Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 10
Văn bản gốc(Tây Tạng)
Trang 19 / 24 (50.000 ký tự/trang)
བོད་སྐད་དུ། དཔལ་རྡོ་རྗེ་སྒྲོལ་མའི་ སྒྲུབ་ཐབས། དཔལ་རྡོ་རྗེ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཚངས་སོགས་འཇིག་རྟེན་མཐུ་ཆེན་གཙུག་གི་ནོར་བུ་དང་། །ས་བཅུའི་རྒྱལ་སྲས་དབང་ཐོབ་གཞོན་ནུའི་ཅོད་པན་གྱིས། །ཞབས་པད་ལ་གཏུགས་མ་ལུས་ཕོངས་ལས་སྒྲོལ་མཛད་ཡུམ། །དཔལ་ལྡན་ཡེ་ཤེས་ ལྷ་མོ་རྒྱལ་རྒྱུར་ཅིག །འཇིག་རྟེན་དབང་ཕྱུག་དཔལ་ལྡན་མ། །རྟེན་ཅིང་འབྲེལ་འབྱུང་སྟོང་ཉིད་སྐྱེས། །འགྲོ་སྐྱོབ་མ་དེའི་སྒྲུབ་ཐབས་བྲི། །རེ་ཞིག་སྒྲུབ་པ་པོ་འཕགས་མ་སྒྲོལ་མ་ཆེན་མོ་ལ་དད་པ་ཐོབ་པས། ནགས་ཚལ་དང་ཕུག་དང་དུར་ཁྲོད་ལ་སོགས་པར་དབེན་པའི་ཡིད་ཀྱིས་སྙིང་ རྗེའི་སྟན་ལ་འདུག་ལ། དང་པོ་ཁོ་ནར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་སྐྱེ་བ་མེད་པར་བསྒོམ་པར་བྱའོ། །དེ་ནས་སྙིང་རྗེ་ཆེན་པོས་བསྐུལ་ཏེ། པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་དབྱངས་དང་གསལ་བྱེད་ཀྱིས་རྣམ་པར་བརྒྱན་པའི་རང་གི་རྣམ་པར་མི་རྟོག་པའི་བདག་ ཉིད་ཏཱཾ་ལྗང་གུར་བསྒོམ་མོ། །དེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་གདུང་བ་ཞི་བར་བྱས་ནས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ལ་བཞག་སྟེ། སླར་འདུས་པས་ཏཱཾ་ལ་ཐིམ་པར་བལྟའོ། །དེ་མ་ཐག་ཏུ་དཔལ་རྡོ་རྗེ་སྒྲོལ་མ་ཆེན་མོ་སྐུ་མདོག་ ལྗང་གུའམ་ཨིནྟྲ་བཅག་པའམ་སྟོན་གྱི་ནམ་མཁའ་དྲི་མ་མེད་པ་ལྟ་བུ། ལང་ཚོ་ལ་བབ་པའི་ཆ་ལུགས། སྒེག་ཅིང་ཞི་ལ་ཡིད་དུ་འོང་བ་དཔེ་མེད་པ་བསམས་ཏེ། སྐྱིལ་ཀྲུང་ཕྱེད་པས་བརྟན་པའི་སྐུ་འགྱིང་མ། ཕྱག་གཡས་མཆོག་སྦྱིན་མ། གཡོན་པས་ཨུཏྤ་ལ་སྔོན་པོ་རྒྱས་པའི་སྡོང་བུ་ཐུགས་ ཀར་འཛིན་པ། ཅོད་པན་ལ་སོགས་པ་རིན་པོ་ཆེ་རྣམ་པ་དུ་མ་འོད་འབར་བས་ཉེ་བར་མཛེས་ཤིང་། རང་བཞིན་གྱི་འོད་ཀྱི་དཀྱིལ་འཁོར་ཁོར་ཡུག་འདོམ་གསུམ་མངའ་བ། ཞལ་འཛུམ་པའི་ཆ་བྱད་བལྟ་བས་མི་ངོམས་པ། སྤྱན་མངའ་ཞིང་ཐམས་ཅད་གཟིགས་པའི་བདག་ཉིད་མ། ནུ་མ་ འབུར་ཞིང་རྐེད་པ་རྣམ་པར་ཕྲ་བ་ལ་བརླ་རབ་ཏུ་རྒྱས་མ། ཚོན་བརྒྱ་རྩ་གཅིག་གིས་སྤྲས་པའི་ན་བཟའ་ཤམ་ཐབས་ཅན། རིན་པོ་ཆེའི་མེ་ཏོག་དང་རྡོ་རྗེའི་ཕྲེང་བ་དོ་ཤལ་བརྒྱུས་པའོ། །དེ་ནས་ཐུགས་ཀར་ཉིད་ཀྱི་ས་བོན་གྱི་ཡི་གེ་བལྟས་ནས། དེའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཕགས་མ་ བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ཏེ། ཕྱག་འཚལ་བ་དང་། ཇི་སྙེད་འབྱོར་པ་དང་བློས་སྤྲུལ་པའི་མཆོད་པས་མཆོད་ལ། སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། དངོས་གྲུབ་བླངས་ནས་རོ་གཅིག་ཏུ་གཞུག་པར་བྱའོ། །དེའི་རྗེས་ལ་སྙིང་པོ་ཅན་གྱི་མཐར་སྔགས་འདི་ དང་། གཟུངས་འདི་ཉེ་བར་བཀོད་ལ་རྩེ་གཅིག་ཏུ་བཟླས་སོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱཱ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱཾ། པྲ་དུཥྚཱཾ། མ་མ་ཀྲྀ་ཏེ། ཛཾ་བྷཱ་ཡ། སྟྲཾ་བྷཱཾ་ཡ། མོ་ ཧཱ་ཡ། བནྡྷཱ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུཥྚ་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། སྙིང་པོའི་སྔགས་ལ་ནི་འབུམ་ཕྲག་བཅུ་བསྙེན་ཞིང་། གཟུངས་སྔགས་ལ་ནི་འབུམ་ཕྲག་གཅིག་གམ་གསུམ་ལ་སོགས་པ་ཅི་རིགས་པར་ཤེས་པར་བྱའོ། །དེ་ནས་ལས་ལ་སྦྱར་བ་ཡང་དེ་ཉིད་དོ། །སྟོབས་བསྐྱེད་པའི་ཕྱིར་ གཏོར་མ་སྦྱིན་པ་ནི། བཅོམ་ལྡན་འདས་མའི་ང་རྒྱལ་ལ་གནས་པས། ཨུཏྤ་ལས་མཚན་པའི་སྣོད་དུ་བཟའ་བ་བཟང་པོ་དང་ཚོད་མ་དང་བཅས་པ་སྦྱར་ཏེ། བགེགས་བསལ་ཞིང་ཡི་གེ་བཞིས་དྲི་མ་བསང་བ་དང་། བདུད་རྩིར་བསྒྱུར་བ་དང་། སྤེལ་བ་དང་། མངོན་པར་དགྱེས་ པའི་རྒྱུར་ལན་གསུམ་དུ་བྱིན་གྱིས་བརླབས་ལ། པདྨ་ཁ་ཕྱེ་བའི་ཕྱག་རྒྱས་དབུལ་བར་བྱའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཏཱཾ་ཕཊ་སྭཱ་ཧཱ། ཨོཾ་ན་མཿསརྦ་བུདྡྷཱ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཾ། ཧེ་ཧེ་བྷ་ག་ཝ་ཏི་བཛྲ་ཏཱ་ར་མ་ཧཱ་སཱ་དྷ། སརྦ་ བུདྡྷཱ་ཝ་ལོ་ཀི་ཏེ་ཨི་དཾ་བ་ལིཾ་གྲྀཧྞ་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བིགྷྣན་བི་ནཱ་ཡ་ཀ །མ་ཧཱ་ག་ཎ་པ་ཏི་ཛཱི་ཝི་ཏཱནྟ་ཀ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྣམ་དག་རྡོ་རྗེ་སྒྲོལ་མ་ཆེ། ། སྐྱེ་བོ་དམན་ལ་ལྷ་མོའི་ཚུལ། །དེ་ཉིད་འོད་ཀྱི་རྣམ་པ་ལས། །རང་བཞིན་རྣམ་པ་གཞན་ཡོད་མིན། །ཁམས་གསུམ་འོད་ཀྱིས་བསྡུས་ནས་ནི། །དཔལ་མོ་ཉིད་ལ་མངོན་པར་ཐིམ། །སྐུ་ཡང་དབྱངས་དང་གསལ་བྱེད་མ། །དེ་ཡང་རྡོ་རྗེ་འཛིན་མ་ལའོ། །རིམ་གྱིས་ དེ་ཡང་ཐིག་ལེ་སྟེ། །ཐིག་ལེ་སྟོང་པ་ཡི་གེ་མེད། །དེ་ཉིད་སེམས་ཀྱི་མཚན་ཉིད་དེ། །རང་སེམས་གདོད་ནས་མ་སྐྱེས་པའོ། །དཔལ་ལྡན་ཡེ་ཤེས་སྒྲོལ་མའི་སྒྲུབ་ཐབས་ནི། །མཚན་མ་མཆོག་མཐོང་བླ་མ་ལས་ཐོབ་ཇི་བཞིན་དུ། །སྒྲུབ་པོ་རྣམས་ལ་ཕན་ ཕྱིར་བདག་གིས་བྲིས་པ་ཡིས། །འགྲོ་བ་མ་ལུས་མྱུར་དུ་འཕགས་མ་མཉེས་བྱེད་ཤོག །དཔལ་ལྡན་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་དགེ་བའི་མགོན་པོས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་གནུབས་བྱམས་པ་དཔལ་གྱིས་ བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ས་མ་ཧོ་མ་བི་དྷི་ནཱ་མ། བོད་སྐད་དུ། རོ་བསྲེག་པའི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །རྡོ་རྗེ་གུར་ལས་གསུངས་པ་སྟེ། །རྡོ་རྗེ་དྲིལ་བུ་ལག་ཏུ་སྦྱིན། །དབུ་རྒྱན་མགོ་ལ་བཞག་ ནས་སུ། །རྡོ་རྗེ་སྡོམ་པ་སྔོན་བྱ་ཞིང་། །བུམ་པའི་དབང་ནི་བསྐུར་བར་བྱ། །མིག་སོགས་གཏི་མུག་ལ་སོགས་དང་། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །རྡོ་རྗེ་ཐབ་ཁུང་སྦྱིན་པ་ཡིས། །ཡང་དག་འདུས་བྱས་མཉམ་པར་བརྩམ། །ཞག་བདུན་དག་ནི་ལོན་ནས་ནི། །རུས་ པའི་ཚོགས་ནི་ཉེ་བར་བསྡུ། །འོ་མ་དྲི་ཞིམ་ཆུས་བཀྲུས་ཏེ། །མཆོད་རྟེན་དག་ནི་རབ་ཏུ་བྱ། །དེ་ལ་འདིའི་དོན་དང་པོ་ཁྲུས་བྱས་ལ། དབུ་རྒྱན་དང་གོས་ལ་སོགས་པ་བྱིན་ཏེ། ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བྲིས་ལ། དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པ་བྱ་སྟེ། ཆུ་དང་། དབུ་རྒྱན་དང་། རྡོ་རྗེ་དང་། བདག་པོ་དང་། མིང་དང་། བུམ་པའི་དབང་བསྐུར་ཏེ། ཡི་དམ་ལྷའི་གཟུགས་སུ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་གཞུག་པ་སྔོན་དུ་འགྲོ་བས། མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། སྔགས་ཀྱི་ཕྲེང་བ་མང་པོ་ བཟླས་ཏེ། མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་བྱས་ནས་སྔགས་མང་པོ་བཟླས་ལ། ཇི་ལྟ་བ་བཞིན་གྱི་མེ་ཐབ་ཏུ་མེ་ལྷ་བསྐྱེད་ལ། དེའི་སྙིང་གར་རྡོ་རྗེ་སེམས་དཔའ་འམ། ཡི་དམ་ལྷའི་འཁོར་ལོ་དང་བཅས་པ་ལ། རོའི་ཡེ་ཤེས་སེམས་དཔའ་ གཤེགས་སུ་གསོལ། དེའི་དམ་ཚིག་སེམས་དཔའ་འཁོར་དང་བཅས་པའི་འཁོར་ལོ་དང་རོ་གཅིག་ཏུ་ལྷག་པར་མོས་ལ། ཡང་དག་པར་འདུས་བྱས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་མ་བྱས་ན་མཆོད་རྟེན་གཞིག་པའི་ཉེས་པར་འགྱུར་རོ། །དམ་ཚིག་དང་ལྡན་པ་ རྣམས་ཀྱིས་རོ་བསྲེག་པའི་ཆོ་ག །རྡོ་རྗེ་གུར་ནས་གསུངས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། །བློ་གྲོས་ཆེན་པོས་མཛད་གསུང་། བདུན་ཚིགས་ནི་ཞག་བདུན་བདུན་ཞིང་ ཁྲུས་བྱའོ། །སློབ་མས་སློབ་དཔོན་བསྲེག་ཏུ་མི་རུང་། གལ་ཏེ་གཞན་མེད་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྲེགས་པར་བསམ་མོ། །རུས་པ་ལ་ཁྲུས་བྱེད་ན། རང་ཉིད་ཡི་དམ་ལྷར་བསྐྱེད་ལ། རང་གི་སྙིང་ག་ནས་འོད་འཕྲོས་པས། ཡེ་ཤེས་པ་བཀུག་ལ་རུས་པ་ལ་གཞུག ། ཡང་སྙིང་ག་ནས་འོད་ཟེར་གྱིས་ལྷ་མོའི་ཚོགས་ནམ་མཁའ་ལ་བལྟས་ལ། དེ་རྣམས་ཀྱིས་བུམ་པ་བཟུང་ནས་ཁྲུས་བྱས་པར་བསམ་མོ། །ཇི་ལྟར་བལྟམས་པ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་བཅས་པ་བརྗོད་ཅིང་ཁྲུས་བྱའོ། །དབང་བསྐུར་ནས་རོ་ཁྲུས་བྱ། ལྷར་བསྐྱེད་ལ་ཡེ་ཤེས་པ་གཞུག །དེ་ལ་དབང་བསྐུར་དེ་དུས་རང་གིས་ཚིག་བཤད་བརྗོད། དེ་ཡང་དེའི་སློབ་མ་སྙིང་ཉེ་བས་བྱའོ། །རུས་པ་དེ་བུམ་ཆུས་ཞག་བདུན་ལ་ཉི་མ་རེ་རེ་ལ་ཁྲུས་འཁོར་གསུམ་གསུམ་དུ་བདུན་ཕྲག་བདུན་དུ་བྱའོ། །ཡི་གེ་བརྒྱ་པ་བཟླས་ ཤིང་བྱ་གསུངས།། ༄༅༅། །རྒྱ་གར་སྐད་དུ། ཥྨ་ཤཱ་ནེཥྚ། བོད་སྐད་དུ། རོ་བསྲེག་བྱ་བ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །མངོན་སུམ་རྡོ་རྗེ་འཛིན་མཛད་པ། །རྡོ་རྗེ་སློབ་དཔོན་ཕྱག་འཚལ་ནས། །དེ་ཡི་ཡོངས་ སུ་བོར་བའི་རོ། །འདུས་བྱས་ཆོ་ག་བཤད་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །མ་ཤེས་པར་ནི་བསྲེགས་གྱུར་ན། །མཆོད་རྟེན་བཤིག་པ་ལྟ་བུར་འགྱུར། །གང་ཡང་བསོད་ནམས་མ་ཡིན་ཞེས། །མཁས་པ་རྣམས་ཀྱིས་བརྒྱུད་ རིམ་བཞིན། །དེ་རྣམས་ལེགས་པར་འདུས་བྱ་སྟེ། །གཞན་དུ་ན་ནི་དམྱལ་བར་ལྟུང་། །རྡོ་རྗེ་སློབ་དཔོན་འགའ་ཞིག་ནི། །ཤི་སྟེ་རོ་རུ་གྱུར་ནས་ཀྱང་། །མཆོད་པ་ཡང་དག་སྔོན་འགྲོ་འདི། །དུར་ཁྲོད་དུ་ནི་གཞུག་པར་བྱ། །དེ་ནས་གནས་པའི་ས་ཡི་ནི། །དག་ བྱེད་སྔགས་ཀྱིས་འདུས་བྱས་ཏེ། །སླར་ཡང་ཆོ་ག་བཞིན་བསྒྲུབ་པ། །དཀྱིལ་འཁོར་ཡང་དག་བྲི་བར་བྱ། །དེ་ཡི་གཙོ་བོ་དེ་ཉིད་ཀྱིས། །དབང་བསྐུར་ལྔ་ནི་སྦྱིན་པར་བྱ། །རྡོ་རྗེ་སློབ་དཔོན་དབང་བསྐུར་ཡང་། །ཕྱི་ནས་ཆོ་ག་མཁས་པས་སྦྱིན། །མེ་ཏོག་སྤོས་ལ་སོགས་ པས་མཆོད། །ཡང་དག་མཆོད་ནས་བསྟོད་པར་བྱ། །མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སོ། །དེ་ལྟར་མཆོད་ཅིང་བསྟོད་ནས་ཀྱང་། །བཛྲ་མུཿཞེས་རབ་བརྗོད་དེ། །འགྲོ་བའི་བླ་མ་རང་གནས་སུ། །གཤེགས་སུ་གསོལ་ བར་བསམ་པར་བྱ། །ཇི་སྐད་གསུངས་པའི་མཚན་ཉིད་ལྡན། །ཞི་བ་ལ་སོགས་ཡང་ན་ནི། །ལས་ཀུན་བྱེད་པའི་ཐབ་ཁུང་དུ། །ལྟེ་བར་བགེགས་དགྲའི་མཚན་མའི་རྣལ་འབྱོར་པ། །སྔགས་ཀྱིས་སྦར་བའི་མེ་ནང་དུ། །མཐེའུ་ཆུང་ཁྲུ་གང་ཚད་ཀྱི་ཤིང་། །དབུལ་ཞིང་ མར་དཀར་བླུགས་པར་བྱ། །དེ་ལ་འདི་ནི་མེ་སྦར་བའི་སྔགས་སོ། །ཨོཾ་ཛྭཱ་ལ་ཛྭཱ་ལ་ཧཱུཾ། ཀུ་ཤ་ཤར་ཕྱོགས་རྩེ་བསྟན་ནས། །ཧཱུཾ་བཟླས་གཡས་སྐོར་ཉིད་དུ་དགྲམ། །དེ་བཞིན་དུ་ནི་སྔར་གྱི་མེ། །ཐབ་ཁུང་ཀུ་ཤ་དབུལ་བར་བྱ། །ཐབ་ཁུང་བདག་མེད་པར་དམིགས་ལ། ། རཾ་སྐྱེས་ཞི་བ་བསམ་པར་བྱ། །དཀར་པོ་ཞལ་རས་དཀར་བ་དང་། །གཡས་གཡོན་སྔོ་དང་དམར་བའོ། །སྦོམ་ཐུང་རལ་པའི་ཅོད་པན་ཅན། །གཡོན་པ་སྤྱི་བླུགས་བེ་ཅོན་བསྣམས། །གཡས་ཀྱིས་མི་འཇིགས་བགྲང་ཕྲེང་འཛིན། །པདྨ་ར་སྐྱེས་མེ་དཀྱིལ་དུ། །མེ་ལྷ་ བཞུགས་པར་བལྟས་ནས་ཀྱང་། །ཡེ་ཤེས་མེ་ལྷ་སྤྱན་དྲང་བྱ། །དེ་ལ་འདི་ནི་མེ་ལྷ་སྤྱན་དྲང་བའི་སྔགས་སོ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་ས་ཏ་མ། གྲྀ་ཧི་ཏྭ་ཧུ་ཏི་མ་ཧཱ་ར་ཨསྨིཾ་སནྣི་ཧི་ཏོ་བྷ་བཱ། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པས། སྤྱན་དྲངས་ལ་སོགས་རིམ་ཉིད་ ཀྱིས། །མཆོད་ཡོན་ཞལ་བསིལ་སོགས་ཕུལ་ནས། །གཅིག་ཉིད་དམ་ཚིག་ལ་གཞུག་གོ། །ལྷ་ཡི་སྐུ་རུ་འཁྲུངས་པ་ཡི། །མེ་ལྷའི་ལྕེ་ལ་རཾ་བཀོད་དེ། །དགང་བླུགས་ཕུལ་ཏེ་ཕྱི་ནས་ནི། །མཁས་པས་གསང་སྔགས་འདི་བསྔགས་སོ། །དེ་ལ་འདི་ནི་སྔགས་སོ། །ཨོཾ་ཨགྣ་ ཡེ་ཨཱ་དཱི་པྱ་ཨཱ་དཱི་པྱ་ཨ་བི་ཥ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་སྭཱ་ཧཱ། བསང་གཏོར་འཐོར་འཐུང་ཕུལ་ནས་ཀྱང་། །མེ་ཏོག་ལ་སོགས་མཆོད་པར་བྱ། །བདག་ཉིད་འདོད་པའི་ལྷ་ཡི་སྐུ། །མེ་ཡི་ཐུགས་ཀར་བསྒོམ་པར་བྱ། །མཆོད་པ་དམ་པ་སྔོན་འགྲོ་བ། །ཡོན་ཆབ་ཞབས་ བསིལ་ལ་སོགས་དབུལ། །དེ་ཕྱིར་མར་གྱི་དགང་བླུགས་རྣམས། །བདུད་རྩིར་བསམས་ནས་དབུལ་བར་བྱ། །ཤི་བའི་རོ་ལ་དྲི་ཞིམ་ཆུས། །ཁྲུས་གསོལ་མར་གྱིས་བྱུགས་པ་ནི། །ནྱ་གྲོ་དྷ་སོགས་ཡམ་ཤིང་ལ། །སྔགས་འདི་བརྗོད་ཅིང་བསྲེག་པར་བྱ། །ཨོཾ་ཨཱཿབཛྲ་ སཏྭ་ཨ་མུ་ཀཾ་བཛྲ་ཙརྱ་སུ་ཁཱ་བ་ཏི་པྲ་པཱ་ཡ་སྭཱ་ཧཱ། ཞེས་པའི་སྔགས་སོ། །འཐོར་འཐུང་ན་བཟའ་སེར་པོ་དང་། །སོ་རྩི་འདག་རྫས་བྱེད་པ་དབུལ། །དྲིལ་བུ་རབ་ཏུ་དཀྲོལ་ནས་སུ། །བསྟོད་པ་དང་ནི་མཆོད་པ་བྱ། །དེ་ནས་སྔགས་པ་མཉམ་གཞག་པས། །ཐུགས་ཀར་མེ་ཏོག་ཐལ་ སྦྱར་ཏེ། །དམར་སོགས་སྐྱོན་རྣམས་ཞི་བའི་ཕྱིར། །བཟོད་པར་གསོལ་ཞེས་ཡང་དག་བརྗོད། །གང་ཡང་བདག་བློ་གཏི་མུག་པས། །ལྷག་པ་མ་ཚང་གང་བྱས་པ། །གང་ཡང་ལུས་ཅན་སྐྱབས་གྱུར་པའི། །དཔལ་ལྡན་དེ་ཉིད་ཀྱིས་བཟོད་མཛོད། །གུས་པས་བཟོད་པ་ གསོལ་བའི་མཐར། །རང་གི་གནང་བ་བསྒོམ་པར་བྱ། །ཡི་གེ་བརྒྱ་པ་བརྗོད་ནས་ཀྱང་། །མེ་ལྷ་མངའ་བདག་གཤེགས་སུ་གསོལ། །ཉི་མ་དེ་ཡང་གཉིས་པ་ལ། །འོ་མས་མེ་ལ་བླུགས་བྱས་ནས། །འབད་པས་རུས་བུ་ཀུན་བཏུས་ཏེ། །གཙང་མའི་སྣོད་དུ་བཅངས་ བྱས་ནས། །དེ་ནས་རུས་བུ་བཏུས་པ་རྣམས། །མཁས་པས་བ་ཡི་འོ་མས་བཀྲུ། །འཇིམ་པ་བསྲེས་ནས་སཱ་ཙྪ་གདབ། །སྙིང་པོ་མཆོད་རྟེན་བརྩིག་པར་བྱ། །དེ་ལ་སྐུ་གདུང་རྒྱལ་པོའི་མཆོད་རྟེན་བརྩིགས། །སངས་རྒྱས་མཐའ་ཡས་མཆོག་གིས་བྱིན་གྱིས་བརླབས། །གཙང་མའི་ སྣོད་དུ་ལེགས་པར་བཅངས་བྱས་ནས། །སངས་རྒྱས་ཀྱིས་གསུངས་རིམ་པར་རབ་གནས་མཛད། །ཚངས་པ་ལ་སོགས་རྣམས་ཀྱང་གུས་པས་འདུད། །དེ་བས་སྐྱེ་བོ་བཤེས་གཉེན་སྤྱན་སྔར་འདུད། །བྱང་ཆུབ་ཆོ་ག་ཡིས་ནི་ཁས་འཆེས་པས། །དེ་ནི་མཆོད་རྟེན་རྒྱས་པ་ཆེན་ པོ་སྟེ། །དོན་ཆེའི་རྒྱུ་རུ་གུས་པས་ཡང་དག་མཆོད། །དུར་ཁྲོད་མཆོད་རྟེན་བྱས་པས་རི་བོ་ཅན་ལས་ཁྱད་པར་འཕགས་པ་དེ་ཡིས་ནི། །དགེ་བ་གང་ཞིག་བསགས་པ་དེ་ཡིས་འགྲོ་བ་གསུམ་དུ་སོན་པའི་སྐྱེ་བོ་རྣམས། །དངོས་པོ་དགྲ་སོགས་བཏུལ་བའི་ཤེས་རབ་མཆོག་མངའ་ཐུགས་ རྗེ་སྐྱེ་བ་མཆོག་ཏུ་བརྩེ། །འཇིག་རྟེན་གསུམ་གཙུག་དཔལ་ལྡན་རྡོ་རྗེ་སེམས་དཔའ་རིང་པོར་མི་ཐོགས་འགྲུབ་པར་ཤོག །རོ་བསྲེག་པ་དགེ་སློང་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ།། ༄། །གདུང་བསྲེག་པའི་ ཆོ་ག་བཞུགས།། ༄༅༅། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ལག་ན་རྡོ་རྗེ་དྲིལ་བུ་བྱིན་ནས་ནི། །དབུ་ལ་ལེགས་པའི་དབུ་རྒྱན་ནི། །བྱིན་ནས་རྡོ་རྗེ་སྡོམ་པ་ཡང་། །སྡོམ་པ་བྱིན་པའི་མན་ངག་ཉིད། །མིག་ལ་སོགས་པར་གཏི་མུག་སོགས། །གཏོར་གསུམ་གོ་འཕང་གསུམ་ལ་ གཞག །རྡོ་རྗེ་ཐབ་ཁུང་སྦྱོར་བ་ཡིས། །གདུང་བསྲེག་པ་ཡང་ཡང་དག་བྱ། །ཉི་མ་གསུམ་པའི་ཉིན་པར་ནི། །རུས་པའི་ཚོགས་ནི་ལེགས་པར་བསྡུ། །འོ་མ་དྲི་ཞིམ་གྱིས་ཁྲུས་བྱ། །དེས་ནི་མཆོད་རྟེན་བྱ་བའོ། །འདིའི་དོན་ནི་དང་པོར་དྲི་ཞིམ་པོས་ཁྲུས་བྱ་བ་དང་། གོས་ལ་ སོགས་པ་བྱས་པའི་དབུ་རྒྱན་སྦྱིན་པ་དང་། དཀྱིལ་འཁོར་བྲི་བ་དང་། དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པ་བྱས་ནས། ཆུ་དང་། དབུ་རྒྱན་དང་། རྡོ་རྗེ་དང་། བདག་པོ་དང་། མིང་དང་། བུམ་པ་རྣམས་ཀྱིས་དབང་བསྐུར་ནས་རང་གི་ལྷག་པའི་ལྷའི་གཟུགས་སུ་བསྐྱེད་ལ། ཡེ་ཤེས་ སེམས་དཔའ་དགུག་པ་ལ་སོགས་པ་སྔོན་དུ་འགྲོ་བས་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། སྔགས་ཀྱི་ཚོགས་མང་པོ་བཟླས་པ་བྱ་བ་དང་། མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་བྱས་ནས། སྔགས་ཀྱི་བཟླས་པ་མང་པོ་བྱ་བ་དང་། ཇི་ལྟ་ བ་བཞིན་དུ་མེ་ཐབ་མེ་ལྷ་བསྐྱེད་ལ་དེའི་ཐུགས་ཀར་རྡོ་རྗེ་སེམས་དཔའ་འམ། རང་གི་ལྷག་པའི་ལྷ་འཁོར་དང་བཅས་པ་དཀྱིལ་འཁོར་བསྐྱེད་དེ་ཤི་བའི་ལུས་ཀྱི་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། དེའི་དམ་ཚིག་སེམས་དཔའ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་བཅས་ པ་རོ་གཅིག་ཏུ་གྱུར་པར་ལྷག་པར་མོས་ཤིང་གདུང་བསྲེག་པར་བྱ་ཞེས་བྱ་བའི་དོན་ཏོ། །གང་དེ་ལྟར་མི་བྱེད་ན་དེའི་ཚེ་མཆོད་རྟེན་བཤིག་པ་ཉིད་དུ་འགྱུར་བའོ། །གདུང་བསྲེག་པའི་ཆོ་ག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ཨ་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་ སློང་དཔལ་གྱི་སྙིང་པོས་བསྒྱུར་བའོ།། །།གུར་གྱི་དོན་ཨ་ཤོ་ཀས་མན་ངག་ཏུ་བརྩམས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་རཏྣ་ཀཱ་ལ་ནཱ་མ་སཱ་དྷ་ནཾ་པ་ཡེ་ཀཱ། བོད་སྐད་དུ། དཔལ་རིན་པོ་ཆེའི་ཆར་ཡང་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་སེམས་ དཔའ་ལ་ཕྱག་འཚལ་ལོ། །ཤར་བ་མ་ཡིན་ནུབ་པ་མིན། །དངོས་པོ་མེད་པ་རྟག་ཏུ་ཤར། །ཐམས་ཅད་ཀུན་ཁྱབ་བརྗོད་དུ་མེད། །རང་རིག་བདག་ཉིད་ཕྱག་འཚལ་ལོ། །རྣལ་འབྱོར་རྣམས་ཀྱིས་རྙེད་དཀའ་བ། །མཁས་པ་ཀུན་གྱིས་རྙེད་མི་ནུས། །གང་གི་དྲིན་གྱིས་རྙེད་སླར་ འགྱུར། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །མི་ཤོགས་ཁོལ་ནས་བཅིངས་པ་རྣམས། །རྡོ་རྗེ་རྐང་པའི་དབའ་རླབས་ཀྱིས། །ཕྱོགས་རྣམས་ཐམས་ཅད་ལ་ཁྱབ་པའི། །སུས་འདི་གཏིང་རིང་པ་ཡི་ཆུ། །གཏེར་གཏིང་དཔག་དཀའ་ཤིན་ཏུ་དཀའ། །དེ་ལ་གཟུང་བར་ ག་ལ་ནུས། །དེ་བས་དཔལ་ལྡན་ཐིག་ཆེན་པོའི། །ཐིག་ལེ་ཡི་ནི་ཆུ་ཡི་གཏེར། །དབུས་སུ་སྙོམས་པ་དེ་ལས་ནི། །ཡོན་ཏན་གཏེར་ནི་རིན་ཆེན་རྒྱལ། །ཤེས་རབ་དཔལ་གསང་བདག་གིས་ནི། །རིན་ཐང་ཆེན་པོ་དི་རིང་དྲང་། །རིམ་པ་གཉིས་ཀྱི་གོ་རིམས་ཀྱི། །ཡེ་ཤེས་ མཁའ་འགྲོ་བསྒོམ་པ་འདི། །བླ་མའི་ལུང་གིས་རང་གིས་མིན། །སྐལ་ལྡན་འགྲུབ་དོན་བདག་གིས་བརྩམ། །རྫོགས་པའི་ཡེ་ཤེས་མཁའ་འགྲོ་ལ། །དེ་ལ་བསྐྱེད་པ་གཞུང་མ་ཡིན། །ཕྱག་དང་གཟུགས་སོགས་བརྗོད་པ་ཡིས། །དེ་ལས་ཀུན་རྫོབ་སྐྱེ་བར་འགྱུར། ། དེ་ལ་ཀུན་རྫོབ་རིགས་མ་ཡིན། །དོན་དམ་པ་ལ་འགོག་པ་ཡིན། །གལ་ཏེ་བསྒོམ་པ་གོམས་པ་ལས། །ཀུན་རྫོབ་སྐྱོན་མེད་འོང་འགྱུར་ན། །དོན་དམ་པ་ཡིས་ཕྱོགས་ལ་ནི། །ཀུན་རྫོབ་དེ་ནི་སྐྱོན་དུ་འགྱུར། །བརྟན་པ་ལས་ནི་དོན་གྲུབ་ན། །ཐེ་ཚོམ་ མེད་པར་ལོག་པ་ཡིན། །དེ་ནི་དཔལ་རིན་རྡོར་ཞབས་ཀྱིས། །བདག་མེད་སྒྲུབ་ཐབས་གསུངས་པའོ། །དེ་ནི་གོ་རིམས་བདག་གིས་ནི། །ཅུང་ཟད་ཙམ་ནི་བཤད་པར་བྱ། །བསྒོམས་ལས་དེ་ནི་རྟོག་པ་སྟེ། །རྟོག་མེད་པ་ནི་གང་ནའང་མེད། །རྟོག་པ་མེད་པའི་ གང་མིང་ཅི། །ཐམས་ཅད་ཡང་དག་རྟོག་སྤངས་པ། །རྟོག་པ་མེད་ལས་གང་གཞན་ནི། །སྒོམ་པ་མཆོག་ནི་ཡོད་པའམ། །གལ་ཏེ་དེ་ལ་ཡོད་ན་ནི། །འཁྲུག་པ་མེད་པ་དེ་ལ་མིན། །སློབ་དཔོན་མཁས་པ་ཀམྤ་ལས། །སྣང་བའི་ཕྲེང་ལས་དེ་སྐད་གསུངས། ། བཟང་བ་དང་ནི་ངན་པ་ཡི། །རྟོག་པའི་བྱེ་བྲག་དེ་ལ་ཅི། །རྟེན་གྱི་བྱེ་བྲག་ཐ་དད་མེད། །མེ་ཡིས་ཚ་བའི་བྱ་བ་ལྟར། །ཙནྡན་རང་ནི་འབར་ན་ཡང་། །རེག་པ་བྱས་ན་འཚིག་པར་འགྱུར། །དེ་བས་རྟོག་པ་མཉམ་པ་ཡིན། །དེ་ལ་བྱེ་བྲག་ཅུང་ཟད་མེད། །རྟོག་པ་ཡིན་ ན་དེ་ཉིད་མེད། །དེ་ཉིད་ཡང་དག་རྟོག་པ་སྤངས། །དེ་ཉིད་མིན་པ་སྤང་དོན་དུ། །དེ་ཁོ་ན་ཉིད་གནས་པ་ལ། །བསྒོམ་པ་གཞན་ནི་བསྙེན་བྱེད་ན། །དེ་ནི་བསྒོམ་པ་ཇི་ལྟར་ཡིན། །དེ་བཞིན་ཉིད་ལ་བསྒོམ་པ་མེད། །དེ་ཉིད་མ་ཡིན་དེ་ཡིན་བསྒོམ། །དེ་ཉིད་མ་ཡིན་བསྒོམས་བསླབས་ ལས། །དེ་ཉིད་མ་ཡིན་གསལ་བར་འགྱུར། །དེ་ཉིད་གསལ་བ་ག་ལ་སྟེ། །དེ་ནི་མཚན་མེད་དེ་ཡང་མིན། །དེ་ཉིད་མིན་པ་བསྒོམ་རིགས་པས། །དེ་ཁོ་ཉིད་ནི་བསྒོམ་བྱ་སྟེ། །དེ་ཉིད་བསྒོམ་པ་རིགས་པ་ཡིན། །བསྒོམ་པ་གཉིས་ནི་ངལ་བའི་དོན། །ཡང་ན་དེ་མེད་ཀྱིས་དེ་ནི། ། ནམ་ཡང་དེ་ནི་རྙེད་མ་ཡིན། །རྙེད་པའི་དོན་དུ་འབད་བྱས་ཏེ། །དེ་ལ་བསྒོམ་པའི་དོན་ཅིའི་ཕྱིར། །དེ་ནི་དཔལ་རིན་རྡོར་ཞབས་ཀྱིས། །དཔལ་བསྒོམ་རིམ་པའི་ནང་ནས་གསུངས། །གང་གིས་གང་དོན་རྙེད་དཀའ་བ། །དེ་ཡིས་ནམ་ཡང་རྙེད་མ་ཡིན། །ཇི་ལྟར་མགོན་མེད་མི་གཅིག་ནི། ། བདག་ནི་རྒྱལ་པོར་སྒོམ་བྱེད་པ། །ལོག་པའི་ཡེ་ཤེས་གཏི་མུག་གིས། །དེ་ཡིས་རྒྱལ་ས་རྙེད་མི་འགྱུར། །ཨིནྡྲ་བྷཱུ་ཏི་རྒྱལ་ཆེན་པོས། །ཡེ་ཤེས་གྲུབ་ལས་དེ་སྐད་གསུངས། །རྫོགས་པ་ཡི་ནི་རབ་བསྒོམ་ཡིས། །བསྐྱེད་པ་ཡི་ནི་སྒོམ་བྱེད་ན། །རྒྱུ་མེད་ལས་ནི་རྙེད་པ་མེད། །རྒྱུ་ཡི་ནང་ནས་ དོན་མི་འབྱུང་། །རང་ལས་མ་ཡིན་གཞན་ལས་མིན། །གཉི་ག་ལས་མིན་རྒྱུ་མེད་མིན། །ཡོད་མིན་མེད་མིན་ཡོད་མེད་མིན། །འོ་ན་གང་ནས་བྱུང་བ་ཡིན། །རྟེན་ཅིང་འབྲེལ་པ་དེ་ལས་ནི། །སྐྱེ་བར་སྒོམ་པ་བྱེད་པ་ན། །རྟེན་འབྲེལ་ལས་སྐྱེས་སྐྱེ་བ་མིན། །ཐམས་ཅད་མཁྱེན་པས་དེ་ སྐད་གསུངས། །ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ནས། །སྐྱེ་དང་མི་སྐྱེ་སྟོང་པར་གསུངས། །དེ་ལྟའི་གཞུང་ལུགས་ཡོད་ན་ཡང་། །དེ་བཞིན་བསྐྱེད་པ་གཞུང་ལུགས་སོ། །ནད་པ་སོས་པའི་ཐབས་དེ་ནི། །སྨྲ་བ་པོ་ནི་ཅི་ཡིན་རྟོག །དེ་ཡི་ཐབས་ནི་མི་བྱེད་ན། །ནམ་ཡང་སོས་པར་མི་ འགྱུར་རོ། །རྗེས་སུ་སྨྲ་བ་རྫོགས་བྱས་དང་། །ཡོན་ཏན་ཡོད་པའི་སྨྲ་བ་པོ། །དེ་ཡི་སྨྲ་བ་ཉན་བྱེད་ན། །ཀུན་དུ་བཀྲ་ཤིས་འགྲུབ་པར་འགྱུར། །སྒོམ་པའི་རིམ་པ་མཛད་པ་ཡི། །དེ་ཡི་ཞལ་ནས་དེ་སྐད་གསུངས། །མངོན་སུམ་དང་ནི་རྗེས་སུ་དཔག །སངས་རྒྱས་པ་ནི་དེ་གཟུང་ངོ་། །ངེས་པ་པ་དང་ རྗེས་སུ་དཔག །བདེན་པ་དེ་ལས་རྙེད་པའོ། །སྟོང་པ་ཉིད་ནི་རྙེད་པ་གང་། །དེ་ལས་རྙེད་པར་ག་ལ་འགྱུར། །དངོས་པོ་ཡིན་ན་ངེས་ཡོད་དེ། །དངོས་པོ་ལས་ནི་རྙེད་པ་ཡོད། །དངོས་པོར་མཐོང་བའི་ཕྱིར་ན་ནི། །དེ་ལ་སྟོང་པར་ཇི་སྐད་སྨྲ། །སྟོང་པའི་མིང་ནི་ཅི་ཡང་མིན། །དེ་སྐད་ཡིན་ ན་དེ་ལ་སྨྲ། །སྟོང་པ་ཅང་མིན་དེ་ལྟར་མིན། །ཐམས་ཅད་སྟོང་པ་ཡིན་པ་པོ། །དངོས་པོ་ཉིད་ནི་སྟོང་པ་ཡིན། །དངོས་པོ་མེད་པའི་རང་བཞིན་ནོ། །རང་བཞིན་གང་ལ་ཡོད་པ་ནི། །དེ་ནི་མཚན་མ་ཡིན་པར་བཤད། །དངོས་པོ་གཅིག་པུའི་ངོ་བོ་སྟེ། །དེ་སྤངས་པ་ནི་སྟོང་པར་ བསྟན། །ངོ་བོ་ཉིད་བྲལ་སྟོང་པ་སྟེ། །ཡེ་ཤེས་ཞབས་ཀྱི་རིམ་པར་ཡོད། །དངོས་པོ་མེད་པའི་དངོས་པོ་ནི། །ཐམས་ཅད་ཀུན་ལ་ཡོད་པའོ། །བཅོམ་ལྡན་འདས་ཀྱིས་དེ་བཞིན་གསུངས། །དཔལ་ལྡན་ཡེ་ཤེས་རྒྱ་མཚོར་གནས། །ཇི་ལྟར་གླ་རྩིའི་དངོས་པོ་ནི། ། གཉིས་སུ་དགྱེས་པ་ཡོད་པ་སྟེ། །སྲ་བའི་དངོས་པོ་དེ་དང་གཅིག །དྲི་ཡི་དངོས་པོ་དེ་དང་གཉིས། །སྲ་བའི་དངོས་པོ་སྤངས་པ་གང་། །དེ་ནི་དངོས་པོ་མིན་པར་གསུངས། །སྲ་བའི་དངོས་པོ་མེད་པ་ལ། །དེ་ལས་དྲི་ནི་མི་རྙེད་ན། །ཅི་སྟེ་དེ་ལས་དྲི་མི་རྙེད། །རང་གི་དཔེ་ལ་བལྟས་ པ་ཡིས། །ཇི་ལྟར་དྲི་མེད་ཕྲ་པའི་རས། །བདུག་བྱས་དེ་ལ་བག་ཆགས་ཡོད། །གླ་རྩི་གཞན་མའི་གནས་སུ་གཞག །དེ་ལ་དྲི་ཡོད་ཡིན་ནམ་མིན། །དེ་སྐད་དངོས་པོ་མེད་པ་ལ། །དངོས་པོ་ཐམས་ཅད་ཡོད་པའོ། །དེ་བཞིན་རྒྱུ་མཚན་མེད་པ་ལ། །བདེན་པའི་འབྲས་བུ་ཡོད་པའོ། །ཇི་ ལྟར་ཆུ་སྦྱིན་བུ་ག་ལས། །རྡོ་རྗེ་མེ་ནི་གསལ་བར་སྐྱེས། །དེ་བཞིན་གཟུགས་མིན་ལ་གཟུགས་ཡོད། །དེ་བཞིན་དངོས་མིན་དངོས་པོ་ཡི། །འཁྲུལ་པའི་དངོས་པོའི་གཟུགས་ཡིན་ན། །དེ་ལ་ཉེས་སྐྱོན་ཅི་ཡང་མེད། །འཁྲུལ་པ་ལ་ཡང་ཡོན་ཏན་ཡོད། །འཁྲུལ་གཞན་དེ་ཡིས་མེད་པར་ བྱེད། །སྔགས་དང་སྒོམ་པ་བྱེད་པ་པོས། །དུག་ལ་དུག་མེད་མཚན་མ་ན། །དུག་གི་འཁྲུལ་པ་མེད་པ་འདི། །དུག་མེད་འཁྲུལ་པ་བསྟན་པས་སོ། །བླ་མ་ཡི་ནི་བླ་མ་ཡིས། །དེ་ནི་བསྒོམ་པའི་རིམ་ལས་གསུངས། །རྟོག་པའི་སེམས་ནི་འབྱུང་བ་གང་། །རྟོག་པ་ཡིས་ནི་དག་ པར་བྱེད། །དེ་བཞིན་ཀྱེ་ཡི་རྡོ་རྗེའི་རྒྱུད། །རྡོ་རྗེ་སྙིང་པོ་ལས་འདི་གསུངས། །གང་འདི་དུག་གི་དུམ་བུ་ཡིས། །སེམས་ཅན་ཐམས་ཅད་འཆི་བར་འགྱུར། །དུག་དེ་ཡི་ནི་དེ་ཉིད་ཀྱི། །དུག་གིས་དུག་ནི་མེད་པར་བྱེད། །ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་ཡིས་ཡང་དང་ཡང་བསྲོ་བྱ། །དེ་ བཞིན་འདོད་ཆགས་མེས་བསྲེགས་ལ། །འདོད་ཆགས་མེ་ཡིས་ཡང་བསྲེག་བྱ། །ཇི་ལྟར་རྣ་བར་ཆུ་སོང་ལ། །ཕྱི་མའི་ཆུ་ཡིས་གདབ་པར་བྱ། །དེ་བཞིན་ཆོས་ཅན་རྟོག་པ་ནི། །དངོས་པོ་ཡིས་ནི་དག་པར་བྱེད། །དངོས་པོ་བག་ཆགས་བཟུང་བས་ནི། །ཆོས་ཅན་བག་ཆགས་ མེད་པར་བྱེད། །གོམས་པ་ཡིས་ནི་ཀུན་མེད་དེ། །ཕྱི་ནས་དེ་ཡང་མེད་པའོ། །དེ་ནས་དྲི་མེད་ཡེ་ཤེས་ནི། །འབད་མི་དགོས་པར་གསལ་བའོ། །རང་ལས་སྐྱུ་རུ་ར་ལྟར་མཐོང་། །དཔལ་ལྡན་ཡེ་ཤེས་རྒྱུད་ལས་གསུངས། །ཇི་ལྟར་འདི་ཡི་དཔེ་ཡིས་ནི། །ཤིང་གི་ ཡལ་གའི་ཟླ་བ་ལྟར། །མཛུབ་མོ་གང་གིས་མཆོད་བྱེད་པ། །དེ་ལས་དེ་ནི་སྐྱེ་འགྱུར་རམ། །མཛུབ་མོ་ལ་སོགས་བྱ་བ་ཙམ། །དེ་ཡིས་དེ་ནི་གསལ་བར་འགྱུར། །ཇི་ལྟར་མུན་པའི་མུ་ཏིག་གཅིག །མར་མེ་མེད་ན་མཐོང་མི་འགྱུར། །མར་མེས་དེ་ནི་མཐོང་བ་ལས། །མར་མེ་ལས་ ནི་མེ་སྐྱེའོ། །མར་མེ་ཡིས་ནི་བལྟ་བ་ལས། །མར་མེ་དེ་ལ་སྒོམ་མི་བྱེད། །དེ་ཡི་དེ་ནི་རིགས་པས་རྫོགས། །རྙེད་འགྱུར་དེ་ལ་སྒོམ་མི་བྱེད། །དེ་ནས་ཐར་འདོད་པ་ལ་འདི། །ལམ་རབ་ཤིན་ཏུ་གསལ་བར་བྱ། །རྒྱ་མཚོ་ཆེན་པོའི་གསང་ངོས་སམ། །ཡང་ན་དུར་ཁྲོད་ མཆོག་དང་ནི། །ཡང་ན་དགྱེས་པའི་རི་ཕུག་དང་། །ཐམས་ཅད་བདག་ཉིད་དགོན་ཆེན་པོར། །ཡང་དག་རྣལ་འབྱོར་པ་ཡིས་ནི། །མགོན་པོ་ཧེ་རུ་ཀ་མཉེས་བྱ། །ལངས་ནས་དང་པོ་རྣལ་འབྱོར་པས། །སྙིང་རྗེའི་རླན་གྱིས་བརླན་སེམས་ཀྱིས། །ཚངས་པ་ཡི་ནི་གནས་ བཞི་ནི། །དགའ་བ་ཡོད་པ་བསྒོམ་པར་བྱ། །དེ་ནས་རང་སྙིང་ག་པད་ལ། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་དབུས་སེམས་ཀྱི་ས་བོན་ནི། །སྣ་ཚོགས་འོད་དང་ལྡན་པ་བསྒོམ། །དེ་ཡི་འོད་རྣམས་སྣང་བ་ལས། །བླ་མ་དང་ནི་སངས་རྒྱས་དང་། །རང་ལྷ་ནམ་མཁའ་ ཁྱབ་མཐོང་བ། །ཆུ་ཟླ་ལྟ་བུའི་རང་བཞིན་ཅན། །སྣ་ཚོགས་མཆོད་པ་དབུལ་བ་ནི། །བྱས་ནས་སྐྱབས་སུ་འགྲོ་བར་བྱ། །དཀོན་མཆོག་གསུམ་ལ་སོགས་པ་ནི། །རྡོ་རྗེ་གསུམ་གྱི་ཡེ་ཤེས་དག །དེ་ཡི་བསོད་ནམས་ཀྱི་ནི་ཚོགས། །ཡང་དག་པར་ནི་འཕེལ་བར་ འགྱུར། །ཡེ་ཤེས་ཚོགས་ནི་འཕེལ་དོན་དུ། །སྟོང་པ་ཉིད་ནི་བདག་ཉིད་ཡིན། །ཐམས་ཅད་རྨི་ལམ་ལྟ་བུར་བལྟ། །སྐད་ཅིག་མ་ཡི་སྒྱུ་འཕྲུལ་ཅན། །ཇི་ལྟར་ཆུ་ཟླ་ལྟ་བུ་དང་། །དྲི་ཟའི་གྲོང་ཁྱེར་ལྟ་བུའོ། །གཅིག་དང་དུ་མས་རྣམ་དཔྱད་ན། །སྦྱོར་བ་མེད་པས་ མཚན་ཉིད་མེད། །འདས་པ་དང་ནི་མ་འོངས་མེད། །ད་ལྟར་ཡང་ན་དེ་བཞིན་ནོ། །འདས་པ་དེ་ནི་འགགས་པ་ཡིན། །མ་འོངས་པ་ནི་མ་བྱུང་སྟེ། །ད་ལྟར་མི་གནས་ཁབ་རྩེ་ལ། །ནམ་ཡང་གནས་པ་མེད་པའོ། །དེ་ལྟ་བུར་ནི་ཐམས་ཅད་བསམ། །དེ་ནས་འདི་ནི་དཔྱད་པར་བྱ། །སྟོང་པ་ལས་ ནི་ཐམས་ཅད་འབྱུང་། །སྟོང་པའི་ངང་དུ་ཐམས་ཅད་ནུབ། །དག་པའི་ངོ་བོ་སྟོང་པ་སྟེ། །སྟོང་པའི་རང་བཞིན་དུ་ནི་བསྟན། །དག་པ་སྐུ་རུ་བརྗོད་པ་སྟེ། །གསུང་ནི་སྟོང་པའི་ངོ་བོ་ཡིན། །རང་བཞིན་ཐུགས་སུ་བཤད་པ་སྟེ། །དེ་ནི་རྣལ་འབྱོར་པ་ཡིས་བསམ། །སྤྲིན་མེད་ནམ་མཁའི་དངོས་ པོ་ལ། །སེམས་ནི་མི་གཡོ་བར་ནི་གཞག །དེ་ཡིས་དོན་བྱེད་ཡང་དག་པའི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ཡིས་ཡེ་ཤེས་ཀྱི་ནི་ཚོགས། །སྐུ་གསུང་ཐུགས་ནི་རྣམ་པར་དག །ཚོགས་ ཆེན་གཉིས་ནི་རྫོགས་པ་ཡིས། །སྐད་ཅིག་གཅིག་གིས་བྱང་ཆུབ་ཐོབ། །བསོད་ནམས་དེ་ནི་མཆོག་ཡིན་ཏེ། །དེ་བཞིན་ཡེ་ཤེས་ཆད་པའོ། །དེ་གཉིས་དབུས་སུ་བྱང་ཆུབ་ནི། །རང་བཞིན་ཡེ་ཤེས་མཚན་ཉིད་དོ། །དེ་ནས་པཾ་བྱུང་པདྨ་དང་། །རཾ་ལས་བྱུང་པའི་ཉི་དཀྱིལ་དུ། །ཧཱུཾ་ ལས་ཁྲོ་བོའི་རྡོ་རྗེ་ནི། །སྤྲོ་བའི་བདག་ཉིད་ཅན་གྱིས་བསམ། །དང་པོའི་སུམྦྷ་ནི་སུམྦྷ། །གྲྀཧྞ་གྲྀཧྞ་དེ་བཞིན་ནོ། །གྲྀཧྞཱ་པ་ཡ་གཉིས་སུ་བྱ། །ཨཱ་ན་ཡ་ཧོ་དེ་བཞིན་ཏེ། །བྷ་ག་ཝཱན་བཛྲ་བིདྱཱ་རཱ་ཛ་སྟེ། །འདི་ཡིས་ཕྱོགས་ནི་བཅིང་བར་བྱ། །ཨོཾ་དང་ཧཱུཾ་གཉིས་མིང་སྤེལ་ལ། །མཐར་ཡང་ཧཱུཾ་ ཕཊ་སྦྱོར་བར་བྱ། །སུམྦྷའི་སྐུ་བདག་སྔགས་པ་ཡིས། །ཤར་ལ་སོགས་པར་སྔགས་གདབ་བྱ། །སྣ་ཚོགས་རྡོ་རྗེའི་ས་གཞི་ནི། །ཧཱུཾ་ལས་འཕྲོ་བར་བསམ་པར་བྱ། །དེ་ཡི་འོད་ཟེར་གསལ་བ་ཡིས། །རྩིག་པ་དང་ནི་བླ་བྲེའོ། །སྟེང་གི་མདའ་ཡི་དྲ་བ་ནི། །རྡོ་རྗེ་མེ་ལྕེ་འབར་བའོ། །དང་པོ་ ཡི་ནི་བཞི་པ་གཉིས། །གྷཱ་ཏ་ཡ་ནི་གཉིས་པར་བྱ། །སརྦ་དུཥྚཱཾ་དེ་ནས་གདབ། །ཀཱི་ལ་ཡ་ནི་གཉིས་བྱ་སྟེ། །སརྦ་པཱ་པཾ་དེ་ནས་ནི། །བཛྲ་ཀཱི་ལ་དེ་ནས་དྲན། །དེ་ནས་བཛྲ་དྷ་ར་གདབ། །ཨཛྙཱ་པ་ཡ་དེ་བྱའོ། །ཀཱ་ཡ་བཱཀ་ཙིཏྟ་བཛྲ་སྟེ། །ཀཱི་ལ་ཡ་ནི་དེ་ནས་དྲན། །བཛྲ་མུངྒ་བཛྲ་དང་། །ཀཱི་ལ་ཀུ་ཧ་དེ་ ནས་སོ། །ཨོཾ་ཡིག་དང་ནི་ཧཱུཾ་ཕཊ་མཐར། །དབུས་སུ་ཧཱུཾ་གིས་ལྡན་པར་བྱ། །མི་ཤིགས་པ་ཡི་རྡོ་རྗེའི་གུར། །དེ་ཡི་སྔགས་ཀྱིས་བསྒོམ་པར་བྱ། །རྡོ་རྗེའི་གུར་གྱི་དབུས་སུ་ནི། །ཆོས་དབྱིངས་ཕྱག་རྒྱ་བྷ་ག་དངོས། །དེ་ནི་དབུས་སུ་བསྒོམ་བྱ་སྟེ། །རླུང་ལ་སོགས་པའི་དཀྱིལ་འཁོར་བཞི། །དེ་ཡི་སྟེང་དུ་ཡེ་ཤེས་ མེ། །ཧཱུཾ་གི་དངོས་པོའི་བདག་ཉིད་བསམ། །རླུང་སོགས་ཡོངས་སུ་གྱུར་པ་ལས། །མཆོག་གི་གཞལ་ཡས་ཁང་དུ་གྱུར། །གྲུ་བཞི་པ་ལ་སོགས་ལྡན་ནི། །དཔལ་ལྡན་ཧེ་རུ་ཀ་ཡི་གནས། །གཏུམ་དྲག་དུར་ཁྲོད་ལ་སོགས་ནི། །དེ་ཡི་ཕྱི་རོལ་བསྐོར་བའོ། །པ་ཏ་པུ་ཏ་རི་སོགས་ཀྱི། །ཤིང་རྣམས་ཀྱིས་ནི་རབ་ཏུ་ བརྒྱན། །ཁྭ་གཟུགས་ལ་སོགས་དཔའ་བོ་ནི། །ཤིང་རྣམས་ལ་གནས་བྱིན་གྱིས་རློབ། །སྣ་དང་ཁ་གནས་ལ་སོགས་ནི། །ནང་ནི་དུར་ཁྲོད་ཕྱི་རོལ་ལོ། །གསང་བའི་ནང་ངམ་ཡང་ན་ལུས། །དབུགས་བྱེད་ཕྱི་རོལ་ན་དུར་ཁྲོད། །མཐུས་བྱེད་མ་རྣམས་ཀྱི་ནི་རྩི། །པ་ཏ་ལ་སོགས་ཤིང་ཡིན་ནོ། །དུར་ཁྲོད་ནང་དུ་ པདྨ་ནི། །སྣ་ཚོགས་འདབ་མ་བརྒྱད་པའོ། །ལྟེ་བའི་ནང་གི་ཕྱག་རྒྱ་ནི། །གྲུ་གསུམ་བྷ་གའི་གཟུགས་ཅན་ནོ། །རྡོར་མཚོ་མ་དང་ལེགས་དགྱེས་རྡོར། །དེ་བཞིན་རྡོ་རྗེ་གླང་ཆེན་མ། །གྲུ་གསུམ་ལ་ནི་བསྒོམ་བྱ་སྟེ། །ནང་དུ་མ་ཡིན་ཕྱི་རོལ་མིན། །སྲིད་དང་མྱ་ངན་འདས་པའི་སྟེང་། །སྣང་བ་དང་ནི་སྣང་བ་མཆེད། ། དབྱངས་ཡིག་དཔེ་བྱད་ལས་བྱུང་བ། །སེམས་ཅན་ཞུ་བའི་རང་བཞིན་ཅན། །དེ་ཡི་ཧཱུཾ་བྲུཾ་མཐོང་བ་ནི། །དཔལ་རྡོར་སེམས་དཔའི་བདག་ཉིད་དོ། །འོད་ཀྱི་རིགས་དང་ལྡན་པ་ཡི། །རང་བཞིན་གྱིས་དག་ཡོངས་སུ་གྱུར། །དེ་ནས་སྨོན་ལམ་གཞན་དོན་དུ། །བྱ་ཡི་རྣལ་འབྱོར་རང་དོན་མིན། །དེ་ལྟར་ཤེས་པས་ ལྷ་མོ་ཡི། །བསྟོད་པར་ཤེས་ལས་ཡང་དག་འབྱུང་། །བདེ་ཆེན་ལེགས་དགྱེས་མགོན་པོ་བཞེངས། །རྡོ་རྗེ་ལེགས་དགྱེས་བདག་དགའ་མཛོད། །མགོན་པོ་ཁྱོད་མིན་བདག་རོ་འདྲ། །ཐུགས་རྗེ་རོ་ཡིས་བདག་སྐྱེ་མཛོད། །ཀྱེ་མ་མགོན་པོ་སྟོང་པའི་མཚན། །རྡོ་རྗེ་མཚོ་མ་བདག་ དགའ་མཛོད། །པདྨ་ཁ་ཕྱི་རོལ་ཅིག་རོལ། །མགོན་པོ་སྟོང་པའི་རང་བཞིན་མིན། །ཨ་ལ་ལ་ལ་ཨ་ལ་ལ་ལ། །ཨ་ལ་ལ་ལ་ལེགས་དགྱེས་མགོན། །རྡོ་རྗེ་གླང་ཆེན་མ་དགའ་མཛོད། །ཁྱོད་རང་གིས་གསུངས་བདག་མིན་ན། །སངས་རྒྱས་འབྱུང་བར་མི་འགྱུར་རོ། །གླུ་འདི་ཡིས་ ནི་ངོར་མཛད་ནས། །སྤྲོ་ཧཱུཾ་སྣང་ལས་ཡང་དག་འཕྲོས། །དེ་ལས་རྡོ་རྗེ་གྲི་གུག་ནི། །ཡོངས་སུ་གྱུར་པས་དེ་ནས་ཉིད། །དཔལ་ལྡན་ཧེ་རུ་ཆེ་མགོན་པོ། །ལྷ་མོས་འཁྱུད་པར་གྱུར་པའོ། །བུང་བའི་མདོག་ལ་ཕྱག་བཅུ་དྲུག །ཞལ་བཅུ་དྲུག་ལ་སྤྱན་གསུམ་པ། །སྔོ་དང་སེར་དང་དམར་དང་ལྗང་། ། ཞལ་བཞི་གཡོན་ནས་བསྐོར་བའོ། །གཞན་ནི་སྐུ་མདོག་དེ་དང་འདྲ། །སྟེང་གི་ཞལ་ནི་འཇིགས་པར་ལྡན། །ཐོད་པའི་ཕྲེང་བས་དབུ་ལ་བརྒྱན། །ཟླ་ཕྱེད་དབུ་རྒྱན་གྱིས་མཚན་པ། །ཐོད་རློན་ཕྲེང་བའི་དབུ་རྒྱན་ཅན། །ཉི་མའི་གདན་ལ་ཁྲོ་ཚུལ་ལྡན། །ཕྱག་རྒྱ་དྲུག་གིས་ཡན་ལག་ བརྒྱན། །ཉི་མ་བྱེ་བའི་འོད་དང་མཚུངས། །གཡས་བརྐྱང་སྟེང་འོག་ཞབས་མངའ་བ། །གར་དགུ་དང་ནི་ལྡན་པའོ། །ཞབས་ནི་རྣམ་པ་བཞི་རྣམས་ཀྱིས། །བདུད་བཞི་ཡི་ནི་སྟེང་ན་བཞུགས། །གཤིན་རྗེ་པགས་པའི་ཤམ་ཐབས་ལ། །ཐོད་པའི་དུམ་བུའི་སྐེ་རགས་བཅིངས། ། ཕྱག་ནི་འཁྱུད་པའི་གཡས་པ་དང་། །རྡོ་རྗེ་དང་ནི་དྲིལ་བུ་གཡོན། །ཕྱག་གཉིས་བརྐྱང་བས་ཚངས་པའི་པགས། །གཞན་གཉིས་མདའ་གཞུ་འགེངས་པའོ། །འཁོར་ལོ་རིན་ཆེན་རལ་གྲི་དང་། །རྩེ་གསུམ་ཉི་མ་གཡས་ན་བསྣམས། །ཌ་མ་རུ་དང་སྟ་རེ་ཟླ། །ཐོད་པའི་སྣོད་ དང་ཁ་ཊྭཱཾ་ག །ཡེ་ཤེས་མཁའ་འགྲོ་དབང་ཕྱུག་གི། །གཡོན་དུ་དེ་ནི་ཤེས་པར་བྱ། །ལེགས་དགྱེས་དབང་མོ་དེ་དང་འདྲ། །ཡང་ན་ཕྱག་ནི་བཞི་དང་ལྡན། །ཞལ་གཅིག་པ་ལ་སྤྱན་གསུམ་པ། །གཅེར་བུ་དང་ནི་ཐུགས་རྗེ་ཆེ། །སྐྲ་ནི་གྲོལ་ཞིང་ནུ་མ་སྲ། །སྒེག་པ་ལ་སོགས་རྒྱན་དང་ ལྡན། །སྡིགས་མཛུབ་ཡོད་པའི་གྲི་གུག་ནི། །གཡས་པའི་ཕྱག་གིས་འཛིན་པ་མདའ། །ཁ་ཊྭཱཾ་ག་དང་ཀཱ་པ་ལ། །ཁྲག་གིས་བཀང་བ་གཡོན་ན་བསྣམས། །འཁྱུད་པའི་སྒེག་པའི་སྦྱོར་བ་ཡིས། །གཞན་མ་རྡོ་རྗེ་མདའ་གཞུའོ། །ཡན་ལག་ཕྱག་རྒྱ་དྲུག་གིས་བརྒྱན། །ཐོད་དུམ་སྐ་རགས་དག་ གིས་བརྒྱན། །བྱིན་པ་གཉིས་ཀྱིས་ལེགས་འཁྱུད་ཅིང་། །བདེ་བ་ཆེན་པོའི་གནས་ན་བཞུགས། །གྲུ་གསུམ་གནས་ཀྱི་རྣལ་འབྱོར་མ། །དྲུག་ཕྱེད་བཅོམ་ལྡན་འདས་ཀྱི་གཞི། །ཞལ་དང་རྗེས་སུ་མཐུན་པར་བསམ། །ལྗང་གུ་གཅིག་གིས་སྤངས་པའོ། །ཞལ་གཅིག་པ་ལ་སྤྱན་གསུམ་པ། །གཡོན་ བརྐྱང་པ་ཡི་གནས་པས་བཞུགས། །ཕྱག་བཞི་པ་ལ་འཇིགས་ཆེན་མ། །ཕྱག་རྒྱ་ལྔ་ཡིས་བརྒྱན་པའོ། །དབུ་སྐྲ་རལ་པ་གཅེར་བུ་དང་། །ཐོད་པའི་དོ་ཤལ་བརྒྱན་པའོ། །རོ་སྟེང་གནས་པ་འོད་འབར་མ། །ལ་ལ་ལ་སོགས་དག་པའོ། །རང་བྱུང་རོ་དང་ག་བུར་དང་། །དེ་ཡིས་པད་སྣོད་བཀང་ པའོ། །གཡས་པ་ཡི་ནི་ཕྱག་ན་ཐོགས། །ཁ་ཊྭཱཾ་ག་ནི་གཡོན་ནའོ། །བྷ་གའི་ཕྱག་རྒྱའི་དབུ་སྟེང་དུ། །མཛུབ་མོ་ཚངས་པའི་བུ་གའི་དཀྱིལ། །བདེ་ཆེན་དང་ནི་མེ་འཁོར་ལོ། །གནས་གཅིག་པར་ནི་བརྡ་ཡིས་མཚོན། །བདེ་བ་ཆུ་སྐྱེས་མེ་འཁོར་ལོ། །ཕྱི་རོལ་མ་ཡིན་ནང་དུ་མིན། །སྤྲུལ་པའི་འཁོར་ ལོའི་རིགས་པས་ན། །སྤྲུལ་པ་དང་ནི་བདེ་ཆེན་པོ། །གང་ན་བཅོམ་ལྡན་འདས་ནི་བཞུགས། །དེ་ནི་བདེ་བ་ཆེན་པོས་བརྗོད། །རྡོ་རྗེ་འཛིན་པ་ཉིད་ཀྱིས་ནི། །དེ་བཞིན་གསང་བའི་རྒྱུད་ལས་གསུངས། །གང་ན་བདེ་བ་བདག་ཉིད་བཞུགས། །དེ་ནི་བདེ་བ་ཆེན་པོའོ། །དེ་ཡི་ཤར་ཕྱོགས་ ཨོ་ཌྱན་དུ། །ལྷ་མོ་འཇིགས་མ་དེ་སྤྱི་བོར། །ཛཱ་ལནྡྷར་བྱང་དུ་སྟེང་། །དཔའ་བོ་མ་ནི་སྤྱི་བོ་གཙུག །ནུབ་ཏུ་པུལླཱི་ར་མཱ་སྟེ། །ཆང་འཐུང་མ་ནི་མཚོག་མར་རོ། །ལྷོ་རུ་ཀཱ་མ་རཱུ་པ་སྟེ། །འཇིགས་བྱེད་མ་ནི་སྨིན་ཕྲག་དབུས། །དེ་ནི་གནས་ནི་བཞི་ཡིན་ཏེ། །ཉེ་བའི་གནས་ཀྱང་དེ་བཞིན་ནོ། ། མེ་ཡི་ཕྱོགས་སུ་མཱ་ལཱ་བ། །ཕོ་ཉ་མ་ནི་སྣ་རྩེར་རོ། །བདེན་བྲལ་ཕྱོགས་སུ་སིནྡྷུ་སྟེ། །སྟོབས་མ་མིག་གཉིས་ལ་ནི་གནས། །རླུང་གི་ཕྱོགས་སུ་ནཱ་གར་ཏེ། །རྟ་མགྲིན་མ་ནི་སྣ་གཉིས་སུ། །དབང་ལྡན་ཕྱོགས་སུ་སིངྒ་ལ། །རྟ་རྣ་མ་ནི་ཁ་པད་དུ། །དེ་ནི་བདེ་ཆེན་འཁོར་ལོ་སྟེ། །རྡོ་རྗེ་གྲི་གུག་གིས་ནི་ བསྐོར། །གཉིས་པ་ལོངས་སྤྱོད་འཁོར་ལོ་སྟེ། །དམར་པོ་པདྨའི་ཕྲེང་བས་བསྐོར། །དེ་ཡི་ཤར་ཕྱོགས་སུ་མ་ནི། །གླང་ཆེན་རྣ་བའི་ཀོསྐོའོ། །བྱང་ཕྱོགས་དེ་ཝཱི་ཀོ་ཊཱི་སྟེ། །ལྟོ་བ་མ་ནི་མགྲིན་གླིང་བུར། །ནུབ་ཕྱོགས་པ་ནི་ཀུ་ལུ་ཏཱ། །མེ་མར་རྒྱབ་ཀྱི་གླིང་བུ་རོ། །ལྷོ་ཕྱོགས་ཨ་རྦུ་དར་ནི་སྟེ། །ཆུ་རྒྱུན་ འབེབས་མ་འོ་མའི་སྣོད། །དེ་ནི་ཞིང་དང་ཉེ་བའི་ཞིང་། །དེ་བཞིན་ཚནྡོ་ཉེ་ཚནྡོ། །མེའི་ཕྱོགས་ཧ་རི་ཀ་ལ་སྟེ། །ཟླ་བ་དེ་ནི་སྙིང་གར་རོ། །བདེན་བྲལ་ཕྱོགས་སུ་གུ་ཏ་པར། །ཉི་འོད་མ་ནི་ལྟེ་བར་རོ། །རླུང་གི་ཕྱོགས་སུ་ལམྤཱ་ཀར། །དུང་རྣ་མ་ནི་གསང་བར་རོ། །དབང་ལྡན་ཕྱོགས་སུ་ཀཱཉྩི་ཀ། །དུང་གཙུག་ མ་ནི་རྒྱལ་མཚན་དབུས། །ཤར་ཕྱོགས་སུ་ནི་དཀར་དམར་ཏེ། །དུང་སྟེང་མ་ཡི་རྒྱལ་མཚན་རྩེར། །བྱང་ཕྱོགས་ཇི་མི་ཀ་ར་སྟེ། །སྟོབས་ཆེན་མ་ནི་གཞང་པད་དུ། །ནུབ་ཕྱོགས་སུ་ནི་ཀུང་རྐན་ཏེ། །བྱ་རྒོད་མ་ནི་བརླ་གཉིས་དྲན། །ལྷོ་ཕྱོགས་སུ་ནི་བིནྡུ་སྟེ། །རྒོད་ཁ་མ་ནི་པུས་གཉིས་སུ། །མེ་ཕྱོགས་ཡི་ དགས་འདུས་པ་སྟེ། །ཧོར་པ་མ་ནི་རྗེ་ངར་དུ། །བདེན་བྲལ་ཕྱོགས་སུ་རྒྱ་མཚོའི་ངོགས། །ཧོར་མིག་མ་ནི་རྐང་བོལ་དྲན། །རླུང་ཕྱོགས་ཙ་རི་ཏྲ་ནི་སྟེ། །འོག་འགྲོ་མ་ནི་མཐེ་བོར་རོ། །དབང་ལྡན་ཀུ་ར་བ་ར་སྟེ། །མིག་དམར་མ་ནི་སོར་མོར་རོ། །འདུས་པ་དང་ནི་ཉེ་བའི་འདུས། ། དུར་ཁྲོད་དེ་བཞིན་ཉེ་དུར་ཁྲོད། །དེ་ནི་ཆོས་ཀྱི་འཁོར་ལོ་སྟེ། །ནག་པོ་རྡོ་རྗེ་ཕྲེང་བས་བསྐོར། །དེ་ཡི་ཤར་ཕྱོགས་ཀས་མ་ར། །སྐྲ་དམར་མ་ནི་ལུས་ཐམས་ཅད། །བྱང་གི་ཕྱོགས་སུ་ཀེའུ་རཏ་སྟེ། །རིན་ཆེན་མ་ནི་རྐང་མཐིལ་དུ། །ནུབ་ཕྱོགས་སུ་ནི་ནཻ་པ་ལ། །པུ་རོན་མོ་ནི་ལྷག་པར་དྲན། །ལྷོ་ ཕྱོགས་ཀར་ན་ཀུ་རྩ་སྟེ། །དམར་པོ་མོ་ནི་རྐང་པར་རོ། །མེ་ཡི་ཕྱོགས་སུ་ས་བླ་སྟེ། །ནག་མོ་ཆོས་འཁོར་ལྟེ་བར་རོ། །བདེན་བྲལ་ཕྱོགས་སུ་ས་སྟེངས་ཏེ། །རི་བོང་མ་ནི་ལྟེ་སྙིང་དུ། །རླུང་གི་ཕྱོགས་སུ་ས་འོག་སྟེ། །རི་དགས་མ་ནི་སྤྲུལ་སྙིང་པོར། །དབང་ལྡན་ཕྱོགས་སུ་རི་རབ་རྩེ། །ར་མ་མོ་ནི་གསང་ སྣང་ངོ་། །བི་ལ་ཉེ་བའི་བི་ལ་བར། །དེ་བཞིན་སྦྱོར་དང་ཉེ་བའི་སྦྱོར། །དེ་ནི་སྤྲུལ་པའི་འཁོར་ལོ་སྟེ། །དཀར་པོ་འཁོར་ལོའི་ཕྲེང་བས་བསྐོར། །འཁོར་ལོ་བཞིར་གཏོགས་རྣལ་འབྱོར་མ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །སྡིགས་མཛུབ་ལྡན་པའི་གྲི་གུག་ནི། །ཐམས་ཅད་ཀུན་གྱིས་ཕྱག་གཡས་ བསྣམས། །ཁ་ཊྭཱཾ་ག་དང་ཀ་པཱ་ལ། །ཁྲག་གིས་བཀང་བ་གཡོན་ནའོ། །ཕྱག་གཞན་དག་ནི་གཉིས་གཉིས་ཀྱིས། །མདའ་གཞུ་ཁེངས་པར་འགེངས་པའོ། །གྲུ་གསུམ་གཏོགས་པ་གཞན་ཇི་ལྟར། །གནས་སུ་གཏོགས་པ་དེ་ལྟར་རོ། །ཇི་ལྟར་འཁོར་ལོ་རྣམས་ཀྱི་མདོག །རྣལ་འབྱོར་པ་ཡང་ དེ་ལྟར་རོ། །རྡོ་རྗེ་རོ་ལངས་རྡོར་འདྲ་བ། །རྡོ་རྗེ་རྩེ་མོ་རྡོར་ཟླུམ་མ། །གནག་དང་དམར་དང་སེར་དང་དཀར། །ཤར་སྒོ་ལ་སོགས་གནས་ན་བཞུགས། །ཆུ་སྲིན་ཉ་དང་སེང་གེ་དང་། །འགའ་རུ་ར་ནི་གཡས་ན་ཐོགས། །ཀ་པཱ་ལ་དང་ཁ་ཊྭཱཾ་ག །གཡོན་གྱི་ཕྱོགས་སུ་དྲན་པའོ། །གཞན་གཉིས་ རྡོ་རྗེ་མདའ་གཞུ་ནི། །རྣ་ལྟག་ཏུ་ནི་འགེངས་པར་དྲན། །རྡོ་རྗེ་སྐེ་རགས་དེ་པག་བཅིང་། །རྡོ་རྗེ་སེར་པོ་དང་ནི་གཉིས། །རྡོ་རྗེ་རྒོད་མ་གསུམ་པ་སྟེ། །རྡོ་རྗེ་ཉི་མ་བཞི་པའོ། །རྔ་དང་དེ་བཞིན་གླིང་བུ་དང་། །རྒྱུད་མངས་དང་ནི་རྫ་རྔ་དང་། །རྫ་རྔ་ཆུང་ངུ་ཆལ་ཆུང་དང་། །ཏཾ་བུ་ར་དང་ཀ་རན་ ཏོ། །དེ་རྣམས་ཕྱག་ནི་གཉིས་གཉིས་ཤེས། །མཚམས་ཀྱི་ལྷ་མོའི་རིམ་པར་རོ། །བཅོམ་ལྡན་འདས་ནི་མཉེས་བྱེད་གནས། །གཟུགས་གཉིས་པ་ལ་ཡིད་འཕྲོག་མ། །བརྐྱང་ལ་སོགས་པས་དེ་རྣམས་ནི། །ཇི་ལྟར་འཇིགས་པའི་ལྷ་མོ་རྣམས། །གནས་ལ་སོགས་པ་སར་ཤེས་བྱ། ། བདུན་གཉིས་ཀྱི་ནི་གྲངས་ཡིན་ནོ། །ས་རྣམས་དེ་ཡི་དབང་ཕྱུག་མགོན། །འཁོར་ལོའི་དངོས་པོར་རྟག་ཏུ་བཞུགས། །གཡས་དང་གཡོན་གཉིས་བསྐོར་བ་ཡི། །ལྷ་མོ་རྣམས་ཀྱི་མཆོད་པའི་རིམ། །དེ་ལྟ་བུ་ཡི་འཁོར་ལོ་ཆེ། །བདག་ཉིད་དང་ནི་བཅས་པར་བསྒོམ། །ཡང་ན་ རྒྱུད་ཀྱི་མན་ངག་བསྒོམ། །འདི་ནི་འཁོར་ལོ་དྲུག་ཀྱང་ཡོད། །བདེ་བ་ཆེན་པོ་ལ་སོགས་ལྔ། །མེ་ཡི་འཁོར་ལོ་ཡོད་པས་སོ། །སྒོ་དང་མཚམས་ནི་མཉམ་ལྡན་པ། །དེ་ནི་རླུང་འཁོར་དྲུག་པའོ། །འཁོར་ལོར་གཏོགས་པའི་ལྷ་མོ་ཀུན། །རྩེ་རེ་རྣམ་པར་དག་པའོ། །བདེ་ཆེན་རྣམ་དག་ འཁོར་ལོ་བཞི། །གཞན་མ་གཉིས་ནི་རང་རང་ངོ་། །བདེ་ཆེན་འཁོར་ལོ་ཀུན་ཀ་ལ། །བསྐྱེད་པའི་གནས་སུ་བསྟན་པའོ། །དེ་བས་བདེ་ཆེན་འཁོར་ལོ་སྟེ། །འཁོར་ལོ་རྣམ་དག་གཞུང་ཡིན་ནོ། །དེ་ནས་ཕུང་པོ་རྣམ་དག་འདི། །རྣལ་འབྱོར་པས་ནི་རྩེ་གཅིག་གིས། །གཟུགས་ནི་ ལོངས་སྤྱོད་རྡོར་ཤེས་བྱ། །ཚོར་བ་ཡེ་ཤེས་རྡོ་རྗེ་སྟེ། །འདུ་ཤེས་སྣང་བ་རྡོ་རྗེ་དང་། །འདུ་བྱེད་འོད་ཀྱི་རྡོ་རྗེ་དང་། །རྣམ་ཤེས་ཕུང་པོའི་ངོ་བོ་ནི། །རྡོ་རྗེ་སེམས་དཔར་རྟག་ཏུ་བཞུགས། །མིག་གཉིས་རྡོ་རྗེ་མཁའ་འགྲོ་མ། །རྣ་བ་སྤྲིན་གྱི་རྡོ་རྗེ་མ། །སྣ་ལ་སྲོག་གི་རྡོ་རྗེ་མ། །ཁ་ལ་རོ་ཡི་རྡོ་རྗེ་མ། ། རག་པ་དགའ་བའི་རྡོ་རྗེ་མ། །ཡིད་ནི་ཡེ་ཤེས་དབང་ཕྱུག་མ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །གཉིས་མེད་པ་ཡི་དངོས་པོའི་གཟུགས། །ཧེ་རུ་ཀ་དཔལ་བཅོམ་ལྡན་འདས། །དེ་བཞིན་གཤེགས་པ་ཉིད་དུ་བཞུགས། །ས་ནི་དགའ་བའི་རྡོ་རྗེ་མ། །ཆུ་ཡི་ཁམས་ནི་སྟོབས་མར་བཤད། ། མེ་ནི་འབྱུང་བ་རྡོ་རྗེ་མ། །རླུང་ནི་ལྕགས་སྒྲོག་རྡོ་རྗེ་མ། །ནམ་མཁའི་ཁམས་ནི་རྣལ་འབྱོར་མ། །པདྨའི་ལྟེ་བ་ཡིན་པར་བཤད། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །དག་པ་ཡིན་པར་འདི་བསྟན་ཏོ། །རིགས་ཆེན་བཤད་པའི་རྒྱུད་ལས་ནི། །དེ་ལྟ་བུ་ཡི་དག་པར་གྲགས། །རྡོར་གསུམ་ ཡིག་གསུམ་ཡེ་ཤེས་ནི། །དགོང་མིའི་གནས་སུ་ཡི་གེ་ཡིས། །ཡེ་ཤེས་སེམས་དཔའ་དགུག་པར་བྱ། །དམ་ཚིག་སེམས་དཔའ་ལ་ནི་བསྟིམ། །དེ་ནི་གཉི་ག་རོ་གཅིག་བྱ། །ཇི་ལྟར་ཆུ་ལ་ཆུ་གཞག་བཞིན། །མཐེའུ་ཆུང་ལུ་གུ་རྒྱུད་ཀྱི་དངོས། །དབུས་སུ་མཐེ་བོས་བརྟན་པར་བྱ། ། མཛུབ་མོ་གཉིས་ནི་རྩེ་སྦྱར་བསྒྲེང་། །ཅུང་ཟད་ཙམ་ནི་དགུག་པའི་དངོས། །སྲོག་རླུང་ཇི་ལྟར་དེ་ལྟར་བཟུང་། །ཚངས་པའི་བུ་གའི་སྟེང་དུའོ། །རྐང་པ་མནན་ཅིང་གྱེན་དུ་བལྟ། །ཧ་ཧ་ཡི་ནི་སྒྲ་སྒྲོགས་ཤིང་། །ནམ་མཁའི་དབྱིངས་ཀྱི་དབུས་ནས་ནི། །ཡེ་ཤེས་སེམས་དཔའ་དགུག་པར་བྱ། ། ཕྱག་རྒྱ་དེ་ནི་རྒྱ་ཆེན་ཏེ། །ཡེ་ཤེས་ཐིག་ལེའི་རྒྱུད་ལས་གསལ། །ཤེས་པ་ཙམ་གྱིས་ཡེ་ཤེས་ཆེན། །ཐེ་ཚོམ་མེད་པར་རྙེད་པར་འགྱུར། །ཨོཾ་སརྦ་བཱི་ར་དང་པོ་སྟེ། །ཡོ་གི་ནཱི་ཡང་དེ་བཞིན་ནོ། །ཀཱ་ཡ་བཱ་ཀ་ནི་ཙིཏྟ་དང་། །བཛྲ་སྭ་བྷཱ་ཝ་དེ་བཞིན་དུ། །ཨཏྨ་ཀོ྅ཧཾ་དེ་ནས་ནི། །ཡེ་ཤེས་ སེམས་དཔའ་རྣམ་པར་དག །ཕྱི་རོལ་སྔགས་ཡིག་ཡོད་པ་ཡི། །ཆོ་ག་འདིར་ནི་མ་བཤད་དོ། །ཕུང་པོ་ལྔ་ཡི་དག་པ་ཡིས། །དེ་ལ་གོ་ཆ་དགོས་མ་ཡིན། །གོ་ཆ་བྱང་ཆུབ་སེམས་ཡིན་ཏེ། །དེ་ཡི་བསྡམ་པ་དེ་ནི་རབ། །དེ་ཡི་ཐབས་ཀྱི་ཚིག་གཅིག་ནི། །ཅུང་ཟད་ཙམ་ནི་ བདག་གིས་བཤད། །ཆར་ཡང་གནས་ན་སྲོག་གི་རླུང་། །ཤེས་ནས་གྱེན་དུ་འགོག་པར་བྱ། །རླུང་མ་གཉིད་མ་སྦྱོར་བ་ཡིས། །འབྱེད་པ་དང་ནི་འཛུམས་པ་དེས། །ཡེ་ཤེས་མེ་ནི་དེ་ཡིས་རྟོགས། །རང་བདེ་བ་ནི་མཆོག་གི་དངོས། །དེ་ཡིས་གཏུམ་མོ་འབར་བ་ཡིན། །ཤེས་རབ་རང་རིག་མཚན་ ཉིད་དོ། །མཚན་མའི་ཡེ་ཤེས་བསྲེག་པ་སྟེ། །ཕུང་པོ་སྐྱེ་མཆེད་སོགས་འདུ་ཤེས། །དེ་ནས་གྱེན་དུ་འགྲོ་འགྱུར་ཏེ། །རྟོག་པ་མེད་པའི་བདེ་ཆེན་གནས། །རྣམ་པར་རྟོག་པའི་སྡེ་ཡེ་ཤེས། །རང་གི་འོད་ཀྱིས་ཞུ་བར་བྱེད། །དེ་ལ་འདི་ལྟ་བུར་ནི་བསམ། །དངོས་པོས་མིན་ན་ནམ་ཡང་མིན། ། བདེ་བ་ཆེན་པོ་རྙེད་འགྱུར་ཏེ། །དེ་བས་དངོས་པོ་དངོས་མེད་པའོ། །འདི་བཅད་བྱམ་ནས་དེ་ནས་ནི། །སྔར་ཚིག་པ་ནི་ཡང་སོས་བྱ། །བརླག་དང་ལོངས་སྤྱོད་དབང་གིས་ནི། །ཐིག་ལེ་གསུམ་ནི་རབ་དགའ་བ། །འཁོར་ལོ་རེ་རེར་ཤེས་བྱ་སྟེ། །ལྟེ་བའི་ནང་དུ་ཕྱི་རོལ་མིན། །ཐིག་ལེ་ གསུམ་ནི་རིན་ཆེན་སྐེར། །ཐིག་ལེ་བཅོ་ལྔར་དེ་ནི་དྲན། །ཆར་ཡང་དགའ་བའི་བྱེ་བྲག་ཏུ། །ཨཱ་ལི་ཐིག་ལེར་ཤེས་པར་བྱ། །བཅུ་དྲུག་པ་དེ་ལོགས་ན་མེད། །རང་བཞིན་ཡང་ནི་དེ་ལྟར་རོ། །སྣང་བ་གསུམ་དང་ལྡན་པ་ནི། །རིན་ཆེན་སྐེ་རུ་ཕྱིན་ཙམ་ན། །འོག་པད་ལྟེ་བའི་པདྨ་ནི། །འཛུམས་ བྱེད་ས་དེའི་རང་བཞིན་ནོ། །གསུམ་པོ་རྣམས་ནི་སྤངས་པ་ཡིས། །གཞན་མ་གང་ནའང་རང་བཞིན་མེད། །གསུམ་པོ་རང་ཡང་རང་བཞིན་མིན། །དཔལ་ལྡན་ཐམས་ཅད་རྒྱུད་ལས་གསུངས། །དེ་བཞིན་ཆར་ཡང་ཤེས་པར་བྱ། །བཅུ་དྲུག་པ་ནི་གང་ནའང་མེད། །བཅུ་ དྲུག་ཆར་ཡང་མེད་པ་སྟེ། །དེ་ལ་ཚེས་ནི་གང་བཟུང་སྟེ། །ཡོད་ན་ཡང་ནི་དེ་སྤང་དགོས། །བྱ་བའི་དོན་ནི་དེ་མི་བྱེད། །ཀྱེ་ཡི་རྡོ་རྗེའི་རྒྱུད་ལས་གསུངས། །བདག་གིས་ཀྱང་ནི་དེ་གསལ་བྱས། །འདི་ལ་བྱ་བ་ཇི་སྐད་བསྟན། །སྐྱེ་དང་འགག་པའི་གཟུགས་ཡིན་ནོ། །སྐྱེ་དང་ འགག་པ་མེད་པ་ཡི། །བཅུ་དྲུག་པ་ལ་རྟོག་མི་བྱེད། །རང་བཞིན་དེ་ལས་ཤེས་པར་བྱ། །སྐྱེ་དང་འགག་པ་སྤངས་པའོ། །ཨོཾ་བཛྲ་ཤུདྡྷཿདང་། །སརྦ་དྷརྨཱ་དེ་བཞིན་ཡང་། །བཛྲ་ཤུདྡྷོ྅ཧཾ་ཞེས་ཏེ། །གོ་ཆ་དེ་ནི་སྔགས་རྒྱལ་ཡིན། །ཆོས་ཀྱི་དབྱིངས་ཀྱི་བུམ་ཆེན་པོ། །རྩ་ཡི་ཁ་རྒྱན་དང་ ལྡན་པ། །ཟླ་བ་གང་དུས་རྣལ་འབྱོར་པས། །བུམ་པ་གང་བའི་ནང་དུ་བལྟ། །སྲོག་དང་རྩོལ་བ་འགོག་པ་ཡིས། །རྡོ་རྗེ་སྐུ་ལ་དབང་བསྐུར་བྱ། །སྔགས་འདི་ཡིས་ནི་རྟག་ཏུ་ནི། །རྡོ་རྗེ་སྐལ་བ་ལྡན་པར་ནི། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་ གསོལ་བ། །དེ་བཞིན་བདག་གིས་ལྷ་ཡི་ཆུ། །དག་པ་ཡིས་ནི་ཁྲུས་བྱས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་བདེ་ཆེན་འཁོར་ལོའི་གཞི། །པདྨའི་སྣོད་ཀྱི་དབུས་སུ་ནི། །རིན་ཆེན་ལྔ་ནི་ལྷ་ཡི་མཆོག །དེ་བཞིན་གཤེགས་པ་ལྔའི་བདག་ཉིད། །ཆར་ ཡང་སྟེང་ན་ཡེ་ཤེས་མེ། །དེ་ཡི་འོག་ནས་རང་དབང་རླུང་། །གཡོན་སྐོར་ནས་ནི་མེ་འབར་བྱ། །དེ་ཡི་བདུད་རྩི་ཞུ་བྱའོ། །རྡོར་གསུམ་ཡེ་ཤེས་ས་བོན་གྱིས། །དཀར་སྦྱངས་རྟོགས་བྱས་འབར་བྱས་སོ། །སྔགས་ཀྱི་དེ་ཉིད་བྱིན་བརླབས་ཀྱིས། །རང་ལྕེ་པདྨའི་འདབ་མར་གཞག །ཕྱི་ནང་བདག་ཉིད་ ཅན་གྱི་གཟུགས། །འཁོར་ལོ་དེ་ཡིས་རབ་ཚིམ་བྱ། །འཁོར་ལོ་ལྟེ་བའི་ཕྱི་རོལ་དུ། །བདུད་རྩི་ནམ་ཡང་སྤང་མི་བྱ། །དཔའ་བོའི་དཔའ་བོ་ཁ་ཡི་ནང་། །སྐེ་ཡི་གནས་སུ་གཟུང་བར་བྱ། །སྐེ་ཡི་གནས་ནས་གྱེན་གྱི་གནས། །ཐུར་དུ་ནམ་ཡང་གཏང་མི་བྱ། །དེ་ནས་མགོན་པོའི་ སྙིང་པོ་ནི། །སྙིང་གར་འཕྲོ་བར་གསལ་བར་ནི། །ཤེལ་གྱི་ཡི་གེ་དག་པ་འདྲ། །ཨཱ་ལི་ཡེ་ཤེས་མཚན་ཉིད་ཅན། །སྲོག་དང་རྩོལ་བ་མགོན་པོ་ཡིས། །སྲོག་དང་རྩོལ་བ་བཟའ་བར་བྱ། །རང་འོད་རིག་མ་དང་ལྡན་པ། །གཉིས་ཀྱི་རིག་མར་སྦྱར་བྱས་ནས། །འཁོར་ལོས་སྒྱུར་བའི་སྔགས་ རྣམས་ཀྱི། །སྔགས་འདི་ཡིས་ནི་དྲང་བར་བྱ། །ཨོཾ་མ་ཧཱ་ཀྲོ་དྷེ་ཤྭ་རེ་དང་། །ཛ་ཡ་བི་ཛ་ཡ་དེ་བཞིན་ནོ། །ཊ་ཊ་ཧ་ས་དེ་ནས་དྲན། །མ་ཧཱ་ཀཱལྤ་ནཱགྣ་བེ། །ས་ནི་ཡཱ་ཡ་དེ་ནས་ནི། །ཧཱུཾ་ཧཱུཾ་ཕཊ་ཀཾ་ཡང་དེ་བཞིན། །ཐ་མར་སྭཱ་ཧཱ་དང་ལྡན་པ། །བཅོམ་ལྡན་འདས་ཀྱི་སྙིང་པོ་ཡིན། །ཨོཾ་བཛྲ་ཏེ་གུ་ཛ་དང་ནི། ། ཧྲཱིཾ་ཧྲཱིཾ་ཕཊ་ཀར་དང་ལྡན་པ། །ཉེ་བའི་སྙིང་པོའི་སྔགས་ཆེན་པོ། །ཐམས་ཅད་ཀུན་ནི་དབང་དུ་བྱེད། །ཨོཾ་སུ་རཏ་དེ་ནི་དང་པོ་སྟེ། །ས་མ་ཡི་ཤྭད་དེ་བཞིན་ནོ། །ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཀར་དང་ལྡན། །ཐ་མར་སྭཱ་ཧཱ་སྦྱར་བའོ། །བཅོམ་ལྡན་མོ་ཡི་སྙིང་པོ་འདི། །གྲངས་མེད་པ་ཡི་ཡོན་ཏན་ཡོད། །ཨོཾ་ཀྲྀཾ་ བླྀཾ་ཛླྀཾ་རྐང་པ་གཅིག །ཐ་མར་ཕཊ་དང་སྭཱ་ཧཱར་ལྡན། །བཅོམ་ལྡན་མོ་ཡི་ཉེ་སྙིང་པོ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །ཐོག་མར་ཨོཾ་དང་ཧཱུཾ་ཕཊ་མཐའ། །བར་དུ་མིང་ཡང་སྤེལ་བར་བྱ། །ཐམས་ཅད་འཁོར་ལོའི་སྔགས་འདི་ཡིན། །མཆོད་པའི་དུས་སུ་མཆོད་པར་བྱ། །ཅི་ཙམ་ནུས་ པར་བཟླས་བྱས་ཏེ། །སྐྱོ་ན་ངལ་ནི་གསོ་བར་བྱ། །འབུམ་བཟླས་པ་ཡིས་འགྲུབ་འགྱུར་ཏེ། །འཕྲལ་དུ་ཡིད་ཆེས་བྱེད་པ་ཡིན། །དེ་ནས་གཏོར་མ་སྦྱིན་པར་བྱ། །སྔགས་དང་ཕྱག་རྒྱ་ཡོད་པ་ཡི། །སྔར་རྫོགས་པ་ཡི་གཟུགས་ཀྱིས་ནི། །ཕྱི་རོལ་དང་ནི་ནང་དུའོ། །ཕྱི་ནི་བསྲུང་ བའི་དོན་དུ་སྦྱིན། །ནང་གི་ཡང་ནི་དེ་ལྟར་རོ། །སྔར་གྱི་ཕྱག་རྒྱའམ་ཡང་ན་འདིས། །མཁའ་འགྲོ་མ་རྣམས་དགུག་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །རྒྱབ་དང་རྒྱབ་ནི་སྦྱར་བར་བྱ། །མཐེའུ་ཆུང་ལུ་གུ་རྒྱུད་ཀྱི་དངོས། །མཛུབ་མོ་གཉིས་ནི་དྲང་པོར་བྱ། །གཡས་དང་གཡོན་གྱི་ ཕྱག་གཉིས་ཀྱི། །མཛུབ་མོ་ཅུང་ཟད་དགུག་པར་བྱ། །ཨོཾ་ཧེ་ཧེ་སརྦ་ཡོ་གི་ནཱི། །སརྦ་ཌཱ་ཀི་ནཱི། པྲ་མ་ནི་རུ་དྲ་ནི། མ་ཧེ་ཤྭ་རི། །བིཥྞུ་བི། བཱ་རཱ་ཧཱི། ནར་སྡེ་གི །ཨ་ཡི་ཏྲི། ཨགྣ་ཡེ། བ་རུ་ཎི། བཱ་ཡ་བི། ཀུ་མཱ་རི། ག་རུ་ཌ། པ་ན་ན་གི། བི་ནཱ་ཡ་གི། བ་ཝ་སྭ་སྟི། བཻ་སྲ་མ་ཎི། བསྐ་རི་ཅ་མུཎྜི། སརྦ་བྷཱུ་ཏ། ཕྲེ་ཏ། པི་ཤཱ་ཙ། པུཥྤཾ། དྷཱུ་པཾ། དཱི་པཾ། གནྡྷཾ། པཉྩཾ་ཨ་མྲྀ་ཏ། མ་ཏ་ཏྭ་ཙ། བ་ཏ་ག་ཏེ། ཙ་ཏྲ་ཙ་མ་ར། ས་མ་ཡོ་ཏཾ། མ་ཚ། མཱཾ་ས། མཧཱཾ་རཀྟ། ན་ན་ག་ཏེ། སཾ་པུརྞཾ། ཨི་དཾ་པ་ལིཾ་ས་ཐ་ས་མ་ཡ། རཀྵ་ཐ། མ་མ་སརྦ་ཏ་ཐཱ་ག།། ས་ཧ་ཡཾ་ཀོ་ར་ཐཱ། ཨ་དྲ། ས་དྷ་ནི། ཡི་ཤྲ་དྷ། ཤྚི་སྟཾ། རཀྵ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ ཐ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བྷ་གའི་ཕྱག་རྒྱ་སྤྱི་བོར་གནས། །མཚན་ཕྱེད་ན་ནི་གཏོར་མ་སྦྱིན། །སྔར་བཤད་པ་ནི་ཀུན་ཤེས་ནས། །དེ་ནས་རང་བཞིན་ལ་ནི་གནས། །རྟོག་པ་ལས་ནི་རྟོག་པ་མིན། །དེ་ནི་རང་བཞིན་དུ་ནི་ངན། །ཐིག་ཚུལ་ཚར་ཡང་དགའ་བ་རྣམས། །དེ་ནི་རྟོག་པའི་མཚན་ཉིད་ཡིན། །ཚུལ་ ཙམ་རྟོག་པ་མ་ཡིན་ཏེ། །དེ་ནི་ཡེ་ཤེས་རང་བཞིན་མཁའ། །མདུད་པའི་ནང་གི་འཕྲལ་བ་ནི། །ཚུལ་དང་དགའ་བའི་གཞི་ཡིན་ནོ། །དེ་ཡི་སྟེང་གི་པདྨ་ནི། །མགྲིན་པའི་མཆོག་དང་ཐིག་ལེའོ། །དེ་ཡི་སྟེང་ན་གཙུག་ཏོར་ནི། །སྙིང་གར་ཆད་དང་ཆར་ཡང་ངོ་། །སྙིང་གའི་ལྟེ་བར་ཡེ་ ཤེས་ཏེ། །དེ་ནི་རང་བཞིན་དུ་ནི་གྲགས། །ཐིག་ཚུལ་ཆར་ཡང་དེ་དགའ་རྣམས། །རྩ་གསུམ་ནང་ན་རླུང་དང་ལྡན། །རླུང་ལ་ཞོན་ནས་བྱང་ཆུབ་སེམས། །གསུམ་དུ་དགྱེས་ནས་རྟག་ཏུ་འབབ། །བཞི་པ་ལ་ནི་འབབ་མ་མེད། །རང་དབང་རྟོག་པ་མེད་པའོ། །གསུམ་ནི་སྤངས་ནས་བཞི་པ་ནི། ། ནམ་ཡང་རྙེད་པར་མི་འགྱུར་རོ། །གསུམ་པོ་རང་བཞིན་དགུག་བྱས་ནས། །བཞི་པ་ངེས་པར་རྙེད་པར་འགྱུར། །གསུམ་པ་སྤངས་པའི་བཞི་པ་ནི། །ཕྲ་མོའི་ཕྲ་མོ་སྐྱེ་བ་མེད། །བླ་མ་ཡིས་ནི་མ་གསུངས་ནི། །དེ་མི་ཤེས་པར་དཀའ་བ་ཡིན། །སྐྱེ་མེད་དེ་ནི་ག་ལས་ཤེས། །དེ་ལྟར་ ཡིན་ན་དེ་ལའང་བརྗོད། །སྐྱེ་བ་མེད་ཀྱང་མི་གསལ་མིན། །མ་སྐྱེས་ན་ཡང་རྟག་ཏུ་ཤར། །ཇི་ལྟར་ནམ་མཁའ་སྐྱེ་མེད་བཞིན། །ཤིན་ཏུ་གསལ་བར་རྟག་ཏུ་ཤར། །དྲི་མེད་གསལ་བ་ཡིན་ནའང་། །ལོང་བས་ནམ་ཡང་དེ་མི་ཤེས། །དེ་བཞིན་ཚད་མའི་སྒྲིབ་གཡོགས་ཀྱིས། །ལོང་བ་མན་ ངག་མེད་པ་ཡིས། །རྟག་ཏུ་ཤར་བའི་རང་བཞིན་ནི། །ནམ་ཡང་དེ་ནི་ཤེས་མ་ཡིན། །ཐམས་ཅད་ཀུན་དུ་ཁྱབ་ན་ཡང་། །ཐམས་ཅད་ཀུན་ནས་མཐོང་མ་ཡིན། །དེ་བས་སྐལ་ལྡན་འགྲུབ་དོན་དུ། །དེ་ནི་བདག་གིས་རྙེད་པར་བསྟན། །པདྨའི་སྟེང་ནང་ཡེ་ཤེས་ནི། །དེ་ནི་རང་བཞིན་ ངེས་པར་རྙེད། །པདྨ་གྲུ་གསུམ་མ་ཡིན་བརྗོད། །ཆར་ཡང་དེ་ནི་ཐིག་ལེའི་དབུས། །དེ་ཡི་ནང་དུ་འགྲོ་བའི་སེམས། །རྣལ་འབྱོར་དབང་ཕྱུག་དེ་བྱེད་ན། །སྐད་ཅིག་གཅིག་གིས་ཡེ་ཤེས་ཆེན། །ཐེ་ཚོམ་མེད་པར་རྙེད་པར་འགྱུར། །ད་མ་ཡིན་པའི་གསང་ཆེན་པོ། །མན་ངག་དེ་ནི་གཞན་མ་ མེད། །དཔལ་ལྡན་ཕྱག་ན་རྡོ་རྗེ་ཡིས། །རྒྱུད་ཐམས་ཅད་ལ་སྦས་པ་ཡིན། །དེ་མེད་འཇིགས་ཕྱིར་བདག་གིས་འདི། །དད་པ་ཡིས་ནི་གསལ་བར་བྱས། །གསང་བ་དེ་ཉིད་གསལ་བ་འདི། །དེ་བས་རྣལ་འབྱོར་མ་བཟོད་མཛོད། །ད་ནི་ཡང་དག་སྐལ་ལྡན་རྣམས། །དབང་མཆོག་གསུམ་ནི་ཡོད་པ་ དང་། །ཤིན་ཏུ་དཔའ་བོ་དག་པ་དང་། །འདོད་ཆགས་ཞེ་སྡང་མེད་པ་དང་། །དམ་ཚིག་ཤེས་དང་བསམ་གཏན་གནས། །བླ་མ་ལ་ནི་རྩེ་གཅིག་གུས། །སེར་སྣ་ང་རྒྱལ་མེད་པ་ལ། །བློ་གྲོས་ཆེན་པོས་འདི་བསྟན་བྱ། །གདུག་དང་ནད་མེད་སྐྲག་པ་དང་། །ཐོས་མེད་སེར་སྣ་ཁེངས་རྨོངས་པ། །ང་རྒྱལ་ ཕྲག་དོག་ཡོད་པ་དང་། །སྔགས་ཀྱི་སྡོམ་པ་མི་ཤེས་དང་། །བླ་མ་ངེས་པར་མི་འཛིན་དང་། །བསམ་གཏན་དམ་ཚིག་སྤངས་པ་ལ། །འདི་ཡིས་དེ་ཉིད་གསལ་བྱེད་ན། །དཀོན་མཆོག་གསུམ་ནི་བསད་དང་མཚུངས། །དེ་ལ་དངོས་གྲུབ་ཐག་རིང་འགྱུར། །སྡུག་བསྔལ་མང་པོ་དེ་ལ་ཡང་། །ཤི་མ་ ཐག་ཏུ་དམྱལ་བར་འགྲོ། །དེ་བས་ནམ་ཡང་གསལ་མི་བྱ། །འབད་དེ་མན་ངག་བསྲུང་བར་བྱ། །བླ་མ་ཆེན་པོ་མཆོག་རྣམས་འདི། །ངེས་པའི་རྨད་བྱུང་བས་རྨད་འབྱུང་། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །ཅུང་ཟད་ཙམ་ནི་བདག་གསལ་བྱས། །འདི་ཡི་དྲི་མེད་དགེ་བ་ཡིས། །ཁམས་ གསུམ་མ་ལུས་ཀུན་གྱིས་ནི། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །ས་ནི་མྱུར་དུ་རྙེད་པར་ཤོག །དཔལ་རིན་པོ་ཆེའི་ཆར་ཡང་ཞེས་བྱ་བའི་སྒྲུབ་པའི་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་ཤེས་རབ་གསང་བས་བསྒྱུར་ཅིང་གཏན་ལ་ཕབ་པ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་རཏྣ་བིནྡུ་ནཱ་མ་སཱ་དྷ་ནཾ་ནོ་པི་ཀ །བོད་སྐད་དུ། དཔལ་རིན་ཆེན་ཐིགས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་ཆེན་ཡན་ལག་མ་དང་ལྡན། །རང་ཉིད་བདེ་བ་ཆེན་པོ་ཡིན། །བདེ་བ་ཆེན་པོའི་གནས་ན་བཞུགས། །ཧེ་རུ་ཀ་དཔལ་ བདག་ཕྱག་འཚལ། །སྐལ་ལྡན་རྣམས་ཀྱི་གྲུབ་དོན་དུ། །མདོར་བསྡུས་པ་ཡི་སྒྲུབ་ཐབས་བཤད། །དང་པོར་རྣལ་འབྱོར་དབང་ཕྱུག་གིས། །རབ་ཏུ་སྦྱོར་བ་འདི་གནས་བྱ། །གཞང་ཁའི་པདྨར་ཡིག་འབྲུ་ཡཾ། །དེ་ལས་རླུང་གི་དཀྱིལ་འཁོར་རོ། །གྲུ་གསུམ་པདྨར་ཡིག་འབྲུ་རཾ། །དེ་ལས་མེ་ཡི་དཀྱིལ་ འཁོར་རོ། །འཛུམས་པ་དང་ནི་འབྱེད་པ་ཡིས། །རླུང་གིས་མེ་ནི་བཏེག་པར་བྱ། །བྷ་གའི་པདྨའི་ནང་དུ་ནི། །ཡང་དག་པར་ནི་འབར་བར་བསྒོམ། །འབར་བའི་མེ་ཡིས་ལུས་ཀུན་གྱི། །རྟོག་པའི་བདག་ཉིད་བསྲེག་པར་བྱ། །དེ་ཡི་འོད་ཀྱིས་བདེ་འཁོར་ལོ། །ཀུན་ནི་འོད་དུ་ཞུ་བར་འགྱུར། །འོད་དུ་ཞུ་བའི་བདུད་ རྩི་ནི། །སྲོག་གི་རྩ་བའི་ནང་ནས་འབབ། །རྒྱུན་ནི་མི་འཆད་པ་ཡིས་ནི། །སྔར་ཚིག་པ་ནི་རབ་ཚིམ་བྱ། །རང་ལུས་ཡེ་ཤེས་བདག་ཉིད་ནི། །མི་བསྐྱོད་པ་ཡི་གཟུགས་སུ་མཐོང་། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །ཧཱུཾ་གི་ཡིག་འབྲུས་སྐད་ ཅིག་འབྱུང་། །འཁོར་ལོ་དང་ལྡན་ཧེ་རུ་བདག །གྲུ་གསུམ་ཕྱག་རྒྱ་དབུས་ཀྱི་གནས། །ཉི་མའི་སྟེང་ན་གར་དང་ལྡན། །ཞལ་བཞི་པ་ལ་ཕྱག་བརྒྱད་པ། །ཆུ་སྐྱེས་སྔོན་པོའི་གཟུགས་དང་ལྡན། །སྤྱན་གསུམ་པ་ལ་གཡས་བརྐྱང་བ། །ལེགས་སྐྱེས་དབང་ཕྱུག་མས་ནི་འཁྱུད། །ཐོད་རློན་ཕྲེང་ བའི་དོ་ཤལ་ཅན། །ཉི་མ་བྱེ་བའི་འོད་དང་མཉམ། །མི་བསྐྱོད་པ་ཡིས་དབུ་ལ་བརྒྱན། །ཕྱག་རྒྱ་དྲུག་གིས་ཡན་ལག་བརྒྱན། །ཐོད་པའི་ཕྲེང་བས་དབུ་ལ་བརྒྱན། །གཙུག་ཏོར་ཟླ་བ་ཕྱེད་པ་ཅན། །གནག་དང་སེར་དང་དམར་དང་ལྗང་། །གཡོན་ནས་བསྐོར་བའི་ཞལ་དང་ལྡན། །འཁྱུད་ པའི་ཕྱག་ནི་གཡས་པ་ན། །རྡོ་རྗེ་དང་ནི་དྲིལ་བུ་གཡོན། །ཉི་མ་མདའ་དང་ཀ་པཱ་ལ། །གཡས་པ་ཡི་ནི་ཕྱག་ན་བསྣམས། །ཟླ་བ་གཞུ་དང་ཁ་ཊྭཱཾ་ག །གཡོན་པ་ཡི་ནི་ཕྱག་ན་བསྣམས། །ལེགས་དགྱེས་དབང་མོ་དེ་དང་མཐུན། །ཡང་ན་ཕྱག་ནི་གཉིས་པར་དྲན། །ཕྱག་ནི་གྲི་གུག་ཀ་པཱ་ལ། །སྐུ་སྨད་ གཉིས་ནི་འཁྱུད་པ་ཡིན། །རང་ལས་འོད་འབྱུང་མཆོག་གི་དངོས། །གཉིས་སུ་མེད་པའི་གནས་ན་བཞུགས། །ལེགས་དགྱེས་མ་དང་རྡོར་འཚོ་མ། །དེ་བཞིན་རྡོ་རྗེ་གླང་ཆེན་མ། །བཅོམ་ལྡན་འདས་ཀྱི་ཞལ་དང་མཐུན། །གྲུ་གསུམ་ལ་ནི་བསྒོམ་བྱ་སྟེ། །ཞལ་གཅིག་པ་ལ་སྤྱན་ གསུམ་པ། །ཞལ་བཞི་པ་ལ་གཡོན་བརྐྱང་གནས། །གླ་རྩི་གུར་ཀུམ་ག་པུར་གྱིས། །བཀང་བའི་ཀ་པཱ་ལ་རྣམས་ནི། །སྒེག་པའི་ཕྱག་ནི་གཉིས་ན་ཐོགས། །གྲུ་གསུམ་ཕྱག་རྒྱ་སྤྱི་བོར་གཞག །མཛུབ་མོ་གཉིས་ནི་འོག་ཏུའོ། །སྐྲ་གྲོལ་བ་ལ་གཅེར་བུ་སྟེ། །ཐོད་རློན་དོ་ཤལ་གྱིས་བརྒྱན་པ། ། རོ་ཡི་སྟེང་ན་འཇིགས་འཇིགས་ཆེན། །ཕྱག་རྒྱ་ལྔ་ཡིས་ཡན་ལག་བརྒྱན། །ལ་ལ་ནཱ་སོགས་དག་པར་ནི། །བསྒྲུབ་པའི་དབང་པོས་ཤེས་པར་བྱ། །དེ་ནས་བདེ་ཆེན་འཁོར་ལོ་བཞིར། །པདྨའི་སྣོད་ཀྱི་ནང་དུ་ནི། །བདུད་རྩི་ལྔ་ནི་ལྷ་ཡི་མཆོག །དེ་བཞིན་གཤེགས་པ་ལྔའི་བདག་ཉིད། །ཆར་ ཡང་སྟེང་ནས་ཡེ་ཤེས་མེ། །དེ་ཡི་འོག་གི་རླུང་དང་ནི། །གཉིས་སུ་སྦྱོར་བས་མེ་འབར་བ། །དེ་ཡིས་བདུད་རྩི་ཞུ་བྱས་ཏེ། །རྡོར་གསུམ་ཡེ་ཤེས་ས་བོན་གྱིས། །དཀར་བྱས་རྟོགས་བྱས་འབར་བྱས་སོ། །སྔགས་ཀྱི་བྱིན་གྱི་རླབས་ཀྱིས་ནི། །རང་ལྕེ་པདྨའི་འདབ་མར་གཞག །ཕྱི་ནང་ བདག་ཉིད་ཅན་གྱི་གཟུགས། །འཁོར་ལོ་དེ་ཡིས་རབ་ཚིམ་བྱ། །ཨོཾ་ཡོ་ག་ཨ་མྲྀ་ཏ་ཤུདྡྷཿསརྦ་དྷརྨ་ཡོ་ག་ཨ་མྲྀ་ཏ་ཤུདྡྷོ྅ཧཾ། །དེ་ནས་མགོན་པོའི་སྙིང་པོ་ནི། །ཐམས་ཅད་གྲུབ་པའི་དོན་དུ་བཟླས། །ཨོཾ་བཛྲ་ཏེ་ཙོ་གྲ་ཧྲིཾ་ཧྲིཾ་ཧཱུཾ་ཕཊ། །ཨོཾ་གླྀཾ་བླྀཾ་ཛླྀཾ་ཕཊ་སྭཱ་ཧཱ། །ཨོཾ་བཛྲ་སཱ་ག་རི་ཧཱུཾ་ཕཊ། ཨོཾ་ བཛྲ་སུ་ར་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་ཀུཉྫ་རི་ཧཱུཾ་ཕཊ། གྲུ་གསུམ་གནས་པའི་རྣལ་འབྱོར་མ། །མཆོད་པའི་དུས་སུ་མཆོད་པར་བྱ། །དེ་ནས་གཏོར་མ་སྦྱིན་པར་བྱ། །སེམས་ཅན་རྣམས་ལ་བསྲུང་བའི་ཕྱིར། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། །དེ་ནས་རྣལ་འབྱོར་ངལ་ བསོ་བྱ། །སྟེང་དང་འོག་ནི་སྤངས་པ་ཡིན། །གནས་སུ་གཏིང་རིངས་དབུས་སུ་ནི། །རང་རིག་ཤེས་རབ་ལྡན་པ་ཡིན། །དྲུག་ཅུ་རྩ་བཞི་འདབ་མའི་ནང་། །ཡང་དག་དྲི་མེད་མ་སྲེས་ཆ། །དེ་ཡི་དབུས་སུ་མཆོག་གི་ཚུལ། །དྲི་མེད་རྣམ་དག་གཉིས་ལ་ཁྱབ། །རང་དངོས་རྫོགས་པ་དེ་ནི་མཐོང་། ། བསྐྱེད་པ་དང་ནི་རྫོགས་པ་མེད། །རླབས་མེད་པ་ཡི་རང་བཞིན་ནོ། །རླབས་མེད་པ་ཡི་སེམས་ཀྱིས་ནི། །མཆོག་གི་དངོས་པོ་རྙེད་པ་ཡིན། །དེ་ལ་ཅུང་ཟད་བལྟ་རུ་མེད། །དེ་ནི་དཔལ་མེའི་ཞལ་སྔ་ཡི། །ཞལ་གྱི་པདྨ་མཆོག་ལས་ནི། །ཨུ་རྒྱན་ཡུལ་ནས་བདག་གིས་རྙེད། །ཕྱི་ནས་རང་གིས་དྲན་དོན་དུ། ། དེ་ཡི་ཚིག་ནི་བྲིས་པ་ཡིན། །རྣལ་འབྱོར་མ་རྣམས་བཟོད་པར་མཛོད། །རིན་ཆེན་ཐིགས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཤེས་རབ་གསང་བས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་བྷི་ཥེ་ཀ་རཏྣ་ཨཱ་ལོ་ཀ །བོད་ སྐད་དུ། དབང་རིན་ཆེན་སྣང་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བཅུ་གཉིས་ཕྱེད་ཀྱི་ཕྱེད་མེད་པ། །བཅུ་གཉིས་ཕྱེད་ཀྱི་ཕྱེད་རང་ཡིན། །བཅུ་དྲུག་ཕྱེད་ཀྱི་རོ་ཡོད་པ། །བཅུ་དྲུག་ཕྱེད་ཕྱེད་ལ་ཕྱག་འཚལ། །གང་འདི་སུས་ཀྱང་མི་ཤས་པ། །གང་འདི་སུས་ཀྱང་གསལ་མ་བྱས། །རྒྱུད་ རྒྱུད་ན་ནི་གསང་བ་བཞུགས། །དེ་ཡི་དབང་མཆོག་བདག་གིས་བཤད། །དབང་མེད་ན་ནི་མྱུར་འགྲུབ་མེད། །རྡོ་རྗེ་དབང་ཕྱུག་དེ་སྐད་གསུངས། །ཡན་ལག་ཐམས་ཅད་དབང་སྐལ་ལྡན། །སྐལ་ལྡན་མིན་ན་ནམ་ཡང་མིན། །མཁས་པས་དེ་ལ་སྦྱིན་པར་བྱ། །ཕྱག་ན་རྡོ་རྗེས་དེ་སྐད་གསུངས། །ཐམས་ ཅད་མཚན་གྱིས་གང་བ་དང་། །རྒྱུད་ཀུན་ཐམས་ཅད་ཤེས་པ་དང་། །དབང་བསྐུར་ཤེས་དང་ཐུགས་རྗེ་ཆེ། །དེ་ནི་བླ་མ་རྡོར་རྒྱལ་ཉིད། །བླ་མ་འབད་དེ་མ་ཉེས་པར་བྱ། །རྒྱུད་ལས་འབྱུང་བཞིན་མཆོད་བསྟོད་བྱ། །ཡོན་ཏན་ཕུང་པོ་བརྗོད་མི་ནུས། །ཡེ་ཤེས་རྒྱ་མཚོ་གཏིང་དཔག་དཀའ། ། སྐུ་ནི་རང་བཞིན་དཔལ་དང་ལྡན། །སེམས་དཔའ་ཐམས་ཅད་ཀྱི་མ་འདྲ། །ཡེ་ཤེས་ཉི་མ་བཅོམ་ལྡན་འདས། །གཞན་གྱི་དོན་དུ་ཁྱོད་ནི་ཤར། །འཁོར་བ་དྲན་པའི་དོན་དུ་ནི། །དཀྱིལ་འཁོར་གསལ་བར་བདག་ལ་མཛོད། །དེ་ནས་ཡན་ལག་དྲི་ཞིམ་བསྐུས་ཏེ་གོས་བཟང་བརྒྱན། ། སྐལ་ལྡན་གྱིས་ནི་ལྷན་ཅིག་དཀྱིལ་འཁོར་བྲི་དོན་དུ། །ས་ལ་མཆོད་པ་རབ་ཏུ་འབད་དེ་རྣམ་པར་བྱ། །རིན་ཆེན་སྣ་ཚོགས་ས་འོག་གཞུག་ཅིང་གཏེར་དུ་སྦ། །དཔལ་ཆེན་རིན་ཆེན་རྒྱ་མཚོ་ཡི། །རྒྱུད་ལས་དཀྱིལ་འཁོར་ཐ་དད་གསུམ། །མེ་ཏོག་ཡང་ན་རྡུལ་ཚོན་པིར། །ཡང་ན་ཏིང་ འཛིན་མཆོག་གིས་བྱ། །རྒྱལ་པོ་ཆོམ་རྐུན་འཇིགས་པའི་གནས། །ནམ་ཡང་དཀྱིལ་འཁོར་དེར་མི་བྱ། །སྐྱོན་ནི་ཐམས་ཅད་བྲལ་བ་ཡི། །གནས་སུ་མཁས་པས་བརྩམ་པར་བྱ། །དང་པོ་ཇི་ཙམ་ནུས་ཀུན་གྱིས། །དད་པས་བླ་མ་མཆོད་པར་བྱ། །བླ་མའི་ཞབས་ལ་ མཆོད་བྱས་ན། །ཐེ་ཚོམ་མེད་པར་དངོས་གྲུབ་ཐོབ། །རྟ་དང་གླང་པོ་མུ་ཏིག་རིན་ཆེན་གསེར་དངུལ་དང་། །རས་ལ་སོགས་པ་སྣ་ཚོགས་ཅི་ལ་དགྱེས་པ་དང་། །ཆུང་མ་བུ་མོ་སྲིང་མོ་གཟུགས་ནི་བཟང་བ་དང་། །དགའ་བའི་ཡིད་ཀྱིས་དེ་རྣམས་ཐམས་ཅད་དབུལ་བར་བྱ། །མགོན་པོའི་ སྤྱན་གྱིས་བདག་ལ་གཟིགས། །ཁྱོད་ནི་བདག་གི་སྟོན་ཆེན་པོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །ཐར་པའི་ལམ་ཉིད་བདག་ལ་སྩོལ། །པདྨའི་འབྱུང་བ་བདག་ལ་སྩོལ། །གསང་བའི་མཆོག་ནི་བདག་ལ་སྩོལ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཉི་འོད་ལ་ ཕྱག་འཚལ། །ཐམས་ཅད་མཁྱེན་སྨན་ཕྱག་འཚལ་ལོ། །ཡེ་ཤེས་བདུད་རྩི་གཙོ་ཕྱག་འཚལ། །སྐྱེས་བུ་ཁྱོད་ནི་སུ་ཞིག་ཡིན། །ཁྱོད་ནི་ཅི་འདོད་བདག་ལ་སྨྲོས། །དཔའ་བོ་ཆེན་པོ་བདག་སྐལ་ལྡན། །ཐོག་མའི་དབང་ནི་བདག་ལ་སྩོལ། །དེ་ནས་དེ་ཡིས་མདའ་ཡི་རས། ། དེ་ཡི་ཕྱི་རོལ་ཡོན་རྣམས་དབུལ། །རྣམ་པར་སྣང་མཛད་གཟུགས་ལ་བསྒོམ། །དམ་ཚིག་སེམས་དཔར་གཟུང་བར་བྱ། །ཨོཾ་ཨཱ་ཁཾ་བཱི་ར་སྔགས་ཀྱིས། །མེ་ཏོག་ཕྲེང་བ་མིག་དགབ་རས། །ལས་ཀྱི་བུམ་པས་གཏོར་བར་བྱ། །ཡང་ན་དམ་ཚིག་ཆུ་ཡིས་གཏོར། །ཧཱུཾ་ཧཱུཾ་ཕཊ་ཕཊ་ སྔགས་ཀྱིས་ནི། །ཨ་ཏི་ཧོ་བརྟན་བརྟུལ་ཞུགས་བཟང་། །ལན་གསུམ་ཨརྐ་མེ་ཏོག་གིས། །ཧཱུཾ་ཕཊ་སྔགས་ཀྱིས་གདབ་པར་བྱ། །དེ་ནས་རྡོ་རྗེ་མེ་ཏོག་ཅན། །སྙིང་གར་ཅུང་ཟད་གཟུང་བར་བྱ། །ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ། །དེ་བཞིན་ཐམས་ཅད་རྣམ་པར་གྱིས། །ཡེ་ཤེས་འབྲས་བུ་ཅི་ འདོད་དང་། །དངོས་གྲུབ་ཐམས་ཅད་རྙེད་པར་འགྱུར། །དཀྱིལ་འཁོར་མ་མཐོང་སྔོན་དུ་ནི། །གང་ཡང་སྨྲ་བར་མ་བྱེད་ཅིག །མ་ཡིན་ཁྱོད་ཀྱི་དམ་ཚིག་འདི། །ཉམས་པར་འགྱུར་བ་ངེས་པ་ཡིན། །དེ་ནས་རྡོ་རྗེ་སྤྱི་བོར་ནི། །བཟུང་ལ་འདི་སྐད་སྨྲ་བར་བྱ། །འདི་ནི་དམ་ཚིག་རྡོ་རྗེ་ཡིན། ། སྤྱི་བོར་བདག་གིས་གསོར་བར་བྱ། །ཁྱོད་ཀྱིས་གཞན་ལ་འདི་སྨྲས་ན། །སྐད་ཅིག་གིས་ནི་ཕུང་ནས་འགྲོ། །གུར་གུམ་དང་ནི་ཙནྡན་དང་། །སྦྲང་རྩི་ཡོད་པའི་ཆུ་བསྲེས་ལ། །བདུད་རྩི་ལྔ་ནི་དེ་དབུས་བླུགས། །དེ་ཡིས་དམ་ཚིག་བླུད་པར་བྱ། །ཨོཾ་བཛྲོད་ཀ་མ་ཧཱ་དང་། །བཛྲ་ཀུ་རཾ་བི་ཤ་ན། ། ལན་བདུན་བཟླས་པའི་སྔགས་ཀྱིས་ནི། །ལག་པ་གཡས་སུ་སྦྱིན་པར་བྱ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་འོང་། །འཐུངས་ཤིག་རྡོ་རྗེ་བདུད་རྩི་ཆུ། །དེ་རིང་ཕན་ཆད་ཁྱོད་ཀྱིས་ནི། །ཕྱག་ན་རྡོ་རྗེར་བདག་ལ་སྨྲོས། ། བདག་གིས་ཇི་ལྟར་བཀའ་སྩོལ་དཀའ་བ་སྦྱིན། །དེ་ལྟར་ཁྱོད་ཀྱི་དད་པས་བྱ་དགོས་སོ། །གང་ཡང་ང་ལ་མི་མོས་ནམ་མི་བྱའི། །དེ་ལྟར་བྱས་ན་རྣམ་སྨིན་དམྱལ་བར་འགྲོ། །སྐྱེས་སུ་དྲི་མེད་ཡིད་ལྡན་པའི། །ཁྱོད་ཀྱི་མིག་གིས་ཇི་ལྟར་མཐོང་། །དཀར་པོ་དག་ནི་མཐོང་གྱུར་ན། ། ཞི་བའི་ལས་ནི་འགྲུབ་པར་འགྱུར། །སེར་པོ་དག་ནི་མཐོང་གྱུར་ན། །རྒྱས་པའི་ལས་ནི་འགྲུབ་པར་འགྱུར། །དམར་པོ་དག་ནི་མཐོང་གྱུར་ན། །དབང་གི་ལས་ནི་འགྲུབ་པར་འགྱུར། །ནག་པོ་དག་ནི་མཐོང་གྱུར་ན། །དྲག་པོའི་ལས་ནི་འགྲུབ་པར་འགྱུར། །རས་ཀྱིས་མིག་ལ་བཀབ་ གྱུར་ནས། །རྟགས་ནི་འདི་དག་མཐོང་བར་འགྱུར། །དེ་ནས་བླ་མ་རྡོ་རྗེ་འཛིན། །བྱིན་གྱིས་བརླབས་ནི་སྨྲ་བར་བྱ། །ཇི་ལྟར་བསོད་ནམས་དེ་བཞིན་འོང་། །ལྷ་མོ་རིགས་ཀྱི་རིམ་པ་ལ། །ཇི་ལྟ་བ་ཡི་དངོས་གྲུབ་ཡོད། །རང་རང་གི་ནི་རིགས་རིགས་ལ། །མེ་ཏོག་བབས་པའི་བུ་འདི་ནི། །དེ་ ལྟ་བུ་ཡི་དངོས་གྲུབ་ཐོབ། །མིག་དགབ་རས་ཀྱི་ཕྲེང་བ་ལས། །མེ་ཏོག་བཟང་པོ་ལག་ཏུ་སྦྱིན། །པྲ་ཏཱིཙྪ་ཧོ་རྡོ་རྗེ་འཛིན། །ལན་གསུམ་བརྗོད་ལ་དབུལ་བར་བགྱི། །བླ་མས་མེ་ཏོག་བལྟ་བར་བྱ། །དངོས་གྲུབ་རབ་འབྲིང་ཐ་མ་སྟེ། །ཡན་ལག་རབ་ཀྱིས་ཕྱག་རྒྱ་ཆེའི། །དངོས་གྲུབ་ཐེ་ཚོམ་ མེད་པར་ཐོབ། །ཡན་ལག་འབྲིང་གིས་སྔགས་དངོས་འགྲུབ། །ཡན་ལག་ཐ་མས་ཆུང་དངོས་འགྲུབ། །རང་གི་ལྷ་མོའི་དབུས་གནས་སུ། །ཡང་ན་རང་དང་གཞན་གྱི་བར། །མེ་ཏོག་གང་གདན་ཉེ་དེའི་ཡིན། །དེ་ཡི་གནས་ནི་དབུས་སུ་བརླག །དཀྱིལ་འཁོར་ཕྱི་རོལ་བབས་ན་ནི། ། ཅུང་ཟད་ཙམ་གྱི་དངོས་གྲུབ་འོང་། །པན་ཙ་རེ་ཁཱ་ལ་བབས་ན། །ཕྱི་ནས་ལན་གསུམ་དབུལ་བར་བྱ། །ཡང་ནི་དེ་ཡི་སྟེང་བབས་ན། །ནམ་ཡང་དངོས་གྲུབ་ཐོབ་མི་འགྱུར། །དེ་ལ་ཆུ་ཡི་དབང་གཅིག་སྦྱིན། །དབང་གཞན་དག་ནི་མི་སྦྱིན་ནོ། །སྒོ་དང་རྟ་བབས་ཕྱི་རོལ་ དང་། །རྡོ་རྗེ་ཕྲེང་བའི་ཕྱིར་བབས་ན། །དངོས་གྲུབ་ཐ་མའང་མེད་གྱུར་ན། །གཞན་ཆེན་པོ་ནི་ག་ལ་འགྲུབ། །རྡོ་རྗེ་སེམས་དཔའ་དེ་རིང་ཉིད། །ཁྱེད་ནི་ནན་ཏན་མིག་ཕྱེ་སྟེ། །བདག་གིས་ཐམས་ཅད་མིག་ཕྱེ་བས། །རྡོ་རྗེ་མིག་ནི་མཆོག་གི་མཆོག །དེ་ནས་དཀྱིལ་འཁོར་འཁོར་ལོའི་ དོན། །དང་པོ་སྒོ་སྐྱོང་ལ་སོགས་ནས། །དཀྱིལ་འཁོར་ཇི་ལྟ་བུ་ཡི་གནས། །ཕྱོགས་མཚམས་ལ་སོགས་སོ་སོར་བསྟན། །བཅོམ་ལྡན་འདས་སྐུ་ཇི་ལྟ་བུར། །རབ་གནས་ཁྲུས་ཀྱི་ཆོ་ག་བྱ། །དེ་ལྟར་སློབ་མ་ལ་འབད་དེ། །རྩེ་གཅིག་གིས་ནི་ཁྲུས་བྱའོ། །བུམ་པ་ཆོས་ཀྱི་དབྱིངས་ལྡན་པ། ། སངས་རྒྱས་རིན་པོ་ཆེ་ཡི་སྣོད། །ཉི་ཟླ་ཨཱ་ལི་ཀཱ་ལིས་འབྱུང་། །དེ་ཡི་ནང་དུ་བསམ་པར་བྱ། །ལྷ་མོ་དང་ལྡན་མི་བསྐྱོད་པ། །སྙིང་པོ་ཞུ་བའི་རང་བཞིན་ཅན། །ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ། །ལས་ཀྱི་སེམས་དཔའ་འང་དེ་ཡིན་ནོ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །བླ་མ་ཆེན་ པོ་ཇི་ལྟར་བྱིན། །བདག་དང་འདྲ་བའི་དོན་དུ་ནི། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་གྱིས་ནི་ཕྱག་བྱས་པ། །གསང་གསུམ་གཞི་ལས་འབྱུང་བ་ནི། །སངས་རྒྱས་ཀུན་གྱིས་བདག་གིས་སྦྱིན། །ཨོཾ་ཧཱུཾ་དཔལ་ནི་རྡོ་རྗེའི་ཆུས། །འཁོར་ལོས་ སྒྱུར་དབང་བདག་གིས་བསྐུར། །ཆུ་ཡི་དབང་ནི་བསྐུར་བ་ཡིས། །མགོ་བོར་མི་བསྐྱོད་རིགས་འབྱུང་ངོ་། །དེ་འབྲས་མེ་ལོང་ཡེ་ཤེས་ནི། །དྲི་མེད་ཡང་དག་འབྱུང་བར་འགྱུར། །དེ་ནས་གསེར་སོགས་གཟོ་བྱས་དང་། །ཡང་ན་རས་ལ་བྲི་བ་མཆོག །འཇིག་རྟེན་ཁམས་ནི་གྲངས་མེད་ ན། །སངས་རྒྱས་ཉིད་ནི་བཞུགས་པ་ཀུན། །དབུ་རྒྱན་གཟུགས་སུ་བསྒོམ་པ་ནི། །མགོ་བོ་ལ་ནི་རྡོ་རྗེའི་གཟུགས། །ཨོཾ་མུ་ཀུ་ཊ་ཨ་བྷི་ཥིཉྩཱ་མི། །འཁོར་ལོས་སྒྱུར་ལས་ཁྱད་པར་ཆེ། །དབུ་རྒྱན་དབང་གིས་མགོ་བོར་ནི། །རིན་ཆེན་འབྱུང་ལྡན་འབྱུང་བར་འགྱུར། །དེ་འབྲས་ མཉམ་ཉིད་ཡེ་ཤེས་ནི། །དྲི་མེད་ཡང་དག་འབྱུང་བར་འགྱུར། །རྡོ་རྗེ་སྒེག་མོས་བཟུང་ནས་སུ། །ཧཱུཾ་ཧཱུཾ་ཧཱུཾ་ནི་བརྗོད་ནས་ནི། །རྡོ་རྗེ་སེམས་དཔའ་རྒྱལ་ཇི་ལྟར། །དི་རིང་བདག་གིས་ཁྱོད་དབང་བསྐུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རབ་གྲུབ་ཕྱིར་ནི་རྡོ་རྗེ་གཟུང་། །སློབ་མའི་སྙིང་གར་ གཏུགས་བྱས་ལ། །ལག་པ་གཡས་པར་སྦྱིན་པར་བྱ། །ཨོཾ་ཧཱུཾ་བཛྲ་ཨ་བྷི་ཥིཉྩཱ་མི། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །རྡོ་རྗེ་དབང་གིས་མགོ་བོར་ནི། །སྣང་བ་མཐའ་ཡས་འབྱུང་བར་འགྱུར། །དེ་འབྲས་སོ་སོར་རྟོགས་པ་ཡི། །ཡེ་ཤེས་གསལ་བར་འབྱུང་བར་འགྱུར། །རྡོར་དྲིལ་སྒྱུ་འཕྲུལ་ ཆེན་པོ་འདི། །གཉིས་མེད་དངོས་པོ་ཤེས་རབ་ཐབས། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །ལག་པ་གཡོན་པར་འདི་གཟུང་ཤིག །འཁྱུད་ནས་ཀུན་དུ་སྦྱར་ནས་སུ། །རྡོ་རྗེ་འཛིན་འདྲའི་དངོས་པོར་འདུག །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ནཱ་ཡ་ཀ །དྲིལ་བུའི་དབང་གིས་མགོ་ བོར་ནི། །དོན་ཡོད་གྲུབ་པ་འབྱུང་བར་འགྱུར། །དེ་འབྲས་བྱ་བ་གྲུབ་པ་ནི། །དྲི་མེད་ཡང་དག་འབྱུང་བར་འགྱུར། །རྡོ་རྗེ་དང་ནི་རྡོར་དྲིལ་ནི། །སྤྱི་བོའི་སྟེང་དུ་གཟུང་བྱས་ལ། །ཨོཾ་ཤྲཱི་ནཱ་མ་ཨ་བྷི་ཥིཉྩཱ་མི། །དངོས་པོ་ལྔ་ཡི་རང་བཞིན་ཅན། །ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོའི། །སྔར་གྱི་ རིགས་ཀྱི་རིམ་པ་ལྟའོ། །མིང་གི་དབང་གིས་མགོ་བོར་ནི། །རྣམ་པར་སྣང་མཛད་རིགས་འབྱུང་ངོ་། །དེ་འབྲས་ཆོས་དབྱིངས་དག་པ་ནི། །དྲི་མ་མེད་པ་འབྱུང་བར་འགྱུར། །འདི་ནི་དབང་བསྐུར་ལྔ་ཡིན་ཏེ། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །རིགས་ལྔའི་བདག་ཉིད་ཀྱང་ཡིན་ནོ། །འབྱུང་ ལྔའི་རང་བཞིན་ཡང་ཡིན་ནོ། །དཔལ་འདི་ཡིས་ནི་དབང་བསྐུར་བས། །ཐམས་ཅད་ཀུན་ལ་དབང་བྱེད་འགྱུར། །ཡན་ལག་ལྔ་ནི་ཡོད་པའི་དབང་། །དེ་ནི་སློབ་དཔོན་གྱི་ཡིན་ནོ། །ཡང་ན་ལྷ་མོའི་དབང་དུ་བསྟན། །ཤེས་རབ་མ་ཡི་ལས་ཡོད་ཕྱིར། །ཀྱེ་ཡི་རྡོ་རྗེ་རྒྱུད་ལས་གསུངས། ། ཡེ་ཤེས་སྙིང་པོ་དེར་ཡང་བསྟན། །ལག་པ་དག་གིས་འཁྱུད་པ་ནི། །བཅུ་དྲུག་ལོན་པའི་ཤེས་རབ་འཛིན། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་གསུངས་པའི་གཞུང་། །ལྷ་མོའམ་ནི་སློབ་དཔོན་དབང་། །སྡོམ་པའི་མཆོག་ནི་བཟུང་ནས་སུ། །སྔར་བརྗོད་པ་ ཡི་ཆོ་ག་ཡིས། །དམ་ཚིག་གསུམ་ཡང་ཞུ་བར་བྱ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །བདག་དང་གཞན་དོན་བྱ་བ་ནི། །ཁྱོད་ཀྱི་བཀའ་དྲིན་དྲིན་གྱིས་སོ། །བཅོམ་ལྡན་ཡང་དག་དཔལ་བླ་མས། །རྡོ་རྗེ་དེ་ཉིད་གཟུང་བར་བྱ། ། ཧཱུཾ་གི་དངོས་པོ་རྡོ་རྗེ་མཆོག །ཐོག་མ་ཐ་མ་མེད་བདག་ཉིད། །ཨོཾ་མཆོག་གི་དང་པོ་སྐྱེས་བུ་སྟེ། །རྡོར་འཛིན་ཐམས་ཅད་བདག་པོ་ཡིན། །ཧཾ་ཧཱཾ་ཧིཾ་ཧཱིཾ་ཧཱུཾ་ཧཱུཾ་སྟེ། །འདི་ཡིས་རྡོ་རྗེ་བྱིན་གྱིས་བརླབས། །ཨ་ལས་རྡོར་དྲིལ་སྐྱེས་པ་སྟེ། །འདི་ནི་སངས་རྒྱས་རྣམས་ཀྱི་མ། །ཧཱུཾ་ཧཱུཾ་ཕཊ་ཕཊ་ཕེཾ་ཕེཾ་སྟེ། ། འདི་ཡིས་དྲིལ་བུ་བྱིན་གྱིས་བརླབས། །འདི་ནི་མཆོག་གི་དངོས་པོ་ཡིན། །ཤེས་རབ་སྒྱུ་མར་གསུངས་པའོ། །ཁྱོད་ཀྱིས་རྟག་ཏུ་གཟུང་བར་བྱ། །ཐོག་མ་བྱང་ཆུབ་རྒྱལ་བས་གཟུང་། །རྡོ་རྗེ་མཆོག་གི་ཡེ་ཤེས་ནི། །མི་ཕྱེད་ནམ་མཁའ་ལྟ་བུའི་གཟུགས། །སྟོན་པ་འདི་ཡི་ཚིག་གིས་ནི། །སློབ་ མའི་ལག་ཏུ་སྦྱིན་པར་བྱ། །དེ་ནི་སྔགས་ནི་ཡོད་པའི་ས། །རྩེ་གཅིག་གིས་ནི་དཀྲོལ་བར་བྱ། །ཨོཾ་ཨཱཿཧཱུཾ་བཛྲ་གྷཎྜེ་མ་ཧཱ་ན་དེ་སྭ་རཱུ་པེ་བིནྡུ་ཛྙཱ་ན་མ་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། །རང་ཡིད་བརྟན་པའི་དེ་ཉིད་ཀྱིས། །རྡོ་རྗེ་སེམས་དཔའི་རང་བཞིན་ཅན། །རང་གི་ལྷ་ཡི་དངོས་པོ་ནི། །སྐུ་ཡི་ཕྱག་རྒྱས་ གསལ་བར་བྱ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་རིགས། །དམ་ཚིག་གསུམ་ནི་དཔའ་བོར་གཟུང་། །དེ་ནས་དཀྱིལ་འཁོར་དེ་ཉིད་དོན། །ནང་གི་མཚན་གྱིས་སྦྱོར་བ་དང་། །ལྷ་ཡི་རྣམ་དག་དེ་ཁོ་ན། །མཚན་དང་འབྱུང་བ་སྨྲ་བར་བྱ། །རྣམ་སྣང་མཛད་མགོན་ཇི་ལྟ་བུར། །དེ་ལྟ་བུར་ནི་སློབ་མ་གཟུང་། ། དེ་ལ་གནང་བ་སྦྱིན་པར་བྱ། །སངས་རྒྱས་ཅི་མཛད་ཁྱོད་ཀྱིས་གྱིས། །སེམས་ཅན་ཐམས་ཅད་ཕན་དོན་དུ། །ཆོས་ཀྱི་རྒྱ་མཚོ་ལྟ་བུར་འདུག །ཐམས་ཅད་ཇི་ལྟར་འདུལ་འགྱུར་བའི། །ཁྱོད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར། །འདི་ནི་དམ་ཚིག་འདུལ་བ་ཡིས། །དེ་ནི་གནང་བ་སྦྱིན་པའོ། ། དེ་ནས་དེ་བཞིན་གཤེགས་པའི་རིགས། །ཡེ་ཤེས་ལྔ་དངོས་ཞི་བ་ནི། །ཡེ་ཤེས་རང་བཞིན་མི་ཕྱེད་ལ། །སངས་རྒྱས་ཐམས་ཅད་ཕྱག་བྱེད་པ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ཉིད་ཀྱི་ཕྱག་ན་ཇི་ལྟར་བསྣམས། །རྡོ་རྒྱལ་བརྟུལ་ཞུགས་མི་ཤིགས་པ། །ཁྱོད་ཀྱིས་དེ་ལྟར་ བཟུང་བར་གྱིས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནཾ་སིདྡྷི་ས་མ་ཡ་བཛྲ་ནཾ། སངས་རྒྱས་གཟུགས་ནི་བདག་རང་ཉིད། །མཆོད་སྦྱིན་ཁུ་ཚུར་ལྡན་པ་ཡིས། །ཁྱོད་ནི་བདག་གིས་ལུང་བསྟན་བྱ། །དེ་བཞིན་གཤེ