དཀར་པོས་བྱུག །ས་བོན་ཡང་ན་མཚན་མ་དགོད། །ཡུངས་ཀར་བརྡེག་དང་སྤོས་ཀྱིས་བདུག །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང་། །རས་ བཟང་མགུལ་ཆིངས་ཁ་རྒྱན་ལ། །གཟུངས་ཐག་བཏགས་པའི་རྡོ་རྗེ་གཞག །དེ་ཡི་ནང་དུ་ཆུ་བཟང་པོ། །འོ་མ་ལྡན་པ་གཞུག་པར་བྱ། །སྨན་ལྔ་ཧ་ས་དེ་བ་དང་། །དཎྜ་ཨུཏྤལ་ཀཎྜ་ཀར། །ཤ་ཏ་པྲྀ་ཧ་ཨ་པ་རྩིད། །བྱང་ཆུབ་ལྔ་ནི་རྟེན་དུ་གཞུག །འབྲུ་ལྔ་འབྲས་དང་མ་ཤ་སྲན། །ནས་དང་ གྲོ་དང་ཏིལ་དཀར་ནས། །ལྷ་རྣམས་ཀྱི་ནི་རང་བཞིན་ནོ། །རིན་ཆེན་ལྔ་ནི་གསེར་དང་དངུལ། །མུ་ཏིག་གམ་ནི་མུ་མེན་ཏེ། །བྱི་རུ་གཡས་སུ་འཁྱིལ་པའི་དུང་། །ལྷ་རྣམས་ཆེ་བའི་བདག་ཉིད་དོ། །དེ་བཞིན་བདུད་རྩི་སྒྲོན་མ་དང་། །སྙིང་པོ་ལྔ་ཡང་ནང་དུ་གཞུག །དེ་ཉིད་གསུམ་དང་མིང་ སྤེལ་བའི། །སྔགས་ཀྱིས་སོ་སོའི་རྫས་ལ་གདབ། །ཨོཾ་ཀལྤ་བྲྀཀྵ་ཨཱཿཧཱུྃ། ཨོཾ་པཉྩ་ཨཉྩ་ཨཱཿཧཱུྃ། ཨོཾ་པཉྩ་བེ་ཤ་ཨཱཿཧཱུྃ། ཨོཾ་པཉྩ་གརྦྷ་ཨཱཿཧཱུྃ། ཨོཾ་པཉྩ་མཾ་ས་ཨཱཿཧཱུྃ། ཨོཾ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། ཞེས་པ་སྟེ། གཞན་ལ་ཡང་དེ་ཉིད་གསུམ་ཙམ་བརྗོད། །བྱིན་བརླབས་ཞེས་པ་ནི། བདག་ཉིད་ལྷར་གསལ་སྙིང་ག་ཡི། །འོད་ཟེར་འཕྲོ་འདུས་བུམ་པ་སྦྱང་། །དེ་ནས་ཡི་གེ་བྷྲཱུཾ་དུ་གྱུར། །དེ་ལས་གཞལ་ཡས་ཁང་དུ་གྱུར། །ཁཾ་གི་ཡི་གེ་དཀར་པོ་ལས། །བུམ་པའི་ནང་ནི་སྟོང་པར་བསམ། །དེ་ནས་བཾ་ཡིག་དམར་པོ་ལས། །ལྷ་སྣམ་པདྨ་འདབ་མ་བརྒྱད། །རེ་ཕས་ ཉི་མའི་གདན་བསམ་བྱ། །དབུས་སུ་ཧཱུྃ་ལས་གཙོ་བོ་ནི། །རིག་མར་བཅས་པ་གསལ་བར་བསྐྱེད། །གཾ་ཙཾ་བཾ་གྷཾ་བཞི་ལས་ནི། །གཽ་རཱི་ལ་སོགས་ཕྱོགས་སུའོ། །པཾ་སཾ་ལཾ་ཌཾ་བཞི་པོ་ནི། །ཡོངས་གྱུར་མཚམས་སུ་སྦོས་མོ་སོགས། །དེ་ནས་ཡེ་ཤེས་འཁོར་ལོ་ཡང་། །བདག་ཉིད་ གཙོ་བོའི་ཐུགས་ཀ་ནས། །འོད་ཟེར་གྱིས་ནི་མདུན་དུ་དགོད། །དེ་ལ་མཆོད་ཡོན་མཆོད་པར་བྱ། །ཅུང་ཟད་སྔགས་དང་བཅས་པར་བརྗོད། །དེ་ནས་གཽ་རཱི་ལ་སོགས་པ། །དབྱེར་མེད་བསྟིམ་པར་བྱ་བ་དང་། །མཆོད་ཅིང་བསྟོད་པ་སྔར་བཞིན་བྱ། །བདུད་རྩི་མྱང་བ་འདིར་མི་དགོས། །བྱ་བ་ཞེས་ པ་ནི། དེ་ནས་བཟླས་པ་བྱ་བ་སྟེ། དང་པོ་ལྷ་མོ་བཞི་ཡི་སྔགས། །རུ་རུ་སྥུ་རུ་ལ་སོགས་པས། །བུམ་ནང་ཆུ་ལ་སོགས་པའི་རྫས། །འབྱུང་བ་བཞི་ཡིས་བསྡུས་པ་ཀུན། །ལྷ་མོ་བཞི་རུ་བྱིན་གྱིས་བརླབ། །དེ་ནས་ལྷ་ཡི་བཟླས་པ་ཡང་། །བརྒྱའམ་སྟོང་རྩ་བརྒྱད་དུ་བཟླས། །དེ་ཚེ་ བདག་གིས་བསམ་རྒྱུད་ནི། །སྙིང་གར་གཟུང་བའི་སྐུད་པ་ནས། །ཡི་གེ་ཧཱུྃ་ལ་ལག་པ་སྦྱོར། །དེ་ཡི་འོད་ཀྱིས་པདྨ་ནས། །བྱང་སེམས་གྱེན་དུ་དྲངས་གྱུར་ཏེ། །སྐུད་པའི་གཟུགས་ཀྱིས་རྡོ་རྗེར་ཐིམ། །རྡོ་རྗེ་བུམ་ནང་ལྷ་ལ་ཐིམ། །ལྷ་ཀུན་ཞུ་བས་བུམ་པ་གང་། །དེ་ནས་རོལ་མོར་ བཅས་པ་ཡིས། །རས་བཟང་མེ་ཏོག་གཅལ་བཀྲམ་པའི། །སྟེང་དུ་བྱིན་གྱིས་བརླབས་ལ་གཞག །དེ་ལྟར་རྣམ་རྒྱལ་བུམ་པ་བཞིན། །བུམ་པ་གཞན་ལའང་ལྷ་རེར་ཞུ། །ཅི་རིགས་པ་ཡི་ཚོགས་མཆོད་བྱ། །དེ་ནས་བླ་མ་སློབ་དཔོན་གྱིས། །སློབ་མ་ལྷག་པར་གནས་པར་བྱ། ། སྡོམ་ནི་མཚན་ཉིད་བྱ་བ་དང་། །ཆོ་ག་སྨིན་པ་རྣམ་བཞིའོ། །དེ་ལ་མཚན་ཉིད་ཅེས་པ་ནི། །ང་རྒྱལ་མེད་ཅིང་དབང་དུལ་ལ། །རིགས་བཟང་དགེ་བ་བཅུ་དང་ལྡན། །རྒྱལ་པོའམ་རང་གི་བུ་མེད་པ། །དེ་ནས་མཚན་ཉིད་ལྡན་པ་གཞུག །བྱ་བ་ཞེས་པ་ནི། སྔ་བར་ཁྲུས་དང་མཎྜལ་བྱ། །དེ་ལ་ སེམས་བསྐྱེད་སྡོམ་པ་སྦྱིན། །དེ་ཡི་ཉིན་པར་སློབ་མ་ནི། །བསམ་པ་བཟང་པོ་ལྡན་བཞིན་དུ། །རྫས་འདི་དག་ནི་ཉེར་བསག་བྱ། །བུམ་པའི་སྨན་ལ་སོགས་པ་དང་། །ཀུ་ཤ་སྲུང་སྐུད་ལ་སོགས་དང་། །གཞན་ཡང་མཆོད་པའི་རྫས་རྣམས་དང་། །ཚོགས་ཀྱི་ལོངས་སྤྱོད་ལ་སོགས་ པའོ། །ཆོ་ག་ཞེས་པ་ནི། དང་པོར་ལས་ཀྱི་རྡོ་རྗེ་ཡིས། །ཚོགས་བསགས་པ་དང་ཡན་ལག་དྲུག །བདག་ཉིད་ལྡན་པ་ཕུན་སུམ་ཚོགས། །སྔར་བཞིན་བྱས་ནས་བླ་མ་ལ། །མོས་པའི་དབང་གིས་འཕོ་བྱས་ལ། །དེ་ནས་བླ་མ་མོས་ལྡན་ལ། །སློབ་མས་མཎྜལ་ཕྱག་ལ་ སོགས། །བྱས་ཏེ་གསོལ་བ་གདབ་པར་བྱ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །མགོན་པོ་ཆེན་པོ་ཚུལ་བསྟན་པ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ ཀྱང་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་བགྱི། །བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་ བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་རྣམས་ཀྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་མ་རྙེད། །གསང་སྔགས་སྤྱོད་ པ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་རྣམས། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་ གསང་སྔགས་མཁའ་འགྲོ་མ། །འཁོར་ལོར་བཞུགས་པའི་བདག་ཉིད་ཅན། །ཀུན་ལའང་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་ དཔའ་བོ་དང་། །རྣལ་འབྱོར་མ་དང་རྣམ་སྣང་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་བཟུང་སྟེ། །ཇི་སྲིད་བདག་མེད་པར་གནས་པ། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །བདག་ཉིད་སྡོམ་པའི་ལེགས་པར་ བཟུང་། །དེ་ནས་བཤགས་པ་ལ་སོགས་པ། །གཞན་ལས་བྱུང་བཞིན་ཚིག་ཏུ་ཡང་། །སློབ་མ་དག་ནི་བརྗོད་དུ་གཞུག །དེ་ནས་བདག་གིས་ཚིག་བཅད་འདི། །རྣ་རུ་འབབ་པ་དབྱངས་སུ་བརྗོད། །བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་ སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་དང་བཟླས་བརྗོད་བསོད་ནམས་ཚོགས། །དེ་ལ་བདག་ནི་ཡི་རང་ངོ་། །སེམས་བསྐྱེད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་ བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་མཆོག་ལ། །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །འདི་ཉིད་དུ་ནི་སེམས་བསྐྱེད་དོ། །དེ་ནས་སློབ་མས་འདི་སྐད་བརྗོད། །གཙོ་བོ་ བདག་ལ་སྡོམ་པ་གསོལ། །ཐུབ་པ་ཉི་མ་མ་ལུས་པའི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་དཔང་དུ་གནས་པ་ལ། །སངས་རྒྱས་རོལ་པ་ལས་བྱུང་བའི། །མི་ལྡོག་པ་ཡི་འཁོར་ལོར་སྦྱོར། །ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །སློབ་ དཔོན་བདག་ནི་འཇུག་པར་མཛོད། །དེ་ནས་བླ་མས་འདི་སྐད་བརྗོད། །རྟོག་པ་རྣམས་ནི་ལེགས་པར་བསྡུས་ནས་ཀྱང་། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །སངས་རྒྱས་ཆོས་དང་དགེ་ འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བླ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་རྡོ་རྗེ་དེ། །ཤེས་རབ་དྲིལ་བུ་ ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨའི་རིགས་ མཆོག་ཆེན་པོ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་གྱིས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་གྱིས། །གཞན་ཡང་བཅུ་བཞི་འདི་དག་ནི། ། ཕས་ཕམ་པར་ནི་རབ་ཏུ་བཤད། །རྩ་བའི་ལྟུང་བ་ཞེས་བཤད་དེ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པ་ལོག་པར་མི་སྤྱོད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩར་གྱུར་པའི། །ཆང་ནི་ རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་རྣམས་བཀུར་བར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ ནི། །ཅི་ནུས་པར་ནི་རྗེས་སུ་སྤོངས། །ཐེག་པ་དམན་ལ་འདོད་མི་བྱ། །འགྲོ་བའི་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་མི་སྤང་ཞིང་། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། ། མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་གསུངས། །ཁྱོད་ཀྱིས་ཀྱང་ནི་བསྲུང་བར་གྱིས། །དེ་ནས་སློབ་མས་འདི་སྐད་བརྗོད། །མགོན་པོ་བདག་ལ་དགོངས་སུ་གསོལ། །མ་ལུས་བཞུགས་པའི་སངས་རྒྱས་རྣམས། །དུས་འདི་ཉིད་ནས་སངས་རྒྱས་ པར། །བླ་མེད་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་ནས། །སེམས་ཅན་མྱ་ངན་ལས་འདས་དགོད། །ལན་གསུམ་དུ་ནི་བརྗོད་པར་བྱ། །དེ་ལྟར་ཕྱི་ཚུལ་བྱིན་བརླབས་ནས། །མན་ངག་གིས་ནི་ནང་བྱིན་བརླབ། །དེ་ཡང་སློབ་མས་འདི་སྐད་བརྗོད། ། བདག་ནི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་མྱུར་བསྒྲུབས་ནས། །སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་ཏུ་ནི་བསྒྲལ་བར་བགྱི། །ཡང་ན་འདི་སྐད་བརྗོད་དུ་གཞུག །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་ གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་སེམས་དཔའ་ཀུན་གྱི་མཆོག །འདྲེན་པ་བདག་ལ་བྱིན་གྱིས་རློབས། །མཚན་ཉིད་ཐམས་ཅད་ཡོངས་སུ་བརྗོད། །མཚན་མིན་ཐམས་ཅད་དག་པ་ཡང་། །ཀུན་དུ་བཟང་པོ་སངས་རྒྱས་མཆོག །འདྲེན་པ་བདག་ལ་བྱིན་གྱིས་རློབས། ། ཡང་དག་སངས་རྒྱས་མཆོག་ཞི་བ། །ཡེ་ཤེས་སྤྱོད་པ་རྣམ་པར་སྦྱོང་། །ཀུན་དུ་རྡོ་རྗེ་གསུམ་འབྱུང་བ། །འདྲེན་པ་བདག་ལ་བྱིན་གྱིས་རློབས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པའི་དྲི་མ་མེད། །རྣམ་པར་སྣང་མཛད་ཆེར་འབྱུང་བ། །འདྲེན་པ་བདག་ལ་བྱིན་ གྱིས་རློབས། །དེ་དག་གླུར་བཅས་སྔགས་འདི་བརྗོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སཱི་ཏཾ། སརྦ་ཏ་ཐཱ་ག་ཏཱ་ལ་ཡཾ། བཛྲ་སཏྭ་ས་མུདྦྷ་བ་ཧཾ། མ་མཱ་དྷི་ཏིཥྛཱ་ན་ཡ་ཀཾ །སརྦ་ཀ་ལ་ཀྵ་སཾ་པཱུ་རཿ། སརྦཱ་ལཀྵ་ན་བི་བརྫི་ཏ། ས་མནྟ་བྷ་དྲ་བུདྡྷ་བ་ཧཾ། མ་མཱ་དྷི་ཏིཥྛཱ་ན་ཡ་ཀཾ །ཤཱནྟ་དྷརྨོཏྟ་ལོདྡྷ་བ། ཛྙཱ་ན་ཙ་ར་ བི་ཤོདྷ་ཀཾ །བཛྲ་ར་ལི་ས་མུདྦྷ་ཏཾ། མ་མཱ་ཨ་དྷི་ཏིཥྛཱ་ན་ཡ་ཀཾ །སརྦ་སཏྭ་མ་ཧཱ་ཙིཏྟཾ། ཤུདྡྷཿཔྲ་ཀྲྀ་ཏི་ནི་རྨ་ལཾ། མ་ཧཱ་བཻ་རོ་ཙ་ཎ་བུདྡྷཾ། མ་མ་ཨ་དྷི་ཏིཥྛཱ་ན་ཡ་ཀཾ །དེ་སྐད་བརྗོད་ཅིང་སྨད་ལྔ་གཏུགས། །བརྐྱང་ཕྱག་བཙལ་ཏེ་ཞུས་པ་དང་། །བླ་མས་རང་སྣང་རིག་མ་དང་། །སྙོམས་པར་ འཇུག་པའི་འོད་ཟེར་གྱིས། །སློབ་མའི་སྒོ་གསུམ་དག་པར་སྦྱང་། །སློབ་མ་བུ་རུ་བྱ་བའི་ཕྱིར། །དེ་ནས་གསང་བའི་གནས་སུ་གཞུག །ཅི་རིགས་དབང་ཡང་བསྐུར་བྱ་སྟེ། །སླར་བྱུང་ལུས་འདུད་སྤྱན་སྔར་ནི། །དེ་ལ་ལས་ཀྱི་རྡོ་རྗེ་ཡིས། །དྲི་ཆབ་རཀྵའི་སྔགས་ཀྱིས་བསྲུང་། །སྤོས་ སུ་ལྡན་པའི་ལག་པ་ཡིས། །སྤྱི་བོར་རེག་ནས་གནས་གསུམ་དུ། །དེ་ཉིད་གསུམ་གྱི་གནས་ཀྱིས་བརྗོད། །ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། །དེ་ནི་སྔར་གྱི་ཐུན་མོང་ལའོ། །ཨོཾ