Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 10
Văn bản gốc(Tây Tạng)
Trang 21 / 24 (50.000 ký tự/trang)
དེ། མི་རྙེད་པའི་ཕྱིར་དགའ་བ་ལ་སོགས་པ་དང་། རྒྱུ་དང་འབྲས་བུ་དང་དབང་གསུམ་གྱི་ བདག་ཉིད་ཀྱི་མན་ངག་ཆད་པའི་དངོས་པོར་འགྱུར་རོ། །བདེ་བ་ཆེན་པོ་མི་ཤེས་པའི་ཕྱིར་བྱང་ཆུབ་མི་རྙེད་དོ་ཞེས་བཤད་དོ། །དེ་བས་དཔེའི་སློབ་དཔོན་གྱིས་རྩའི་འཁོར་ལོ་སྦོམ་ཕྲ་ལ་སོགས་པའི་བསམ་གཏན་སྤངས་ནས། བླ་མ་རྗེ་བཙུན་གྱིས་བཀའ་སྩལ་བར་བྱ་ཞེས་བཤད་དོ། །དང་ པོ་ཡན་ལག་གཡས་གཡོན་དུ་ལོངས་སྤྱོད་མ་དང་། འཇིགས་མ་དང་། འཁྲི་མ་དང་། གུག་མ་དང་། ཤ་བ་རི་མ་དང་། རི་བོང་མ་དང་། བདུད་རྩི་མ་དང་། བད་ཀན་མ་དང་། རི་མ་དང་། ཕུང་པོ་མ་དང་། འདོད་མ་དང་། ཆང་འཚོང་མ་དང་། གོས་མ་དང་། སེར་མ་དང་། རྐང་ གོས་མ་དང་། ཕྲ་མོ་དང་། ཚིམ་མ་དང་། སྐར་མ་དང་། རི་དགས་མ་དང་། ཤིན་ཏུ་ཁེངས་མ་དང་། ལུག་མ་དང་། ཁྲོ་མ་དང་། འཁོར་ལོ་མ་དང་། ནག་མོ་མ་ཞེས་པ་དང་། ཆགས་པ་དང་། འཇིག་པ་དང་། མི་དགའ་བ་དང་། ཞི་བ་དང་། སྙིང་རྗེ་དང་། སྲེད་པ་དང་། རྣམ་ པར་རྟོག་པ་དང་། ངོ་ཚ་བ་དང་། དགེ་བ་མ་ཡིན་པ་དང་། རང་གི་ངོ་བོ་མིན་པ་དང་། ལེན་པ་དང་། སྡུད་པ་དང་། བཀྲེས་པ་དང་། སྐོམ་པ་དང་། ཡི་གར་མི་འོང་བ་དང་། རྣམ་པར་ཆགས་པ་དང་། ནད་དང་། ཁྲོ་བོ་དང་། སྙིང་བརྩེ་བ་དང་། འཛེམ་པ་དང་། ཕྲག་དོག་དང་། ང་རྒྱལ་ དང་། བསྟན་པ་དང་། སྟོབས་ཏེ། དཔྲལ་བ་དང་། མིག་དང་། རྣ་བ་དང་། སྣ་དང་། སྨིན་མ་དང་། རྐེ་དང་། གློ་བ་དང་། མཇུག་ཏོ་དང་། བརླ་དང་། པུས་མོ་དང་། རྗེ་ངར་དང་། རྐང་པ་གཡས་གཡོན་ཕྱེད་ཕྱེད་ཀྱི་ཆའི་གྲངས་ཉི་ཤུ་རྩ་བཞི་འགྲོ་བ་དང་། ཁེངས་པ་དང་མཆོག་དང་ཆད་ པའི་ཤར་བའི་རྩ་རྣམས་ཀྱི་མཚན་ཉིད་ཀྱི་དོན་ཏོ། །དབུས་ཀྱི་རྐེད་རུས་ཀྱི་དབྱུག་པའི་སྙིང་པོའི་ནང་དུ། རྒན་མོ་དང་། སྟག་མ་དང་། དཔའ་བོའི་བློ་མ་དང་། གཡོ་སྒྱུ་མ་དང་། ངེས་པར་སེམས་མ་དང་། དམར་མོ་དང་། གཤོལ་མ་དང་། རིང་མ་དང་། བདུད་རྩི་ཡོན་ཏན་མ་དང་། ལམ་དགའ་མ་དང་། འཁོར་ལོའི་ཁ་མ་དང་། རྣམ་པར་སྒེག་མའི་ང་རྒྱལ་མ་དང་། འོད་དང་། བརྩོན་པ་དང་། ཕྲག་དོག་མེད་པ་དང་། མི་བརྟན་མེད་པ་དང་། བཏང་སྙོམས་དང་། གཏོང་ཕོད་དང་། དགའ་བ་དང་། གཡོ་སྒྱུ་མེད་པ་དང་། གླུ་དང་། སྒྲ་དང་། གར་དང་། བཏུང་ བ་ལ་སོགས་པ་ཁོ་ན་སྟེ། ཚངས་པའི་བུ་ག་དང་། ཚངས་པའི་ལྟེ་བ་དང་། སྤྱི་བོ་དང་། རྐན་དང་། སྐེ་དང་། སྙིང་ག་དང་། ལྟེ་བ་དང་། མདོམས་དང་། གསང་བ་དང་། ལྟེ་བ་དང་། མེའི་པདྨ་དང་། གཞང་ཁའི་ཀུམྦ་ཀའི་རང་བཞིན་དགའ་བ་འབྱུང་བའི་རྩ་གསུམ་གྱི་དྲ་བའི་སྡོམ་པ་རྟེན་དང་བརྟེན་ པའི་ཡེ་ཤེས་ཀྱི་བྱེ་བྲག་ཏུ་བདེ་བ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ། འོད་ཀྱི་བདག་ཉིད་ཅན་རེག་བྱ་མེད་པ། ཡེ་ཤེས་ཀྱི་མེའི་ནམ་མཁའི་རང་བཞིན་གཏུམ་མོའམ། རྟོག་མེད་པ་ཞི་བའི་རང་གི་ངོ་བོ་བདེ་བ་ཆེན་པོའི་པདྨའི་ལྟེ་བའི་གྱེན་དུ་འཇིག་རྟེན་གྱི་ཁམས་དུ་མ་ཁྱབ་པ། གཉིས་སུ་མེད་པའི་ རྣམ་པ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩའི་འཁོར་ལོའི་དབུས་ཐམས་ཅད་ཀྱི་བདག་ཉིད་གཅིག་པུའི་རོའི་རང་བཞིན། དཔལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་མན་ངག་ལས་སོ། །དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས་གནས་གསུམ་ན་ཡོད་པའི་རྩའི་དྲ་བའི་སྡོམ་པ་དང་། གཏུམ་ མོ་ཆེན་མོའི་སྦྱོར་བ་རྟེན་དང་བརྟེན་པའི་ཡེ་ཤེས་ཀྱི་དོན་བསྟན་པ་ཞེས་བྱ་སྟེ་བདུན་པའོ།། །།དེ་ནས་གཞན་ཡང་ཡེ་ཤེས་མཁའ་འགྲོ་ལ་མཆོད་པའི་དོན་རྣམ་པ་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དམ་ཚིག་སེམས་དཔའི་བདག་ཉིད་ཅན་བཤད་དེ། ཟླ་བ་དང་། རྡོ་རྗེ་དང་། ས་བོན་དང་། ཕྱག་རྒྱ་དང་། སྣ་ཚོགས་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བ་ལ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་ཅན། བདག་ཉིད་བསྙེན་པ་ལ་སོགས་པའི་ཡན་ལག་བཞིའི་འབྲས་བུའི་གཙོ་བོ་སྔར་བསྐུར་བའི་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་དང་། དབང་བླང་བ་ལ་ སོགས་པས་སྐུ་རྫོགས་པ་འཇིགས་བྱེད་ཆེན་པོ་དང་། ཟླ་བ་དང་ཉི་མའི་སྟེང་དུ་དམ་ཚིག་གི་མཁའ་འགྲོ་མ་བཅུ་དྲུག་གི་དཀྱིལ་འཁོར་གྱི་དབུས་སུ་ཕྱག་བཅུ་དྲུག་པ་ཞལ་བརྒྱད་པ། ཞབས་བཞི་པ་གཡས་བརྐྱང་པ། གཡོན་བསྐུམ་པའི་སྐུ་སྤང་རྒྱན་གྱི་མེ་ཏོག་གི་མདོག་ཅན་སྤྱན་གསུམ་ པ། ཞལ་གསུམ་ནི་དཀར་བ་དང་དམར་བ་དང་ལྗང་བ་དང་། ཞལ་གཞན་བུང་བ་དང་འདྲ་བ། སྟེང་གི་འཇིགས་པ་ཆེན་པོ་བོང་བུའི་རྣམ་པའི་མཆེ་བ་བགྲད་པ་འཇིགས་པ་བསྟན་པའི་ཕྱག་རྒྱ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་དེ་ལྟ་བུའི་གཟུགས་ཐུགས་རྗེ་ཆེན་པོ་དང་། ཁྲོ་བོའི་སྐུ་བསྐལ་པ་ཆེན་པོའི་མེ་བས་ལྷག་པའི་འོད་དང་ལྡན་པ། རྒྱལ་བ་ཐམས་ཅད་ཀྱི་བདག་པོ། དུར་ཁྲོད་ཆེན་པོའི་དམ་ཚིག་གི་དཀྱིལ་འཁོར་གྱི་དབུས་སུ་མཆོག་གི་ནམ་མཁའི་དཀྱིལ་ན། དམ་ཚིག་མཁའ་འགྲོའི་དབང་ཕྱུག་མས་འཁྱུད་པ། དཔལ་དམ་ཚིག་སེམས་དཔའི་ དབང་ཕྱུག་སྐྱེ་བ་དང་། འཇིག་པ་དང་། གནས་པའི་རྣམ་པའི་བྱེད་པ་པོའི་དྲེགས་པ་འཇོམས་པའི་ཕྱིར་བཞེངས་པ། རྒྱུ་མས་བརྒྱུས་པའི་མགོ་བོ་ཆེན་པོའི་ཆུན་འཕྱང་གིས་བརྒྱན་པའི་ཡན་ལག་ཅན། ཕྱག་རྒྱ་ལྔ་འཛིན་པ། རུས་པའི་རྒྱན་ཅན་སྐྲ་སེར་པོ་གྱེན་དུ་འགྲེང་བ། སྨིན་མ་ རྒྱས་པ་སྤྱན་དམར་བ། གར་དགུའི་རོ་ཆེན་པོའི་ངང་ཚུལ་ཅན། ཧ་ཧར་དགོད་པ། ཚངས་པའི་པགས་པ་རྐེད་པར་ཁྱབ་པ། སྐ་རགས་ཀྱིས་བཅིངས་པའི་སིལ་སིལ་གྱི་སྒྲ་སྒྲོགས་པ། མ་མཆུའི་རོའི་བདུད་རྩིའི་བཏུང་བས་བཟི་བ། ཞི་བ་ཆེན་པོའི་པགས་པ་བཤུས་མ་ཐག་པའི་ རློན་པ་ཕྱག་གཉིས་ཀྱིས་གྱེན་དུ་དཔྱངས་པ། པདྨ་ཁ་ཕྱེ་བས་དབུའི་རིན་པོ་ཆེའི་རྣམ་པར་བརྒྱན་པ། ཕྱག་ལྷག་མ་རྣམས་ནི་འཇིགས་བྱེད་ཆེན་པོ་ཁྲག་ཆེན་པོ་ཁ་ནས་འཛག་པ། སྣོད་ན་ཡོད་པའི་བཟའ་བ་དང་བཏུང་བའི་དོན་གྱི་ཕྱིར་བསྣམས་ཞེས་བྱའོ། །དམ་ཚིག་མཁའ་འགྲོའི་དབང་ཕྱུག་མ་བཅོམ་ ལྡན་འདས་དང་མཉམ་པ། ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ་སྐྲ་གྲོལ་བ། ཕྱོགས་ཀྱི་ན་བཟའ་ཅན། གཉིས་སུ་མེད་པའི་སྦྱོར་བའི་བདེ་བ་ཆེན་པོས་མཉམ་པར་འཁྱུད་པ། རུས་པའི་རྒྱན་གྱིས་རྣམ་པར་བརྒྱན་པ། མི་བསྐྱོད་པའི་ཅོད་པན་བཅིངས་པ། གྲི་གུག་དང་ སྣོད་འཛིན་པ། ཤིན་ཏུ་རིད་པ་སྐེ་ལ་འཁྱུད་པ། མ་མཆུའི་རོའི་བདུད་རྩིའི་བཏུང་བས་བཟི་བ། ཐམས་ཅད་ཁམ་དུ་བྱེད་པའི་དམ་ཚིག་གི་ཡན་ལག་མའོ། །སྣ་ཚོགས་པདྨའི་འདབ་མ་བརྒྱད་ཀྱི་ཤར་གྱི་འདབ་མར་ལེགས་དགྱེས་སྐུ་རེགས་མ་སྐུ་མདོག་ནག་མོ། བྱང་གི་ འདབ་མར་ལེགས་དགྱེས་འགྲོ་མ་སེར་མོ། ནུབ་ཏུ་ལེགས་དགྱེས་འོད་དམར་མོ། ལྷོར་ལེགས་དགྱེས་གཏུམ་མོ་ལྗང་མདོག་མ། མེའི་མཚམས་སུ་ལེགས་དགྱེས་ཕྲེང་བ་མ་རི་བོང་ཅན་འོད། སྲིན་པོའི་མཚམས་སུ་ལེགས་དགྱེས་བུམ་པ་མ་ནག་སེར་གྱི་མདོག །རླུང་གི་མཚམས་ སུ་ལེགས་དགྱེས་དྲི་མ་ཨུཏྤ་ལའི་མདོག །དབང་ལྡན་གྱི་མཚམས་སུ་ལེགས་དགྱེས་མཛེས་པ་ཉི་མ་གཞོན་ནུའི་མདོག །ཐམས་ཅད་སྤྱན་གསུམ་པ་གཡོན་བརྐྱང་བས་གནས་པ། སྐྲ་གྲོལ་བ་གཅེར་བུ་རོ་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་པ། རལ་གྲི་དང་སྣོད་བནྡྷ་དང་། ཁ་ཊྭཱཾ་ ག་དང་། ཕྱག་རྒྱ་ལྔ་དང་། རུས་པའི་རྒྱན་གྱིས་བརྒྱན་པའོ། །ཤར་དང་བྱང་དང་ནུབ་དང་ལྷོའི་མཚམས་སུ་ལེགས་དགྱེས་སྒྲ་མ། ལེགས་དགྱེས་འཇིགས་མ། ལེགས་དགྱེས་དོ་ཤལ་མ། ལེགས་དགྱེས་སྤྲིན་ནི་རྫ་རྔ་དང་། གླིང་བུ་དང་། དགུ་པོ་རྒྱུད་མངས་དང་། རྔ་སྒྲ་སྒྲོགས་པར་ བྱེད་པ་གཟུགས་གཉིས་པ་ཕྱག་གཉིས་པའོ། །ཤར་དང་བྱང་དང་ནུབ་དང་ལྷོའི་སྒོར་ལེགས་དགྱེས་འོད་མ། ལེགས་དགྱེས་པདྨ། ལེགས་དགྱེས་དགའ་མ། ལེགས་དགྱེས་ཚུལ་ཁྲིམས་མ། ཕྱག་གཉིས་ཀྱིས་མདའ་གཞུ་འགེངས་པ། གཞན་བཞུགས་ཐབས་དང་རྒྱན་ལ་ སོགས་པ་ནི་སྣ་ཚོགས་པདྨ་ལ་བཞུགས་པའི་རྣལ་འབྱོར་མ་དེ་བཞིན་དུ་བྱའོ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དང་། ཡེ་ཤེས་དང་ཆོས་ཀྱི་དབྱིངས་དང་། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་། ཆགས་པ་དང་ཕྲག་དོག་དང་ང་རྒྱལ་དང་གཏི་མུག་རྣམ་པར་དག་པས། ལྷ་མོ་བརྒྱད་གཉིས་དམ་ཚིག་གི་མཁའ་འགྲོ་མའི་རྣམ་པར་དག་པ་བསྐྱེད་པའི་རིམ་པ་ལུང་ལས་གསུངས་སོ། །དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས་དམ་ཚིག་སེམས་དཔའི་བདག་ཉིད་ཅན། དཔལ་ཡེ་ཤེས་ཀྱི་མཁའ་འགྲོའི་བསྐྱེད་པའི་རིམ་པའི་བསྒོམ་པ་བསྟན་པ་ཞེས་བྱ་ བ་སྟེ་བརྒྱད་པའོ།། །།དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའ་འགྲོ་ལ་མཆོད་པའི་དོན་དུ། མཆོད་སྦྱིན་གྱི་ཆོ་ག་བཤད་དེ། དང་པོར་གནས་དང་ཉེ་བའི་གནས་ལ་སོགས་པར་མཆོད་པ་བྱས་པའི་འོག་ཏུ་ནང་གི་མཆོད་སྦྱིན་གསུམ་བྱའོ། །དངོས་པོ་དང་རྟེན་དང་རྣམ་པར་འབྱེད་ པ་ནི་བདེ་བ་ཆེན་པོ་ལ་སོགས་པའི་འཁོར་ལོ་བཞིས། ཐ་མ་དང་འབྲིང་དང་རབ་དང་། རབ་ཀྱི་རབ་དབང་པོ་དང་། བསྙེན་པ་དང་། ཉེ་བར་བསྙེན་པ་དང་། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་དང་། དགའ་བ་དང་། མཆོག་དང་། ཆད་པར་དང་། རང་བཞིན་གྱི་དགའ་བ་དང་། གནས་ལ་ སོགས་པར་ཆུ་ཚོད་སུམ་ཅུ་རྩ་དྲུག་གི་བར་དུ་ཀུན་སྤྱོད་འཁོར་ལོའི་རིམ་པས། མ་མོའི་དྲངས་པའི་སྔགས་ཀྱིས་མཆོད་པའི་མཆོད་སྦྱིན་བྱའོ། །རེག་བྱའི་ཁམས་དང་། རྒྱལ་མཚན་སྦྱོར་བས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཁོང་དུ་ཆུད་པའི་ཡེ་ཤེས་ཀྱི་འོད་ཀྱིས་བདེ་བ་ཆེན་པོའི་ འཁོར་ལོ་ཞུ་བའི་བདུད་རྩི་བདེ་བ་ཆེན་པོའི་བདག་ཉིད་ཅན། བྱང་ཆུབ་ཀྱི་སེམས་ཀྱི་ཐིགས་པ་རེ་རེ་གནས་དང་ཉེ་བའི་གནས་ན་བཞུགས་པའི་མཁའ་འགྲོ་མ་རྣམས་ཀྱི་མཆོད་པའི་རིམ་པའོ། །དང་པོའི་གནས་ཀྱི་ཆུ་སྐྱེས་དཔལ་ཨོ་ཌྱན་དུ་གཟུགས་ལྡན་མ། དག་པའི་དངོས་པོ་ རྣམ་པར་སྣང་མཛད་ཀྱིས་ཛཱ་ལནྡྷ་རར་བུང་ལྡན་མ་སྒེག་པའི་དངོས་པོ། ནམ་མཁས་པུལླི་ར་མཱ་ལ་ཡར་བྱ་རོག་སྣ་མ། དགའ་བའི་དངོས་པོ་ཉི་ཤུ་པས་ཀཱ་མ་རཱུ་པར་དུ་མ། རབ་ཚིམ་གྱི་དངོས་པོ་བཅུ་གསུམ་པས། མཱ་ལ་ཝར་གླང་ཆེན་ཁ་མ། དད་པའི་དངོས་པོ་ཏྭ་ར་ཡའི་མཐར་ གྱིས་སིནྡྷུར་དང་པོའི་སྟོབས་མ། ཁོང་དུ་ཆུད་པའི་དངོས་པོ་གསུམ་པའི་གཉིས་པས་ནཱ་གར་དུ་ལྟོགས་ནས། གསལ་བའི་དངོས་པོ་བཅུ་གཉིས་པས་སིང་ང་ལར་ལྕེ་རིངས་མ། ལྟ་བའི་དངོས་པོའི་འོད་ཀྱིས་མུ་མུ་ནིར་ལོ་མ་རིང་། སྦྱོར་བའི་རྟེན་བརྒྱད་པའི་བདུན་པས་དེ་བཱི་ཀོ་ཊཱིར་ལྟོ་བ་ཆེ། དམ་ཚིག་གི་རྟེན་ལྔ་པས་ཀོ་ལུ་ཏར་དྲི་ལྡན་མ། རོའི་རྟེན་བརྒྱད་པའི་གཉིས་པར་ཨརྦུ་དར་དྲི་རྔོ་མ། ཚུལ་གྱི་རྟེན་ཉི་ཤུ་བདུན་པ་ཧ་རི་ཀེ་ལ་བར་བསིལ་སྦྱིན་མ། གཡོ་བ་རྟེན་ཉི་ཤུ་ལྔ་པས། གཽ་དཱ་བར་འོད་མ། དུས་ཀྱི་རྟེན་ཉི་ཤུ་པས་ལམྦ་ཀར་དབྱངས་སྙན་མ། རྣམ་པར་སྨིན་ པའི་རྟེན་སུམ་ཅུ་གཉིས་པས་ཀཱཉྩི་ཀར་པུ་ལིནྡ་ར། བསྙེན་པའི་རྟེན་བརྒྱད་པའི་བརྒྱད་པས་ལས་ཀྱི་གྲོང་དུ་ཨུཏྤ་ལའི་དྲི། ལས་ཀྱི་རྣམ་པར་འབྱེད་པའི་གསུམ་པའི་གསུམ་པས། གསེར་གྱི་གླིང་དུ་པདྨའི་དྲི། རེག་བྱའི་རྣམ་པར་འབྱེད་པ་ལྔའི་དང་པོས། ཀོངྐ་ནར་མཚོ་མེ་ཚིག་བྱེད། དགའ་བའི་རྣམ་པར་འབྱེད་པའི་ཆུ་ཡིས་བྱིན་དར་རྐང་རིངས་མ། བསམ་གཏན་གྱི་རྣམ་པར་འབྱེད་པ་བཞི་པའི་དང་པོས་ཡི་དགས་འདུས་པར་རུས་ལྡན་མ། ངེས་པར་འབྱེད་པའི་སེམས་ལྔ་པའི་བཞི་པས། རྒྱ་མཚོའི་ངོགས་སུ་ཆུ་སྲིན་མིག་མ། ལྟ་བའི་རྣམ་པར་འབྱེད་པ་བརྒྱད་ པའི་བཞི་པས། ཙ་རི་ཏྲར་ཉའི་ཁ། ཆགས་པའི་རྣམ་པར་འབྱེད་པ་བཞི་པའི་གསུམ་པས། གཞོན་ནུའི་གྲོང་ཁྱེར་དུ་སྣ་ཚོགས་ཡན་ལག་མ། བརྩོན་འགྲུས་རྣམ་པར་འབྱེད་པ་སུམ་ཅུའི་གསུམ་པས། ཀསྨི་རར་ག་པུར་ལུས་མ། འཕྲོ་བའི་ཡེ་ཤེས་བཞི་པའི་ལྔ་པས། ཀེ་ར་ཏྭར་ རྨ་བྱའི་སྒྲོ་མ། དྲན་པའི་ཡེ་ཤེས་བཞི་པའི་གསུམ་པས། ནེ་བ་ལེར་འདོད་མ། བརྩོན་འགྲུས་ཀྱི་ཡེ་ཤེས་ཉི་ཤུ་པས། ཀར་ནུ་ཛར་དག་པའི་ལུས་མ། ཀུན་སྤྱོད་ཡེ་ཤེས་དང་པོ་གསུམ་པས། འཆི་མེད་གྲོང་ཁྱེར་དུ་སྐྲ་ལེགས་མ། བསྐྱེད་པའི་ཡེ་ཤེས་གསུམ་པའི་གཉིས་པས། མིའི་ཡུལ་དུ་སྣ་ཚོགས་པདྨ། གླེང་གཞི་ཡེ་ཤེས་བཅུ་གཉིས་པས། ས་འོག་ཏུ་འདོད་པའི་སྐེ་རགས་མ། རྙེད་པའི་ཡེ་ཤེས་བདུན་པས་རི་རབ་རྩེར་པདྨའི་ཞལ་མ། གཉིད་སད་ཡེ་ཤེས་གསུམ་པའི་གསུམ་པས་སོ། །དང་པོའི་ལྟེ་བར་ཤར་གྱི་ལུས་འཕགས་སུ་སྲོག་མ། དགའ་བ་ ལྔ་པའི་ལྔ་པས་སྒྲ་མི་སྙན་དུ་ལ་ལ་ནཱ། མཆོག་དགའ་བརྒྱད་པའི་བཞི་པས་བ་ལང་སྤྱོད་དུ་ར་ས་ནཱ། ཆད་པའི་དགའ་བ་སྭའི་ཡིག་འབྲུས་འཛམ་བུའི་གླིང་དུ་ཨ་བ་དྷཱུ་ཏཱི། རང་བཞིན་དགའ་བའི་ཧའི་ཡིག་འབྲུས་སོ། །དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས་མ་མོའི་བཏུས་ པའི་སྔགས་ཀྱིས་མཆོད་པའི་ཆོ་ག་དང་། གནས་དང་ཉེ་བའི་གནས་ལ་སོགས་པ་དང་དངོས་པོ་དང་རྟེན་དང་ཡེ་ཤེས་དང་། རྣམ་པར་འབྱེད་པའི་རིམ་པ་བཞིའི་དོན་བསྐྱེད་པའི་རིམ་པའི་ཡན་ལག་བསྟན་པ་ཞེས་བྱ་བ་སྟེ་དགུ་པའོ།། །།དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའ་འགྲོ་ལ་མཆོད་ པའི་དོན་དུ། ནང་དུ་མཆོད་སྦྱིན་གསུམ་གྱི་ཆོ་ག་བཤད་དེ། ཆོས་ཀྱི་འབྱུང་གནས་ཀྱི་རྣམ་པའི་གནས་སུ་པདྨའི་ཁབ་ཏུ་རི་བོང་ཅན་ཤར་བ། ནམ་ཕྱེད་ཀྱི་དུས་སུ་པིངྒ་ལའི་རྩ་འགྲོ་བའི་སྣང་བ་ཞུ་བར་གྱུར་པའི་ཧཱུཾ་གི་སྔགས་ཀྱིས་མཆོད་པར་བྱའོ། །བདེ་བའི་གནས་འདབ་མ་བརྒྱད་ཀྱི་ལྟེ་བའི་དབུས་ སུ་ཉི་མ་ཤར་བའི་ཉི་མ་ཕྱེད་དུས་སུ་ཨརྡའི་སྣང་བ་མཆེད་པ་ནུར་ནུར་པོར་གྱུར་པའི། ཕཊ་ཀ་རའི་སྔགས་ཀྱི་མཆོག་གི་དགའ་བས་མཆོད་པར་བྱའོ། །བདེ་བ་ཆེན་པོའི་གནས་སུ་དྲུག་ཅུ་རྩ་བཞིའི་འདབ་མའི་པདྨའི་ཝཾ་གྱི་རྣམ་པའི་ལྟེ་བ་བ་ར་ཏ་ཀའི་ནང་དུ་ཆུ་ཤིང་པདྨའི་ཕྲ་མོའི་བུ་ག་འབྱུང་བའི་ དུས་སུ་སོ་ཤོ་མནའི་གནས་སྣང་བ་ཐོབ་པ། གོར་གོར་པོར་གྱུར་པའི་བདེ་བ་ཆེན་པོ་མི་གཡོ་བ་ས་ཀ་རའི་སྔགས་ཀྱིས་མཆོད་པར་བྱ་ཞེས་འགྲོ་བའི་མན་ངག་གོ། །མཆོད་སྦྱིན་གསུམ་གྱི་ཆོ་གའི་དུས་སུ་སྐལ་ལྡན་མ་ཡིན་མ་འཇུག་པ་མི་སྦྱིན་ཞེས་བརྡའི་ཚིག་གོ། །ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ ནས་དབང་གསུམ་ཐོབ་པ་ནང་གི་རེག་བྱ་ཉམས་སུ་མྱོང་བ་ཤེས་པ། ཡེ་ཤེས་ཀྱི་སྣང་བ་གསུམ་མཐོང་བ་དེ་ཁོ་ན་ཉིད། ཆགས་པ་དང་ཆགས་པ་དང་བྲལ་བའི་འཛིན་པ་སྤངས་པ། སྐལ་ལྡན་ལ་འཇུག་པ་སྦྱིན་པར་བྱ་ཞེས་བཤད་དོ། །བཞི་པའི་སྐབས་སུ་མཆོད་སྦྱིན་གསུམ་ གཤེགས་སུ་གསོལ་བའོ། །རྟེན་མེད་པ། གཉིས་སུ་མེད་པ་རང་རིག་པ། ནམ་མཁའ་བཞིན་དུ་བདེ་བ་ཆེན་པོ། རླབས་དང་བྲལ་བའི་རྣམ་པ། ཧའི་ཡིག་འབྲུའི་སྔགས་བརྗོད་པས་རབ་འོད་ཀྱི་ངལ་བསོ་བའི་བསྙེན་པ་བྱ་བ་མན་ངག་གོ། །དཔལ་དགའ་བའི་མེ་ཏོག་གི་ ཕྲེང་བ་ལས། ནང་གི་མཆོད་སྦྱིན་གསུམ་གྱི་ཆོ་ག་དང་སྣང་བ་བཞི་རྫོགས་པའི་རིམ་པའི་དོན་བསྟན་པ་ཞེས་བྱ་བ་སྟེ་བཅུ་པའོ།། །།དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའ་འགྲོ་ལ་མཆོད་པའི་དོན་དུ་སྦྱིན་སྲེག་གི་ལས་བཤད་དེ། སྒྲུབ་པའི་དབང་པོ་ཀུན་སྦྱིན་སྲེག་གི་ལས་མ་ཡིན་པར་ རབ་དང་འབྲིང་དང་ཐ་མའི་དངོས་གྲུབ་བམ། ཐོག་མ་དང་ཐ་མ་དང་དབུས་ཀྱི་གནས་སུ་མྱོང་བའི་སར་རྟོག་པ་མེད་པའི་འབྲས་བུ་མི་རྙེད་དེ། དེ་མ་རྙེད་པས་བཞི་པའི་རིམ་པའི་སྦྱོར་བའི་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་བ་མེད་དོ། །ཐོབ་པར་མི་འགྱུར་བས་འཇིགས་པའི་ཕྱིར། བཏང་ སྙོམས་མ་ཡིན་པའི་བྱ་བས་རྟེན་འབྲེལ་དང་ཀུན་བརྟགས་ལ་སོགས་པར་གཟུང་བ་དང་འཛིན་པའི་བསྐྱེད་པའི་རིམ་རྟེན་དང་བརྟེན་པ་ངེས་པར་བྱའོ། །དེ་ཡང་རང་ལ་བྱིན་གྱིས་བརླབ་པའི་རིམ་པའི་དམ་ཚིག་གི་སྤྱོད་པ། རབ་ཀྱི་རབ་བསྙེན་པ་ལ་སོགས་པས་དབྱེར་མེད་པར་ མཐོང་བར་བྱའོ། །དཔལ་དགྱེས་པའི་རྡོ་རྗེ་ལས། དབྱེར་མེད་རྟག་པའི་དངོས་གྲུབ་ནི། །ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །བདེ་བས་ན་ཕྱག་རྒྱ་དང་། སྔགས་དང་། རབ་ཏུ་སྦྱོར་བ་དང་། བསམ་གཏན་དང་། ཡེ་ཤེས་དང་དགའ་བ་ལ་སོགས་པ་དང་། སྤྲོ་ བ་དང་བསྡུ་བ་ཐམས་ཅད་ནང་གི་སྦྱོར་བས་མཐོང་བར་བྱའོ། །ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། དགའ་བ་དང་། སྐད་ཅིག་དང་། རོ་བསྲུབས་པ་དང་བསྲུབ་ཐབས་ཆེན་པོས་ལས་ཀྱི་རླུང་གིས་མཉམ་པའི་འཁྱུད་པའི་དགའ་བ་ཁོང་དུ་ཆུད་པ་ལས། ལྟེ་བ་ཆེན་པོའི་ཆུ་སྐྱེས་སྙིང་ པོའི་ནང་དུ་ཡུངས་ཀར་སྦོམ་པོ་ཙམ། ཉི་མའི་གནས་པ་ཡེ་ཤེས་ཆེན་པོའི་ཐིག་ལེ། ཡི་གེ་མེད་པ་མི་བཟད་པ་ས་དང་ཆུ་དང་མེ་དང་རླུང་དང་བྲལ་བ་གློ་བུར་བ་ཟབ་པ། ནམ་མཁའི་དབུས་ན་གནས་པ། ཕྲ་མོའི་ཡང་ཕྲ་མོ་མི་ཤིགས་པ་ཕྲ་བ་ཡེ་ཤེས་ཆེན་པོའི་འོད་ཀྱི་རང་བཞིན་གྱི་ཚུལ་ཙམ། སྦྱོར་ཐབས་ལ་སོགས་པ་ལ་བརྟེན་ཏེ་ལངས་ནས་འཁྱུད་པ་དང་། འོ་ལ་སོགས་པའི་སྒྱུ་རྩལ་བྱས་པས་མཆོག་གི་བདེ་བའི་ཡེ་ཤེས་མྱོང་བ་ལ་དཔྱོད་པ་འདི་ནི་བདེ་བ་ཆེན་པོའི་ཞེས་མྱོང་བ་སྟེ། སློབ་དཔོན་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པ་དང་། དགོད་པ་དང་། ལྟ་བ་དང་། ལག་པ་བཅངས་པ་དང་། གཉིས་གཉིས་འཁྱུད་པའི་རྒྱུད་ཀྱི་རིམ་པ་ལས་མཆི་མ་དང་། རྡུལ་དང་ཡན་ལག་མི་བརྟན་པ་དང་། དབུགས་རྒོད་དང་། དེ་ལྟ་བུའི་རྟགས་ནི་ཡེ་ཤེས་ཀྱི་སྣང་བ་མཐོང་ཞིང་། དབུས་ཀྱི་ཀེང་རུས་ཀྱི་དབྱུག་པའི་ཐོག་མ་བདེ་བ་ཆེན་པོའི་འཁོར་ལོའི་ པདྨའི་ལྟེ་བའི་ནང་གི་མིག་ནམ་མཁའ་ལྟ་བུ། དམར་ཐིགས་ཀྱི་གནས་སུ་ངལ་སོ་སྟེ། ཡེ་ཤེས་ཆེན་པོའི་བདུད་རྩིའི་བུམ་པ་བཟུང་ནས་ཀུན་དུ་འཇིག་རྟེན་སྐྱོང་བ་ལ་སོགས་པ་ལ་སྣ་ཚོགས་ཀྱི་མཆོད་པ་བྱས་ཏེ། དེ་ནས་རང་ལ་བྱིན་གྱི་རླབས་ཀྱི་རིམ་པས་འཁོར་ལོ་བཞིའི་ཆུ་སྐྱེས་ཀྱི་ལྟེ་བའི་ནང་དུ་ བཞུགས་པའི་མེ་དེ་ལ་དགུག་པ་དང་། དབང་བསྐུར་བ་ལ་སོགས་པ་རྫོགས་པར་བྱས་ནས། དང་པོ་བདེ་བ་ཆེན་པོའི་ཐབ་ཁུང་གི་ནང་དུ་དགང་བླུགས་བཞི་དགའ་བའི་མེ་ཏོག་གི་རི་བོང་ཅན་གྱི་ཐིག་ལེ་བཀྲམ་པ། ཨོཾ་ཞེས་སློབ་དཔོན་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཀྱིས་བཤད་དོ། །དེ་ནས་དགང་ བླུགས་བརྒྱད་ལོངས་སྤྱོད་དུ་མངོན་པར་དགའ་བའི་མེ་ཏོག་གསེར་གྱི་ཐིག་ལེ་བཀྲམ་པའི་ཨའི་རྣམ་པས་ཞེས་བྱ་བ། དྲི་མེད་རྡོ་རྗེའི་ཞལ་སྔ་ནས་ཀྱིས་བཤད་དོ། །དེའི་འོག་ཏུ་དགང་བླུགས་བཅུ་གཉིས་ཆད་པའི་དགའ་བའི་མེ་ཏོག་དམར་བཀྲམ་ཐིག་ལེ་ཆོས་འཁོར་ལོར། ཧཱུཾ་ཡི་གེའི་སྔགས་ ཀྱིས་ཞེས་སློབ་དཔོན་པདྨ་བཛྲའི་ཞལ་སྔ་ནས་བཤད་དོ། །དེའི་འོག་ཏུ་ཕྱིའི་རྣམ་པར་རྟོག་པའི་བདག་ཉིད་ཅན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཡམ་ཤིང་བླུགས་ནས་གང་བླུགས་ལྟ་བར་བྱེད། ལོངས་སྤྱོད་དང་བདེ་བ་ཆེན་པོའི་དངོས་གཉིས་ཕྲད་པའི་དབུས་སུ་ འཁོར་ལོའི་ལྟེ་བ་གཉིས་ཀྱི་ནང་དུ་དབུ་མེད་པ། ཨ་ན་ཙ་ཀ །སྨིན་ཕྲག་གི་འཁོར་ལོའི་སྟེང་གི་མཚམས་ཀྱི་བུ་གའི་ནང་དུ། ཨོ་ཌྱན་གྱི་ལམ་ནས་བདུད་རྩིའི་ཆུ་བོའི་རླབས་ཀྱིས་འགྲོ་བས་སྙིང་གར་རོལ་ནས་ཨཉྩ་ཀའི་བླུགས་གཟར་གྱི་རྩེ་མོའི་འོག་རྣམ་པའི་སྣོད་དུ་ངལ་སོ་ནས། རྒྱུན་མ་ཆད་པའི་བདུད་རྩིའི་མར་གྱི་རྒྱུན་ཕཊ་ཀྱི་སྔགས་ཀྱིས་ནང་གི་ལྟེ་བའི་ཡེ་ཤེས་ཀྱི་ཐབས་ཀྱི་ཆུ་སྐྱེས་ཀྱི་ལྟེ་བ་ཕྲ་མོའི་བ་ར་ཏ་ཀའི་ནམ་མཁར་བདེ་བ་ཆེན་པོའི་གནས་སུ། དགའ་བ་བཅུ་དྲུག་གི་ཐིག་ལེ་རབ་ཏུ་བཀྲམ་པ། མངོན་པར་དགའ་བའི་གནས་སུ་དགང་བླུགས། བྷུར་བྷུ་བ་སྭཿ། བར་དུ་ཚིམ་པའི་དོན་དུ་མི་འཁྲུལ་བའི་སེམས་ཀྱིས་སྦྱིན་པར་བྱ་ཞེས་སློབ་དཔོན་ཞབས་ཀྱི་པདྨའི་བཀའ་དྲིན་གྱིས་མེའི་ལས་ཀྱིས་མན་ངག་གི་བརྡ་ཞེས་བྱའོ། །དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས་གྲུབ་པ་བཞིའི་རང་ལ་བྱིན་གྱིས་བརླབ་པའི་རིམ་པའི་མདོར་བསྟན་པ་དང་། གཉིས་སུ་མེད་ པའི་ཐིག་ལེའི་ཚུལ་དང་ཤེས་རབ་དང་ཐབས་གཉིས་སུ་མེད་པར་སྦྱོར་བའི་སྦྱིན་སྲེག་གི་ལས་ཀྱིས་དོན་བསྟན་པ་ཞེས་བྱ་བ་སྟེ་བཅུ་གཅིག་པའོ།། །།དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའ་འགྲོ་ལ་མཆོད་པའི་དོན་དུ་དུས་འབྱུང་བའི་གྲངས་ཀྱི་མདུད་པ་སུམ་ཅུ་རྩ་གཉིས་དང་ལྡན་ པ། དབང་བསྐུར་བ་ཐོབ་པའི་སེམས་ཅན་གྱི་ཚོགས་ལ་དགའ་བའི་སྔགས་མདུད་བཤད་དེ། སྤྲུལ་པ་ལ་སོགས་པའི་ཐབས་བཞིའི་རྟེན་གྱི་རྩའི་སྐུད་པའི་དབྱུ་གུ་ཉི་ཤུ་རྩ་བརྒྱད་ལྷག་པའི་བརྒྱའི་ཕྱེད་ཉིན་མཚན་ཕྱིའི་རྟེན་དང་བརྟེན་པའི་ཀུན་སྦྱོར་རོ། །སུམ་ཅུ་རྩ་གཉིས་ཀྱི་ཆུ་ཚོད་ཀྱི་བར་དུ་ ནང་གི་རྩའི་ཀུན་སྤྱོད། རླུང་ལ་ཞོན་ནས་བྱང་ཆུབ་ཀྱི་སེམས་དགའ་བ་བཅུ་དྲུག་སྦྱོར་བས་སཾ་སྐྲྀ་ཏ་བཅུ་དྲུག་ལ་ཀུན་འབབ་པོ། །བདེ་བ་ཆེན་པོའི་དམར་ཐིགས་དགའ་བའི་ཐིག་ལེ་ཐུན་ཚོད་བརྒྱད་ཀྱི་ཕྱེད་འབར་བ་ཕྱེད་འཛག་གོ་ཞེས་བཅུ་དྲུག་གི་ཕྱེད་ཀྱི་ཕྱེད་ལ་ཀུན་དགའ་བོ། །དེ་ལྟ་བུའི་འབྱུང་བ་ བཞིའི་དཀྱིལ་འཁོར་འབྱུང་བའི་དབུས་ནས་སྲོག་གི་གྲངས་བརྒྱ་བརྒྱད་ལྷག་པའི་སྟོང་ཕྲག་བཅུ་ཕུང་པོའི་རྟེན་སུམ་ཅུ་རྩ་གཉིས་ཀྱི་མདུད་པ་དང་ལྡན་པའི་ཀེང་རུས་ཆེན་པོའི་དབྱུག་པའི་ནང་དུ་ཆུ་ཤིང་གི་སྙིང་པོའི་རྣམ་པའི་དབུས་ནས་སྲོག་གི་འབྱུང་བ་སྤྲོ་བ་དང་བསྡུ་བ་གཡས་དང་གཡོན་པའི་ དབང་པོའི་རྟེན་དུ་ངེས་པར་སྦྱར་ཏེ། དྲི་མ་མེད་པའི་བློ་གྲོས་ཀྱི་བསམ་གཏན་གྱི་བདག་ཉིད་ཁོ་ན་དུས་ཀྱི་འབྱུང་བའི་གྲངས་བགྲང་བ་ཞེས་སྐུད་པའི་མདུད་པ་བཅིངས་པའོ། །མཆོག་གི་དགའ་བའི་གནས་ཀྱི་ཆུ་སྐྱེས་ནམ་མཁའ་བདེ་ཆེན་རྒྱལ་པོའི་ཕོ་བྲང་ནས་རྣམ་པར་ཤེས་པའི་དགའ་བས་རླུང་མེ་ ཆུས་བསྐྱེད་པའི་རིམ་པས་འབྱུང་ཞིང་དེའི་ནང་དུ་རླུང་རང་བཞིན་གྱིས་འཁོར་ཞིང་འཁྲུལ་པས་ཕ་རོལ་མི་རྙེད་ཅེས་བྲལ་པའི་གནས་པའི་བྱེ་བྲག་གོ། །སེམས་དང་སེམས་ལས་བྱུང་བ་དང་། མ་རིག་པའི་རླུང་ལ་བརྟེན་ནས་རང་བཞིན་གྱིས། སྲིད་པ་དང་མྱ་ངན་ལས་འདས་པའི་གླེང་གཞིར་གྱུར་ པའི་སྣང་བ་དང་། མཆོད་པ་གཉིས་ཟླ་བ་དང་། ཉི་མ་དང་། རང་བཞིན་དང་། མེ་དེ་དག་གིས་སེམས་ཅན་དུ་གྱུར་པ་དེ་ཡང་རྣམ་པར་དཔྱོད་པས་གང་དུ་ཡང་སེམས་ཅན་མེད་དེ་སྣང་བ་མཆེད་པ་གཅིག་པུའི་སྟོང་པ་ཉིད་ཆེན་པོའི་བྱིན་གྱི་རླབས་ཀྱིས་སོ། །དེ་ནི་གཅིག་པུས་ཟླ་བ་དང་། ཉི་མ་དང་། མེ་དང་། སྣང་བ་གསུམ་ཤར་བ་དང་ནུབ་པ་དང་། ཐོ་རངས་དགའ་བའི་བདག་ཉིད་ཅན་ཀུན་རྫོབ་ཀྱི་རླུང་ལ་བརྟེན་ནས་ཐ་མ་དང་འབྲིང་དང་རབ་དང་དེ་དག་ལ་སོགས་པ་འདུས་པས་མ་རིག་པ་ཞེས་བྱ་བའི་སྟོབས་ཆེན་པོ་ཡུན་རིང་པོའི་དུས་ནས་རང་བཞིན་ཀུན་གྱི་མཚན་མོ་དང་ཉིན་མོ་དང་མཚམས་ཀྱི་བར་དུ་ དུས་ཀྱི་འབྱུང་བ་བྱེད་པ་ཞེས་བསམས་ནས་རྟེན་དང་བརྟེན་པ་དཔྱོད་པར་བྱེད་དོ། །རྣམ་པར་ཤེས་པའི་རླུང་མ་རིག་པའི་རྟེན་ལ་གནས་ནས་རླུང་དང་ལྡན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སྲོག་གི་རྟེན་མེད་པ་དེ་ནི་རོའོ། །རྟེན་དང་བརྟེན་པའི་རྣམ་པར་འབྱེད་པ་ལས་གང་གི་ཚེ་ལས་ཀྱི་ལུས་ མི་ལེན་པ་དེའི་ཚེ་བར་མ་དོ་དང་སྟོང་པའི་རང་བཞིན་ནོ། །དེ་བས་ན་སྲོག་དང་བཅས་པ་དང་ཤི་བ་དོན་དམ་པར་དཔྱོད་པས་རྣམ་པར་ཤེས་པའི་རླུང་གང་ནའང་མེད་པའོ། །ཀུན་རྫོབ་དང་དོན་དམ་པ་མ་སྤངས་པའི་རིམ་པས་ཐམས་ཅད་བདེ་བ་ལ་སོགས་པའི་སྣང་བའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་ སེམས་ཀྱི་མེ་ཏོག་གི་རྫོགས་པར་བྱས་པའི་དགའ་བ་ཆེན་པོས་མཛེས་པའི་ཆུན་འཕྱང་རྩའི་སྐུད་པས་བརྒྱུས་པ། མཉམ་པ་དང་མི་མཉམ་པ་དང་བྲལ་བ་རྟེན་གྱི་དབྱུག་པའི་སྒོ་ངའི་སྙིང་པོའི་བདུད་རྩིའི་རོ་བསྲུང་བའི་དོན་གྱི་ཕྱིར་སྔགས་མདུད་སྦྱིན་པ་སྣང་བ་མཆེད་པའི་རང་བཞིན་ཞེས་མན་ངག་གོ། ། དེ་ཡང་སྣང་བ་མཆེད་པ་ཡོངས་སུ་ཤེས་པས་བསོད་ནམས་དང་སྡིག་པ་དང་བྲལ་བའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པོ་བསྐལ་པ་དུ་མ་སྟོང་དུ་གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་དང་། ཚུལ་ཁྲིམས་དང་བཟོད་པ་ལ་སོགས་པ་གོམས་པས་རླབས་པོ་ཆེའི་སེམས་ཀྱི་སྔགས་དང་ ཕྱག་རྒྱ་ལ་བརྟེན་པ་དང་། བསམ་གཏན་འཛིན་པ་བྱས་ན་ཡང་དེ་ལྟ་མོད་ཀྱི་སྣང་བ་མཆེད་པ་དང་མ་དག་པས་བྱང་ཆུབ་གང་དུ་ཡང་མི་རྙེད་དོ། །སྟོང་པ་ཉིད་ཆེན་པོའི་རང་བཞིན་རྣམ་པ་གསུམ་གྱི་ཡེ་ཤེས་དག་པས་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་དོན་དམ་པར་རོ། །ཁྱབ་ འཇུག་དང་ལྷ་ཆེན་པོ་དང་ཚངས་པ་དང་བརྒྱ་བྱིན་དང་ཉེ་དབང་ལ་སོགས་པ་རང་བཞིན་སྣང་བ་ལ་འཁྲུལ་པས་ཟབ་པ་དྲག་པོ་ཤིན་ཏུ་གཏིང་རིང་བ་གཏིང་དཔག་དཀའ་བའི་སྲིད་པའི་རྒྱ་མཚོར་འཁོར་ཞིང་སྣང་བ་མཆེད་པ་མི་ཤེས་པ་ཕ་རོལ་མི་རྙེད་པ་དེ་རྣམས་ཀྱང་མི་ཁོམ་པའོ། །དཔལ་དགའ་བའི་མེ་ ཏོག་གི་ཕྲེང་བ་ལས། དུས་འབྱུང་བའི་གྲངས་དང་། སྲོག་གི་རླུང་དང་། ཀེང་རུས་ཀྱི་དབྱུག་པ་མདོར་བསྟན་པ་དང་། རྩ་བའི་སྔགས་མདུད་སྦྱིན་པ་དང་། སྣང་བའི་རྣམ་པར་དག་པའི་དོན་བསྟན་པ་ཞེས་བྱ་བ་སྟེ་བཅུ་གཉིས་པའོ།། །།དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའ་འགྲོ་ལ་མཆོད་པའི་ དོན་དུ་གཏོར་མའི་ཆོ་ག་བཤད་དེ། སྐྱེ་བ་གསུམ་པ་དུར་ཁྲོད་ཆེན་པོའི་དབུས་སུ་འགྱེལ་བའམ། ཡང་ན་སྐྱེ་བ་གཉིས་པ་ཇི་ལྟ་བའི་ཆོ་གས་བླངས་ལ། དུམ་བུ་བརྒྱད་དུ་བྱས་ལ་གཏོར་མ་ཆེན་པོའི་སྣོད་དུ། ཕྱོགས་དང་མཚམས་བྱེ་བྲག་ཏུ་མཛེས་པའི་དགའ་བས་དང་པོའི་རིམ་པས་ གཞག་པར་བྱ་སྟེ། རྒྱལ་པོའི་སཱ་ལུ་ཤིན་ཏུ་ཁེངས་པར་གང་བར་བྱས་ནས་དྲི་མ་མེད་པའི་ཟླ་བ་དང་ཉི་མའི་མེ་ཏོག་གིས་དང་། གདུགས་དང་རྒྱལ་མཚན་དང་འཕན་ལ་སོགས་པ་དང་། རྨ་བྱའི་རྡུལ་ཡབ་ལ་སོགས་པ་དང་། རྔ་ཡབ་དང་དྲ་བ་དང་། དྲ་བ་ཕྱེད་པ་དང་། མེ་འོད་དང་། དགའ་ བའི་མེ་ཏོག་དང་། མར་མེ་དང་། སྒྲོན་མེ་དང་། སྣ་ཚོགས་ཀྱི་མཆོད་སྦྱིན་དང་། སྣ་ཚོགས་པའི་དྲི་ཞིམ་པའི་སྤོས་ཀྱི་དང་། འབྲས་བུ་ལ་སོགས་པ་དང་། གོས་སྣ་ཚོགས་དང་། རལ་གྲི་དང་། སྟ་རེ་དང་། རྩེ་གསུམ་གྱི་ཁ་ཊྭཱཾ་ག་རིམ་པ་ཇི་བཞིན་དུ་བཞག་ནས་བསང་གཏོར་བྱའོ། །དེའི་འོག་ ཏུ་པདྨ་ཆེན་པོའི་སྣོད་དུམ་བུ་གཅིག་པར་རྒྱས་པ་ཆེན་པོའི་བདུད་རྩིའི་རོས་གང་བ། རིགས་ལ་སོགས་པའི་མེ་ཏོག་གིས་མཆོད་དབུས་སུ་བཞག་ནས་ལུ་གུ་རྒྱུད་བཅིངས་ཏེ་གུང་མོ་སྦྱར་བའི་ཕྱག་རྒྱ་ལ་སོགས་པས་ཨརྒྷ་བརྒྱ་རྩ་བརྒྱད་ཀྱི་སྦྱིན་པ་དབུལ་བར་བྱའོ། །པདྨའི་སྣོད་ཀྱི་ལྟེ་བའི་བ་ར་ཏ་ཀའི་ནམ་ མཁའི་གནས་སུ་འོད་སྟོང་ཅན་དེའི་སྟེང་དུ་རི་བོང་ཅན་དཀར་པོའི་འོད་ཀྱི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རྣམ་པ། དམ་ཚིག་ཆེན་པོའི་ཡན་ལག་མ་དང་། གཉིས་སུ་མེད་པའི་སྦྱོར་བ་འཁྱུད་པའི་དཔལ་ཡེ་ཤེས་མཁའ་འགྲོ་སྔར་བསྟན་པའི་ཆོ་ག་ལས་དཀྱིལ་འཁོར་འཁོར་ལོ་དང་བཅས་ པ་བསྒོམ་པ་ཞེས་བྱའོ། །སྣོད་ཀྱི་ཕྱི་རོལ་དུ་ནམ་མཁའ་ལ་སྤྱོད་པ་མཁའ་འགྲོ་མ་ཆེན་མོ་ཐབས་དང་བཅས་པས་འཁྱུད་པ་གཉིས་མེད་པའི་སྦྱོར་བས་མཐོང་བར་བྱའོ། །དེའི་ཕྱི་རོལ་དུ་ཕྱོགས་སྐྱོང་བརྒྱད་མཚོན་ཆ་འཛིན་པ་གཞན་ཡང་ལྷ་ཆེན་པོ་དང་། ཉི་མ་དང་། ཟླ་བ་དང་། ཉེ་བའི་དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། ནག་པོ་ཆེན་པོ་དང་། གཞོན་ནུ་དང་། བགེགས་ཆེན་པོ་དང་། ཕོ་ཉ་དང་། དུས་མཚམས་དང་། ཀུན་འབྱེད་དང་། ཆུ་དང་། མེ་དང་། རླུང་དང་། ས་དང་། གཞན་ལྷ་དང་ལྷ་མ་ཡིན་དུ་མ་སྣ་ཚོགས་མ་མོའི་གཙོ་མོ་དང་། དེའི་མཐར་ཀླུ་ ཆེན་པོའི་རྒྱལ་པོ་བརྒྱད་ཚོགས་དུ་མས་བསྐོར་བ། དེའི་ཕྱི་རོལ་དུ་འབྱུང་པོ། ཡི་དགས། ཤ་ཟ། མྱོས་བྱེད། གྲུལ་བུམ། ལུས་སྲུལ་པོ། གཞན་ཡང་བརྩེ་མེད་མཁའ་འགྲོ་མ་འཁོར་མང་པོ་དང་བཅས་པ་དང་། གདུག་པའི་གཟའ་དུ་མ་དང་། རྣག་ཟ་བ་སྟེ་དེ་དག་དགུག་པ་དང་གཞུག་པས་གཏོར་ མ་ཆེན་པོའི་སྣོད་དུ་རབ་གནས་བྱས་ཏེ། རོལ་མོ་དུ་མ་སྣ་ཚོགས་ཀྱི་སྒྲ་གླུའི་མཆོད་སྦྱིན་བྱ། དམ་ཚིག་གི་དཀྱིལ་འཁོར་གྱི་དབུས་སུ་བདག་ཉིད། དཔལ་ཧེ་རུ་ཀའི་སྐུ་ཡེ་ཤེས་ཀྱི་ཕྱག་རྒྱས་གཏོར་མ་བྱིན་གྱིས་བརླབས་ཏེ། སྔར་བསྟན་པའི་མཁའ་འགྲོ་མ་ལ་སོགས་པའི་འཁོར་དང་བཅས་ པ། ཆུ་ངོགས་ཆེན་པོར་འགྲོ་ཞིང་དེ་རུ་དམ་ཚིག་ཆེན་པོས་གསོལ་ནས། གཡས་བརྐྱང་དང་གཡོན་བརྐྱང་དང་། གཡོན་འགྱུར་བའི་བཞུགས་ཐབས་ལ་སོགས་པའི་གར་ཆེན་པོས་རོའི་དབང་གིས་དགའ་བས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་གྲུབ་པར་བྱ་བའི་ཕྱིར་ཚོགས་ཀྱི་དཀྱིལ་འཁོར་ ཐམས་ཅད་གསོལ་ཅིག །འཐུངས་ཤིག །དམ་ཚིག་སྲུངས་ཤིག །ཞི་བ་དང་རྒྱས་པ་དབང་དགུག་པ་ལ་སོགས་པའི་ལས་གྲུབ་པའི་གྲོགས་མཛོད་ཅིག །པདྨའི་ལག་སྐོར་རྡོ་རྗེའི་སྙིམ་པས་གཏོར་མ་སྦྱིན་པར་བྱའོ། །ཨོཾ་ཨཱཿཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། དཔལ་དགའ་བའི་མེ་ཏོག་ གི་ཕྲེང་བ་ལས། གཏོར་མ་ཆེན་པོའི་ཆོ་གའི་དོན་བསྟན་པ་ཞེས་བྱ་བ་སྟེ་བཅུ་གསུམ་པའོ།། །།དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའ་འགྲོ་ལ་མཆོད་པའི་དོན་དུ་བསྟོད་པའི་མཆོད་སྦྱིན་བཤད་དེ། དཔའ་བོ་ཆེན་པོ་དཔའ་བོའི་དབང་ཕྱུག་མཁའ་མཐའ་ཟབ་ཅིང་གཏིང་དཔག་དཀའ་ བ་གཉིས་མེད་སྦྱོར་བའི་མཉམ་འཁྱུད་མ་མཆུའི་རོ་ཡི་བདུད་རྩི་བཏུང་བས་བཟི་བ་བདེ་བ་རྒྱལ་གྱུར་ཅིག །ཐིག་ཚུལ་ཆར་རྒྱུན་ཡང་དགའ་རྟེན་ནང་ཀེང་རུས་དབྱུག་པ་རྩ་འཁོར་ནང་བཞུགས་ཨཱ་ལི་ཀཱ་ལི་གཉིས་སྟོང་ཐུགས་རྗེ་དབྱེར་མེད་རང་བཞིན་བདུད་རྩི་བྱང་སེམས་རྒྱལ་གྱུར་ཅིག ། དགའ་བ་བཅུ་དྲུག་མཛེས་རྣམ་དྲི་མེད་སྐུ་རོ་ཆེན་བརྒྱད་ཉམས་མྱོང་རང་རིག་ཡེ་ཤེས་བདག་ཉིད་དེ་ཉིད་རྒྱལ་གྱུར་ཅིག །ཐོག་མ་མཐའ་དབུས་མི་གནས་ཆུ་སྐྱེས་དབང་བསྐུར་ཡེ་ཤེས་སྣང་བ་སྐད་ཅིག་ཡི་གེ་འཁོར་ལོ་སྔགས་རྒྱུད་རིམ་མཛེས་དེ་བཞིན་གཤེགས་པ་ཚངས་པ་ཁྱབ་འཇུག་ཉི་མ་ཟླ་ བ་ལ་སོགས་ཁྱབ་གཙོ་རྒྱུ་ཁྱེད་རྒྱལ་གྱུར་ཅིག །དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས། དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཀྱི་ཞི་བའི་བསྟོད་པའི་མཆོད་སྦྱིན་གྱི་དོན་བསྟན་པ་ཞེས་བྱ་བ་སྟེ་བཅུ་བཞི་པའོ།། །།དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའ་འགྲོ་ལ་མཆོད་པའི་དོན་དུ་ སྨོན་ལམ་གྱི་རྒྱལ་པོ་བཤད་དེ། དག་པའི་ཟླ་བའི་འོད་དཀར་སྣང་བ་བདེ་ཆེན་ལེགས་དགྱེས་མྱུ་གུའི་རྣམ་པའི་ལྟེ་བའི་ནམ་མཁའ་ལས་བྱུང་བདེ་ཆེན་ནམ་མཁའ་ལས་བྱུང་བདུད་རྩི་བཟའ་བ་རྟག་ཏུ་དུས་གྱུར་ཅིག །རྟག་ཆད་མངོན་དགའ་དགའ་བྲལ་གཉིས་སྤངས་དྲི་མེད་རྡོར་སྙིང་ནང་རང་ བཞིན་གཅིག་པུའི་མཚོན་རྡོར་བསམ་གཏན་ཁོ་ནར་གྱུར་ཅིག །རང་ཉམས་མྱོང་རྣམ་མཛེས་དགའ་བརྒྱད་གཉིས་ལོ་པད་འོད་མཉམ་དམར་ཐིགས་ལག་རྐང་ཨུཏྤ་ལ་འདབ་སྤྱན་གསུམ་དབུས་ཕྲ་དབང་ཤེས་ཡན་ལག་མཆོག་མའི་སྦྱོར་བ་ཤིན་ཏུ་ཁོ་ནར་གྱུར་ཅིག །ཐམས་ཅད་འཇིག་རྟེན་ ཁམས་ཡང་དག་རྫོགས་སངས་རྒྱས་བྱང་ཆུབ་རབ་ཏུ་གནས་ཕྱིར་བླ་མེད་ཐེག་ཆེན་ནང་གི་ནམ་མཁའ་རང་བཞིན་བདུད་རྩི་སྙིང་པོ་མཛེས་ཤིན་ཏུ་ཁེངས་ཆོས་འབྱུང་གྲགས་པའི་ཚངས་བཞིར་གནས་གྱུར་ཅིག །དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས། བདེ་བ་ཆེན་པོའི་དམར་ཐིགས་ཆོས་ ཀྱི་འབྱུང་གནས་གྲགས་པའི་འབྲས་བུའི་སྨོན་ལམ་གྱི་དོན་བསྟན་པ་ཞེས་བྱ་བ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་དཔལ་ཡེ་ཤེས་མཁའ་འགྲོ་ལ་མཆོད་པའི་དོན་དུ་གཤེགས་སུ་གསོལ་བ་བཤད་དོ། །སྔར་བསྟན་པའི་སྒོ་དགུ་ལ་སོགས་པ་དང་ལྡན་པའི་སྐུ་ལས། ཐོག་མ་དང་ཐ་མ་དང་ཡེ་ ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་ལས། ཟླ་སར་མེ་ཏོག་གིས་གང་བ་ཉི་འོད་ཀྱི་སྣང་བའི་པདྨས་མཆོད་པར་བྱས་ནས། ནམ་མཁའ་དང་ཟླ་བ་དང་ཉི་མ་དང་ཆུ་དང་ས་དང་མེ་དང་རླུང་གི་ཡི་གེ་བདུན་གྱི་སྔགས་ཀྱིས་བཟླས་པའི་ཕྲེང་བ་རྒྱུན་མ་ཆད་པའི་ཡིད་ ཀྱིས་ཤེས་རབ་དང་ཐབས་གཉིས་སུ་མེད་པར་སྦྱོར་བས་བསྐོར་སྒྱུར་བས། དཀྱིལ་འཁོར་འཁོར་ལོ་ལ་སོགས་པའི་གོ་རིམས་རྡོ་རྗེའི་སྒོའི་རྟ་བབས་ཚོན་རྩི་ལྔའི་གནས་ནས་གཅིག་པུའི་ཆའི་གནས་སུ་རྡོར་གསུམ་ཡེ་ཤེས་ས་བོན་གྱི་ནང་ནས་དང་པོའི་གཅིག་གི་ཕྲ་མོའི་ཆའི་ཐ་མའི་གནས་ལ་མི་ གཡོ་བའི་ཡིད་ཀྱིས་དང་པོ་གཤེགས་སུ་གསོལ་བར་བྱའོ། །དབུས་གནས་ནང་གི་པདྨ་གཉིས་པོའི་གཅིག་གིས་འཆི་མེད་དྲི་མེད་རྒྱས་དང་སྤྲོ་བ་དགའ་དང་། སྲོག་དང་སྐྱབས་སྦྱིན་དང་གླེང་གཞི་སྟེ་འདོད་ཆགས་ཆེན་པོ་བརྒྱད་ཀྱིས་གཤེགས་སུ་གསོལ་བ་གཉིས་པའོ། །དང་པོ་གནས་ཀྱི་པདྨའི་ ལྟེ་བར་གདུ་བུའི་གནས་གསུམ་པའི་གཅིག་གིས་དང་། གཞན་བརྩོན་འགྲུས་དང་། བསམ་གཏན་དང་། འོད་དང་། ལམ་དང་། རྟེན་དང་། བརྟེན་པ་དང་། འབྱུང་བ་དང་། ཚིམ་པ་དང་། བདུད་རྩི་དང་། སྒེག་པོ་དང་། ལོངས་སྤྱོད་དང་། སྣང་བ་དང་། སྒྲོན་མ་དང་། བརྟན་པ་དང་། གཡོ་བ་དང་། བཅུད་ཀྱིས་ལེན་ཏེ། དེ་ལྟ་བུ་ལ་སོགས་པའི་བཅུ་དྲུག་ཚིམ་པའི་ཆར་ཡང་མེ་ཏོག་གིས་གཤེགས་སུ་གསོལ་བ་གསུམ་པའོ། །གཏོར་མའི་གནས་ཀྱི་ཆུ་སྐྱེས་སྙིང་པོའི་ལྟེ་བ་ཆེན་པོའི་གནས་མན་ཆད་བདེ་བ་ཆེན་པོའི་འཁོར་ལོའི་ལྟེ་བའི་ནང་བཅུ་དྲུག་པའི་དང་པོས་དང་། གཞན་ཡང་ཆར་ཡང་ཐིག་ལེ་ཚུལ་ཙམ་མཆོག་གཞན་མཆོག་སྦྱོར་བ་དྲུག་གི་རྨད་བྱུང་མེ་ཏོག་གིས་གཤེགས་སུ་གསོལ་བ་བཞི་པའོ། །དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས། ཡི་གེ་བདུན་བཟླས་པའི་བསྒོམ་པ་དང་། རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱི་ས་བོན་དང་། ཐོག་མ་དང་ ཐ་མ་དབུས་ཆགས་ཆེན་པོ་བརྒྱད་རྡོ་རྗེ་ཆུ་སྐྱེས་ཀྱི་གནས་སུ་བཅུ་དྲུག་ཚིམ་པའི་ཆར་ཡང་རྣམ་པར་ཤེས་པའི་སྦྱོར་བ་དྲུག་དོན་གཤེགས་པ་བསྟན་པ་ཞེས་བྱ་བ་སྟེ་བཅུ་དྲུག་པའོ།། །།རྣལ་འབྱོར་དབང་པོ་དུ་མའི་གཞུང་ལུགས་ནི། །ཡང་དག་དཔྱད་པ་བྱས་ནས་རྨད་འབྱུང་སྨྲས། ། དེ་ཕྱིར་བལྟ་དཀའ་ཤིན་ཏུ་ཟབ་མཐའ་ཡས། །རེ་ཞིག་སུམ་ཤེས་དཔྱོད་པ་ཤིན་ཏུ་ནུས། །སྒྲ་ཚད་ལ་སོགས་ང་རྒྱལ་ནམ་ཡང་མིན། །རྒྱུད་སོགས་དུ་མ་ཉན་པ་ངེས་ཀྱང་མིན། །ཇི་ལྟར་རང་བཞིན་གང་ཞིག་ཤེས་སམ་ཅི། །གཞན་མིན་བླ་མའི་ཞལ་ནས་གསུང་མིན་ཚེ། །བླ་མ་ཤིན་ཏུ་བློ་ལྡན་ ང་རྒྱལ་མེད། །དེ་ལྟར་རང་བཞིན་ཤེས་པ་ཐུགས་རྗེའི་བདག །རླབས་ཆེན་ཆེན་པོའི་ཡུལ་གྱིས་གོས་པ་མེད། །དེ་རྡོར་སེམས་བདག་མཆོག་བླ་ལ་ཕྱག་འཚལ། །དགའ་བ་དུ་མ་མེ་ཏོག་སྣ་ཚོགས་ཀྱི་ནི་ཡིད་འཕྲོག་བཟོར། །འཇིག་རྟེན་འདིར་དོན་ཟབ་ཕྱིར་དགའ་བ་རིན་ཆེན་སྣང་བ་འོད་ཟེར་ ལྡན། །དོན་ཤེས་དོན་དམ་པར་བདེ་སྐྱེད་མ་དཔལ་ལྡན་ཡེ་ཤེས་མཁའ་འགྲོའི་དགའ་མ། །དག་ཡངས་བསྟན་པས་དྲི་མེད་འབྲས་བུ་གང་ཞིག་བདག་གིས་རྙེད་པ་དགེ །དེས་མྱུར་རྡོ་རྗེ་དབང་ཕྱུག་གི་གནས་འཇིག་རྟེན་གསུམ་གྱིས་ཐོབ་པར་ཤོག །དཔལ་ཨཽ་ཌྱན་རྡོ་རྗེ་ཆེན་པོའི་གནས་ལས་ བྱུང་བ། །དཔལ་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་མཛད་པའི། །དཔལ་དགའ་བའི་མེ་ཏོག་ཕྲེང་བ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་ཁ་ཆེའི་མཁན་པོ་པྲཛྙཱ་ཤྲཱི་གུཔྟ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དགེ་སློང་རིན་ཆེན་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཏཏྟྭ་ཨ་མྲྀ་ཏ་ཨུ་པ་དེ་ཤ། བོད་སྐད་དུ། དཔལ་དེ་ཁོ་ན་ཉིད་ཀྱི་བདུད་རྩིའི་མན་ངག །དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །སྤྲུལ་པའི་ཆུ་སྐྱེས་ལྟེ་བར་ཟླ་བ་ཉིད། །དེ་ཡི་སྟེང་དུ་འོད་དམར་འདབ་མ་གསུམ། །ཆུ་ལས་བྱུང་ བའི་པདྨའི་མིག་སྙིང་འདྲ། །རྩ་རྣམས་ཀྱི་ནི་ངོ་བོ་བདག་ཉིད་ཡིན། །དེ་ཡི་དབུས་སུ་བདེ་ཆེན་བདུད་རྩི་གྲུབ། །ཚུལ་གྱི་ཚིག་གིས་བརྗོད་མི་རྙེད། །ཉམས་མྱོང་རང་བཞིན་ཕྱག་འཚལ་ཏེ། །དེ་ཉིད་བདུད་རྩི་བདག་གིས་བཤད། །གང་གི་དྲིན་གྱིས་དེ་ཉིད་བདུད་རྩི་ནི། །ངག་ཏུ་བརྗོད་ཕྱིར་འདི་ ལྟར་བདག་བློ་རྒྱས། །དེ་ཞབས་པད་ལ་ཐལ་སྦྱར་མགོ་བོ་ཡིས། །ས་ལ་དད་པས་ཡན་ལག་བརྒྱད་བཏུད་དེ། །ཇི་ལྟར་དཔལ་ལྡན་བླ་མས་བདག་ལ་བྱིན། །དེ་བཞིན་རང་གི་རིག་པས་མངོན་བྱུང་བ། །གཞན་མིན་ནང་གི་རེག་བྱ་འཇམ་པ་སྦྱིན། །སྔོན་མེད་འབྱུང་བའི་འབེལ་གཏམ་ བདག་གིས་བྱ། །ཡང་དག་བློ་ཆེན་སྐལ་ལྡན་རྟོག་གེ་མིན། །སེར་སྣ་མེད་ཅིང་མངོན་པའི་ང་རྒྱལ་སྤངས། །བླ་མའི་རིམ་གྲོ་ལྷུར་ལེན་དབང་བསྐུར་ལྡན། །སེམས་ཅན་དོན་ལ་འཁོར་བའི་གཏི་མུག་སྤངས། །སྙིང་པོ་མཐུན་པ་དགྱེས་པ་ཡིས། །གསང་ཆེན་གནས་སུ་གང་ལ་ ལར། །སྲིད་དང་མྱ་ངན་འདས་དོན་རིག །ལོངས་སྤྱོད་རྫོགས་ལུས་མཆོག་གི་སྐུ། །བདེ་བའི་སྙིང་པོ་དཔེ་མེད་པས། །ཕྲ་མོ་རུ་ནི་ལྟ་བས་གཟིགས། །དམ་པའི་དགའ་བས་མོས་པ་ལ། །བཞག་སྟེ་རྣམ་པ་འདི་ལྟར་སྤྱོད། །རེ་ཞིག་འདི་ཅི་བདག་གང་ཡིན། །ཅི་བསྒོམ་གང་གིས་སྒོམ་པར་ བྱེད། །འདི་ནི་ཐམས་ཅད་དེ་ཉིད་མིན། །རྣམ་པར་འཁྲུལ་པར་དངོས་འདུལ་བ། །ཉམས་སུ་མྱོང་བས་འབྲས་བུའི་དུས། །བཞི་པོའི་དོན་ནི་དེ་ཁོ་ན། །བླ་མའི་ཞལ་ནས་བསྟན་པས་རྙེད། །དེ་ནི་བདག་གིས་ཡང་དག་གཅེས། །དེ་ཡི་ལུགས་ནི་ངེས་བཟུང་ནས། །ཡང་དག་ཡེ་ཤེས་ཚོར་ བྱ་སྟེ། །དམ་པའི་བདེ་བ་ལ་ཞེན་ཆགས། །རང་གི་མཆོག་དགའ་བ་ལ་འབད། །བདེ་བ་ཡི་ནི་བདུད་རྩི་སྟེར། །ཚོར་བ་ཡིས་ནི་ངེས་པར་བཟུང་། །རླུང་གི་ཡོན་ཏན་ཆོ་ག་ཡིས། །ལྟེ་བ་ཡི་ནི་དབུས་ནས་བསྐྱོད། །གདུ་བུ་ཨུཏྤལ་གྱི་ནང་དུ། །བདེ་བའི་རྒྱལ་པོ་ཁྱབ་པར་བྱེད། །ཡང་དག་གཟུ་ ལུམས་ཅན་གླེང་གཞིས། །རེག་བྱ་ཡི་ནི་གནས་སུ་འཇུག །བརྗོད་མེད་ཉམས་སུ་མྱོང་བར་བྱེད། །འདུ་ཤེས་ཐམས་ཅད་ལས་ནི་གྲོལ། །རང་དང་གཞན་གྱི་བྱེ་བྲག་ནི། །གང་ཡང་དེ་ལྟར་མི་ཤེས་སོ། །དེ་ནས་དེ་ནི་མྱ་ངན་འདས་ཡིད་ཀྱང་། །དེ་ལྟ་མོད་ཀྱི་སྙིང་རྗེའི་སེམས་བཟུང་ནས། །ཇི་ལྟར་ཆུ་ ལས་ཉ་ནི་འཕྱོང་བ་བཞིན། །སེམས་ཅན་དོན་ཕྱིར་བདག་དགའ་དེ་ལྟ་བུ། །བདུད་རྩི་རི་བོང་ཅན་ཞུ་བས། །ཆུ་སྐྱེས་རློན་པར་བྱུག་པ་ཡིན། །དགའ་བའི་ལྟ་བས་གཟིགས་ནས་སུ། །བདེ་བ་ཡི་ནི་རེག་བྱ་གསོལ། །སྤྲོ་བ་ཡི་ནི་ཚད་དུས་སུ། །འདི་ལྟར་ཐུག་པ་མེད་པ་སྐྱེ། །འདར་བ་ལ་སོགས་ པས་སྤྲོ་བ། །དྲུག་གིས་ལྷག་པའི་བཅུ་ཡི་གྲངས། །དངོས་པོ་བྱེད་ལ་སོགས་པར་ལྡན། །གཉིད་དང་འཁྲུལ་དང་བརྒྱལ་དང་སྐོམ་དང་འདར། །སྒེག་དང་སྐྲག་དང་བྱ་རྨྱང་དང་། །རྔམ་པ་བ་སྤུ་ལངས་དང་མཆི་མ་འབབ། །དྲོད་དང་བདེ་བའི་གཞན་མིན་དངོས་པོ་དང་། །རྟེན་དང་དེ་བཞིན་ རྣམ་པར་འབྱེད། །ཐོག་མ་ཐ་མ་རྒྱུ་སོགས་རྣམ་པར་འབྱེད། །རྣམ་འབྱེད་བཟུང་ནས་རྣམ་པར་འབྱེད་མིན་ལམ། །རྣམ་པར་འབྱེད་པའི་འབྱེད་པ་རྟོག་མེད་པ། །རྣམ་པར་འབྱེད་པའི་སྲིད་ལ་འབྱེད་བསྒོམ་ཅི། །རྣམ་འབྱེད་གཞན་མིན་ཇི་ལྟར་གཞན་མ་ཕོད། །སྲིད་པ་འབྱེད་ལས་མྱ་ངན་ འདས་གཞན་མེད། །སྲིད་བདག་དེ་ཉིད་མྱ་ངན་འདས་རབ་གྲགས། །དེ་བས་སྲིད་དང་མྱ་ངན་འདས། །བྱེ་བྲག་བསྒོམ་པར་མི་བྱའོ། །གཉིས་སུ་མེད་པར་མཐོང་ནས་སུ། །གཉིས་མེད་དེ་ཡང་སྤང་བར་བྱ། །རྣམ་རྟོག་ཀུན་དང་བྲལ་བ་ཡི། །གང་ཞིག་དགྱེས་པའི་གནས་སུ་ནི། །ལྷུན་ གྱིས་གྲུབ་པས་མངོན་དགའ་བ། །འོངས་ནས་ཆེ་བར་རབ་ཏུ་གསོལ། །སྤྲིན་ལ་སོགས་པའི་རྐྱེན་ཤེས་ནས། །མངོན་པར་དགའ་བས་ལྟུང་མི་འགྱུར། །ཁོང་དུ་ཆུད་པའི་རབ་སེམས་ཀྱིས། །ཡང་དག་མཆོག་གིས་གྲོས་ཤིག་བྱ། །རིན་ཆེན་པདྨའི་གསང་ཆེན་པོའི། །མེ་ཡི་དཀྱིལ་གྱི་ དབུས་སུ་ནི། །གསུམ་དུ་དགྱེས་པའི་དེ་ཉིད་ཤར། །མེ་ཡི་གྲངས་ལ་གཅིག་ཅིག་བཙིར། །དེ་ནས་སྙིང་པོ་དེ་ནི་འཛག །ཟླ་བ་བདེ་བའི་མཆོག་དགྱེས་པའོ། །མཆོག་གི་གཟུ་ལུམས་ཅན་ཕྱག་རྒྱ། །སྟེང་གི་ལམ་དུ་མཐོང་བ་ཡིན། །ནམ་མཁའ་དེ་ཡི་དབུས་སུ་རྒྱས། །ཚད་མེད་ པ་ཡི་འོད་ཟེར་གཟུགས། །རི་བོང་འཛིན་པ་དཀར་བའི་འོད། །སྐུ་ནི་སྤྲུལ་པའི་ཕྱག་རྒྱ་ཡིས། །སྲིད་པ་གསུམ་རིགས་དབུས་སུ་ནི། །སྲོག་རྩ་ཡང་ན་སྒུར་མོ་ཡི། །པདྨའི་ཡོན་ཏན་འདི་ནི་ཆར། །ཐིག་ལེ་དེ་ནི་ཤུ་ཀྲའི་གཟུགས། །མཆོག་གི་བདེ་བ་གྲུབ་པའི་ཚུལ། །བདག་ཉིད་ དེ་ནི་ངོ་བོ་ཡིན། །འདི་ནི་སྣ་ཚོགས་དོན་ཆེན་པོ། །ཐམས་ཅད་བསྐྱེད་པའི་སྦྱོར་བ་ཡིན། །གནས་མེད་པ་ཡི་གནས་སུ་ནི། །ཚུལ་ཅན་གྱི་ནི་གྲགས་པ་མཆོག །བདེ་བ་གྲུབ་པ་ཟླ་བའི་ལུས། །དེ་བཞིན་དགྱེས་པ་གྲགས་པའོ། །བསམ་དུ་མེད་པའི་ཕྱག་རྒྱ་རབ། །དེ་ནི་མཆོག་ཉིད་ནམ་ མཁའི་གཟུགས། །མཆོག་གི་ནམ་མཁའི་འོད་ལ་ནི། །སྐུ་མཐའ་ཕྱག་རྒྱ་གཞན་མཆོག་ཡིན། །སྤྱོད་པ་སྣ་ཚོགས་པ་ཡི་ནི། །འདས་པ་དེ་ནི་རྫོགས་པའོ། །ཉམས་སུ་མྱོང་བ་མཆོག་གནས་སུ། །དེ་ཉིད་རིན་ཆེན་བདག་ཉིད་གསུམ། །རྒྱལ་མཚན་ཁ་ནི་འཛིན་པར་གྲགས། ། སྒོ་ཡི་དབུས་སུ་ཆར་ཡང་མཆོག །རྡོ་རྗེ་སེམས་དཔའི་སྙིང་གའི་དབུས། །ཐིག་ལེ་གྲགས་པ་མེད་པའི་སྐུ། །མཐེའུ་ཆུང་གདུ་བུ་གསང་བ་ཡི། །སྐེ་ཡི་འཁོར་ལོ་ཚུལ་ཡིན་ནོ། །དྲུག་གིས་ལྷག་པའི་དྲུག་པ་བཅུ། །འདབ་མ་གཉིས་ཆད་ལྟེ་བ་རུ། །ཟླ་བ་བདེ་བ་མཆོག་གི་མཚན། ། ཡོན་ཏན་གཏེར་ནི་གྲགས་པའོ། །སྣ་ཚོགས་པདྨ་འདབ་བརྒྱད་པའི། །རྒྱལ་བ་མཆོག་གི་པད་གནས་སུ། །སྙིང་གའི་ནམ་མཁའི་དབུས་སུ་ནི། །འོད་ཟེར་གཟུགས་ཅན་ཕྱག་རྒྱར་གྲགས། །རོ་དྲུག་ཉམས་སུ་མྱོང་བ་ཡི། །གནས་སུ་དགྱེས་པའི་མཐའ་ཅན་ཡིན། །བཅུ་གཉིས་ཕྱེད་ཀྱི་ ཕྱེད་འོད་ཟེར། །རང་བཞིན་གྱིས་ནི་དཔེ་མེད་གྲགས། །གང་དུ་སྐུ་གསུམ་རྣམ་པར་གཤེགས། །ཐོད་པའི་མཚམས་ནི་གསང་བ་ཡི། །པདྨ་ཡི་ནི་སྙིང་པོའི་ཚིགས། །རྒྱས་པའི་བུ་ག་གསང་བ་ཡི། །དྲི་མ་མེད་པ་ནམ་མཁའི་དབུས། །མཚན་མའི་བདག་པོ་ཀུན་དུ་གང་། །མུན་གནག་ཡར་ ངོ་ཡིས་ནི་དང་། །རྟོག་པའི་སྤྲིན་གྱིས་གྲོལ་བ་ཤར། །སྙིང་གའི་དབུས་སུ་རྒྱས་མོད་ཀྱི། །སྨྲ་བ་རུ་ནི་མི་ནུས་སོ། །གལ་ཏེ་གསུང་གིས་རབ་བརྗོད་ན། །དེ་ལྟ་མིན་པའི་དོན་བརྗོད་དོ། །རང་གིས་ཉམས་སུ་མྱོང་བའི་ཕྱིར། །རང་བཞིན་འབའ་ཞིག་གིས་ནི་བླ། །གང་གིས་དེ་འདྲའི་ལམ་ བསྟན་པ། །རྒྱལ་བ་རྣམས་ཀྱིས་རྙེད་པ་དཀའ། །དེ་ནི་རྡོ་རྗེ་སེམས་དག་སྐུ། །མཆོག་གི་དབང་ཕྱུག་རྒྱལ་གྱུར་ཅིག །ཡོན་ཏན་ལྡན་པའི་བླ་ཞལ་ནས། །གང་གིས་དེ་ཡི་སྒྲ་ཉན་པ། །མཆོག་གི་དམ་པ་དགེ་བ་ཅན། །དེ་ནི་སྐྱེས་བུས་བལྟ་བཀུར་འོས། །སྣ་ཚོགས་དུ་མར་རྣམ་པར་ རྟོག །གང་གིས་བོར་ཏེ་རྩེ་གཅིག་སེམས། །རྒྱུད་མི་འཆད་པ་ཉེ་བར་བསྙེན། །བསམ་གཏན་གྱིས་ནི་རྣལ་འབྱོར་འཇུག །འཁོར་བའི་མུན་གནག་སྤྲིན་དང་བྲལ། །དེ་ནི་སྐྱེས་བུས་རེག་བཀུར་འོས། །སངས་རྒྱས་སྲས་ཀྱིས་རྙེད་དཀའ་བ། །དྲུག་གིས་བྱེ་བྲག་རིན་པོ་ཆེ། །བློ་གྲོས་ བརྟན་པས་བློ་འབྱེད་པའི། །གང་ཞིག་རབ་ཏུ་བསམ་གཏན་བསྟིམས། །ཐར་པའི་རྣམ་རྟོག་དང་བྲལ་བ། །དེ་ནི་སྐྱེས་བུས་མཆོད་བཀུར་འོས། །པདྨ་རྡོ་རྗེ་སྦྱོར་བ་ལས། །ཕྱི་ཡིས་གཟུགས་ཅན་མཆོག་གིས་དགའ། །སྐད་ཅིག་ཟིལ་བའི་བདེ་བ་ཅན། །གང་གིས་བསམ་རབ་ སྤངས་པ་ནི། །ཉམས་མྱོང་གི་ནི་གནས་སུ་བསྟན། །དེ་ནི་སྐྱེས་བུས་ཕྱག་བཀུར་འོས། །ནང་རེག་བདུད་རྩི་ལོངས་སྤྱོད་ནི། །ཚིམ་པར་མྱོང་བ་གང་གི་ཚེ། །དེ་ཚེ་རང་ཉམས་མྱོང་དགའ་ལས། །དགའ་བའི་རྣམ་པ་ཡི་ནི་སེམས། །བདག་ལས་སྐྱེ་བ་ནང་གི་རེག །ནང་ནས་སྐྱེ་ བ་དངོས་ཅི་འདྲ། །ཁོང་དུ་ཆུད་དབང་གྱུར་ལས་ནི། །ནང་གི་རེག་བྱ་རྙེད་པ་ཡིན། །ཚད་མེད་པ་ཡི་ཡོན་ཏན་གཏེར། །བརྗོད་དུ་མེད་པ་དེ་ཉིད་དོ། །རང་གི་བདེ་བ་ཀུན་དུ་གསོལ། །ཉམས་སུ་མྱོང་བ་ཞུམ་པ་ཡི། །དེ་ནི་བརླག་པར་རབ་ཏུ་བརྗོད། །ཡེ་ཤེས་སྐུ་ཡི་རང་ངོ་བོ། །དངོས་པོ་མིན་པ་ དེ་ལྟར་མིན། །བསྒོམ་དང་བྲལ་བའི་དངོས་པོ་ཡིན། །དབང་པོ་བདེ་བའི་བྱེ་བྲག་ནི། །གསོལ་བ་ལོངས་སྤྱོད་དུ་ནི་གྲགས། །སྲིད་དང་མྱ་ངན་འདས་ཡོངས་གསོལ། །ལོངས་སྤྱོད་བདེ་བ་ཡིས་ནི་དབང་། །དགའ་གསུམ་ཐ་དད་རབ་ཏུ་གཞི། །གང་གི་ས་ལ་དེ་ནི་བརླག །དཔེ་མེད་ རང་བཞིན་དུ་ནི་གྲགས། །རྣལ་འབྱོར་ཡེ་ཤེས་རྙེད་པས་སོ། །དེ་ནི་རིན་ཆེན་རྡོ་རྗེ་རྩེར། །གྱེན་གྱི་ལམ་དུ་འགྲོ་བ་རུ། །སྙིང་ག་ཡི་ནི་ཕྱོགས་སུ་ཉེ། །བྱང་ཆུབ་ཀྱི་ནི་སེམས་ལ་དབང་། །རང་གི་འདུག་པ་ནང་དུ་ཡང་། །ལོངས་སྤྱོད་བདེ་བ་གྱ་ནོམ་པ། །འཛིན་པའི་གདུ་བུ་ཡིས་ནི་ས། ། སླེབས་པ་ཙམ་གྱིས་ནང་དུ་ནི། །བདེ་བའི་ངོ་བོ་ཉམས་སུ་མྱོང་། །དེ་ནི་ནང་གི་རེག་བྱ་ཡིན། །བདེ་ཆེན་གྲགས་པ་རང་བཞིན་བརྗོད་དུ་མེད། །སྐྱེ་དང་གནས་དང་འགག་པ་རྣམ་པར་སྤངས། །རྣམ་པར་རྟོག་པ་ཙམ་གྱིས་བློ་རྙེད་མིན། །རྣམ་རྟོག་ཕྱི་དོན་བདེ་བ་མིན་ངོ་བོ། །དེ་བས་ཅི་མིང་གང་ ལ་རག་ལས་བསྒོམ། །བསྒོམ་པའི་དོན་གཞན་གྲུབ་པ་དེས་ལས་གཞན། །སྐད་ཅིག་རྟོག་པ་ཐམས་ཅད་དང་བྲལ་བས། །རྣམ་པར་རྟོག་མེད་ངོ་བོ་ཉིད་རང་རིག །གལ་ཏེ་ཚོར་བ་ཡིན་པ་དེ་ནི་རེག །རེག་ན་སྒྲ་ཡི་རྣམ་རྟོག་གཟུགས་སུ་འགྱུར། །སྒྲ་མེད་གཉིས་སུ་མེད་པས་ཀླགས་སྐབས་ མེད། །དངོས་བྲལ་དེ་ནི་དེ་ཉིད་དོན་དམ་པར། །འདི་ལྟ་དེ་ཉིད་ཡིན་གྱུར་ཀྱང་། །དེ་བཞིན་དེ་ལ་བྱ་བ་ཡིན་པ་གཞུང་། །དངོས་པོའི་བྱ་བས་ལྟ་བ་ལོག་མི་འགྱུར། །ལྟ་བའི་རིམ་པ་དེ་ཉིད་རིན་ཆེན་རྙེད། །ཇི་ལྟར་བུར་ཤིང་ས་ལ་ལུད་བཏབ་ན། །དེ་ལས་ཁུ་མང་ཤིང་རབ་ཆེ་བ་སྐྱེས། །དོན་གྱི་ཕྱིར་ རུ་ཐབས་ནི་ཐམས་ཅད་བཤད། །ཇི་ལྟར་སྦྱིན་སོགས་རྒྱལ་བས་རྒྱལ་བའི་ཡུམ། །མཆོག་གི་བདུད་རྩི་ཡི་ནི་རྒྱུན། །ཚིགས་ཀྱི་བུ་ག་ལས་ནི་མྱོང་། །འཛིན་པའི་གདུ་བུ་ཡི་ནི་སྐེར། །འབད་པས་དེ་ལ་གཞག་པར་བྱ། །བསྲུབ་དང་བསྲུབས་པའི་སྦྱོར་བ་ཡིས། །རྣམ་པར་སྨིན་པའི་ འབྲས་བུ་རྙེད། །དྲི་མེད་ཀྱི་ནི་བདུད་རྩིའི་ཐིགས། །ཚངས་པའི་བུ་ག་ལས་རྒྱལ་མཚན། །རབ་ཏུ་འཇུག་པ་ཁ་ཉེ་ཙམ། །དེ་ལས་རྣམ་པ་འཇོམས་པས་རྙེད། །དེ་ཡང་སྙིང་གར་འགྲོ་བ་ན། །ཡེ་ཤེས་རླུང་གིས་དགུག་པ་ཡིས། །དཔེ་མེད་པ་ཡི་རང་བཞིན་གྲགས། །མཚན་ཉིད་བྲལ་བ་དེ་ནི་རྙེད། །ཡང་ནི་ བདེ་བའི་སྦྱོར་བ་ཡིས། །མགོ་བོ་རུ་ནི་ཆབ་ཀྱི་རྒྱུན། །མཚོག་མའི་སྤྱི་རྩེར་མཆོག་ཏུ་འབབ། །དེ་ལས་རྣམ་པ་སྣ་ཚོགས་རྙེད། །རྡོ་རྗེ་ཡི་ནི་རིགས་སུ་འགྱུར། །འཁོར་ལོས་སྒྱུར་བ་གཞན་མ་ཡིན། །པདྨ་རྡོ་རྗེ་སྦྱོར་བ་ཡི། །ཡེ་ཤེས་ཀྱིས་ནི་རབ་ཏུ་རྙེད། །སར་པ་གཟུ་ལུམས་ཅན་གྱིས་འདིར། ། དེ་ཀུན་རྨི་ལམ་ལྟ་བུར་མཐོང་། །ཚོན་རྩི་ལྟ་བུ་སྦྱོར་བདེའི་ལམ། །ཕྱི་ཡི་གཟུགས་ཅན་རྣམ་པར་དགོད། །བདེ་བའི་རྣམ་པར་རྟོག་དང་བྲལ། །ནམ་མཁའ་བཞིན་དུ་རྟོག་མེད་པ། །རང་གི་ངོ་བོ་རླབས་དང་བྲལ། །ཐམས་ཅད་ཀུན་ལ་བཞུགས་པའོ། །དེ་ལ་ཆོས་དང་དམ་བཅས་སོགས། ། བསྙུང་བ་བྱེད་དང་གཙང་སྦྲ་མེད། །རིན་ཆེན་གསེར་དང་དངུལ་དག་གི །ལྷ་ལ་ནམ་ཡང་ཕྱག་མི་བགྱིད། །མེ་ཏོག་རབ་དང་རྡུལ་ཚོན་གྱི། །དཀྱིལ་འཁོར་ནམ་ཡང་མཆོད་མི་བྱ། །བརྟུལ་ཞུགས་འཛིན་པའི་རྒན་པོ་ལའང་། །དེ་ལ་ནམ་ཡང་ཕྱག་མི་བགྱིད། །ཉམས་སུ་མྱོང་བ་རོ་ཡིས་ཚིམ། ། དེ་ལས་ཅི་ཞིག་གཞན་དགོས་མིན། །ལྷག་པ་ཡི་ནི་འབྲས་བུ་འདོད། །དེ་ལས་ནམ་ཡང་དགོས་སམ་ཅི། །ཆོས་ཀུན་ལ་ནི་འབད་པ་ཡིས། །གལ་ཏེ་ཐ་སྙད་དེ་འཛིན་ན། །ཤེལ་གྱི་རིན་ཆེན་རྡོ་བ་ལ། །ཇི་ལྟར་ཚོན་རྩི་ཡི་ནི་རྫས། །འདོད་པ་ཡིས་ནི་ལོངས་སྤྱོད་བགྱིད། །སྡིག་པ་ཡང་ནི་དེ་ བགྱིད་ན། །དེས་ནི་གོས་པར་ཡོང་མི་འགྱུར། །ཇི་ལྟར་པདྨ་འདབ་ཆུས་སོ། །ཚིག་གི་དོན་ནི་མ་རྟོགས་ན། །དེ་ལ་ཐམས་ཅད་དགོས་པ་ཡིན། །བརྟུལ་ཞུགས་སྡོམ་པ་བཟླས་པ་སོགས། །བསམ་གཏན་ཚུལ་ཁྲིམས་བྱ་དོན་ནོ། །རྣལ་འབྱོར་ཀུན་ལ་དོན་དམ་པར། །གང་དུ་ཡང་ནི་གསུང་ བ་མིན། །ཡུལ་གྱི་བདེ་བ་བསྒྲགས་པ་ལས། །བྱང་ཆུབ་ཀྱི་ནི་ལམ་རྙེད་པ། །དབང་པོ་གཉིས་ལ་སོགས་པར་སྦྱོར། །དེ་ནི་གལ་ཏེ་ཚིག་རིགས་ན། །རྟག་ཏུ་བྱོལ་སོང་ཐ་མལ་པ། །འདོད་པ་ཡིས་ནི་ལོངས་སྤྱོད་ཞེན། །དེ་ཡིས་མྱ་ངན་འདས་པ་ཡི། །ད་དུང་ཡང་ནི་རྙེད་པ་མིན། །དེ་བས་ ཀུན་ནས་འབད་པ་ཡིས། །རྟག་ཏུ་རང་བཞིན་དོན་དུ་སྤྱོད། །སྐྱོན་མེད་ངོ་བོ་གྲགས་བདེ་ལས། །རྟོག་པ་མེད་པར་རིམ་གྱིས་འབྱུང་། །འཛིན་པ་ལ་སོགས་བསྒོམ་ལམ་གྱི། །དྲི་མེད་སྙིང་གི་ནམ་མཁའ་ལ། །རིག་པ་ཡིས་ནི་རང་བཞིན་དགའ། །རྣལ་འབྱོར་སྐྱེས་བུ་མཆོག་གིས་རྙེད། །དེ་ལ་ བསྒོམ་པར་མི་བྱ་སྟེ། །དེ་ཉིད་རྙེད་པས་གཞན་ཅི་རྙེད། །གང་ཚེ་མཐེའུ་ཆུང་སོགས་པར་ནི། །གནས་ནི་བསླབ་པར་མི་བྱ་སྟེ། །དེ་ཚེ་སྙིང་གའི་ནམ་མཁའ་ལ། །རང་བཞིན་ནམ་ཡང་རྙེད་པ་ཡིན། །དེ་བས་ཐམས་ཅད་འབད་པ་ཡིས། །རྩ་བའི་གནས་ནི་རབ་གྲུབ་བྱ། །གྲུབ་ནས་འབད་ མིན་རང་བཞིན་དགའ། །ཐེ་ཚོམ་མེད་པར་རྙེད་པ་ཡིན། །དེ་ལྟའི་གསང་བའི་བསྒོམ་པ་ཡིས། །ཚེ་འདི་ཡིས་ནི་མང་རབ་ཏུ། །ཕྱག་རྒྱ་ཆེན་པོ་དངོས་གྲུབ་མཆོག །བདག་གིས་མངོན་སུམ་བསྐྱེད་པའོ། །དང་པོ་དཔལ་བདེ་ཞལ་སྔ་ནས། །དེ་བཞིན་ཡང་ནི་ཚངས་པའི་ཞབས། །བྲམ་ ཟེ་མོ་ནི་རྡོ་རྗེ་ལྡན། །དེ་ནས་དཔལ་རྒྱལ་བཛྲ་བུད། །སློབ་དཔོན་ཨུ་སམ་དེ་ནས་དེ། །དཔེ་ཡི་སློབ་དཔོན་དེ་ཕྱི་མ། །གོས་བྲལ་ཞལ་སྔ་དེ་བཞིན་ནོ། །དཔལ་རྒྱལ་ཛྙཱ་ན་བོ་དྷི་དང་། །དེ་བཞིན་ཤྲཱི་ཨོ་ག་བུདྡྷི། །སློབ་དཔོན་པདྨ་བཛྲའི་ཞབས། །ཌོ་མིའི་ཞལ་སྔ་དེ་བཞིན་ནོ། །ཡན་ལག་རབ་མ་ དཔལ་ལྷ་མོ། །བུང་བའི་པདྨ་དེ་བཞིན་ནོ། །དུར་ཁྲོད་ཀི་ལ་རི་ཞལ་སྔ། །ལྷ་ལྕམ་ལེགས་སྨིན་དེ་བཞིན་ནོ། །བདག་ཀྱང་དང་པོར་གྲུབ་པ་ཡིན། །འོན་ཀྱང་སེམས་ཅན་དོན་དུ་དགྱེས། །དེ་བས་གྲུབ་མཆོག་དོན་དམ་པ། །དེས་ན་འདི་ཡི་གཞུང་གཟུང་བྱ། །མཆོག་ཏུ་ཡུལ་གྱི་དགའ་བ་ནི། །ཤེས་རབ་ཅན་གྱིས་ ནམ་མི་བྱ། །གང་ཞིག་འདི་ལྟར་ཡིན་ན་ཡང་། །ལོངས་སྤྱོད་ལ་སོགས་ཡོངས་སུ་གཟུང་། །དེ་ནི་ཕུང་སོགས་བསྲུང་བའི་དོན། །དོན་དམ་དེ་ཁོ་ན་ཉིད་མིན། །བསམ་གཏན་ལ་སོགས་མི་ནུས་ཕྱིར། །ལོངས་སྤྱོད་ལ་སོགས་བྱས་དག་གསོལ། །དག་ན་དེ་ཉིད་སྐྱོན་མི་བྱེད། །ཐ་མལ་ རབ་མཆོག་འབྲས་བུ་སྦྱིན། །ཇི་ལྟར་དུག་ཤེས་པ་ཡིས་དུག་གསོལ་བ། །དེ་ལ་ནམ་ཡང་སྐྱོན་ནི་བྱེད་མི་འབྱུང་། །ཐ་མར་ཡང་ནི་རབ་མཆོག་འབྲས་བུ་སྦྱིན། །མཛེ་ནད་ཚབས་པོ་ཆེ་ཡང་མེད་པར་བྱེད། །དེ་ལྟའི་འགྲོས་སུ་བཅས་པའོ། །གང་ཞིག་བདག་གིས་འདི་རུ་ བསྟན། །ཡོན་ཏན་དུ་མ་དགེ་བའི་ལམ། །འགྲོ་བ་ཡི་ནི་ཐབས་ཡིན་ནོ། །ཉམས་སུ་མྱོང་བའི་མཐར་ཕྱིན་པ། །དེ་ཉིད་ཤེས་པ་བརྟེན་པ་ཡིན། །དེ་དང་དྲང་དོན་བྱེ་བྲག་ཏུ། །གསང་བ་ཆེན་པོ་ཡེ་ཤེས་མཆོག །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་དག །རྡོ་རྗེ་སེམས་དཔས་རྒྱས་བཏབ་པ། །དེ་བས་ གང་ཞིག་རྒྱུད་རྒྱས་བཏབ། །དེ་ལ་རང་གིས་སྒྲུབ་མི་བྱེད། །གལ་ཏེ་དེ་ནི་ལོག་པར་འགྲོ །ཤེས་པ་མ་ཡིན་གྲུབ་མ་ཡིན། །འོན་ཀྱང་དེ་ལ་ལོག་པ་སྟེ། །མྱུར་དུ་དམྱལ་བར་འགྲོ་བར་འགྱུར། །དེ་བས་ཀུན་དུ་འབད་པ་ཡིས། །སྒྲུབ་ཐབས་ལ་སོགས་བླ་མའི་བཀའ། །སྤྱད་པ་སྒྲུབ་པའི་དབང་ སྔགས་པ། །ཐེ་ཚོམ་མེད་པར་དངོས་གྲུབ་ཐོབ། །འདི་ནི་བདག་གིས་ཡང་དག་ལམ་ཉིད་བསྟན། །གསང་བའི་གསང་མཆོག་སྙིང་པོ་ཀུན་དགའ་བ། །བླ་མའི་རིམ་པ་གཤེགས་པ་སྔོན་མེད་པ། །རབ་ཀྱི་མན་ངག་རྙེད་པ་རྨད་བྱུང་ངོ་། །འདི་ནི་དཔལ་ཨུ་རྒྱན་རྡོ་རྗེ་ཆེན་པོའི་གནས་ནས་ བྱུང་བ། དཔལ་དེ་ཁོ་ན་ཉིད་ཀྱི་བདུད་རྩི་མན་ངག་དཔལ་ཨིནྡྲ་བྷཱུ་ཏི་རང་ལས་བྱུང་བའོ། །སློབ་དཔོན་ཆེན་པོ་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས། དཔལ་དེ་ཁོ་ན་ཉིད་ཀྱི་བདུད་རྩིའི་མན་ངག །མཆོག་གི་དངོས་གྲུབ་བརྙེས་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ ཤྲཱི་གུཔྟ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། རཏྣ་མཱ་ལཱ་ཨུ་པ་དེ་ཤ །བོད་སྐད་དུ། དབང་རིན་ཆེན་ཕྲེང་བའི་མན་ངག །དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་ བ་ཆེན་པོ་འཁོར་ལོའི་བར། །ལངས་ནས་སྤྲུལ་པའི་འཁོར་ལོ་གཟིགས། །ཟླ་བ་ཉི་མའི་ལམ་དེ་ཡི། །ཨ་བ་འདུད་ལ་ཕྱག་འཚལ་ལོ། །རིན་ཆེན་རྡོ་རྗེ་ཞབས་བཀའ་དྲིན། །ཐམས་ཅད་བདག་རྩའི་འཁོར་ལོ་མཁྱེན། །དེ་དབུས་རྩ་གསུམ་དེ་ཁོ་ན། །ཤེས་རབ་དཔལ་བདག་གསལ་ བར་བགྱིད། །བདེ་ཆེན་འཁོར་ལོའི་རྩ་བ་ལ། །རྩ་ཡི་འདུག་ས་རབ་ཏུ་གནས། །ལུས་ཀྱི་རྟེན་དེ་རྩ་ཡིན་ནོ། །དཔེར་ན་ཁང་རྟེན་ཀ་བ་འདྲ། །ཁང་པ་ཞེས་བྱ་འཁོར་ལོར་གསུངས། །འཁོར་ལོའི་ཁང་པ་ཀ་མེད་ན། །གཞན་དག་འདུག་པའི་གནས་མེད་དེ། །བདེ་ཆེན་ཁང་པ་གནས་ ཡིན་ནོ། །དགའ་བ་ལ་སོགས་སོ་སོར་གསུངས། །དགའ་དང་རབ་ཏུ་དགའ་བ་ཡིས། །སྐད་ཅིག་དེ་ཡི་སྐད་ཅིག་དང་། །ཐང་ཅིག་དང་ནི་ཡུད་ཙམ་མོ། །དེ་ལྟ་བུ་ཡི་དབང་བཞིའི་དོན། །ཡེ་ཤེས་རྒྱ་མཚོའི་རྒྱུད་ནས་གསུངས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །རྡོ་རྗེའི་སྙིང་ པོ་དག་ལ་གསུངས། །བདེ་བ་སོ་སོ་གཉིས་སུ་ཡང་། །རྩ་བ་དང་ནི་འབྲས་བུའོ། །ཟླ་བ་ཉི་མ་མེ་ལམ་གསུམ། །མིག་གཉིས་དང་ནི་གླིང་བུའོ། །དངོས་པོ་ལུག་རྒྱུད་འདྲ་བའོ། །ལ་ལ་ནཱ་དང་ར་ས་ནཱའོ། །ཨ་བ་དྷཱུ་ཏཱི་གསུམ་པ་ཡིན། །གཅིག་པུ་དེ་ནི་གསུམ་དུ་འགྱུར། །གཞན་ གྱིས་རྐང་མཐིལ་ཡན་ཆད་ཁྱབ། །རྩ་ཡི་རྩ་བ་དུ་ཞིག་མཆིས། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། །སྤྲུལ་པའི་འཁོར་ལོ་བྷ་གར་གསུངས། །སངས་རྒྱས་རིན་པོ་ཆེ་ཡི་སྣོད། །གཡས་གཡོན་ལ་ལ་ར་ས་ནཱའོ། །ཨ་བ་དྷཱུ་ཏཱི་དབུས་ན་བཞུགས། །གཟུང་དང་འཛིན་པ་རྣམ་པར་སྤངས། ། རང་བྱུང་གླ་རྩི་གཡས་གཡོན་རྒྱུ། །དབུས་ཀྱི་ཨ་བ་དྷཱུ་ཏཱི་ལ། །ག་པུར་རྣམ་པར་རྒྱུ་བ་ཡིན། །ཨ་བ་དྷཱུ་ཏཱི་ཇི་ལྟར་གསུངས། །སྣང་སྲིད་འབྱུང་བའི་རང་བཞིན་ཅན། །ཐམས་ཅད་མེད་པར་བྱེད་པའོ། །དེ་ནི་ཨ་བ་དྷཱུ་ཏཱི་ཡིན། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །ཀུན་གྱི་གཙོ་མོར་ གསུངས་པའོ། །དེ་ཡི་རང་བཞིན་མི་རྟོགས་ཏེ། །བླ་མའི་མན་ངག་མེད་གྱུར་ན། །དེ་ནི་རྟོགས་པ་མ་ཡིན་ནོ། །ཐོག་མ་དབང་གསུམ་མ་ཐོབ་ན། །སློབ་དཔོན་གཅིག་ཀྱང་མི་སྟོན་ནོ། །དེ་བས་དང་པོ་དབང་གི་དོན། །རྡོ་རྗེ་སློབ་དཔོན་ལ་ཞུས་པ། །རྒྱུད་ནི་ཐམས་ཅད་ལས་གསུངས་པ། ། དབང་གི་རིམ་པ་རྣམ་བཞི་སྟེ། །འབྲས་བུའི་གཟུགས་ནི་གསུམ་དུ་གསུངས། །བཞི་པའི་དབང་ནི་ལོགས་ན་མེད། །གསུམ་ལས་མེད་པ་གསུམ་པ་རང་། །དེ་ཡི་མན་ངག་ཐམས་ཅད་བདེ། །དེ་སྐད་དཔལ་རིན་རྡོ་རྗེ་ཡི། །བསྒོམས་པའི་རིམ་པའི་ནང་ནས་གསུངས། །དང་པོ་བུམ་ པའི་དབང་དང་གཅིག །གཉིས་པ་གསང་བའི་དབང་དུ་གསུངས། །གསུམ་པ་ཤེས་རབ་ཡེ་ཤེས་དང་། །དེ་ལྟར་དེ་བཞིན་བཞི་ཡིན་ནོ། །དེ་ལྟར་བཞི་པ་བྱ་བ་གང་། །ཤེས་རབ་ཡེ་ཤེས་དབང་གི་དོན། །ཤེས་རབ་གང་ལགས་ཡེ་ཤེས་གང་། །དེ་ཡི་དེ་ཁོ་ངོ་བོ་མཁྱེན། ། ཤེས་རབ་བྱ་བ་མྱ་ངན་འདས། །ཡེ་ཤེས་བྱ་བ་འཁོར་བར་གསུངས། །དེ་ཀུན་དེ་དབུས་རང་བཞིན་ནོ། །དེ་ལྟར་མིན་ན་སྐྱོན་དུ་འགྱུར། །རྡོ་རྗེ་སེམས་དཔའི་བཀའ་ལུང་བརྫུན། །བཀའ་ལུང་བརྫུན་པ་མ་ཡིན་ཏེ། །གཏི་མུག་ཆེ་བར་གྱུར་པས་སོ། །ལྷ་སྦྱིན་མདའ་ཕྲད་བུ་ཡི་དབང་། །འབྲས་ བུ་སྐད་ཅིག་དགའ་བ་བསྐྱེད། །གཉིས་པ་གསང་བའི་རྡོ་རྗེ་ཕྲད། །འབྲས་བུ་རབ་དགའ་གསང་བའི་དབང་། །གསུམ་པ་གཉིས་མེད་འདོད་ཆགས་མེས། །བཞུ་སྟེ་བྱང་ཆུབ་སེམས་བྱུང་མྱོས། །དེ་ནི་ཤེས་རབ་ཡེ་ཤེས་དང་། །དགའ་བ་མེད་པའི་འབྲས་བུ་བསྐྱེད། །དེ་ཡི་འགོག་པ་ བཞི་པ་ནི། །རང་བཞིན་ཡེ་ཤེས་མཚན་ཉིད་དོ། །ཐམས་ཅད་མཁྱེན་པ་ཐམས་ཅད་ཡོད། །ཐམས་ཅད་རང་བཞིན་ཐམས་ཅད་མེད། །དེ་ཉིད་གཅིག་པུ་སྟོང་ཆེན་པོ། །དངོས་པོ་དང་ནི་དངོས་པོ་མེད། །གཉི་ག་མེད་པར་བྱེད་པའོ། །དེ་ནི་བཞི་པོའི་མན་ངག་དོན། །ཆེན་པོ་རིན་ཆེན་རྒྱ་ མཚོའི་རྒྱུད། །རྡོ་རྗེ་སེམས་དཔས་དེ་སྐད་གསུངས། །དེ་ཡི་དོན་ལ་མཁས་པ་འཁྲུལ། །རང་རྟགས་གཏི་མུག་ཆེས་པས་ལྷུང་། །དེ་སྐད་མན་ངག་བདག་གི་ལྟ། །དེ་ནས་བདག་གི་མན་ངག་ལ། །བཞི་པའི་དོན་ལ་དེ་ལྟར་རྟོགས། །ཤེས་རབ་ཡེ་ཤེས་ཟིན་ནས་སུ། །བྱང་ཆུབ་སེམས་ མྱོང་བཞི་པ་ཡིན། །ཤེས་རབ་ཡེ་ཤེས་ཟིན་ནས་སུ། །སློབ་དཔོན་སློབ་མ་སྐད་ཅིག་གཟུགས། །རྡོ་རྗེ་ཉི་མ་ནུབ་ནས་སུ། །དེ་ལས་ཡེ་ཤེས་གསལ་བར་བསྐྱེད། །དེ་ཡི་དོན་ཤེས་བཞི་པ་ཡིན། །སློབ་དཔོན་གཞན་དག་འདི་སྐད་གསུང་། །ཤེས་རབ་ཡེ་ཤེས་ཟིན་ནས་སུ། །ནོར་བུའི་བུ་གར་ བྱང་ཆུབ་སེམས། །སྐར་ཞུང་རེག་པ་བཞི་པ་ཡིན། །མདའ་ཁུང་ནས་ནི་མདའ་བྱུང་བཞིན། །བབས་ནས་མི་རེག་ཕྱིར་བྱུང་སྟེ། །མི་རྟོག་པ་ནི་བཞི་པ་ཡིན། །སློབ་དཔོན་གཞན་གྱི་གཞུང་ལུགས་སོ། །གཞན་དག་གཞུང་གིས་དེ་སྐད་གསུངས། །ཤེས་རབ་ཡེ་ཤེས་ཟིན་ནས་སུ། །དང་པོ་ སེམས་ནི་ནམ་མཁའི་དབྱིངས། །བབས་ནས་མི་རྟོག་བཞི་པ་ཡིན། །མཁས་པ་གཞན་དག་དེ་སྐད་གསུངས། །ནམ་མཁའི་དབྱིངས་ཀྱི་དབུས་དག་ཏུ། །ཐམས་ཅད་བྱང་ཆུབ་སེམས་བཅས་པ། །ཐམས་ཅད་ཆོས་ལ་བཏང་སྙོམས་སོ། །གཞན་ནི་བཞི་པ་དེ་སྐད་གསུང་། །དེ་རྣམས་གཞུང་ དག་ཕྱིར་བོར་ཏེ། །དེ་ནི་རིག་པ་མ་ཡིན་ནོ། །ཤེས་རབ་གང་ལགས་ཡེ་ཤེས་གང་། །དེ་ཡི་ངོ་བོ་འབྲས་བུ་གང་། །དེ་ལྟར་དོན་ཀུན་མི་ཤེས་ན། །གཞུང་རྣམས་གྲུབ་པར་མི་འགྱུར་རོ། །ཤེས་རབ་ཡེ་ཤེས་ཟིན་ནས་སུ། །སློབ་དཔོན་སློབ་ལ་ཇི་སྐད་གསུང་། །མ་ཟིན་ན་ཡང་ཇི་སྐད་ གསུངས། །ཡེ་ཤེས་རང་བཞིན་ངོ་བོ་ཡིན། །རང་བཞིན་ཕྱིར་གྱི་དགའ་མ་ཡིན། །ཕྱིར་དགའ་མ་ཡིན་རང་མི་ཤེས། །དེ་ཕྱིར་བླ་མའི་མན་ངག་དགོས། །ཟིན་དང་མ་ཟིན་པར་ཤེས་ན། །དེ་ནི་བླ་མའི་མན་ངག་རབ། །རང་བཞིན་གཉིས་མེད་རབ་ཞི་བ། །འདོད་ཆགས་ཆགས་བྲལ་ གཉི་ག་མིན། །རང་རིག་བརྗོད་པའི་ཚིག་དང་བྲལ། །དེ་ཡི་ཡན་ལག་གསུམ་དུ་བསྟན། །སྒྲུབ་དང་སྒྲུབ་ཐབས་ཕྱི་མ་དང་། །སྒྲུབ་ཐབས་ཆེན་མོ་དག་དང་གསུམ། །རྡོ་རྗེ་པདྨ་ཕྲད་པ་ནི། །དེ་ནི་སྒྲུབ་པའི་ཐབས་ཡིན་ནོ། །ཧཱུཾ་ཕཊ་རྣམ་གཉིས་བསྐོར་བ་ནི། །སྒྲུབ་ཐབས་ཕྱི་མར་གསུངས་ པ་ཡིན། །རང་རིག་བདེ་བ་རབ་ཞི་བ། །སྒྲུབ་ཐབས་ཆེན་པོར་གསུངས་པ་ཡིན། །དེ་འབྲས་ཡེ་ཤེས་ཤེས་པ་ནི། །ཚིག་ཏུ་སློབ་དཔོན་སློབ་ལ་གསུངས། །ཚིག་དོན་དགའ་བའི་དགའ་བ་ཡིན། །ཕྱི་ཡི་རེག་བྱ་མེད་པ་ཡིན། །ནང་གི་རེག་བྱ་ཡང་དག་འཇམ། །དེ་ལྟར་རྣལ་འབྱོར་ གནས་བཞུགས་ན། །སྐད་ཅིག་གཅིག་ལ་དངོས་གྲུབ་ཐོབ། །དེ་ཁོ་ན་འབྲས་བུ་གསལ་བའི་གཟུགས། །ཤེས་རབ་དཔལ་ནི་གསང་བས་མཛད། །རྒྱ་གར་གྱི་ནི་སློབ་དཔོན་ཆེན། །ཤེས་རབ་དཔལ་ནི་གསང་ཞབས་ཀྱིས། །བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། །སེམས་ཅན་དོན་དུ་ བརྩམས་པ་ལགས། །རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སཾ་ཀྵིཔྟ་ཨ་བྷི་ཥེ་ཀ་ཀྲ་མ། བོད་སྐད་དུ། དབང་གི་རིམ་པ་མདོར་བསྡུས་པ། དཔལ་གསང་བ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དབང་བསྐུར་བ་ལ་རྣམ་ལྔ་སྟེ། །དབང་བསྐུར་མི་རུང་སྐྱོན་བསྟན་ དང་། །སློབ་དཔོན་སློབ་མའི་མཚན་ཉིད་དང་། །གནས་དང་དཀྱིལ་འཁོར་དབང་བསྐུར་བའོ། །དབང་བསྐུར་མི་རུང་རྣམ་གཉིས་ཏེ། །རྒྱུད་ཀྱི་ལུང་དང་སློབ་དགོངས་སོ། །ལུང་ལའང་གསུམ་སྟེ་སྒྲ་མཁན་དང་། །དགེ་སློང་དང་ནི་རྒན་པོའོ། །དགོངས་པ་ལ་ཡང་རྣམ་བཅུ་སྟེ། ། མུ་སྟེགས་གླན་པ་སྒྲ་ཤེས་དང་། །ཉན་ཐོས་མ་ནིང་རྒན་པོ་དང་། །རང་གི་བུ་དང་བྱིས་པ་དང་། །དད་པ་མེད་དང་རྒྱལ་པོ་ལ། །དབང་ནི་བསྐུར་བར་མ་གསུངས་སོ། །སློབ་དཔོན་མཚན་ཉིད་བཅུ་བཞི་སྟེ། །རིགས་བཟང་རབ་ཏུ་དཔའ་བོ་དང་། །ཡེ་ཤེས་མཁྱེན་ལ་ཐུགས་རྗེ་ཆེ། །ཕྲག་དོག་ འདོད་ཆགས་གཉིས་མི་མངའ། །སོམ་ཉི་དང་ནི་སྙུན་མི་མངའ། །ཐམས་ཅད་མཚན་གྱིས་གང་བ་དང་། །འཛམ་གླིང་དགའ་བའི་སྤྱན་མངའ་བའི། །རྒྱུད་རྣམས་ཐམས་ཅད་རབ་ཏུ་མཁྱེན། །ཁྲོ་མེད་རབ་ཏུ་བཟང་བ་དང་། །གཏོང་ཕོད་པ་ནི་སློབ་དཔོན་ནོ། །དཔལ་ཆེན་རིགས་ཆེན་ཐིག་ ལེ་ཡི། །རྒྱུད་ལས་རྡོ་རྗེ་སེམས་དཔས་གསུངས། །སློབ་མའི་མཚན་ཉིད་བཅུ་གཉིས་ཏེ། །ཁ་སྦུབ་དུག་དང་རྡོལ་བ་མེད། །དབང་གི་སྣོད་རབ་ཡོད་པ་དང་། །ཐོས་ཆེ་བ་དང་དད་ཆེ་བ། །འདོད་ཆགས་ཆེ་དང་ཞི་དྲང་དང་། །ཐམས་ཅད་ཡོད་དང་གསང་ཐུབ་དང་། །གཏོང་ཕོད་ཕྲག་དོག་རྐྱང་བའོ། ། གནས་བརྟན་བ་ལ་རྣམ་གཉིས་ཏེ། །རུང་མི་རུང་བ་བརྟག་བའོ། །མི་རུང་བ་ལ་རྣམ་པ་གསུམ། །རྒྱལ་པོ་ཆོམ་རྐུན་མུ་སྟེགས་ཀྱིས། །འཇིགས་པའི་ས་ནི་ངན་པ་ཡིན། །རུང་བ་ཡི་ནི་སྐྱོན་མེད་པའོ། །དཀྱིལ་འཁོར་ལ་ཡང་རྣམ་གསུམ་སྟེ། །རྡུལ་ཚོན་མེ་ཏོག་ཏིང་ངེ་འཛིན། །དབང་པོ་རབ་འབྲིང་དབང་དུ་བྱས། ། གསུམ་ནི་རིགས་ཆེན་རྒྱ་མཚོ་ཡིས། །རྒྱུད་ལས་དེ་སྐད་འབྱུང་བའོ། །དབང་བསྐུར་བ་ལ་རྣམ་བཞི་སྟེ། །བུམ་གསང་ཤེས་རབ་ཡེ་ཤེས་དང་། །དེ་ལྟར་དེ་བཞིན་བཞི་པའི་དབང་། །བུམ་པའི་དབང་ལ་བཅུ་གཅིག་སྟེ། །ཆུ་དང་དབུ་རྒྱན་རྡོ་རྗེ་དྲིལ། །མིང་དང་དམ་ཚིག་བརྟུལ་ཞུགས་དང་། ། བཀའ་སྩལ་ལུང་བསྟན་སློབ་དཔོན་དབང་། །དབང་གསུམ་གཞན་དུ་ཤེས་པར་བྱ། །རྒྱུད་ཀུན་ལ་ནི་རྣམ་གཉིས་ཏེ། །ཐབས་དང་ཤེས་རབ་དག་རིག་བྱ། །ཐབས་ནི་དེ་ལ་རྣམ་བཞི་སྟེ། །ཀྲྀ་ཡ་ཙརྱ་ཡོ་ག་དང་། །ཡོ་གོཏྟ་ར་དང་རྣམས་སོ། །ཤེས་རབ་ཡོ་ག་ནེ་རོཏྟའོ། །དབང་དེ་རྣམས་ལ་ རྣམ་གཉིས་ཏེ། །དགོངས་པས་བཤད་དང་དངོས་སུ་བཤད། །ཡོ་ག་མན་ཆད་ཅིག་ལ་མེད། །དེ་ནི་དངོས་སུ་བུམ་པའི་དབང་། །ཡོ་གོཏྟ་ར་རྣམ་གཉིས་ཏེ། །དགོངས་བཤད་བུམ་པ་དངོས་ཀྱི་དབང་། །དགོངས་མ་ཡིན་ལ་རྣམ་དྲུག་སྟེ། །ལྷ་སྦྱིན་མདའ་ཕྲད་བུམ་པའི་དབང་། །དེ་ཡིས་ འབྲས་བུ་དགའ་བ་བསྐྱེད། །བག་བཙུམ་སྐྲ་བཟུང་དབུ་རྒྱན་དབང་། །དེ་ཡིས་འབྲས་བུ་རབ་དགའ་བསྐྱེད། །པདྨར་རྡོར་བཅུག་རྡོ་རྗེའི་དབང་། །དེ་ཡིས་འབྲས་བུ་དགའ་མེད་བསྐྱེད། །དགའ་བ་མེད་པ་དགའ་མེད་མིན། །རྡོ་རྗེ་པད་བསྐྱེད་དྲིལ་བུའི་དབང་། །དེ་ཡིས་འབྲས་བུ་རང་བཞིན་ དགའ། །བདེ་བ་ཆེན་པོ་པདྨར་བབས། །དེ་ནི་ཧ་སྐད་མིང་གི་དབང་། །བདེ་བ་ཆེན་པོའི་རང་བཞིན་ནོ། །ངོ་བོ་འབྲས་བུ་གཉིས་མ་ཡིན། །པད་ནས་བྱང་ཆུབ་ལྕེ་ཡིས་བླང་། །དེ་ནི་དམ་ཚིག་གསུམ་ཡིན་ནོ། །དེ་སྐད་རྡོ་རྗེ་སེམས་དཔའ་ཡིས། །གསང་བའི་རྒྱ་མཚོའི་རྒྱུད་ལས་བཤད། ། དགོངས་པ་མ་ཡིན་བདེ་བའི་དོན། །གསང་བའི་རྒྱ་མཚོ་དེ་ལས་འབྱུང་། །གསང་བ་ཤེས་རབ་ཡེ་ཤེས་དབང་། །ནེ་རོཏྟ་རའི་བར་དུ་འབྱུང་། །དེ་ལྟར་བཞི་པ་ཅི་ལས་གསུངས། །ཤེས་རབ་ཡེ་ཤེས་དབང་གི་དོན། །ཤེས་རབ་གང་ལགས་ཡེ་ཤེས་གང་། །དེ་གཉིས་མེད་པའི་རང་ བཞིན་དབང་། །དེ་ནི་དབང་ནི་བཞི་ཡི་དོན། །འཁོར་ལོ་བཞི་ལ་དགའ་བཞི་གནས། །དེ་ཡི་ཡན་ལག་སྐད་ཅིག་བཞི། །དབང་པོ་སྤྲུལ་པ་ཆོས་འཁོར་ལོ། །ལོངས་སྤྱོད་བདེ་ཆེན་འཁོར་ལོ་བཞི། །ལྟེ་བ་སྙིང་ག་མགྲིན་པ་དང་། །སྤྱི་བོ་དག་ལ་རིམ་བཞིན་གནས། །དྲུག་ཅུ་རྩ་བཞི་བརྒྱད་ དང་ནི། །བཅུ་དྲུག་སུམ་ཅུ་རྩ་གཉིས་སོ། །དེ་ཀུན་པདྨའི་འདབ་མ་ཡིན། །འདབ་མ་རེ་རེ་རྩ་རེ་ཡིན། །ཀ་ནས་བཟུང་ནས་ས་ཡི་བར། །གཡས་སྐོར་གཡོན་སྐོར་དྲུག་ཅུ་བཞི། །ཏྲཱཾ་ཧྲཱིཿཁཾ་ཨཾ་ས་བོན་བཞི། །ལཾ་མཾ་པཾ་ཏཾ་བསྣན་པས་བརྒྱད། །ཐོག་མར་ཨ་དང་ཐ་མར་ཨ། །དེ་ལྟར་བཅུ་ དྲུག་བསྐོར་བ་ཡིན། །ཨ་ལ་སོགས་པ་བཅུ་དྲུག་གིས། །གཡས་སྐོར་གཡོན་སྐོར་སུམ་ཅུ་གཉིས། །དེ་ལྟར་འཁོར་ལོ་ས་བོན་ཡིན། །ཡཾ་ལས་རླུང་དཀྱིལ་གཞུ་འདྲ་དང་། །རཾ་ལས་མེ་དཀྱིལ་གྲུ་གསུམ་བསྐྱེད། །ཤེས་རབ་ཐབས་ལས་མེ་བྱུང་བས། །ལས་ཀྱི་རླུང་གིས་མེ་དག་འབར། ། ལྟེ་བའི་རྩ་ཡི་དབུས་ནས་ལངས། །དམ་ཚིག་འཁོར་ལོའི་མཁའ་འགྲོ་ཚིག །ཆོས་དང་ལོངས་སྤྱོད་རྫོགས་ལམ་གནས། །ལོངས་སྤྱོད་འཁོར་ལོ་ལན་གསུམ་བསྐོར། །ར་ས་གཡས་བྱུང་སྨིན་ཕྲག་གནས། །ཨོ་རྒྱན་ལམ་བྱུང་ཛཱ་ལནྡྷ། །སྤྱི་ནས་བདེ་ཆེན་འཁོར་ལོར་ཞུགས། །ཆོས་དབྱིངས་ ཡེ་ཤེས་བདུད་རྩི་གསོལ། །བདུད་རྩི་ཁྱེར་ནས་སྔར་ལམ་ཞུགས། །ལོངས་སྤྱོད་འཁོར་ལོ་ལ་སོང་སྟེ། །སྔར་ཚིག་མཁའ་འགྲོ་གསོས་གང་གྱུར། །ལྟེ་བའི་དཀྱིལ་འཁོར་ལ་གནས་ནས། །ཡར་འགྲོ་མར་འོང་མཐོང་བར་འགྱུར། །སྐྲ་ཡི་རྩེ་མོ་ཁྲི་ཡི་ཆ། །དེ་ལྟར་རྟོགས་པའི་སློབ་དཔོན་དྲིན། ། གཏུམ་མོ་དེ་ལ་བདག་ཕྱག་འཚལ། །དབང་གི་རིམ་པ་མདོར་བསྡུས་པ། །སློབ་དཔོན་ཆེན་པོ་དཔལ་ཤེས་རབ་གསང་བས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པཉྩ་ཀྲ་མ་ནཱ་མ། བོད་སྐད་དུ། རིམ་པ་ལྔ་པ་ཞེས་བྱ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། ། རྣལ་འབྱོར་པས་ཐོག་མར་བསྐྱེད་པའི་རིམ་པ་རྫོགས་ནས། རིམ་པ་ལྔ་པའི་དོན་ལ་འཇུག་པར་བྱ་དགོས་ཏེ། དེ་ཡང་དང་པོར་ལུས་ལ་རང་བཞིན་གྱིས་གནས་པའི་རྩ་དང་། །འཁོར་ལོ་ལ་སོགས་པའི་མཚན་ཉིད་ཇི་ལྟར་ཡིན་པ་ཤེས་པར་བྱའོ། །དེ་ནི་རྒྱུད་ཀྱི་རིམ་པའོ། །དེའི་འོག་ཏུ་ཕུང་པོ་དང་ ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྣམ་པར་རྟོག་པ་ཐམས་ཅད་གཏུམ་མོ་སྤར་ལ་བསྲེག་པར་བྱའོ། །དེ་ལྟར་བསྲེགས་པས་འདར་བ་ལ་སོགས་པའི་རྟགས་བརྒྱད་འབྱུང་སྟེ། དེ་ཡང་ཕྱི་ནང་གི་དངོས་པོ་ལ་བལྟས་ཀྱང་འདར་བ་ལ་སོགས་པའི་རྟགས་བརྒྱད་བྱུང་ན། གཏུམ་མོ་འཕྲོ་བཅད་ལ་སེམས་ཀྱིས་ མནན་པར་བྱའོ། །དེ་ནི་སྔགས་ཀྱི་རིམ་པའོ། །དེ་ལྟར་མནན་པས་ལུས་ཀྱི་བདེ་བ་རྒྱས་པར་འགྱུར་ཏེ། དེ་ལྟར་བདེ་བ་ལ་ཡང་ནས་ཡང་དུ་བསྒོམས་པས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་དུ་བདེ་བ་སྐྱེ་བར་འགྱུར་རོ། །དེ་ལྟར་སྐྱེས་པའི་ཚེ་ཕྱིའི་རྩྭ་ཤིང་ལ་སོགས་པ་ལ་དམིགས་ཀྱང་ནང་གི་བདེ་བ་སྐྱེ་ སྐྱེའི་བར་དུ་དེ་བསྒོམ་པར་བྱའོ། །དེ་ནི་ཡེ་ཤེས་ཀྱི་རིམ་པའོ། །དེ་ལྟར་གོང་ལྟར་དམིགས་ཀྱང་བདེ་བ་སྐྱེ་བའི་ཚེ་བདེ་བ་དེ་ཉིད་ཀྱང་སྐད་ཅིག་མ་སྔ་མ་ལ་ནི་འགགས། ཕྱི་མ་ནི་མ་འོངས། ད་ལྟར་ནི་སྐད་ཅིག་མ་གཉིས་པར་མི་སྡོད་ཅིང་མི་གནས་པས་བདེ་བ་ལ་རང་བཞིན་མེད་དེ། །བདེ་བ་མི་དམིགས་ པར་བསྒོམ་པར་བྱའོ། །དེ་ནི་གསང་བའི་རིམ་པའོ། །དེ་ལྟར་མི་དམིགས་པར་བསྒོམས་པས་རང་གི་ལུས་མི་དམིགས་པར་འགྱུར་ཏེ། དེ་ལ་ཕྱི་ནང་གི་དངོས་པོ་ལ་བལྟས་ཀྱང་ལུས་མི་དམིགས་ན་ཕྱི་ནང་གི་ཆོས་ཐམས་ཅད་བདེ་བ་ཆེན་པོ་དང་། ཐ་མི་དད་པར་གཅིག་ཏུ་ཤེས་པར་བྱ་སྟེ། དེ་མི་ དམིགས་པར་བསྒོམ་པར་བྱའོ། །དེ་ལྟར་ཡང་ནས་ཡང་དུ་བསྒོམས་པས་ཕྱི་ནང་གི་ཆོས་ཐམས་ཅད་དང་བདེ་བ་ཆེན་པོ་ཐ་མི་དད་པར་མངོན་སུམ་དུ་ཤེས་པར་འགྱུར་རོ། །དེ་ནི་གཉིས་སུ་མེད་པའི་རིམ་པའོ། །དེ་ལྟར་རིམ་པ་ལྔ་ལ་འཇུག་ཅིང་སློབ་པའི་ཚེ་དབང་པོ་མི་དགག་ཅིང་ཡན་པར་ བཏང་། དབང་པོའི་སྤྱོད་ཡུལ་ཐམས་ཅད་བདེ་བ་དང་གཅིག་ཏུ་ཤེས་པར་བྱས་ལ། མི་དམིགས་པར་བྱའོ། །འགྲོ་ཉལ་འདུག་སྡོད་སྤྱོད་ལམ་ཐམས་ཅད་དུ་འགྱིང་བག་དང་ལྡན་པར་བྱས་ལ། བདེ་བ་ཆེན་པོ་དང་མི་འབྲལ་བར་བྱའོ། །ཁ་ཟས་ལ་སོགས་པའི་བཏུང་བའི་བྱེ་བྲག་ཐམས་ ཅད་བདེ་བ་ཆེན་པོ་དང་གཅིག་ཏུ་ཤེས་པར་བྱས་ལ་བཟའོ། །བགོ་བའི་བྱེ་བྲག་ཐམས་ཅད་བདེ་བ་ཆེན་པོ་དང་ཐ་མི་དད་པར་ཤེས་པར་བྱས་ལ་བགོའོ། །དེ་ལྟར་བྱས་ནས་བསྒོམ་པའི་ཚེ་ལུས་མི་འགུལ་ཞིང་བརྟན་པར་གྱུར་ན་སེམས་ཟིན་པའི་རྟགས་ཡིན་ཏེ་བཟང་། ལུས་འཁོར་ཞིང་གཡོ་ན་རླུང་ ཟིན་པའི་རྟགས་ཡིན་ཏེ་བཟང་། །སེམས་དྲན་པ་མེད་དེ་མྱོས་པར་གྱུར་ན། བདེ་བའི་རོས་མྱོས་པ་ཡིན་ཏེ་བཟང་། རང་དབང་མེད་པར་དགོད་ཅིང་དབྱངས་དང་གར་ལ་སོགས་པ་འབྱུང་ན་བདེ་བ་ཆེན་པོ་རྒྱས་པའི་རྟགས་ཡིན་ཏེ་བཟང་། ལུས་སྦྲིད་ཅིང་བེར་བེར་བྱེད་ན་བདེ་བ་ཕན་ཚུན་བསྐྱོད་ པའི་རྟགས་ཡིན་ཏེ་བཟང་། འོད་ཟེར་ལྔ་ཁ་དོག་ལ་སོགས་པ་མངོན་སུམ་དུ་མཐོང་ན་ཡེ་ཤེས་ལྔ་སྐྱེ་བའི་རྟགས་ཡིན་ཏེ་བཟང་བུད་མེད་ཀྱི་གཟུགས་སུ་བྱས་ནས་དབྱངས་དང་གར་ལ་སོགས་པ་མདུན་དུ་བྱེད་ཅིང་མཐོང་ན་མཁའ་འགྲོ་མ་འདུ་བའི་རྟགས་ཡིན་ཏེ་བཟང་། ཁྱི་དང་ཕག་ལ་ སོགས་པ་བྱུང་ན་དམ་ཚིག་ཉམས་པ་ཡིན་ཏེ་ངན། གནོད་སྦྱིན་སྲིན་པོ་ལ་སོགས་པའི་གཟུགས་སུ་བྱུང་ན་ས་མ་ཏི་ཐང་ལྷོད་ཤོར་བ་ཡིན་ཏེ་ངན། རྟགས་དང་མཚན་མ་ཅི་བྱུང་ཡང་བཟང་བ་ལ་དགའ་བར་མི་བྱ་ཞིང་མི་དམིགས་པར་བྱ། ངན་པ་ལ་མི་དགའ་བ་མི་བྱ་ཞིང་མི་དམིགས་ པར་བྱ། མདོར་ན་གསང་ཐུབ་པར་བྱ་ཞིང་བྱུང་ཚོར་ཅི་བྱུང་བ་ཐམས་ཅད་བདེ་བ་ཆེན་པོར་ཤེས་པར་བྱས་ལ། དེ་མི་དམིགས་པར་བྱའོ། །རྣལ་འབྱོར་པའི་འཇུག་པའི་རིམ་པ་ལྔ་པོའི་དོན་རྟགས་དང་མཚན་མ་དང་བཅས་པ། ལས་འཕྲོ་དང་སྐལ་བར་ལྡན་པ་བདག་གིས་རྙེད་པ་ འདིས་གཞན་ཡང་དེ་ལྟར་ཤོག་ཤིག །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ཤེས་རབ་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཥྚ་ཨང་ག་ཀྲ་མ། བོད་སྐད་དུ། ཡན་ལག་བརྒྱད་པའི་རིམ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ ལོ། །དཀྱིལ་འཁོར་དང་ནི་སྟ་གོན་དང་། །ཁྲུས་དང་སྐུ་ཡི་རབ་གནས་དང་། །དབང་བསྐུར་དེ་བཞིན་མཆོད་སྦྱིན་དང་། །སྦྱིན་སྲེག་ཚོགས་ཀྱི་འཁོར་ལོ་ནི། །དཔལ་རྡོར་སེམས་དཔའ་ཕྱག་འཚལ་ཏེ། །ཡན་ལག་བརྒྱད་པའི་རིམ་པ་བྲི། །སངས་རྒྱས་སྲས་དང་བཅས་པ་བཟོད་པར་མཛོད། །མཁའ་ འགྲོ་མ་ཚོགས་གཞན་ཡང་གྲུབ་ཐོབ་བཟོད་པ་མཛོད། །དབང་བསྐུར་ཐོབ་པ་རབ་མཆོག་སློབ་དཔོན་བཟོད་པ་མཛོད། །ཕྱོགས་སྐྱོང་ལ་སོགས་ལྷ་དང་ལྷ་མིན་བཟོད་པ་མཛོད། །དང་པོ་སློབ་དཔོན་རྣམས་ཀྱིས་འདི། །དམ་ཚིག་དང་བཅས་མ་གནང་ཡང་། །དེ་ལྟ་མོད་ཀྱི་སྙིང་རྗེས་བྱས། །སྐལ་ལྡན་ སེམས་ཅན་དོན་གྲུབ་ཕྱིར། །ཁྱོད་ཀྱིས་རྩོམ་པ་དེ་ལྟ་ན། །གཞན་ལ་སྙིང་རྗེ་མེད་དམ་ཅི། །སྙིང་རྗེ་ཡོད་དེ་འོན་ཀྱང་གཞན། །མེད་པ་གང་གིས་རྒྱལ་བར་འགྱུར། །དེ་བས་ཅུང་ཟད་འདི་ལ་སྨྲ། །དེ་ལ་བདག་སྐྱོན་ཡོད་དམ་ཅི། །ཡང་ན་སྙིང་རྗེའི་སྐབས་ཞོག་ཅིག །གང་གིས་སློབ་དཔོན་རྣམས་ སེམས་མི་དགའ་བར་གྱུར་པ་དེ་ནི་མཁས་པས་བྱེད་དམ་ཅི། །འོན་ཀྱང་སྐལ་ལྡན་སེམས་ཅན་གྱིས་ཞུས་པའི་ཕྱིར་མི་ཡིས་ཀྱང་མི་བྱེད་ན་དེ་ལ་དེ་ཡང་སྐྱོན་ཡོད་དོ། །དེས་བཅོམ་ལྡན་འདས་ཀྱི་གསུང་རབ་དང་། དེ་བཞིན་དུ་གྲུབ་པ་ཐོབ་པའི་བླ་མའི་རིམ་པའི་མན་ངག་ལ་མི་སྣང་བར་འགྱུར་རོ། ། མི་སྣང་བར་འགྱུར་བས་འཇིགས་པའི་ཕྱིར་མ་འོངས་ཀྱང་འབད་པར་བྱའོ། །འོན་ཀྱང་གང་གི་ཚེ་གྲུབ་པ་ཐོབ་པའི་བླ་མའི་བཀའ་ལུང་མེད་པ་དེའི་ཚེ་མི་བྱའོ། །དེ་བཞིན་དུ་ཡང་དཔལ་ཡེ་ཤེས་སྙིང་པོའི་རྒྱུད་ལས་གྲུབ་པ་ཐོབ་པའི་སློབ་དཔོན་གྱིས་དབང་བསྐུར་བ་དང་། གྲུབ་པ་ཐོབ་པའི་བཀའ་ལུང་ ཐོབ་པ་དང་། ཡང་ན་ཉིད་གྲུབ་པ་ཐོབ་པ་དེས་དབང་གི་རིམ་པ་དང་སྒྲུབ་ཐབས་ལ་སོགས་པ་བྱའོ། །དེ་བཞིན་དུ་རྟོགས་པ་ལ་སོགས་པས་མ་ཡིན་ཞེས་གསུངས་སོ། །བདག་ཀྱང་གྲུབ་པ་ཐོབ་པའི་སློབ་དཔོན་ལ་སོགས་པས་དབང་བསྐུར་རྒྱུད་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ། དཔལ་ཨུ་རྒྱན་གྱི་ཡུལ་ ན་གནས་པའི་དུས་སུ་རྣལ་འབྱོར་མ་ཆེན་མོ་དང་ལྷ་གཅིག་དམ་ཚིག་སྤྱོད་པ་དང་། དེ་བཞིན་དུ་བཀའ་ལུང་ཡང་ཐོབ་སྟེ། དེའི་དོན་གྱིས་དགོངས་པ་དང་གཞན་ཡང་རང་གི་རབ་ཀྱི་སློབ་མ་ཚུལ་ཁྲིམས་སྐྱབས་དང་། ཤེས་རབ་རྡོ་རྗེ་ལ་སོགས་པས་ཞུས་པའི་ངོར་བྱས་ཏེ། ཕྱག་རྒྱ་ཆེན་པོའི་གྲུབ་པ་ ཐོབ་པ་ཨུ་རྒྱན་ཡུལ། རྡོ་རྗེ་རིན་པོ་ཆེའི་གནས་སུ་གཤེགས་པ། སྤྲུལ་པའི་སྐུ་ས་བཅུའི་དབང་ཕྱུག་ཆེན་པོའི་རྒྱལ་པོ། དཔལ་ཨིནྡྲ་བྷཱུ་ཏི་མགོན་པོ་དེ་ལས་བར་མ་ཆད་རིམ་མན་ངག་དབང་བསྐུར་ཐོབ་པ་རིག་བྱེད་ཐམས་ཅད་ཀྱི་མཐར་ཐུག་པ་གྲུབ་པ་བརྙེས་པའི་བླ་མ་ཁ་ཆེའི་དཔལ་རིན་ཆེན་ རྡོ་རྗེའི་ཞབས་ཀྱི་པདྨའི་བཀའ་དྲིན་གྱིས་ཇི་ལྟ་བ་བཞིན། ཐོས་པ་དང་། མཐོང་བ་དང་ཐོབ་པ་དེ་བཞིན་དུ་ལྷག་ཆད་བྲལ་བར་བདག་གིས་བྲིའོ། །སློབ་དཔོན་ཤེས་རབ་དཔལ་གྱིས་མཛད་པའི་ཡན་ལག་བརྒྱད་པའི་རིམ་པ་ལས་གཏན་ཚིགས་བསྟན་པ་ཞེས་བྱ་བའི་ལེའུར་བཅད་པ་སྟེ་དང་པོའོ།། །། ད་ནས་དཀྱིལ་འཁོར་གྱི་ཆོ་ག་བཤད་དེ། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོའི་གྲོང་ཁྱེར་དང་། ཞིང་དང་། ཕུག་དང་། དུར་ཁྲོད་དུ་བྱའོ། །དེ་ལ་ཟླུམ་པོ་དང་། གྲུ་བཞི་པ་དང་། ཟ