Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 10

Văn bản gốc(Tây Tạng)

Trang 17 / 24 (50.000 ký tự/trang)
པ་ཉིད་སྤོངས་ཤིག །རྣམ་པར་འདྲེན་པས་འཇིག་རྟེན་དོན་ཕྱིར་སྐྱེ་བ་བཞེས་པར་མཛོད། །སྦོས་མོ་སོགས་ཀྱི་གནས་འདུག་པའི། །མེ་ཏོག་ལ་སོགས་རང་གིས་གླུས། །མཚམས་ཀྱི་ལྷ་མོ་རྣམས་ཀྱིས་བསྐུལ། །དེ་ལྟར་གཙོ་མོ་གཞན་དག་ལའང་། །བསྐུལ་

ཏེ་སད་པས་སྔོན་གྱི་ནི། །སྨོན་ལམ་དྲན་པའི་སྟོབས་ཀྱིས་ཏེ། །ཧཱུཾ་མཾ་དག་ལས་ལངས་པར་བསམ། །ཐུགས་ཀྱི་མཁའ་འགྲོ་སྟོབས་ཆེན་པོ། །ཞལ་བརྒྱད་ཞབས་ནི་བཞི་པ་སྟེ། །ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །དབང་སྔོན་ལྟ་བུའི་འཇིགས་པ་དང་། །སྒེག་ཅིང་ཁྲོ་བོའི་གཟུགས་དག་
སྟེ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །རུས་པའི་རྒྱན་གྱིས་རྣམ་པར་བརྒྱན། །དང་པོའི་ཞལ་ནི་ནག་པོ་སྟེ། །གཉིས་ནི་དཀར་དང་དམར་པའོ། །སྤྱི་བོའི་དབུས་མ་གཙིགས་པ་སྟེ། །ལྷག་མའི་ཞལ་ནི་བུང་བ་མཚུངས། །བདུད་བཞི་པོ་ནི་མཉམ་པར་མནན། །སྤྱི་བོར་རྡོ་རྗེ་ནག་པོ་
འཛིན། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་དེ་བཞིན་སེང་བྱི་ལ། །གཡས་པའི་ཐོད་པ་བརྒྱད་རྣམས་ལ། །གཉིས་འཐུང་ལ་སོགས་རིམ་ཤེས་བྱ། །ས་དང་ཆུ་དང་མེ་དང་རླུང་། །ཉི་མ་ཟླ་བ་ཉིད་དང་ནི། །མཐར་བྱེད་དང་ནི་ནོར་སྦྱིན་ཉིད། །གཡོན་པའི་ཐོད་པ་བརྒྱད་རྣམས་ལའོ། །གྲི་
གུག་ཐོད་པ་ཕྱག་མཚན་པའི། །མཱ་མ་ཀཱི་དང་གཉིས་མེད་སྦྱོར། །ཨཾ་ལཾ་དག་ལས་ལྟག་པར་དཀར། །ཞལ་གཉིས་གནག་དང་དམར་བའོ། །ཟླ་བའི་གདན་ལ་ཡང་དག་བཞུགས། །སངས་རྒྱས་སྤྱན་གྱིས་མགུལ་ནས་འཁྱུད། །ཞབས་བཞི་ལ་སོགས་ཐུན་མོང་བས། །ཞལ་
བརྒྱད་ལ་སོགས་མ་བསྟན་ཏོ། །ཁྱད་པར་སྤྱི་གཙུག་འཁོར་ལོ་སོགས། །ཕྱག་མཚན་དག་ཀྱང་བརྗོད་པའོ། །སྤྱི་བོར་ཆོས་ཀྱི་འཁོར་ལོ་འཛིན། །འཇིགས་སུ་རུང་ཞིང་འཇིགས་པར་མཛད། །རྨ་བྱ་མ་ཧེ་ཆུ་སྲིན་དང་། །ཉ་ཡི་རྒྱལ་པོ་རུས་སྦལ་དང་། །ལྷག་པའི་ཀླུ་དང་ངང་པ་དང་། །
རི་བོང་ལྟག་པའི་གཡས་རྣམས་ལའོ། །རྩངས་པ་ཐུ་བོ་སྤྲིན་ཤུགས་དང་། །མིག་སྨན་འདྲ་དང་བྱི་བ་དང་། །གཡག་དང་དྲི་ལྡན་ས་ར་ས། །གཡོན་པའི་ཐོད་པ་བརྒྱད་ལའོ། །ཏྲཾ་ཏཾ་དག་ལ་རིན་རྒྱལ་མིང་། །སྐུ་མདོག་སེར་པོ་བསྒོམ་པར་བྱ། །གཡས་དང་གཡོན་གྱི་ཞལ་ནག་
པོ། །དམར་པོ་སྤྱི་བོར་རིན་ཆེན་འཛིན། །ཀ་རཎྜ་དང་འཁོར་ལོ་དག །ནེ་ཙོ་དང་ནི་ཙ་ཀོ་ར། །བྱིའུ་ཁྲ་ཧོར་མོ་འོལ་བ་དང་། །རི་སྐེགས་རིན་ཆེན་གཡས་དག་ནའོ། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་། །རིགས་ལྡན་པདྨ་པདྨ་ཆེ། །འཇོག་པོ་དང་ནི་ནོར་རྒྱས་དང་། །མཐའ་ཡས་གཡོན་

པ་དག་ནའོ། །ཤིན་ཏུ་སྦྱངས་པའི་གསེར་བསྲེགས་བཞིན། །སྒྲོལ་མ་ཡིས་ནི་མགུལ་ནས་འཁྱུད། །ཨཾ་པཾ་དག་ལས་བཞེངས་ཤིང་དམར། །རྟ་མགྲིན་རྣམ་པར་བསྒོམ་པར་བྱ། །གཡས་པའི་ཞལ་ནི་ནག་པོ་སྟེ། །གཡོན་པ་ཟླ་འོད་དྲི་མ་མེད། །སྤྱི་བོར་པདྨ་དམར་པོ་འཛིན། །གོས་
དཀར་མོ་དང་གཉིས་མེད་སྦྱོར། །དོམ་དང་བྱ་རྒོད་དེ་བཞིན་བསེ། །བ་མེན་དང་ནི་སྟག་ཉིད་དང་། །སྤྲེ་དང་ཆུ་སྲིན་ཅེ་སྤྱང་དག །རྡོ་རྗེ་ཆོས་ཀྱི་གཡས་དག་ལའོ། །བྱ་རོག་འུག་པ་ཆུ་སྐྱར་སེར། །ས་ར་ས་དང་དེ་བཞིན་ར། །རི་དགས་ཕག་པ་ཐོད་པ་རྣམས། །གཡོན་པ་དག་ཏུ་རྟག་ཏུ་གནས། །
ཏཾ་ཁཾ་དག་ལས་བཞེངས་ཤིང་ལྗང་། །རྟ་རྒྱལ་རྟ་གདོང་དྲན་པར་བྱ། །སྤྱི་བོར་རལ་གྲི་དཀར་པོ་འཆང་། །སྒྲོལ་མ་ཡིས་ནི་མགུལ་ནས་འཁྱུད། །གཡས་པའི་ཞལ་ནི་ནག་པོ་སྟེ། །གཡོན་པའི་ཟླ་འོད་དྲི་མ་མེད། །གཟའ་ལྷག་ཕུར་བུ་མཇུག་རིངས་དང་། །སྒྲ་གཅན་མིག་དམར་ཉི་མ་དང་། །སྤེན་
པ་ཟླ་བ་ཐོད་རྣམས་སུ། །རྟ་ཡི་རྒྱལ་པོ་གཡས་དག་ཏུའོ། །དབང་པོ་ཚངས་པ་དེ་བཞིན་དྲག །འདོད་ལྷ་དང་ནི་ཐོད་པ་འཛིན། །གཅེར་བུ་དང་ནི་ཐགས་བཟངས་རིས། །སྟོབས་ལྡན་ཞེས་བྱ་གཡོན་ནའོ། །ལྷ་མོ་རྣམས་ནི་ཕྱག་གཉིས་བརྗོད། །གྲི་གུག་ཐོད་པ་ཉིད་ཡིན་ནོ། །རྡོ་རྗེ་ཉིད་ཀྱི་
ཐམས་ཅད་ཀྱི། །སྙིང་གར་ཡེ་ཤེས་གནས་དགོད་བྱ། །ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་བྱ། །རང་སྔགས་ཡི་གེ་མཚན་མ་དང་། །ཕྱག་རྒྱར་བཏགས་པ་ལས་བྱུང་བ། །དམ་ཚིག་སྙིང་གར་ཡེ་ཤེས་ཏེ། །བསྙེན་པའི་སྦྱོར་བར་རབ་བཏགས་པའོ། །
ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡེ་ཤེས་འཁོར་ལོ་རང་དཀྱིལ་ལ། །ལྕགས་ཀྱུ་ལ་སོགས་པས་དགུག་ཅིང་། །གཞུག་པ་དང་ནི་བཅིང་བ་དང་། །མཉེས་པ་ཉིད་དུ་བསྒོམ་པར་བྱ། །སྤྱན་ལ་གཏི་མུག་རྡོ་རྗེ་དགོད། །ཞེ་སྡང་རྡོ་རྗེ་རྣ་བ་གཉིས། །སྣ་ལ་སེར་སྣ་རྡོ་རྗེ་དང་། །ངག་
ལ་འདོད་ཆགས་རྡོ་རྗེ་ཅན། །ཕྲག་དོག་རྡོ་རྗེ་དེ་བཞིན་ལུས། །ཡིད་ལ་བདག་མེད་རྣལ་འབྱོར་མ། །ཕྱག་གཉིས་ཞལ་ནི་གཅིག་པ་ཡིན། །སྣ་ཚོགས་གཟུགས་ཅན་བཙུན་མོ་རྣམས། །ཕྱག་གཉིས་གྲི་གུག་མགོ་བོ་སྟེ། །སྲོག་སོང་སྟེང་དུ་ཡང་དག་གནས། །མཁའ་སྤྱོད་དང་ནི་ས་སྤྱོད་གཉིས། །

དེ་བཞིན་ཞབས་འོག་གནས་པ་མོ། །ཐུགས་དང་གསུང་དང་སྐུ་དག་ལ། །སྐུ་གསུང་ཐུགས་ཀྱི་ཡི་གེར་དྲན། །ཨོཾ་ཁེ་ཙ་རི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་དུ་བྷཱུ་ཙ་རི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་དུ་པཱ་ཏཱ་ལ་བཱ་སི་ཏི་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མ། །གསུམ་
དང་རྡོ་རྗེ་མ་སོགས་ལྔ། །རིག་མ་བརྒྱད་པོ་དེ་རྣམས་ཀྱིས། །མཁའ་འགྲོ་དབང་བསྐུར་རབ་ཏུ་གྲགས། །མཁའ་འགྲོ་ལྔ་དང་ཡང་དག་ལྡན། །དམ་ཚིག་ལྔ་ཡིས་གང་བ་ཡིན། །བུམ་པས་རིག་མ་བརྒྱད་པ་ཡིས། །མཁའ་འགྲོ་ལྔ་ལ་དབང་བསྐུར་ཏེ། །བཞི་པ་སྤྱི་བོར་འཁོར་ལོ་
དང་། །རིན་ཆེན་པདྨ་རལ་གྲི་འཛིན། །ཐུགས་ཀྱི་མཁའ་འགྲོའི་སྤྱི་བོར་ནི། །སངས་རྒྱས་ལྔ་ནི་འཛིན་པར་བསྒོམ། །དེ་རྣམས་ཀྱི་ནི་དཀྱིལ་འཁོར་པ། །རྡོ་རྗེའི་རྗེས་རིམ་དཀྱིལ་འཁོར་ཀུན། །ཐུགས་དང་རྟག་པ་རིན་ཆེན་དང་། །དཔག་མེད་ལྷ་མོའི་སྤྱི་བོར་འཛིན། །ཨོཾ་སརྦ་ཏ་ཐཱ་
ག་ཏ་ཨ་བྷི་ཥེ་ཀ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། གཡོ་ཞིང་འབར་བས་ཐོད་པ་རུ། །ལྕགས་ཀྱུའི་ས་བོན་ལྔ་ལས་བྱུང་། །ལྕེ་ལ་རྡོ་རྗེ་ནས་འབྲས་ཙམ། །རྡོ་རྗེ་བདུད་རྩི་མྱོང་བའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡེ་ཤེས་ལས་ནི་མཆོད་སྣ་ཚོགས། །བརྒྱད་
པོ་ངེས་པར་ཕྱུང་བ་ཡིས། །ལྷ་མོས་འཁོར་ལོ་ལ་ནི་མཆོད། །འཁོར་ལོའི་བདག་ཉིད་གཙོ་བོ་ལའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཁྱོད་ནི་རྣལ་འབྱོར་མ་རྣམས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་མཆོག་ནི་ཡོངས་བརྙེས་ཏེ། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུ་
འགྲོ་བ་ཀུན་སྒྲུབ་ཅིང་། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་པར་མཛད། །སྒྱུ་མའི་སྤྲོས་པས་དགོས་པ་སྒྲུབ་པ་པོ། །ཧེ་རུ་ཀ་དཔལ་ཐུགས་ནི་དགྱེས་པ་སྟེ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཞལ་ཡས་སངས་རྒྱས་རྣམ་སྣང་མཛད། །དབང་ནི་མི་བསྐྱོད་དེ་
བཞིན་གཤེགས། །བདུད་རྩི་མྱང་བ་སྣང་མཐའ་ཡས། །བསྟོད་པ་རིན་ཆེན་འབྱུང་ལྡན་དཔལ། །མཆོད་པ་དོན་ཡོད་གྲུབ་པར་བརྗོད། །རྗེས་སུ་ཆགས་པ་རྡོ་རྗེ་སེམས། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པ། །རང་བྱིན་བརླབས་པ་རབ་ཏུ་གྲུབ། །གྲུབ་པའི་སྔོན་དུ་མཚན་མ་རྣམས། །

རིམ་པ་མངོན་དུ་མཚོན་པར་བྱ། །དང་པོ་སྤྲིན་དང་འདྲ་བར་སྣང་། །གཉིས་པ་དུ་བ་ལྟ་བུ་སྟེ། །གསུམ་པ་མེ་ཁྱེར་རྣམ་པ་ལ། །བཞི་པ་མར་མེ་གསལ་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཕྱི་ནས་སྒྱུ་མའི་རྣམ་པ་སྟེ། །རྨི་ལམ་རྣམ་པ་སྐད་ཅིག་
ཡིན། །སྙིང་གའི་ནང་སོང་ཟླ་བ་ནི། །ཟླ་བའི་གཟུགས་ལ་མི་ཤིགས་པ། །སྣ་ཚོགས་འོད་ཟེར་གྱིས་ནི་བསྐོར། །དེ་ལས་རྡོ་རྗེ་བསྒོམ་པར་བྱ། །རྡོ་རྗེས་བདག་མེད་མཁའ་འགྲོ་མ། །བསྒོམས་ཏེ་ཆོ་ག་ཡིས་ནི་བསྐུལ། །མཁའ་འགྲོ་མ་ཡི་སྣ་ཡི་མཐར། །ཡུངས་ཀར་རྣམ་པ་བསྒོམ་པ་ནི། །
འགྲོ་བ་ཐམས་ཅད་ཡུངས་ཀར་ལ། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །དེ་ལྟར་ཡིད་ཀྱིས་སྒོམ་བྱེད་པའོ། །རང་བྱིན་བརླབ་པར་རབ་གྲུབ་པའོ། །རུ་དྲཱཀྵ་དུང་བསེ་རུ་དང་། །བོ་དེ་ཙེ་དང་པད་འབྲས་བུ། །མུ་ཏིག་སོགས་དང་བྱི་རུ་ལ། །བསམ་གཏན་ལྡན་པས་སྔགས་བཟླས་བྱ། །ཨོཾ་དྷ་ར་དྷ་ར་
དྷཱ་ར་ཡ་དྷཱ་ར་ཡ། མརྡྷ་མརྡྷ། བཛྲ་དྷྲྀཀ་ཕཊ་སྭཱ་ཧཱ། ཨོཾ་སཱ་སྭ་ཏ། ཨེ་ཧི་ཨེ་ཧི་ཛི་ན་ཛིཀ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་སཱུརྱ་ཏ་མོ་བི་ཏ་མ་ན་ས་མ་ཡ་སྟྭཾ་ཨ་ཧཾ། རཏྣ་དྷྲྀཀ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ས་མ་ཡ་སྟྭཾ་ཧུ་ལུ་ཧུ་ལུ་ཨཱ་རོ་ལྀ་ཀ་ཕཊ་སྭཱ་ཧཱ། ཨོཾ་ཕུ་ཕུ་ཕུ་ཧི་ཧི་པྲཛྙཱ་དྷྲྀཀ་ཕཊ་སྭཱ་ཧཱ། གང་ཚེ་རྣལ་འབྱོར་བསམ་
གཏན་དུབ། །དེ་ཚེ་དག་པ་རྗེས་སུ་དྲན། །སྙིང་རྗེ་ཡིས་ནི་སྤྱན་དག་དམར། །སྤྱན་གྱི་རྣམ་དག་རྡོ་རྗེ་གསུམ། །ཞལ་རྣམས་རྣམ་ཐར་བརྒྱད་པོ་ཡིན། །ཕྱག་ནི་སྟོང་པ་བཅུ་དྲུག་གོ། །བསྡུ་བའི་དངོས་པོ་བཞི་པོས་ནི། །ཞབས་ནི་བཞི་པོ་བརྗོད་པའོ། །ཕྱག་རྒྱ་ཡིས་ནི་སངས་རྒྱས་ལྔ། །ཁྲོ་བོ་
གདུག་པ་འདུལ་བའོ། །བདེན་པ་རྣམ་པ་བཞི་པོས་ནི། །རུས་པ་རུ་ནི་ཡོངས་གྱུར་པའོ། །གཟུགས་ཕུང་རྡོ་རྗེ་མ་རུ་གྱུར། །ཚོར་བར་གསང་བའི་གཽ་རཱི་མ། །འདུ་ཤེས་དེ་བཞིན་ཆུ་མ་སྟེ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མའོ། །རྣམ་ཤེས་ཉིད་ནི་བདག་མེད་མ། །ཕུང་པོ་དོན་དམ་པར་ནི་མེད། །
སྐྱེ་མཆེད་དྲུག་ཏུ་འགྱུར་བ་ནི། །ཞེ་སྡང་རྡོ་རྗེ་རྡོ་རྗེ་མ། །ཆུ་མ་རོ་ཡི་རྡོ་རྗེ་ཡིན། །ཕྲག་དོག་རྡོ་རྗེ་གཏི་མུག་མ། །རྡོ་རྗེ་རྡོ་རྗེ་མཁའ་འགྲོ་མ། །སེར་སྣ་གསང་པའི་གཽ་རཱི་མ། །ཡིད་ལ་བདག་མེད་རྣལ་འབྱོར་མའོ། །ས་ནི་པུཀྐ་སཱི་རུ་བརྗོད། །ཆུ་ཁམས་རི་ཁྲོད་མ་རུའོ། །མེ་ནི་གཏུམ་མོར་

ཤེས་བྱ་སྟེ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །གཟུགས་ནི་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །དྲི་ཡི་ཆ་ལ་རོ་ལོངས་མ། །རོ་ལ་གྷསྨ་རཱི་ཡི་གཟུགས། །རེག་ལ་ས་སྤྱོད་མ་རུ་བརྗོད། །ཆོས་ཀྱི་ཁམས་ལ་མཁའ་སྤྱོད་མའོ། །གློ་དང་དབུགས་དང་དེ་བཞིན་
སྨྱོ། །ཁོང་སྐྲན་མཛེ་དང་རྐང་ཤུ་དང་། །མཆིན་པ་མཆེར་པའི་རང་བཞིན་ཀྱང་། །གླང་པོ་ལ་སོགས་རབ་ཏུ་གྲགས། །རྫི་མ་འབྱི་དང་སོ་ནད་དང་། །མཁྲིས་པ་ཁྲག་དང་དེ་བཞིན་རླུང་། །བད་ཀན་འཛག་དང་ལུས་གས་དང་། །སྐྱ་རྦབ་འབྲས་ནི་རྨ་བྱ་སོགས། །རྐང་བམ་ཚིལ་ནད་རླིག་སྐྲངས་
དང་། །རྒྱུ་མ་འཕེལ་དང་ལྷོག་པ་དང་། །འཁྲུ་དང་རིམས་དང་རབ་འགས་དང་། །ཀ་རནྡ་སོགས་རབ་ཏུ་གྲགས། །བརྗེད་བྱེད་དང་ནི་ཕོ་མཚན་ལྕགས། །ཆུ་སྲི་བ་དང་རྡོ་ཆུ་ཅན། །བཤང་ནད་སྐྲན་དང་སྒྲོ་ནད་དང་། །མིག་སེར་ངོམ་ལ་སོགས་པའོ། །རླུང་དང་མཁྲིས་པ་མ་ཞུ་བ། །སྐྱ་
རིམ་རབ་རིབ་མཆིལ་མས་གང་། །གཞོག་ཕྱེད་ན་དང་ལྐོག་འབྲས་དང་། །རླུང་རྒྱས་གཟའ་ལག་ལ་སོགས་པའོ། །ལྷག་མ་རྣལ་འབྱོར་མ་ཡི་ཚོགས། །བསྡུས་པ་རུ་ནི་བསམ་པར་བྱ། །འདོད་དོན་གྲུབ་པར་བྱེད་དང་བགེགས། །ཞི་བར་བྱེད་དང་དགེ་བར་རོ། །སྔགས་དང་ཕྱག་རྒྱས་ཡང་
དག་དགུག །ལྷ་སོགས་ཕྱིར་ན་གཏོར་མ་བྱ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །པདྨ་འདབ་བརྒྱད་བསྒོམ་པར་བྱ། །དབང་པོ་ཤར་གྱི་འདབ་མར་བསམ། །མཐར་བྱེད་ལྷོ་རུ་དགོད་པའོ། །ཆུ་བདག་ནུབ་ཀྱི་འདབ་མ་ལ། །བྱང་དུ་གནོད་སྦྱིན་དགོད་པར་བྱ། །མེར་ནི་བྱིན་ཟ་ཆེན་
པོ་ཉིད། །བདེན་བྲལ་མཚམས་སྐྱོང་དེ་བཞིན་ནོ། །རླུང་དུ་གནས་མེད་བསམ་པར་བྱ། །དབང་ལྡན་དུ་ནི་འབྱུང་པོའི་གཙོ། །ཟླ་ཉི་ཚངས་པ་ལྷ་ཚོགས་དང་། །ཚངས་པ་ཡི་ནི་རིག་པ་མཆོག །ཚངས་པ་མདུན་ན་འདོན་ཉིད་དང་། །དགའ་ལྡན་འཐབ་བྲལ་གནས་པ་དང་། །རྒྱལ་པོ་
ཆེན་པོར་གྱུར་པ་དང་། །གཞན་འཕྲུལ་དབང་བྱེད་གནས་ཉིད་དང་། །གང་ཞིག་འཕྲུལ་དགའི་ལྷ་རྣམས་དང་། །དག་པའི་གནས་སུ་གང་གནས་དང་། །བདེ་བ་ཅན་དུ་ཡང་དག་གནས། །འོག་མིན་གནས་སུ་གནས་པ་དང་། །འོད་ཟེར་ཅན་གྱི་འཇིག་རྟེན་དང་། །སུམ་ཅུ་རྩ་གསུམ་

གནས་པ་རྣམས། །དེ་ཀུན་སྟེང་དུ་བསམ་པ་སྟེ། །ཆོས་འབྱུང་གི་ནི་ནང་སོང་བའོ། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་། །དེ་བཞིན་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་རིགས་ལྡན་དང་། །པདྨ་པདྨ་བཟང་པོ་རྣམས། །ལྷ་མིན་དམྱལ་བ་ཐམས་ཅད་དེ། །ཆོས་འབྱུང་གི་ནི་
འོག་ཏུའོ། །ཨོཾ་ལས་ཚངས་པ་ལ་སོགས་ལྷ། །ཧཱུཾ་ཡིག་ལས་ནི་མ་ཆགས་སོགས། །ཨ་ལས་སྟོབས་ཀྱི་རྒྱུ་ལ་སོགས། །ཞལ་གཅིག་ཕྱག་ནི་གཉིས་རྣམས་སོ། །སྟེང་གི་ལྷ་རྣམས་དཀར་པོ་ཆེ། །དབང་པོ་ལ་སོགས་ནག་པོ་མཚུངས། །སྟོབས་ཀྱི་རྒྱུ་སོགས་དམར་པོ་ཆེ། །རང་མཚུངས་
རིག་མས་ལུས་སྤྲད་ལྡན། །ལག་གཉིས་རྡོ་རྗེ་དྲིལ་བུར་འབྲེལ། །གཡས་བརྐྱང་བ་ཡི་སྟན་ལ་གནས། །ཚངས་སོགས་རྟག་པའི་ཕྱག་རྒྱས་གདབ། །མཆོད་སྦྱིན་བརྒྱ་སོགས་རྡོ་རྗེ་ཡིས། །སྟོབས་ཀྱི་རྒྱུ་སོགས་གར་དབང་སྟེ། །ཀུན་ཀྱང་རིགས་གསུམ་ལས་སྐྱེས་སོ། །དཀར་མོ་ཡིས་ནི་དགུག་
པ་ཉིད། །ཆོམ་རྐུན་མ་ཡི་ཞགས་པ་གཞུག །རོ་ལངས་མ་ནི་ལྕགས་སྒྲོག་འཆིང་། །ཟ་ཕོད་དྲིལ་བུས་དབང་དུ་བྱེད། །དེ་ནས་མཆོད་ཡོན་ཞལ་བསིལ་སྦྱིན། །སྔགས་འདི་ཡིས་ནི་དབུལ་བར་བྱ། །ཨོཾ་ཨཱཿ་ཧཱུཾ། ཕྱི་ནས་འཐོར་འཐུང་སྦྱིན་པ་སྟེ། །སྔགས་འདིས་གཤེགས་སུ་གསོལ་བར་བྱ། །
ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། ཧྲྀ་ད་ཡམྨ་ཨ་དྷི་ཏིཥྛ་སརྦྦ་སིདྡྷིཾ་མེ་པྲ་ཡཙྪ། སརྦྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་
སཏྭ་ཨཿམུཿ། ཉི་ཤུ་གཉིས་ཀྱི་ལྷ་རྣམས་ཚོགས་དག་དང་། །དཀྱིལ་འཁོར་ལྔ་ཡི་གཙོ་བོ་མཁའ་འགྲོ་ལྔ། །བྱས་པའི་བསོད་ནམས་ཐོབ་པས་དགེ་བ་རྣམས། །དེས་ནི་འགྲོ་རྣམས་མཁའ་འགྲོ་ལྔར་བྱེད་ཤོག །མི་ཐུབ་ཟླ་བའི་གསུང་གིས་རྣམ་སྤྲས་པས། །དཀྱིལ་འཁོར་རྣམ་པ་ལྔ་ཡི་
རྒྱ་མཚོ་རྣམས། །དབའ་རླབས་ཆེན་པོ་བཅོམ་པར་གྱུར་པ་ནི། །རྨོངས་པའི་ཡུལ་རྣམས་མེད་པ་རུ་ནི་གྱུར། །མི་ཐུབ་ཟླ་བས་རྣམ་པར་སྤྲས་པའི་མཁའ་འགྲོ་ལྔའི་སྒྲུབ་པའི་ཐབས་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་མཁན་པོ་ལི་ལ་བཛྲ་དང་། བོད་ཀྱི་ལོ་ཙཱ་བསོད་ནམས་

རྒྱལ་མཚན་གྱིས། །རང་གི་དམ་ཆོས་གསལ་བར་བྱེད་པས་ན། །རང་དང་གཞན་གྱི་དོན་དུ་ལེགས་པར་བསྒྱུར།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཌཱ་ཀི་ནཱི་བཛྲ་པཉྫ་ར་སཾ་ཧ་ར་ཎ་མཎྜ་ལ་ཨ་ནུ་རེ་ནཱ་སཱ་དྷ་ནཾ། བོད་སྐད་དུ། དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དཀྱིལ་འཁོར་བསྡུས་
པ་ཞེས་བྱ་བའི་རྗེས་སུ་འབྲང་བའི་སྒྲུབ་ཐབས། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །གཅིག་དང་དུ་མར་སྤྱད་པའི་སྙིང་པོས་ཉིད་ཀྱི་དངོས་གྲུབ་ལ་འཁྲུལ་ཞི་མཛད་པ། །ཤེས་རབ་ཡན་ལག་འདུས་པས་བསྐྱེད་པ་རྡོ་རྗེའི་རྩེ་མོའི་བུ་གར་གསལ་ཞིང་འོད་འབར་ལྡན། །
ཐུགས་རྗེ་ཤར་པར་དག་པའི་འཁོར་ལོར་མཛད་པས་སེམས་ཅན་དོན་ལ་བརྟུལ་བས་བཅིངས་པའོ། །བདེན་པའི་མཚན་ཉིད་ཀྱིས་བརྒྱན་ཀྱེ་རྡོ་རྗེ་ལ་བདག་གི་སྤྱི་བོས་ཕྱག་འཚལ་ལོ། །རོལ་བཅས་ཞབས་ནི་འདམ་སྐྱེས་ལྡན། །རྡོ་རྗེ་མཁའ་འགྲོ་མ་ཕྱག་འཚལ། །སྒྲུབ་པའི་ཐབས་
ཀྱི་མན་ངག་ནི། །རང་དྲན་ཕྱིར་ན་བྲི་བར་བྱ། །དེ་ནས་གཞན་ཡང་སྡུག་བསྔལ་བའི་སེམས་ཅན་མང་པོ་ལ་དམིགས་ནས། སྙིང་རྗེའི་རོ་ཤིན་ཏུ་རྒྱས་པ་ལ་འཇུག་པར་བྱེད་པ་དང་། བདག་དང་གཞན་རྣམ་པར་བརྟགས་པས་སེམས་ཅན་རྣམ་པར་རྒྱས་པར་གྱུར་པ་དང་། སྦྱིན་པ་ལ་སོགས་
པའི་རྣམ་པ་བཅུ་པོར་སེམས་ཀྱི་རྒྱུན་ཡོངས་སུ་དག་པ་ཅན་དང་། རྣམ་པ་གསུམ་གྱི་སྒོ་ནས་བླ་མ་མཉེས་པར་བྱེད་པའི་སྐྱོན་རྣམས་ལ་སོགས་པ་དང་བྲལ་བ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ་བརྩོན་འགྲུས་ཀྱི་མཐུ་ཡིས་སེམས་རྟག་ཏུ་ནོན་པ་དང་། དཔལ་དང་ལྡན་པའི་
མཁའ་འགྲོ་མ་གུར་གྱི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་ཆོ་ག་བཞིན་དུ་རྗེས་སུ་གནང་བ་ཐོབ་པའི་སྔགས་ཐུན་མཚམས་ཀྱི་དང་པོར་ལངས་ཏེ། རང་གི་སྙིང་གར་རེ་ཕ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་དམ་པའི་དང་པོ་ས་བོན་རྣམ་པར་བཀོད་དེ་བཞག་ལ། དུར་ཁྲོད་ལ་སོགས་པའི་
ཕྱོགས་ལ་ལར་ཙནྡན་ལ་སོགས་པའི་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། མེ་ཏོག་རྣམ་པས་ཉེ་བར་མཛེས་པ་བྱས་པའི་སའི་ཆར་ཞིང་ཆེན་ལ་སོགས་པར་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ། ལག་པའི་ལོ་མ་དག་ཏིང་ངེ་འཛིན་གྱི་ཕྱག་རྒྱར་ཡང་དག་པར་བསྡུས་ཏེ་འདུག་ནས་

ཡི་གེ་ཧཱུཾ་ལས་འོད་ཟེར་གྱི་ཚོགས་ཀྱིས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནམ་མཁའི་བར་སྣང་གི་དཀྱིལ་འཁོར་དུ་བཞུགས་པར་དམིགས་ལ་མཆོད་པ་ལ་སོགས་པ་བྱའོ། །དེ་ལ་མཆོད་པ་ནི་འདི་ལྟ་སྟེ། འོད་ཀྱི་སྒོ་ནས་ངེས་སྟོན་པའི། །པདྨའི་ལག་
ལྡན་རྣམ་པར་སྒེག །སྒེག་སོགས་ལྷ་མོ་རྣམས་ཀྱིས་ནི། །ཡང་དག་པར་ནི་མཆོད་པར་བྱ། །ཐོག་མེད་སྲིད་པར་སྐྱེས་པ་ཡི། །སྡིག་སོགས་ཆོ་ག་བཞིན་བཤགས་བྱ། །བདེ་གཤེགས་ཚོགས་ཀྱི་སྤྱན་སྔར་ནི། །བདག་གི་སྡིག་པའི་ཕུང་པོ་བཤགས། །ཐུབ་སོགས་སྲས་དང་
བཅས་རྣམས་ཀྱི། །སྲིད་གསུམ་སྐྱེ་བོ་དངོས་རྣམས་ཀྱི། །བསོད་ནམས་ཕུན་སུམ་ཚོགས་པ་ལ། །དད་པས་རྗེས་སུ་ཡི་རང་ངོ་། །རྣམ་རྟོག་ཀུན་ནི་རབ་བཅོམ་པའི། །རྒྱལ་བ་རྣམས་ལ་བདག་དབུལ་ལོ། །སྲིད་པ་བྱེད་པར་ངེས་འཇོམས་པའི། །བྱང་ཆུབ་སེམས་སུ་སེམས་གཅིག་སྟེ། །ཕྱོགས་
བཅུ་ཀུན་ཏུ་ངེས་པར་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱི། །ཞི་བའི་དཀོན་མཆོག་གསུམ་འདི་ལ། །ད་ལྟ་ཉིད་ནས་སྐྱབས་སུ་མཆིའོ། །སྲིད་གསུམ་སྐྱེ་བོ་ལ་ཕན་པའི། །རིན་ཆེན་ལམ་ནི་བདག་གིས་བསྟེན། །དངོས་རྣམས་རང་བཞིན་གྱིས་སྟོང་ཞིང་། །མཚན་མ་མེད་ཅིང་རྒྱུ་མེད་
པར། །གང་ཕྱིར་བརྟགས་པས་རྣམ་གྲོལ་བས། །སྨོན་པ་དང་ནི་དྲལ་བར་འགྱུར། །དེ་ལྟར་ཀུན་གྱི་རྣམ་གསལ་ཞིང་། །སྒྱུ་མ་ལྟ་བུར་རྣམ་བསམས་ནས། །མ་རིག་ལ་སོགས་སྐྱོན་སོགས་པ། །དེ་འགོག་པས་ནི་འགོག་པར་འགྱུར། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་
བརྗོད་ལ་ང་རྒྱལ་བྱའོ། །བསོད་ནམས་ཡེ་ཤེས་དག་གིས་བརྟགས་པས་བསགས་པའི་དབང་ལ་སྐུ་གསུང་ཉིད་འདོད་ན། །ཉི་མ་ལ་གནས་སྣ་ཚོགས་རྡོ་རྗེ་ཁ་གྱེས་འཇིགས་པས་ས་བོན་ཧཱུཾ་ལས་སྐྱེས་མཚན་པའི། །འདི་ལས་ར་བ་ལ་སོགས་བཞི་པོ་རྣམས་ནི་སྐྱེས་བར་རབ་ཏུ་བསམ་བྱས་པར། །
བྷྲུཾ་ཟེར་ལས་བྱུང་རྩིབས་བཅུ་ལྡན་པའི་འཁོར་ལོ་མི་གཡོ་ལྟ་བུར་འཁོར་བ་བྱས་ནས་ནི། །དེ་ལ་ཆུ་སྐྱེས་ཉི་མར་མཉམ་མེད་གཤིན་རྗེ་མཐར་བྱེད་ལ་སོགས་ཧཱུཾ་དང་མཚན་མས་བསྐྱེད། །གཡོན་བརྐྱང་པ་ཡི་ཞབས་ཀྱིས་རྣམ་པར་རོལ་ཅིང་གཡོ་ཅན་རྣམས་ནི་མནན་པར་བསམ། །དེ་ཡི་དབུས་སུ་

ཧཱུཾ་དང་རྡོ་རྗེ་ལས་སྐྱེས་རྡོ་རྗེ་ཧཱུཾ་མཛད་དེ། །ཨནྡ་རྙིལ་འོད་འདྲ་བའི་གོང་བུ་ལྟ་བུར་སྐུ་མཛེས་གྱུར། །སྣ་ཚོགས་ན་བཟའི་རྒྱན་གྱིས་བརྒྱན། །རྣམ་པར་འཇིགས་ཤིང་སྒེག་པའོ། །པདྨའི་ཕྱག་ནི་རབ་སྦྲེལ་ཏེ། །ཕྱག་རྒྱའི་མཆོག་ནི་ཐུགས་ཀར་མཛད། །རིན་ཆེན་དབུ་རྒྱན་དང་ལྡན་པར། །ཐུགས་
ཀྱི་རྡོ་རྗེ་རབ་ཏུ་བཞུགས། །ལྷ་མོ་དཀའ་ཟློག་མ་ཡི་ནུ་མ་རྒྱས་པའི་དཀྱིལ་འཁོར་དང་། །མོས་པ་མེད་པའི་དགྲ་བོའི་རི་བོས་མཚན་མ་ཅན་གྱི་ཡན་ལག་གི། །དམ་པར་རབ་ཏུ་བསྡུས་པའི་གནས་སུ་མཚན་མ་ཅན་གྱི་ཞེ་སྡང་ལ། །གཡོན་བརྐྱང་བ་ཡི་ཆུ་སྐྱེས་ཞབས་ཀྱིས་རབ་ཏུ་མནན་ཅིང་རྣམ་
པར་སྒེག་པ་སྟེ། །ཇི་སྐད་བཤད་པའི་ཡེ་ཤེས་རྣམ་པར་དག་པའོ། །གཤིན་རྗེ་མཐར་བྱེད་དང་། གཞན་གྱིས་མི་ཐུབ་པ་དང་། རྟ་མགྲིན་དང་བདུད་རྩི་འཁྱིལ་པ་སྟེ། དཔའ་བོ་འདི་རྣམས་སྔོན་པོ་དང་། དཀར་པོ་དང་། དམར་པོ་དང་། མིག་སྨན་ལྟ་བུ་ལ་སྨ་ར་དམར་སེར་དང་། སྨིན་
མ་རབ་ཏུ་འཁྱུག་པ་དང་། དབུ་སྐྲ་གྱེན་དུ་བརྫེས་པ་དང་། ནགས་ཚལ་ཆེན་པོ་ལྟ་བུས་ལུས་བརྒྱན་པ། གསུས་པ་ལྡིར་ཞིང་སྐུ་ཐུང་བ་དང་། སྨད་སྟག་གི་པགས་པས་དཀྲིས་ཤིང་སེང་གེའི་པགས་པ་བསྣམས་པ་ཁ་ནས་འབར་བའི་དུག་འཕྲོ་བ་ཅན་གྱི་ཀླུ་རྣམས་ཀྱིས་སྐུ་ལ་མཛེས་པའོ། །ཐོ་བ་
དང་དབྱུག་པ་དང་། མཚོ་ལས་སྐྱེས་པ་དང་། རྡོ་རྗེ་རྣམ་པར་གྱེས་པ་ནི་ཕྱག་གི་པདྨ་རྣམས་ནའོ། །རྣམ་པར་སྣང་མཛད་དང་། ཐུགས་དང་ཚེ་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་རྣམས་ཀྱིས་ཡན་ལག་གི་མཆོག་ལ་བརྒྱན་པའོ། །དེ་རྣམས་ཤར་དང་། ལྷོ་དང་། ནུབ་དང་། བྱང་དུ་
བསམ་པར་བྱའོ། །མེ་དང་། བདེན་བྲལ་དང་། རླུང་དང་། དབང་ལྡན་གྱི་གྲྭ་རྣམས་སུ་ནི། འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་། སྟོབས་པོ་ཆེ་དང་མི་གཡོ་བ་རྣམས་མདོག་སྔོན་པོར་རོ། །ལྕགས་ཀྱུ་དང་། དབྱུག་པ་སྔོན་པོ་དང་། རྩེ་གསུམ་པ་དང་། རལ་གྲི་རྣམས་ནི་
རིམ་པ་བཞིན་དུ་ཕྱག་གི་ལོ་མ་རྣམས་ལའོ། །མི་བསྐྱོད་པ་ལ་སོགས་པས་དབུ་བརྒྱན་ཅིང་རིན་པོ་ཆེ་བཟང་པོ་རྣམས་ཀྱིས་བརྒྱན་པའོ། །སྟོབས་པོ་ཆེ་དང་དབྱུག་པ་སྔོན་པོ་ཡང་གཤིན་རྗེ་གཤེད་པོ་ཇི་ལྟ་བར་ཁྲོ་བ་རྣམ་པར་གཙིགས་པའོ། །སྟེང་དུ་ནི་བྷྲཱུཾ་དང་འཁོར་ལོ་ལས་ཕྱུང་བའི་

གཙུག་ཏོར་འཁོར་ལོས་སྒྱུར་བ་གསེར་བཙོ་མའི་ཁ་དོག་དང་མཉམ་པ། ཕྱག་ན་འཁོར་ལོས་རྣམ་པར་མཛེས་པ། རིན་པོ་ཆེ་ལ་སོགས་པས་བརྒྱན་ཅིང་རིན་པོ་ཆེའི་དབུ་རྒྱན་ལ་རྣམ་པར་སྣང་མཛད་གནས་པའོ། །འོག་ཏུ་གནས་པ་ནི་གནོད་མཛེས་ཏེ། སྔོན་པོ་གསལ་ཤིང་འཛིན་པ། རིན་
པོ་ཆེས་དབུ་བརྒྱན་པ་ལ་མི་བསྐྱོད་པ་གནས་པ། རྣམ་པ་སྣ་ཚོགས་པའི་རྒྱན་དང་ལྡན་པའོ། །ཐམས་ཅད་ཀྱང་ཉི་མའི་དཀྱིལ་འཁོར་གྱི་འོད་དང་ལྡན་པ། སྡུག་བསྔལ་ལ་སོགས་པ་ཤེས་པ་བཅུ་པོ་རྣམ་པར་དག་པ་སྟེ། བདུད་ཀྱི་དཀྱིལ་འཁོར་རྣམ་པར་གནོན་པའོ། །ཐམས་ཅད་ཀྱི་ཕྱག་གཡོན་
པ་རྣམས་ནི་ཀླུའི་ཞགས་པ་དང་ལྡན་པའི་སྡིགས་མཛུབ་སྙིང་གར་བཀོད་པ་ཅན་དུ་བསམ་མོ། །འདི་ནི་སྲུང་བའི་འཁོར་ལོའི་གཙོ་བོ་གང་འདོད་པས་སྲུང་བའི་འཁོར་གཙོ་བོ་བྱའོ། །དེ་ནས་སྲུང་བའི་འཁོར་ལོའི་གཙོ་བོ་ཞུ་སྟེ། རི་བོང་འཛིན་གྱི་གོང་བུར་གྱུར་པའི་གྱེན་དུ་གནས་པ་གྲུ་གསུམ་
པས་ཉེ་བར་མཛེས་ཤིང་ཕྱོགས་ཀྱི་སྒོ་ཀུན་དུ་རབ་ཏུ་གསལ་བ་ཅན། ནང་གི་ནམ་མཁའི་རང་གི་ངོ་བོ་རྣམ་པར་དག་པར་རྡོ་རྗེ་པདྨོ་ཆོས་ཀྱི་འབྱུང་གནས་རྣམ་པར་བསམ་མོ། །དེར་ཡཾ་རཾ་བཾ་ལཾ་ཞེས་བྱ་བའི་ས་བོན་རྣམས་ཀྱིས་རིམ་པ་ཇི་ལྟ་བར་རླུང་དང་མེ་དང་ཆུ་དང་ས་འཛིན་པའི་དཀྱིལ་འཁོར་རྣམས་
སུ་སོ་སོར་བྱ་བའི་དོན་ཏེ། འབྱུང་པོ་དང་། དབང་པོ་རྣམས་རྣམ་པར་དག་པར་བསམ་པའོ། །དེར་བྷྲཱུཾ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་བསམས་ཏེ། རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས་གཅིག་ཏུ་གྱུར་པའི་གོང་བུ་ལས། དེ་བཞིན་གཤེགས་པ་ཀུན་གྱི་ཡོན་ཏན་རྣམ་པར་དག་པ་
དང་། །ཁམས་གསུམ་ཐམས་ཅད་རོ་གཅིག་པའི་གཟུགས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུན་སུམ་ཚོགས་པའི་གནས་སུ་འགྱུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ལ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་འདིས་ང་རྒྱལ་དང་ལྡན་པར་བྱ་སྟེ། གཞལ་ཡས་ཁང་བརྩེགས་པ་བསྒོམ་པར་
བྱའོ། །དེའི་སྟེང་དབུས་སུ་ཨཱ་ལི་དང་ཀཱ་ལི་ཉིས་འགྱུར་དུ་བལྟས་ལ། དེ་ཡོངས་སུ་ཞུ་བས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་སོ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམ་པར་དག་པའི་རང་

བཞིན་དུ་རབ་ཏུ་གོ་བར་བྱའོ། །དེ་ས་བོན་ཧཱུཾ་དང་ཨ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་དམ་པས་མཚན་པའི་མཚོ་ནས་སྐྱེས་པའི་སྣོད་དག་ལ་དེས་མཚན་པ་ནི་དོན་གྱི་དངོས་པོ་ཐམས་ཅད་སོ་སོར་རྟོག་པའི་རང་བཞིན་ནོ། །དེའི་འོད་ཟེར་གྱིས་ཐུབ་པའི་ཚོགས་རྣམས་སུ་འཐོན་ནས་འགྲོ་བ་ཀུན་གྱི་ཤིན་
ཏུ་སྡུག་བསྔལ་ཞི་བར་མཛད་དེ་བྱོན་པས་རབ་ཏུ་ཞུགས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་ནི། བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་དང་ལྡན་པར་བྱའོ། །དེ་དག་ནི་འབྱུང་བ་རྣམས་དང་། དབང་པོ་ལྔའི་རང་བཞིན་ཡན་ལག་དག་པར་ཁོང་དུ་ཆུད་པར་བྱའོ། །
དེ་སྐད་དུ་ཡང་གསུངས་པ། སངས་རྒྱས་གནས་བཞི་རྫོགས་ནས་ནི། །རྣམ་པ་ལྔ་པོ་བསྒོམ་པར་བྱ། །ཞེས་པ་སྟེ། ཚིག་འདིས་ནི་དབང་པོ་ལྔ་ནི་མཚན་མ་ལ་སོགས་པ་ལྡན་པ་ལ་བཤད་དོ། །དེ་ལྟ་བུའི་བཅོམ་ལྡན་འདས་ནི་དཔེ་མེད་པ་རྒྱལ་བའི་ཚོགས་ཀྱི་རྡུལ་ཕྲ་རབ་ཡོངས་སུ་བསྡུས་པའི་
སྐུའི་ཡན་ལག་གི་མདངས་སྟོན་ཀའི་ཟླ་བ་ལྟ་བུ། ཀུན་དུ་ནམ་མཁའ་དང་མཉམ་པ། སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་ལས་བྱུང་བ་སྟེ། ཞལ་གསུམ་ནི་སྔོན་པོ་དང་། དམར་པོ་དང་དཀར་པོ་ལ། ལྷ་མོ་ལྔ་པོ་ནི་ནག་པོར་རོ། །དེ་དག་ནི་མཆོག་བདེ་བའི་དངོས་པོ་རྡོ་རྗེ་འཛིན་པ་ཆེན་
པོ་བསམ་པའོ། །དེའི་ཐུགས་ཀའི་འོད་ཀྱི་ཚོགས་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཚོགས་རྣམས་དྲངས་ཏེ་བཅུག་ལ་གཟུགས་ལ་སོགས་པའི་ལྷ་མོ་རྣམས་སུ་ཕྱུང་སྟེ། རང་གི་ལྷ་མོར་བཅུག་པར་བྱའོ། །དེའི་པདྨའི་ལྟེ་བར་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་རྫོགས་པར་བྱས་ཏེ།
གྲིབ་མ་དང་སྒྱུ་མ་ལྟ་བུར་འཇིག་རྟེན་ན་གྲགས་པའི་དྲི་ཟའི་སྐྱེས་བུ་དྲངས་ཏེ་བཅུག་པས་དབང་བསྐུར་ཏེ། ཐབས་ཅིག་ལྷ་མོའི་པདྨའི་ལྟེ་བར་འདུག་ནས། ཡི་གེ་ཧོཿའབར་བ་གཉིས་ཀྱི་བར་དུ་བཅུག་པའི་ཡི་གེ་གསུམ་པོ་རྣམ་པར་བསམས་ལ། འདོད་ཆགས་ཆེན་པོའི་ཡི་གེ་རྣམས་འོད་དུ་
ཞུ་བས་དངུལ་ཆུ་ལྟ་བུར་སོང་བར་བལྟས་ལ། ཐོག་མ་མེད་པར་གྲུབ་པའི་སྤོས་བྱེད་མ་ལ་སོགས་པས་རྨི་ལམ་དང་སྒྱུ་མ་ལྟ་བུ་རྣམས་ཀྱིས་བསྐུལ་བར་བསམ་མོ། །ཁྱོད་ནི་རྡོ་རྗེའི་སྐྱོན་རྣམས་ཡོངས་སུ་སྐྱོང་མཛད་དག་པའི་ཐུགས། །ཤིན་ཏུ་རྣམ་པར་ཆོས་ཀྱིས་རབ་ཏུ་བརྒྱན་བྱས་བཟང་

པོའི་སྐུ། །སྦོས་མོ་བདག་ལ་དི་རིང་གཟིགས་ཏེ་སྟོང་པ་དོར་མཛོད་ལ། །འདྲེན་པ་འཇིག་རྟེན་པ་ཡི་རྒྱུ་ལས་སྐྱེས་པ་བཞེངས་མཛོད་ཅིག །ཁྱོད་ནི་རྡོ་རྗེ་གཏི་མུག་ཡོངས་དག་མཛད་པའི་སྐུ། །གཟུགས་བརྙན་ལྟ་བུའི་ཆོས་ཀྱིས་རབ་ཏུ་བརྒྱན་པ་ཆོས་ཀྱི་སྐུ། །རི་ཁྲོད་མ་བདག་
ལ་གཟིགས་མགོན་པོ་སྟོང་པ་དོར་མཛད་ལ། །མགོན་པོ་འདྲེན་པ་འཇིག་རྟེན་པ་ཡི་རྒྱུ་ལས་སྐྱེས་པ་བཞེངས་མཛོད་ཅིག །ཁྱོད་ནི་རྡོ་རྗེ་ཆགས་པ་ཡོངས་སུ་སྐྱོང་མཛད་དག་པའི་གསུང་། །ངེས་པར་སོ་སོར་རྟོག་པས་རབ་ཏུ་བརྒྱན་པ་བཟང་པོའི་སྐུ། །གཏུམ་མོ་བདག་ལ་དི་རིང་།
གཟིགས་ཏེ་སྟོང་པ་དོར་མཛད་ལ། །མགོན་པོ་འདྲེན་པ་འཇིག་རྟེན་རྒྱུ་ལས་སྐྱེས་པ་བཞེངས་མཛོད་ཅིག །ཁྱོད་ནི་སངས་རྒྱས་སྐྱོང་མཛད་ཐམས་ཅད་གཟུགས། །ཐམས་ཅད་མཉམ་པ་ཉིད་ཀྱིས་རབ་ཏུ་བརྒྱན་མཛད་ཅིང་། །སྨེ་མོ་བདག་ལ་དི་རིང་གཟིགས་ཏེ་སྟོང་པ་དོར་མཛད་ལ། །འདྲེན་
པ་འཇིག་རྟེན་པ་ཡི་རྒྱུ་ལས་སྐྱེ་བ་བཞེངས་མཛོད་ཅིག །ཅེས་སོ། །དེ་ལྟ་བུའི་སྙིང་རྗེ་ཆེན་པོ་སྔོན་དུ་བསྐྱེད་པའི་བསམ་པའི་ཐུགས་ཀྱིས་རྣལ་འབྱོར་པ་ཐིག་ལེ་ལས་ཉམས་པར་གཟིགས་ནས། ཧཱུཾ་དང་ཨཾ་གི་ས་བོན་དག་གིས་མཚན་པའི་མཚོ་ལས་སྐྱེས་པའི་སྣོད་ལ་སྣ་ཚོགས་རྡོ་རྗེས་མཚན་
པར་གྱུར་པར་བསམས་ཏེ། རྣམ་པར་རྟོག་པ་དང་བཅས་པ་ཏིང་ངེ་འཛིན་ལ་སོགས་པ་རྣམ་པ་ལྔ་པོ་རང་གི་ངོ་བོས་སྤྲོ་བ་དང་བསྡུ་བའི་དངོས་པོ་སྔོན་དུ་གནས་ཏེ་དེར་བརྟན་པར་བྱས་པས། དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་དག་པའི་སྐུ་དཔལ་ཧེ་རུ་ཀ་སྟེ་ཞབས་བཞི་པོས་བདུད་
བཞི་མནན་པ། ནགས་ཀྱི་ཡན་ལག་ལྟ་བུའི་ཕྱག་བཅུ་དྲུག་པོ་རྣམས་ནི་ཐོད་པའི་ཚོགས་རྣམས་བསྣམས་པ། སྐུ་དང་རྩ་བའི་ཞལ་ནི་འཇིག་པའི་དུས་ཀྱི་ཆར་སྤྲིན་ལྟར་སྔོ་བའོ། །ཆུ་སྐྱེས་ཀྱི་ཞལ་གཡས་པ་དང་གཡས་པ་མ་ཡིན་པ་དག་ནི་རི་བོང་འཛིན་པ་ཡོངས་སུ་རྫོགས་པ་ལྟ་བུ་དང་།
ཉིན་མོ་བྱེད་པ་གསར་དུ་ཤར་བ་ལྟ་བུའི་འོད་དང་མཚུངས་པར་ལྡན་པའོ། །སྟེང་མ་ཉིད་ནི་རབ་ཏུ་རྣམ་པར་གཙིགས་པའོ། །ལྷག་མ་བཞི་པོ་རྣམས་ནི་བུང་བའི་ཡན་ལག་ལྟར་ཤིན་ཏུ་འཇིགས་པའོ། །སྤྱན་ཉི་ཤུ་རྩ་བཞིའི་ཕྲེང་བས་རྣམ་པར་མཛེས་ཤིང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་

བཞུགས་པ། སྟག་གི་པགས་པའི་སྨད་དཀྲིས་ཅན་དབུའི་ལྕང་ལོ་དམར་སེར་འབར་བ་གྱེན་དུ་བརྫེས་པ་ནགས་ཚལ་ལྟ་བུ་ཅན་མཆོག་ཏུ་བཟང་པོའི་རྡོ་རྗེ་འཆང་བ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་པའི་ཤིན་ཏུ་མཛེས་པར་བསམ་པར་བྱའོ། །གློ་དང་དབུགས་དང་རིམས་ནད་དང་། །གློ་ཁྲག་མཛེ་ནད་
འབྲུམ་བུ་དང་། །སྦོས་ནད་མཆིན་ནད་རང་བཞིན་ཏེ། །གླང་པོ་རྟ་བོང་བན་གླང་དང་། །རྔ་མོ་མི་དང་སེང་རྒྱལ་དང་། །དེ་བཞིན་དུ་ནི་བྱི་ལ་རྣམས། །གཡས་པའི་ཐོད་པ་བརྒྱད་རྣམས་ནི། །གཉིས་འཐུང་ལ་སོགས་རིམ་བཞིན་ཤེས། །ས་དང་ཆུ་དང་རླུང་དང་ནི། །མེ་དང་ཟླ་བ་ཉི་མ་ཉིད། །
མཐར་བྱེད་ནོར་སྦྱིན་ཉིད་རྣམས་ནི། །གཡོན་པའི་ཐོད་པ་བརྒྱད་རྣམས་ལ། །ས་སོགས་རིམ་བཞིན་ཤེས་བྱ་སྟེ། །དབང་ཕྱུག་ལ་སོགས་རྣམ་དག་པའོ། །ཀུན་བཟང་ཡང་དག་བསྒོམ་པ་ནི། །རང་ལྷག་ལྷ་ཡི་སྒྲུབ་པའི་ཐབས། །ཞེས་གསུངས་པ་འདིས་ནི་རྟོག་པ་དང་བཅས་
པ་ལ་སོགས་པའི་བསམ་གཏན་ལྔ་པོ་དམིགས་པར་བྱའོ། །སྲིད་པ་དང་མྱ་ངན་ལས་འདས་པའི་ཚོགས་རྣམ་པར་སྤངས་པར་སྟོང་པ་ཉིད་སྙིང་རྗེ་དབྱེར་མི་ཕྱེད་པས་ན་ཆོས་ཀྱི་དབྱིངས་སུ་ང་རྒྱལ་བྱའོ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སོ། །དེའི་རྗེས་སུ་མིག་དང་། རྣ་བ་དང་། སྣ་
དང་། ལྕེ་དང་། ལུས་དང་སྙིང་ག་རྣམས་སུ་རི་བོང་འཛིན་གྱི་དཀྱིལ་འཁོར་རོ། །དེ་རྣམས་ཀྱི་སྟེང་དུ་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཁཾ་ཧཱུཾ་ས་བོན་དང་གྲི་གུག་ཡོངས་སུ་ཞུབ་ལས། དཀར་པོ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནམ་མཁའི་མདོག་ཅན། གཏི་མུག་དང་། ཞེ་སྡང་
དང་། སེར་སྣ་དང་། ཕྲ་མ་དང་། འདོད་ཆགས་དང་། ཕྲག་དོག་དང་། རྡོ་རྗེ་བདག་མེད་རྣམས་ཏེ། གྲི་གུག་དང་ཐོད་པ་འཛིན་པ་སྲོག་ཐུང་བའི་སྟེང་དུ་གནས་པར་དགོད་དོ། །སྙིང་ག་དང་། མགྲིན་པ་དང་། སྤྱི་བོར་ནི་ཧཱུཾ་ཨཾ་ཨོཾ་ཞེས་པའི་ས་བོན་ཏེ། དེ་རྣམས་ལས་སྐྱེས་པའི་མཁའ་སྤྱོད་མ་
དང་། ས་སྤྱོད་མ་དང་། ས་འོག་ན་སྤྱོད་པ་རྣམས་ཁ་དོག་སྔོན་པོ་དང་། དམར་པོ་དང་། དཀར་པོ་རྣམས་རྣམ་པར་བཀོད་དེ་སྤྲོ་བ་ལ་སོགས་སྔོན་དུ་བྱས་ནས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཁེ་ཙ་རི་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་བྷཱུ་ཙ་རི་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་པཱ་ཏཱ་ལ་ཝཱ་

སི་ནི་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པ་འདིས་ང་རྒྱལ་བྱས་ལ། དེ་ནས་རང་གི་སྙིང་གར་དམ་ཚིག་སེམས་དཔའ་ཇི་བཞིན་པའོ། །ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མ་དང་ས་བོན་འོད་ཀྱི་ཚོགས་ཀྱིས་ཐུབ་པའི་ཚོགས་ལ་མཆོད་དེ། དེ་ལས་རྣམ་པར་སྤྲོས་པའི་
འོད་ལས་ལྷ་མོའི་ཚོགས་རྣམས་པདྨའི་ལག་པ་ན་བུམ་པར་བྱང་ཆུབ་ཀྱི་སེམས་ཀྱི་ཆུས་གང་བ་བསྣམས་པ་རྣམས་ཕྱུང་སྟེ། བདག་ཉིད་ལ་དབང་བསྐུར་བ་འདི་ལྟར་ང་རྒྱལ་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་བཞིན་གཤེགས་པ་ལྔ་རྣམས་ཀྱིས་དབུ་
རྒྱན་དུ་དབང་བསྐུར་བར་བསམ་པར་བྱའོ། །དགའ་བ་དང་མཆོག་ཏུ་དགའ་བ་དང་། བྲལ་བའི་དགའ་བ་དང་། རང་བཞིན་གྱི་དགའ་བ་དང་། ཡན་ལག་བཞི་པོ་རྣམས་ཀྱི་སྐུ་སྟེ། རྣམ་པ་སྣ་ཚོགས་དང་རྣམ་པར་བཙིར་བ་དང་མཚན་ཉིད་དང་བྲལ་བ་རྣམས་ནི། བློ་དམན་པ་ལ་སོགས་པའི་གཟུགས་
ཀྱི་རྣམ་པར་གྲོལ་བའོ། །དེ་ཉིད་ཀྱི་མདུན་དུ་དབུ་མར་གྱུར་པའི་རྡོ་རྗེ་བདག་མེད་མ་སྟེ། གཡས་པ་ལྕུག་མའི་ཕྱག་ན་གདུག་པ་ཅན་ལ་བསྡིགས་པའི་མཛུབ་མོ་དང་གྲི་གུག་གོ། །ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་གང་བའི་ཐོད་པ་བསྣམས་པའི་ལྕུག་མ་གཡོན་པས་ནི་རྒྱལ་བའི་བདག་པོའི་མགུལ་
པ་ནས་འཁྱུད་པ་སྟེ། ཞལ་གཅིག་མའོ། །དེ་ཡོངས་སུ་སྦྱང་བ་ནི། ཨོཾ་ཧཱུཾ་ཨཾ་སྭཱ་ཧཱ་ཞེས་བྱ་བ་རྣམས་ནི་སྐུ་དང་ཐུགས་དང་རིན་པོ་ཆེ་དང་པདྨ་དམར་པོ་དང་ལས་ཀྱི་རིགས་རྣམས་ཀྱི་བདག་ཉིད་དེ་མགོ་བོ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བ་དང་། བརླ་གཉིས་པོ་དང་། ཡན་ལག་རྣམས་
བྱིན་གྱིས་བརླབ་པར་བྱའོ། །ཧཱུཾ་ཨཾ་ཞེས་པའི་ས་བོན་དག་གིས་པདྨ་དང་ལྟེ་བ་དག་པར་བྱའོ། །ཧཱུཾ་ཨཾ་ཞེས་པས་ནི་རྡོ་རྗེ་དང་རིན་པོ་ཆེ་བསྐྱེད་དོ། །ཕཊ་སེར་པོ་དག་ནི་བུ་ག་དག་ཏུའོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པ་འདིས་ང་རྒྱལ་དང་ལྡན་པར་བྱ་སྟེ། བདེ་
བར་གཤེགས་པ་རྣམས་བདག་ཉིད་ལ་ཞུགས་པའི་ཆོ་གས་རྗེས་སུ་ཆགས་པར་བྱའོ། །དེ་དག་ནི་དང་པོ་རྣལ་འབྱོར་རོ། །སྙིང་གའི་ས་བོན་གྱི་འོད་ཀྱི་དྲ་བས་ཐུབ་པའི་ཚོགས་རྣམས་དྲངས་ཏེ། བདག་ཉིད་ལ་བཅུག་ལ་ལྷ་མོའི་པདྨའི་ལྕེ་བར་གཙུབ་ཤིང་གཙུབས་པས་བསྐྱེད་པའི་རྣལ་འབྱོར་མའི་

འཁོར་ལོ་ལ་བརྟན་པར་བྱས་ནས་བླ་མའི་མན་ངག་རྗེས་སུ་ཤེས་པས་བཟུང་སྟེ་ཀུན་དུ་སྤྲོ་བར་བྱའོ། །དེ་ལ་ས་བོན་གཾ་ཡོངས་སུ་ཞུ་བ་ལས་རི་བོང་འཛིན་པ་དང་འདྲ་བ་ལ། གཡས་པས་ལྕགས་ཀྱུ་བསྣམས་ཤིང་། པདྨའི་ཕྱག་གཡོན་ན་གདུག་པ་རྣམས་ལ་སྡིགས་མཛུབ་བརྩོན་པར་མཛད་མ་སྟེ།
མེ་ལོང་ལྟ་བུའི་ཡེ་ཤེས་དང་། གཟུགས་ཀྱི་ཕུང་པོ་དང་། དད་པ་རྣམ་པ་གསུམ་དག་པའི་སེར་མོ་ཤར་སྒོར་གཞག་པར་བྱའོ། །དེ་བཞིན་དུ་ས་བོན་ཙཾ་ལས་གསེར་བཙོ་མ་དང་མཚུངས་ཤིང་གཡས་པ་ན་ཚེ་ཆེན་པོའི་རྡོ་རྗེ་ཞགས་པ་ཅན་གྱི་ཆོམ་རྐུན་མ་ལྷོ་ཕྱོགས་ཀྱི་སྒོར་བཞག་སྟེ། མཉམ་པ་ཉིད་ཀྱི་
ཡེ་ཤེས་དང་། ཚོར་བའི་ཕུང་པོ་དང་། བརྩོན་འགྲུས་རྣམ་པར་དག་པའི་གཟུགས་ཅན་བསམ་པར་བྱའོ། །ས་བོན་བཾ་ལས་རོ་ལངས་མ་ཉི་མ་འཆར་ཀ་དང་འདྲ་མ་སྐུ་མཛེས་མ་སྟེ། འདུ་ཤེས་ཀྱི་ཕུང་པོ་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་འདྲ་བ་རྣམ་པར་དག་པའི་རང་བཞིན་ཅན། གཡས་པའི་
ཕྱག་གི་ལོ་མ་ནི་རྡོ་རྗེ་ལྕགས་སྒྲོག་བསྣམས་པ། ཡང་དག་པར་རྫོགས་པའི་བྱང་ཆུབ་འཆིང་བར་མཛད་པ་མོ་ནུབ་ཀྱི་སྒོར་རོ། །ས་བོན་གྷཾ་ལས་ནོར་བུ་ལྗང་སེར་ལྟར་གསལ་བའི་སྐུ་རབ་ཏུ་མཛེས་མའི་ཟ་ནུས་མ། ཕྱག་གཡས་པའི་ལོ་མ་ན་རྡོ་རྗེ་དྲིལ་བུ་འཁྲོལ་མ་སྟེ། འདུ་བྱེད་ཀྱི་ཕུང་པོ་དང་། བྱ་བ་
ནན་ཏན་གྱི་ཡེ་ཤེས་དང་། ཏིང་ངེ་འཛིན་རྣམ་པར་དག་པའི་རང་བཞིན་མ་བྱང་གི་སྒོར་རོ། །དབང་ལྡན་དང་མེ་དང་བདེན་བྲལ་དང་། རླུང་གི་མཚམས་སུ་ནི་སྦོས་བྱེད་མ་དང་། རི་ཁྲོད་མ་དང་། དྲག་འཛིན་མ་དང་། སྨེ་མོ་རྣམས་ཏེ། ཁ་དོག་ནི་སྔོན་པོ་དང་། དཀར་མོ་དང་། སྔོ་བསངས་དང་།
སྣ་ཚོགས་ཀྱི་མདོག་ཅན་ནོ། །དེ་ལས་ས་བོན་པཾ་ལས་སྦོས་བྱེད་མ། སེང་གེ་རྒྱལ་མོ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དྲིལ་བུ་འཛིན་མ་སྟེ། སའི་ཁམས་དང་། སྙིང་རྗེ་ཆེན་པོ་ལ་སོགས་པའི་རང་བཞིན་ནོ། །ས་བོན་ཤཾ་ལས་རི་ཁྲོད་མ་ཕྱག་གཉིས་ན་མཚོ་ལས་
སྐྱེས་པའི་སྣོད་ལ་དགེ་སློང་གནས་པ་དང་། རི་བོང་བསྣམས་པ་སྟེ། ཆུའི་ཁམས་དང་བྱམས་པ་ཆེན་པོ་ལ་སོགས་པའི་རང་བཞིན་ནོ། །ས་བོན་ཙཾ་ལས་དྲག་འཛིན་མ་རོལ་པ་དང་བཅས་ལ། ཕྱག་དག་གི་ལོ་མ་ན་འཁོར་ལོ་དང་མེ་ཐབ་བསྣམས་པ་སྟེ། མེའི་ཁམས་དང་དགའ་བ་ཆེན་

པོ་རྣམ་པར་དག་པའི་རང་བཞིན་ནོ། །ས་བོན་ཌཾ་གིས་སྨེ་མོ་ཕྱག་གཡས་པ་དང་གཡོན་པ་གཉིས་ན་རྡོ་རྗེ་རྒྱལ་མཚན་ཆེན་པོ་བསྣམས་པའོ། །རླུང་གི་ཁམས་དང་བཏང་སྙོམས་ཆེན་པོ་ལ་སོགས་པ་རྣམ་པར་དག་པའི་གཟུགས་ཅན་ནོ། །དེ་དག་སྣ་ཚོགས་པའི་མཚོ་ལས་སྐྱེས་
པ་ཉིན་མོར་བྱེད་པའི་དཀྱིལ་འཁོར་གྱི་སྟེང་དུ། ཚངས་པ་དང་། བརྒྱ་བྱིན་དང་། ཁྱབ་འཇུག་དང་། དྲག་པོ་དང་། གཤིན་རྗེ་དང་། ཀུ་བེ་ར་དང་། བདེན་བྲལ་དང་། ཐགས་བཟངས་རིས་རྣམས་ཀྱི་རང་བཞིན་མཐིལ་དུ་འདམ་སྐྱེས་ཀྱི་ཞབས་རྣམས་གཡོན་བརྐྱང་བའི་རོལ་པས་ནོན་པ་དང་། མིའི་
རུས་པའི་རྒྱན་གྱིས་བརྒྱན་པ་དང་། དབུ་སྐྲ་དམར་སེར་གྱེན་དུ་འབར་ཞིང་དབུ་ལ་ཐོད་དང་ལྡན་པས་སེམས་ཅན་གྱི་དོན་ལ་ཐུགས་རྗེ་ཆེན་པོས་མཆོག་ཏུ་བརྩོན་པ་མཆོག་ཏུ་དགའ་བས་རྣམ་པར་སྒེག་པ་སྤྱན་གསུམ་པ་ཅན་ནོ། །དེ་ལྟ་བུར་ཀུན་དུ་རྫོགས་པའི་དཀྱིལ་འཁོར་ལ་རྣམ་པར་
བལྟས་ཏེ། སྙིང་གའི་ས་བོན་གྱི་འོད་ཀྱི་ལྕགས་ཀྱུས་རྒྱལ་བའི་ཚོགས་རྣམས་ཀྱི་དཀྱིལ་འཁོར་གྱི་གཟུངས་དྲངས་ནས། ཤར་གྱི་སྒོའི་གློར་བལྟས་ལ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་མཆོད་ཡོན་དབུལ་བར་བྱའོ། །ཨོཾ་པཱ་ཏྱཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་ཞབས་བསིལ་དབུལ་ཏེ། གདན་དུ་མེ་
ཏོག་ཕུལ་ལ་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཨོཾ་བཛྲ་གཽ་རཱི་ཨཱ་ཀཪྵ་ཡ་ཛཿ། ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུཾ། ཨོཾ་བཛྲ་བེ་ཏཱ་ལཱི་བནྡྷ་བཾ། ཨོཾ་བཛྲ་གྷསྨ་རཱི་ཏོ་ཥ་ཡ་ཧོཿ། འདི་རྣམས་ཀྱིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། མཉེས་པར་བྱས་ཏེ། མིག་ལ་སོགས་པ་བྱིན་གྱིས་བརླབས་
པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་བྱས་ནས། དབང་བསྐུར་བའི་ཕྱིར་ན། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། རྡོ་རྗེ་ཅན་རྣམས་དང་། སྦོས་བྱེད་མ་ལ་སོགས་པ་རྣམས་ཀྱི་དབུ་རྒྱན་ལ་ཡང་ཐུགས་དང་སྐུ་དང་རྡོ་རྗེ་རིན་པོ་ཆེ་དང་། རྡོ་རྗེ་ཚེ་
དཔག་ཏུ་མེད་པ་རྣམས་དབུ་རྒྱན་དུ་བསམ་པར་བྱའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་སེར་མོ་ལ་སོགས་པ་རྣམས་བཀུག་སྟེ་དྲངས་ནས། རང་གི་ལྷ་མོའི་པདྨའི་དཀྱིལ་དུ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་བསམ་ཞིང་ཅུང་ཞིག་སྲོག་བསྡམས་ཏེ་རྣམ་པར་བསམ་མོ། །

དེ་ལྟར་རང་གི་རིག་མའི་བ་སྤུའི་བུ་ག་ནས་སེར་མོ་ལ་སོགས་པ་ལྷ་མོའི་ཚོགས་འཐོན་པ་རྣམས་ཀྱིས་ཟླ་བ་ལ་སོགས་པ་རྣམས་ཀྱིས་གང་བའི་སྣོད་རྣམ་པར་འགྱུར་བའི་ཕྱག་གི་པདྨོར་བསྣམས་པ་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་དུ་རབ་ཏུ་གང་སྟེ་སྒྱུ་མ་ལྟ་བུ་ལ་སོགས་པར་མཁས་པ་རྣམས་ཀྱིས་
བལྟས་ལ། དབྱེ་བའི་རྣམ་པར་རྟོག་པ་ལས་རྣམ་པར་གྲོལ་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པས་དེའི་ང་རྒྱལ་དུ་བྱའོ། །དེ་ནས་སྒྲ་བརྙན་ལྟ་བུའི་ཚོགས་ཀྱིས་ཐམས་ཅད་བསྟོད་པ་བྱེད་པར་བལྟ་སྟེ། ཁྱེད་ནི་རྣལ་འབྱོར་མ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར། །ཁྱོད་
ནི་རང་གི་ཐུགས་ཀྱིས་ཡོངས་སུ་བརྙེས་ལྡན་པ། །ཁྱོད་ནི་རྒྱུ་དང་མི་རྒྱུ་འགྲོ་བ་ཀུན་སྦྱངས་ཤིང་། །སེམས་ཅན་རྣམས་ལ་ཐུགས་རྗེའི་ཐུགས་སྟོབས་མཛད་པའོ། །སྒྱུ་མའི་སྤྲོས་པ་རྣམས་ལ་རྡོ་རྗེ་འཕེལ་མཛད་ཅིང་། །ཨེ་མའོ་བརྙེས་ལྡན་ཐུགས་ཀྱི་རྡོ་རྗེ་ཧེ་རུ་ཀ་དཔལ་བསྟོད། །ཅེས་པའོ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པས་ང་རྒྱལ་དུ་བྱའོ། །དེའི་རྗེས་སུ་ཨཾ་ལས་སྐྱེས་པ་རླུང་གི་དཀྱིལ་འཁོར་ཡཾ་གིས་མཚན་པའོ། །དེའི་སྟེང་དུ་རཾ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པའོ། །དེའི་སྟེང་དུ་ཨ་ལས་བྱུང་བའི་པདྨའི་སྣོད་ཡཾ་གིས་མཚན་པའོ། །
དེའི་སྟེང་དུ་བདུད་རྩི་ལྔ་དང་སྒྲོལ་མ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་མཚན་པ་སྦར་ཞིང་སྤྲོས་པས་དྲི་མ་རྣམས་དང་བྲལ་ཏེ། དེ་ནས་ཧཱུཾ་ལས་དྷཾ་ཧཱུཾ་གིས་མཚན་པ། ཤེལ་གྱི་རྣམ་པ་ལྟ་བུས་བྱིན་གྱིས་བརླབ་པའོ། །དེ་ལ་ཡི་གེ་ཨོཾ་གྱིས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དྲངས་པ་དབྱེར་
མེད་པའི་སྔགས་ཀྱི་རོ་མཆོག་དང་ལྡན་པ་རྣམ་པར་སྨིན་པ་ནུས་པའི་རང་བཞིན་དུ་བལྟས་ཏེ། ལྕེ་ལ་རྡོ་རྗེ་ཧཱུཾ་གིས་མཚན་པ་བསམས་ནས་སྙིང་གར་ས་བོན་གྱི་ཐིག་ལེར་དཀྱིལ་འཁོར་རབ་ཏུ་བཀོད་ལ་རབ་ཏུ་ཚིམ་པར་བྱའོ། །ཨོཾ་བཛྲ་ཛི་ཧྭ་ཧཱུཾ་ཞེས་པའི་སྔགས་ཀྱིས་ལྕེ་བྱིན་གྱིས་བརླབ་
པོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་ཨཱ་སཏྭ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པས་ང་རྒྱལ་དང་ལྡན་པར་བྱའོ། །དེ་དག་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །སྙིང་གའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དཔལ་ཧེ་རུ་ཀའི་གཟུགས་སུ་བྱས་ཏེ། དཀྱིལ་

འཁོར་ལ་ཐིམ། དཀྱིལ་འཁོར་པ་ནི་བདག་ལ་ཐིམ། བདག་ནི་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་ནི་མཚན་མ་ལའོ། །མཚན་མ་ནི་ས་བོན་ལའོ། །ས་བོན་ནི་ཐིག་ལེ་ལའོ། །ཐིག་ལེ་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྐད་ཅིག་ཙམ་གྱིས་ཡོངས་སུ་རྫོགས་
པར་བསམས་ལ། སྤྲོ་བ་ལ་སོགས་པ་དེ་བཞིན་དུ་བྱ་སྟེ། འདི་ནི་ཐིག་ལེའི་རྣལ་འབྱོར་རོ། །སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་སྟེ་ཞུ་བ་ལ་པདྨའི་ལྟེ་བའི་རྩེ་མོར་རང་གི་མཚན་མའི་དབུས་སུ་རིན་པོ་ཆེ་སྣ་ལྔ་ལ་ཉུངས་ཀར་ལྟ་བུའི་ཚད་ཙམ་གྱི་ནང་དུ་དཀྱིལ་འཁོར་
གྱི་འཁོར་ལོ་རྫོགས་པར་བྱས་པ་ལས་བརྟན་ཞིང་བརྟན་ལ་ཇི་སྲིད་དུ་མཚན་མ་ལྔ་པོ་སྐྱེས་པའི་བར་དུ་བསམ་པར་བྱའོ། །དེ་ནས་ཕྱིས་ནི་རྗེས་སུ་རྣལ་འབྱོར་གྱིས་སྤྲོ་ཞིང་བསྡུ་བ་ལ་སོགས་པ་སྟེ། འདི་ནི་ཕྲ་མོའི་རྣལ་འབྱོར་རོ། །ཡེ་ཤེས་ཡུད་ཙམ་གྱིས་བསྒྲུབས་ལ་འོད་ཟེར་མཐའ་ཡས་པའི་
ཚོགས་རྣམས་སྤྲོ་ཞིང་རང་གཞན་རྣམས་མཐོང་བར་འགྱུར་བ་འདིར་ཡང་དག་པར་རྫོགས་པར་གྱུར་པའི་བར་དེ་སྲིད་དུ་བསྒོམ་པར་བྱའོ། །སྐྱོ་ན་ནི་ཉིན་དང་མཚན་མེད་པར་སྔགས་ཀྱི་བཟླས་པ་མན་ངག་ཇི་ལྟ་བ་བཞིན་བྱའོ། །སྔགས་ཀྱི་བཟླས་པ་དེ་ཡང་མི་ནུས་ན། ཨོཾ་དྷ་ར་དྷཱ་ར་ཡ། མརྡ་མརྡ།
བཛྲ་དྷྲྀཀ་ཧཱུཾ་ཕཊ་ཅེས་པས་སྔགས་ཀྱི་བཟླས་པར་བྱའོ། །སྐྱོ་ན་ཉམས་དང་ལྡན་པར་བྱ་སྟེ། སྤྱི་བོར་ཟླ་བ་ལ་གནས་པའི་ཡི་གེ་ཨོཾ་ལས་བདུད་རྩིའི་རྒྱུན་འཛག་པས་ཉེ་བར་ཚིམ་པར་བྱའོ། །ལྷ་མོའི་གླུ་ཡིས་བདེ་ཞིང་རབ་སྤྲོ་རོལ་བྱས་ནས། །མཆོད་པ་ལ་སོགས་པ་ནི་བསམ་
པར་བྱའོ། །གང་གི་ཚེ་ན་ལྡང་བར་འདོད་པ་ན། །ངག་དང་ལུས་ཀྱི་གཡེང་བ་མེད་པར་ནི། །འཁོར་ལོ་འདི་ནི་མཆོད་ཅིང་བསྟོད་ནས་ནི། །མཁས་པས་ལངས་ཏེ་འགྲོ་བའི་དོན་བྱས་ནས། །འདོད་པའི་ཡོན་ཏན་ལྔ་པོ་གདོད་ནས་དག་ཅིང་དྲི་མ་མེད་པར་ནི། །གཟུགས་སོགས་ལྷ་མོའི་
དངོས་སམ་ཡི་དམ་ལྷ་ལ་རྡོར་འཛིན་ནམ། །སྐུ་རྡོ་རྗེ་ལ་སོགས་པ་བདེ་གཤེགས་གནས་སུ་འདིར་ནི་འཇུག་པར་བྱ། །སྙིང་རྗེའི་ངོ་བོ་བདུད་རྩིའི་མཆོག་འཐུངས་རྟག་ཏུ་ཡང་དག་བདེ། །མྱ་ངན་འདས་པའི་ཡང་དག་ཁྱེར་བར་བྱ་བ་འདི་ཀུན་མ་ནོར་བྱ། །ཉེས་པ་ཟད་པ་བྱ་ཕྱིར་རང་ཉིད་

ཐུགས་རྗེའི་རོ་དབང་གྱུར་པས་དཔལ་ལྡན་ལས་ཀྱི་རྡོ་རྗེ་བསྒོམ། །སྙིང་གར་ཟླ་བར་ཡི་གེ་ཁཾ་ལས་སྐྱེས་ཤིང་དེ་ཡིས་མཚན་པའི་སྣ་ཚོགས་རྡོ་རྗེ་བསམ་བྱས་ཏེ། །དེ་ལས་འཐོན་པའི་འོད་ཟེར་རྣམས་ཀྱི་ཚོགས་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་བྱ། །དེ་བཞིན་གཤེགས་སྒྲའི་གཟུགས་
སུ་འཁོར་ལོར་གནས་དེ་བགེགས་རྣམས་ཀུན་ནི་རབ་ཏུ་གཞིག་པར་བྱ། །མངའ་བདག་ཐོ་རངས་ལངས་ཏེ་མཆོད་པ་ལ་སོགས་བཟླས་པ་དང་ནི་བསྒོམ་པ་ཆོ་ག་བཞིན་དུ་བྱའོ། །ཕྱི་འབྲེད་འཁོར་ལོ་སེམས་ལ་བཙུད་ནས་རིག་པ་དང་ནི་བཅས་པར་རྟག་ཏུ་ཉལ་བར་བྱ། སེམས་ཅན་རྣམས་ནི་
རྫོགས་པའི་བྱང་ཆུབ་རྒྱུ་རུ་རྟག་ཏུ་དགེ་བ་འང་ཐམས་ཅད་བསྔོ་བ་ཡིན། །ཉིན་རང་དང་ནི་མཚན་དག་ཕྱེད་དུ་ཡང་ནི་ལངས་ལ་དེ་བཞིན་རྒྱ་ཆེན་པོར་ནི་བསམ་པར་བྱའོ། །ཡན་ལག་དྲུག་དང་ཏིང་འཛིན་གསུམ་ནི་དེ་ལྟར་བསྒོམ་པར་བྱའོ། །ཡན་ལག་དྲུག་པོ་ཇི་ལྟར་བསྒོམ་ཞེ་ན། འདི་
སྐད་གསུངས་པ། སངས་རྒྱས་གནས་བཞི་རྫོགས་ནས་ནི། །རྣམ་པ་ལྔ་པོ་བསྒོམ་པར་བྱ། །རྣམ་པ་ལྔ་པོ་བསྒོམ་བྱས་ཏེ། །ཀུན་དུ་བཟང་པོ་བསྒོམ་པར་བྱ། །རང་ལྷག་ལྷ་ཡི་སྒྲུབ་པའི་ཐབས། །དཀྱིལ་འཁོར་དེ་བཞིན་དགོད་བྱ་སྟེ། །མཆོད་བསྟོད་བདུད་རྩི་མྱང་སོགས་རྣམས། །
རིམ་པ་རུ་ནི་སྒོམ་བྱེད་པ། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་པས་སོ། །འདིར་ཡང་ཁ་ཅིག་ཏུ་ནི་ཀུན་དུ་བཟང་པོའི་དཀྱིལ་འཁོར་གྱི་བདག་ཉིད་དུ་བཞེངས་པར་འདོད་དོ། །གཞན་གྱིས་ནི་ཁུ་བ་ལས་སྐྱེས་པར་འདོད་དོ། །ཁ་ཅིག་ནི་འབྲས་བུའི་དངོས་པོ་
དཀྱིལ་འཁོར་གྱི་བདག་ཉིད་དུ་འདོད་དོ། །ཏིང་ངེ་འཛིན་གསུམ་པོ་འདིར་གོ་བར་བྱའོ། །དེ་ནས་རྣལ་འབྱོར་པ་གང་ཞིག་བསྡུས་པའི་དཀྱིལ་འཁོར་མཐའ་དག་བསྒོམ་པར་འདོད་ན་ནི་རྣམ་པར་སྣང་མཛད་ཞུ་བ་ལས་དཀྱིལ་འཁོར་ལྔ་པོ་སོ་སོའི་དབྱིབས་དང་གདན་དུ་བཅས་པ་བསྒོམ་
པ་ལ། གཙོ་བོ་ལྔའི་གནས་རྣམས་སོ་སོར་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ལྔའི་ཚུལ་ནི་མཐུན་ལ། རང་རང་གི་ས་བོན་དང་། མཚན་མ་དང་། དེའི་ཁ་དོག་རྣམས་མི་མཐུན་པ་ལས་རྒྱུའི་བཅོམ་ལྡན་འདས་ལྔ་བསྐྱེད་དེ། ཆོ་ག་བཞིན་དུ་ཞུ་བ་ལས་སོ་སོའི་མཚམས་རྣམས་ཀྱི་ལྷ་

མོ་རྣམས་ཀྱི་རྒྱུད་ལས་འབྱུང་བའི་གླུའི་ཚིག་གིས་བསྐུལ་ནས། ཡང་སོ་སོའི་མཚན་མ་དང་ས་བོན་ལས་སོ་སོའི་སྐུ་རྣམས་ཇི་ལྟར་གསུངས་པ་བཞིན་དུ་རྫོགས་པ། དེ་ལ་པདྨ་ལ་སོགས་པ་བྱིན་གྱིས་བརླབས་པ་དང་། གསང་གནས་བྱིན་གྱིས་བརླབས་པའི་ཡན་ལག་སོ་སོར་
བྱས་ཏེ། དབུས་མའི་དཀྱིལ་འཁོར་གདོན་པ་ལུགས་དང་མཐུན་པར་རང་རང་གི་དཀྱིལ་འཁོར་གྱི་ལྷ་མོ་རྣམས་ཀྱི་རང་རང་གི་མིང་གི་ཡི་གེ་དང་པོ་རྣམས་ཀྱིས་ཕྱག་མཚན་དང་ཁ་དོག་དང་དབྱིབས་སུ་ལྡན་པ་ཇི་སྐད་གསུངས་པ་བཞིན་དུ་རྫོགས་པར་བྱས་ཏེ། རང་རང་གི་གནས་སུ་དགོད་པར་བྱའོ། །
དེ་རྣམས་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྟིམས་ནས་མིག་བྱིན་གྱིས་བརླབ་པ་ལ་སོགས་པ་ནས། བདུད་རྩི་མྱང་བ་ཡན་ཆད་སྤྱིར་མཐུན། ཡང་ན་ཞེ་སྡང་ཧེ་རུ་ཀའི་རིག་མའི་གསང་བ་ནས། སོ་སོའི་གཙོ་བོ་དང་བཅས་པ་རང་རང་གི་ས་བོན་ལས་བཏོན་ལ་གཞན་ནི་གོང་མ་དང་མཐུན། ས་བོན་རྣམས་
ནི་བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་གཙོ་བོ་བཞིའོ། །སཾ་པཾ་བཾ་ཨཾ་སྒོ་མ་བཞིའོ། །པཾ་དུཾ་དཾ་མཾ་མཚམས་མ་རྣམས་ཀྱིའོ། །སུཾ་དུཾ་རཾ་ཏཾ་རྡོ་རྗེ་ཉི་མའི་སྒོ་མ་རྣམས་ཀྱིའོ། །ལཾ་ཧཾ་ནྲཾ་གྲིཾ་མཚམས་མ་རྣམས་ཀྱིའོ། །པཾ་དཾ་ཡ་ཥླཾ་པདྨ་གར་གྱི་དབང་ཕྱུག་གི་སྒོ་མ་བཞིའོ། །བཾ་བིཾ་མུཾ་མུཾ་མཚམས་རྣམས་ཀྱིའོ། །ཏཾ་ཀུཾ་ཀཾ་པཾ་
རྟ་མཆོག་གི་སྒོ་མ་རྣམས་ཀྱིའོ། །ལཾ་མཾ་པཾ་ཏཾ་མཚམས་ཀྱིའོ། །ཀྱེའི་རྡོ་རྗེ་ནི་ཤིན་ཏུ་གསལ་ལོ། །སྔགས་ཀྱི་ཕྲེང་བ་ཟློས་ན་སྙིང་པོ་དང་ཉེ་བའི་སྙིང་པོ་རྣམས་ཏེ་རྒྱུད་ལས་གསུངས་སོ། །བདག་དང་བདག་གི་ལྟ་བའི་ཚོགས་དང་ཉོན་མོངས་ལ་སོགས་ཆུ་ན་གནས་པ་ལྟ་བུས་གཡེང་བ་
རྣམས། །འཁོར་བའི་ཆུ་བོའི་དབུས་ན་གནས་ཤིང་སྲོག་མཐའ་ལྟ་བུར་སྡུག་བསྔལ་སྐྱེ་བ་ཀུན། །མགོན་པོ་ཧེ་རུ་ཀ་ཡི་སྒྲུབ་ཐབས་བརྗོད་ཅིང་བྱས་པས་བསོད་ནམས་སྐྱེས་པ་གང་ཡིན་པ། །དེ་ཡིས་འཇིག་རྟེན་པ་རྣམས་དེ་བཞིན་ཉིད་དུ་རྟག་ཏུ་ཁྱེར་ཞིང་གྲོལ་བར་འགྱུར་བར་ཤོག། །
རྒྱུད་རྒྱལ་རྡོ་རྗེ་གུར་གྱི་སྒྲུབ་པའི་ཐབས། །དད་དང་བརྩོན་འགྲུས་གཉིས་ཀྱིས་འགྲོ་ཀུན་ལ། །ཕན་པའི་བསམ་པས་བསྒྱུར་བའི་བསོད་ནམས་ཀྱིས། །འགྲོ་ཀུན་རྡོ་རྗེ་གུར་དུ་འཇུག་པར་ཤོག །མཁའ་འགྲོ་མ་རྡོ་རྗེ་གུར་གྱི་སྒྲུབ་ཐབས་དཀྱིལ་འཁོར་བསྡུས་པའི་རྗེས་སུ་འབྲང་བ་ཞེས་བྱ་བ།

སློབ་དཔོན་ཆེན་པོ་ལྷའི་བརྟུལ་ཞུགས་ཞེས་བྱ་བས་མཛད་པ་རྫོགས་སོ།། །།མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ།། །།སྟོན་པ་ཤཱཀྱ་ཐུབ་པ་ཡིས། །རྒྱ་གར་རྡོ་རྗེ་གདན་དྲུང་དུ། །རཱ་ཛ་ཟས་གཙང་སྲིད་བོར་ནས། །དམ་ཆོས་མེ་བཞིན་རབ་སྦར་ཏེ། །བརྩོན་པར་བྱས་དེ་ཐུགས་
ལ་ཞོག །༄༅༅། །རྒྱ་གར་སྐད་དུ། ད་ཤ་ཏཏྟྭཱ། བོད་སྐད་དུ། དེ་ཁོ་ན་ཉིད་བཅུ་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་མགོན་པོ་དང་། །བླ་མ་ལ་གུས་ཕྱག་བྱས་ཏེ། །དགྱེས་པའི་རྡོ་རྗེ་ལས་གསུངས་པ། །
དེ་ཉིད་བཅུ་ནི་མདོར་བསྡུས་བཤད། །སྲུང་བ་དབང་བསྐུར་གཏོར་མ་བཟླས་དགར་དང་། །ཕྱིར་བཟློག་དག་དང་དཀྱིལ་འཁོར་སྒྲུབ་པ་དང་། །སྡིག་སྦྱོང་བ་དང་གཤེགས་སུ་གསོལ་བ་སྟེ། །དེ་ཉིད་བཅུ་ཞེས་སངས་རྒྱས་རྣམས་ཀྱིས་གསུངས། །དེ་ལ་དོན་ནི་འདི་ཡིན་ཏེ། སྲུང་བའི་
འཁོར་ལོ་ཞེས་བྱ་བ་ནི། ཡི་གེ་པཾ་སེར་པོའི་ས་བོན་ལས་བྱུང་བའི་སྣ་ཚོགས་པདྨ་ལ། ཡི་གེ་ཨ་ལས་ཉི་མ་ལ་གནས་པའི་ས་བོན་བྷྲཱུཾ་སེར་པོ་དེ་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བཅུ། དེའི་དབུས་ཀྱི་ལྟེ་བ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ་ཡོངས་སུ་གྱུར་པ་
ལས་རྡོ་རྗེ་ཧཱུཾ་མཛད་དང་། ཆོ་ག་བཞིན་དུ་ས་བོན་གྱི་ཡི་གེ་བཅུ་རྩིབས་བཅུ་ལ་གནས་པ་དེ་ལས་བསྐྱེད་པའི་ཁྲོ་བོ་བཅུ་པོ་ཡིན་ནོ། །དེ་ལ་ཤར་གྱི་རྩིབས་ལ་གཤིན་རྗེ་གཤེད་སྔོན་པོ་ཐོ་བ་བསྣམས་པའོ། །ལྷོའི་རྩིབས་ལ་ཤེས་རབ་མཐར་བྱེད་བེ་ཅོན་དཀར་པོ་བསྣམས་པའོ། །ནུབ་ཀྱི་རྩིབས་
ལ་པདྨ་མཐར་བྱེད་པདྨ་དམར་པོ་བསྣམས་པའོ། །བྱང་གི་རྩིབས་ལ་བགེགས་མཐར་བྱེད་རྡོ་རྗེ་ནག་པོ་འཛིན་པའོ། །དབང་ལྡན་གྱི་རྩིབས་ལ་འདོད་པའི་རྒྱལ་པོ་ནག་པོ་ལྕགས་ཀྱུ་འཆང་བའོ། །མེའི་རྩིབས་ལ་དབྱུག་པ་སྔོན་པོ་ཕྱག་ན་དབྱུག་པ་ནག་པོ་བསྣམས་པའོ། །བདེན་
བྲལ་གྱི་རྩིབས་ལ་སྟོབས་པོ་ཆེ་ཕྱག་ན་རྩེ་གསུམ་བསྣམས་པའོ། །རླུང་གི་རྩིབས་ལ་མི་གཡོ་བ་རལ་གྲི་ནག་པོ་འཆང་བའོ། །སྟེང་གི་རྩིབས་ལ་གཙུག་ཏོར་འཁོར་ལོས་སྒྱུར་བ་རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན་འཁོར་ལོ་དཀར་པོ་བསྣམས་པའོ། །འོག་གི་རྩིབས་ལ་

གནོད་མཛེས་རྒྱལ་པོ་མི་བསྐྱོད་པའི་ཅོད་པན་ཅན་ཕྱག་ན་རྡོ་རྗེ་ནག་པོ་བསྣམས་པའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་དབུ་ལ་མི་བསྐྱོད་པས་བརྒྱན་པ། རྡོ་རྗེ་ནག་པོ་བསྣམས་པའོ། །ཤར་ལ་སོགས་པའི་ཁྲོ་བོ་བཞི་པོ་དག་ལ་ནི། གོ་རིམས་བཞིན་དུ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་།
སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པའི་ཅོད་པན་ཅན་ནོ། །རིམ་པ་དེ་བཞིན་ཉིད་དུ་དབང་ལྡན་ལ་སོགས་པའི་འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་། སྟོབས་པོ་ཆེ་དང་། མི་གཡོ་བ་དག་ལ་ནི། མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། འོད་དཔག་མེད་དང་། དོན་
ཡོད་གྲུབ་པའི་ཅོད་པན་ཅན་ནོ། །ཁྲོ་བོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ་སྟེ། གཡོན་གྱི་མཛུབ་མོ་དག་ནི་སྡིགས་མཛུབ་དང་བཅས་པ་དང་། གཡས་པ་རང་གི་ཕྱག་མཚན་འཆང་བ་ཁྲོ་བ་དང་བཅས་པའི་ཞལ་གདངས་སྤྱན་ཟླུམ་པ་དམར་བ། སྐྲ་སེར་ལ་གྱེན་དུ་བརྫེས་པ། གཟུགས་
ཁྲོ་བ་བདུད་རྣམས་བསྡིགས་པར་མཛད་པ། ཉི་མ་ལ་བཞུགས་ཤིང་། ཉི་མའི་དཀྱིལ་འཁོར་གྱི་འོད་ཅན་དག་གོ། །གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་དག་ནི་སྦོམ་ལ་གསུས་པ་ལྡིར་བ། སྦྲུལ་གྱིས་བརྒྱན་པ། སྨིན་མ་སེར་པོ་གྱེན་དུ་
བརྫེས་པ་ཡིན་ལ། གཞན་རྣམས་རོལ་པའི་སྐུ་མདོག་ཡིན་ནོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དང་པོའོ།། །།ད་ནི་དབང་བསྐུར་བ་དེ་བརྗོད་པར་བྱ་སྟེ། གོ་རིམས་བཞིན་དུ་དཀྱིལ་འཁོར་གྱི་ཁང་པར་དཀྱིལ་འཁོར་བྱས་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དང་། དཀྱིལ་འཁོར་བསྒྲུབས་ལ།
རྒྱགས་པ་དང་ང་རྒྱལ་དང་དྲེགས་པ་ཅུང་ཟད་མེད་པ། ཤིན་ཏུ་དད་པས་བལྟ་བ་ལ། ཆུ་དང་། ཅོད་པན་དང་། རྡོ་རྗེ་དང་། བདག་པོ་དང་མིང་ལ་སོགས་པ་བདུན་པོས་དབང་བསྐུར་བའི་སློབ་མ་ལ་ཆོ་ག་བཞིན་དུ་གསང་བའི་དབང་སྦྱིན་པར་བྱའོ། །དེའི་རྗེས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་
གྱི་ཆོ་ག་དང་ལྡན་པ་བདུན་པོ་ཐོབ་པ་དང་། གསང་བའི་དབང་བསྐུར་བ་ཐོབ་པ་དང་། ཤེས་རབ་ཡེ་ཤེས་ལ་སེམས་རབ་ཏུ་དགའ་བ་དང་། ཤེས་རབ་དང་སྦྱོར་བའི་བདེ་བའི་བརྡས་བསྟན་པ་ལ། ཤེས་རབ་ཡང་དག་པར་གཏད་པའི་ཆོ་གས་ལུང་ལས་གསུངས་པ་བཞིན་ཤེས་རབ་གཏད་

པར་བྱའོ། །ཤེས་རབ་ཡེ་ཤེས་ཡང་དག་པར་གཏད་པ་བླངས་པའི་བདེ་བའི་བརྡ་གང་ཡིན་པ་དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དེ་ནས་ཀྱང་འོག་ཏུ་བླ་མ་དམ་པས་བསྟན་པས་རིག་པར་བྱ་བ་དེ་ནི་དབང་བསྐུར་བ་བཞིན་ཡིན་ནོ། །དེ་ཁོ་ན་ཉིད་གཉིས་པའོ།། །།ད་ནི་དེ་ཁོ་ན་ཉིད་གསུམ་པ་
གཏོར་མ་བཤད་པར་བྱ་སྟེ། གསང་སྔགས་ཧཱུཾ་བརྗོད་པས་དཔལ་ཧེ་རུ་ཀའི་རྣམ་པར་གྱུར་པ་དང་། ཐམས་ཅད་དུ་བསྲུང་བ་དེའི་གནས་དང་། དཀྱིལ་འཁོར་མདུན་དུ་བསམ་མོ། །གོང་མ་གོང་མའི་རིམ་པས་ཆོས་འབྱུང་སུམ་བརྒྱུད་ཀྱི་དབུས་སུ་ཆུད་པ། པདྨ་དམར་པོ་འདབ་མ་བརྒྱད་པ་
བསམས་ལ་དེའི་སྟེང་དུ་གཽ་རཱི་ལ་སོགས་པ་ལ་དཔག་ཏུ་མེད་པའི་འཇིག་རྟེན་ན་གནས་པའི་ཁྱབ་འཇུག་དང་། ལྷ་ཆེན་པོ་དང་། དབང་ཕྱུག་ཆེན་པོ་དང་། ཉི་མ་དང་། ཟླ་བ་ལ་སོགས་པ་འཇིག་རྟེན་མཐའ་ཡས་པ་རྣམ་པར་ཉམས་པར་བྱེད་པའི་སྐྱེ་གནས་ཐམས་ཅད་འཁོར་དང་བཅས་པ་ཐམས་
ཅད་སྤྱན་དྲངས་ལ་ས་བོན་གྱི་ཡི་གེ་ཨཾ་ཡོངས་སུ་གྱུར་པ་ལས། ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་བསྣམས་པ། སྐུ་མདོག་དཀར་པོ་རང་གི་ཤེས་རབ་ཀྱིས་འཁྱུད་པའི་ལུས་ཅན་གཡས་བརྐྱང་པས་བཞུགས་པ། ཡན་ལག་བཞིས་བྱིན་གྱིས་བརླབས་པ། རྣམ་པར་སྣང་མཛད་ཀྱི་ཅོད་
པན་ཅན། ཨརྒྷ་དང་བཏུང་བ་ལ་སོགས་པས་བསྟབས་པ། ཟས་ལ་ཆགས་པ་མེད་པའི་སེམས་ཀྱིས་བསྒོམ་པར་བྱའོ། །དབུས་སུ་ཕྱོགས་སྐྱོང་བ་རང་གི་ཕྱོགས་སུ་གྱུར་པའི་འདབ་མར་ཆུད་པ་རྣམས་ས་བོན་གྱི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས། ནག་པོ་ཆེན་པོ་མི་བསྐྱོད་པའི་ཅོད་པན་
ཅན་ནོ། །འོག་ཏུ་སྟོབས་ཀྱི་རྒྱུ་དང་། མཐའ་མེད་དང་། ནོར་རྒྱས་ཀྱི་བུ་དང་། འཇོག་པོ་དང་། རིགས་སྦྱིན་དང་། དུང་དང་། པདྨ་དང་། པདྨ་ཆེན་པོ་རང་རང་གི་ཕྱོགས་ཀྱི་འདབ་མར་ཆུད་པ། ལྷ་མ་ཡིན་དང་བཅས་པ། ས་བོན་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས། མདོག་དམར་པོ་སྣང་བ་
མཐའ་ཡས་ཀྱི་ཅོད་པན་ཅན་ཡིན་ལ། ལྷག་མ་ནི་སྔ་མ་བཞིན་ནོ། །དེའི་འོག་ཏུ་བཟའ་བ་དང་། བཏུང་བ་བདུད་རྩི་ལ་སོགས་པ་བདུད་རྩི་ཉིད་དུ་བསྒྲུབ་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུའི་དབྱིབས་ལྟ་བུ་དང་། དེའི་སྟེང་དུ་

རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་དམར་པོ། །དེའི་སྟེང་དུ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་བྱུང་བ་པདྨའི་སྣོད་བཟང་པོ་བཟའ་བ་ལ་སོགས་པས་བཀང་བ། ས་བོན་ལྔས་བྱིན་གྱིས་བརླབས་པ་འབར་བ་དང་དྲོ་བ་དག་གིས་ཞུ་བར་གྱུར་པ། དེའི་སྟེང་དུ་ས་བོན་གྱི་ཡི་གེ་ཨོཾ་
ཡོངས་སུ་གྱུར་པའི་ཟླ་བ་ཡོངས་སུ་ཞུ་བའི་བདུད་རྩིར་བྱས་ལ། དྲི་དང་། མེ་ཏོག་དང་། སྤོས་དང་། རྒྱལ་མཚན་དང་། གདུགས་དང་། གོས་ལ་སོགས་པ་དང་། བཏུང་བ་ལ་སོགས་པ་དང་བཅས་པ། སློབ་དཔོན་དྲིལ་བུ་བརྡུང་བར་ཕྱོགས་པས། ཨོཾ་ཨིནྡ་ཡ་མ་ཛ་ལ་ཡཀྵ་ཞེས་བྱ་བ་ལ་
སོགས་པས་གཏོར་མ་སྦྱིན་པར་བྱ་ཞིང་། དེ་ནས་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་བྱུང་བའི་གཽ་རཱི་ལ་སོགས་པའི་ཕྱག་ན་མཆོད་པ་སྣ་ཚོགས་པ་ཐོགས་པ་ལ་སོགས་པས་བྱ་ཞིང་། དེའི་འོག་ཏུ་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་
བཅད་པས་བསྟོད་པར་བྱའོ། །བསྟོད་མ་ཐག་ཏུ་ཨོཾ་བཛྲ་སཏྭས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་
བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཿམུཿཞེས་བྱ་བའོ། །སྔགས་ཀྱིས་གཤེགས་སུ་གསོལ་བར་བྱའོ། །ད་ནི་གཏོར་མ་བསྡུས་ཏེ་བསྟན་པར་བྱ། ལྷའི་རྣལ་འབྱོར་པ་དྲིལ་བུ་བརྡུང་བ་ལ་གཞོལ་བས། ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ་པདྨ་དམར་པོ་ལ་གོང་དུ་སྨོས་པའི་ལྷའི་
དེ་ཁོ་ན་ཉིད་གོ་རིམས་བཞིན་དུ་གཽ་རཱི་ལ་སོགས་པས་བཀུག་ལ། ཡུད་ཙམ་གྱིས་སྔར་བསྒྲུབས་པའི་གཏོར་མ་དང་། དབང་པོ་ལ་སོགས་པའི་སྔགས་ཀྱིས་ཚིམ་པར་བྱ་བ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །མདོར་བསྡུས་པའི་གཏོར་མའོ། །གཏོར་མའི་དེ་ཁོ་ན་ཉིད་དེ་གསུམ་པའོ།། །།ད་ནི་
བཟླས་པ་བཤད་པར་བྱ་སྟེ། ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བའི་རང་གི་ལྷའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་ལྷན་ཅིག་སྐྱེས་པ་བསྒོམ་པའི་དེ་མ་ཐག་ཏུ་རང་གི་ལྷ་དྲན་པས། རང་གི་སྙིང་གར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་གི་ས་བོན་ལས་བྱུང་

བའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཏུ་གཏོགས་པའི་དྲི་མ་བསལ་ནས་བདག་ཉིད་ལ་སླར་ཞུགས་ཏེ། རང་གི་འདོད་པའི་ལྷའི་སྔགས་བཟླས་སོ། །ཡང་དེ་བཞིན་དུ་བལྟ་བར་བྱའོ། །གསང་སྔགས་བཟླས་ཤིང་མཆོད་པ་ལ་སོགས་པ་བྱས་ནས་ལྡང་བར་བྱའོ། །སྔགས་
བཟླས་པའི་དེ་ཁོ་ན་ཉིད་དེ་བཞི་པའོ།། །།དགར་བ་ཡང་བརྗོད་པར་བྱ་སྟེ། བསྟན་པ་ལ་གནོད་པར་བྱེད་པ་དང་། བླ་མ་དང་སངས་རྒྱས་བསླུས་པ་དང་། ཕ་དང་མ་གསོད་པ་ལ་འཚེལ་བ་མཐོང་ནས་གཞན་གྱི་ལས་དགེ་བ་དང་མི་དགེ་བ་མངོན་པར་ཤེས་པ་ཡོད་པའི་རྣལ་འབྱོར་པ་སྙིང་རྗེ་དང་
ལྡན་པའི་སེམས་ཀྱིས། སྦྱིན་པ་དང་དགུག་པ་ལ་སོགས་པས་ནན་ཏན་དུ་གཉེར་བ་ན། བདག་ཉིད་ངན་པ་མི་བྱེད་ན་ཡང་། དེ་བཞིན་དུ་ལས་བྱེད་པ་ལ་ཡང་དང་ཡང་དུ་དོན་དུ་གཉེར་བར་བྱའོ། །གལ་ཏེ་ཚིག་མི་ཉན་ན། དེའི་ཚེ་བརྩེ་བ་དང་ལྡན་པས་དཔལ་དགྱེས་པའི་རྡོ་རྗེ་ལས་གསུངས་པའི་
དྲག་པོའི་ལས་བྱ་སྟེ། དེ་ལ་རིམ་པ་ནི་འདི་ཡིན་ཏེ། ཐུན་མཚམས་སུ་ཏིང་ངེ་འཛིན་གྱི་སྦྱོར་བ་དང་ལྡན་པར་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས། སངས་རྒྱས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། རང་བཞིན་གྱི་གནས་ནས་བཀུག་ལ། དེ་རྣམས་ཀྱི་སྤྱན་སྔར་དེ་ལྟ་
བུའི་ལས་བྱེད་པ་དེའི་བསྒྲུབ་བྱ་བལྟས་ནས། སངས་རྒྱས་རྣམས་ལ་བསྒྲག་པར་བྱའོ། །དེའི་འོག་ཏུ་དཀྱིལ་འཁོར་པ་དང་བཅས་པ་སྤྱན་དྲངས་ལ། མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་བྱས་ལ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རང་གི་
འཁོར་ལོའི་གཙོ་བོ་སྤྱན་དྲངས་ལ། རྡོ་རྗེའི་ལམ་ནས་པདྨར་ཞུགས་པར་གྱུར་པས། ཞགས་པ་དང་། ལྕགས་ཀྱུ་དང་། ཐོ་བ་ཐོགས་པའི་གཽ་རཱིའི་གཟུགས་སུ་བྱུང་བར་བལྟའོ། །གཽ་རཱི་རང་གི་འོད་ཟེར་གྱི་གཟུགས་སུ་སྤྲོས་པས་བསྒྲུབ་བྱ་དེའི་སྔགས་དང་ཕྱག་རྒྱ་ལ་སོགས་པ་བསལ་ནས།
ཞགས་པས་བཅིངས་ཤིང་ལྕགས་ཀྱུས་དྲངས་ནས། འཁོར་ལོ་མདུན་དུ་བཀུག་ལ། རྣལ་འབྱོར་པ་དེས་ཡེ་ཤེས་སེམས་དཔའ་དེ་ལ། བདག་གི་ངོ་བོའི་དབང་དང་ནི། །མི་བསྐྱོད་ངོ་བོ་ལ་ཆགས་པས། །སྨད་པའི་ལས་རྣམས་ཀུན་འབྱུང་བའི། ལུས་འདི་ཁྱོད་ཀྱིས་སྤང་བར་བྱ། །ཞེས་དོན་

དུ་གཉེར་བར་བྱས་ནས་ནི། གཽ་རཱི་ལྕགས་ཀྱུ་ཞགས་པ་ཡིས། །ཡེ་ཤེས་སེམས་དཔའ་དེ་ཕྱུང་ནས། །གཽ་རཱི་ལག་པའི་ལྕགས་ཀྱུ་ཡིས། །བསྒྲུབ་བྱའི་ལྟེ་བའི་རྩ་བ་ནས། །རྒྱུ་མ་མ་ལུས་དྲངས་ནས་ནི། །དཀའ་ཐུབ་ཅན་གྱིས་དེ་མ་ཐག །དྲག་པོའི་ལས་ལ་སྦྱར་བར་བྱ། །
ཡང་ནི་དུད་འགྲོའི་གཟུགས་བྱས་ལ། །གཅེར་འགྲེང་ཁ་ནས་ཁྲག་སྐྱུག་པ། །འདར་བ་སྐྱབས་མེད་པ། ཏིལ་མར་གྱིས་བྱུགས་པ། གོས་མེད་པ། སྐྲ་གྱེན་དུ་བརྫེས་པ། དེའི་བཤང་བའི་ལམ་དུ་མེ་ཁབ་ཀྱི་གཟུགས་ཅན་རབ་ཏུ་ཞུགས་པར་བསམས་ལ། སྙིང་གར་མེའི་ས་བོན་བསམས་ནས།
དེ་མ་ཐག་ཏུ་བསྒྲལ་བར་བྱའོ། །ཡེ་ཤེས་སེམས་དཔའ་ཡང་མི་བསྐྱོད་པར་བསྒྲུབས་ལ། ཆོ་གའི་རིམ་པ་ཇི་ལྟ་བ་བཞིན་དུ་མཆོད་པ་དང་བསྟོད་པ་བདུད་རྩི་མྱང་བ་བྱས་ནས་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་བལྟ་བར་བྱའོ། །དགར་བའི་དེ་ཁོ་ན་ཉིད་དེ་ལྔ་པའོ།། །།ད་ནི་བསྒོམ་པའི་
ཕྱིར་བཟློག་པ་བསྟན་པར་བྱ་སྟེ། གཙོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བ། ཕྱག་གཉིས་པ་རང་གི་ཕྱག་མཚན་དང་སྡིགས་མཛུབ་དང་། ཁྲོ་བ་དང་བཅས་པ་ཉི་མའི་གདན་ལ་གཡོན་བརྐྱང་བས་བཞུགས་པ། ཁྲོ་བོའི་གཟུགས་ཅན། དབང་བསྐུར་བ་ལ་སོགས་པ་ལ། དགྲ་བོའི་ཚོགས་ལ་
བསྡིགས་པ། གཡོན་དུ་འཁོར་བ་གཡོ་བར་རྣམ་པར་བསམས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ན་མཿས་མནྟ་དྷརྨཱ་ནཱཾ། ན་མཿས་མནྟ་སཾ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ། ཨོཾ་བི་མ་ལ། ཤཾ་ཀ་ར། ཨོཾ་པྲ་ཏྱངྒི་ར། བཛྲ་ཨུཥྞཱི་ཥ་ཙཀྲ་ཝརྟི། སརྦ་ཡནྟྲ། མནྟྲ། མཱུ་ལ་ཀརྨ། བནྡྷ་ནཾ། ཏཱ་ཌ་ནཾ། ཀཱི་ལ་ནཱཾ་ཝཱ།
མ་མ་ཀྲྀ་ཏེ། ཡེ་ན་ཀེ་ན་ཙི་ཏ། ཀྲྀ་ཏནྟ་ཏ། སརྦཱནྡུ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མ་ར་མ་ར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཉལ་བའི་དུས་སུ་ལན་བདུན་བདུན་བཟླས་ནས་བསྒོམ་པར་བྱའོ། །བསྒོམ་པའི་ཕྱིར་བཟློག་པའི་དེ་ཁོ་ན་ཉིད་དེ་དྲུག་པའོ།། །།གྲོག་
ལ་སོགས་པ་ལ་འཁོར་ལོ་རྩིབས་བཅུ་པ་བྲིས་ལ། རྩིབས་དང་པོ་ལ་ན་མཿས་མནྟ་བུདྡྷེ་བྷྱོ། ན་མཿམུངྒ་ར་ཧསྟཱ་ཡ། ཙཎྜ་མཎྜ་ལ། ཨཱ་ཀྵེ་པ་ཀ་ར་ཡ། ཆེ་གེ་མོ་རཀྵ་ཀུ་རུ་ཧཱུཾ་ཕཊ། ལྷོའི་རྩིབས་ལ་ན་མཿས་མནྟ་བུདྡྷེ་བྷྱོ། མ་ཧཱ་དཎྜ་དྷ་ར་པི་བི་སུ་རཱ་སུ་ར་མརྡ་ན་བྷཱུ་ཏཾ་ནིརྨ་ཐ་ཆེ་གེ་མོ་རཀྵ་

ཀུ་རུ་ཧཱུཾ་ཕཊ། ནུབ་ཀྱི་རྩིབས་ལ། ན་མཿས་མནྟ་བུདྡྷེ་བྷྱོ། ཧུ་ལུ་ཧུ་ལུ་མ་ཧཱ་པདྨ་ཨ་མྲྀ་ཏེ་ཀུ་རུ་བི་ཥཾ་ཆེ་གེ་མོ་མ་མ་རཀྵ་ཀུ་རུ་ཧཱུཾ་ཕཊ། བྱང་གི་རྩིབས་ལ། ན་མཿས་མནྟ་བུདྡྷེ་བྷྱོ། ན་མོ་བཛྲ་ཀྲོ་དྷ་ཡ། མ་ཧཱ་དཾཥྚོཏྐ་ཊ་བྷཻ་ར་བཱ་ཡ། བཛྲ་སནྟོ་ཧ་དརྤཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལ་ཆེ་གེ་མོ་རཀྵ་ཀུ་རུ་ཧཱུཾ་ཕཊ། དབང་ལྡན་གྱི་
རྩིབས་ལ། ན་མཿས་མནྟ་བུདྡྷེ་བྷྱོ། ཨོཾ་ཡ་མ་དཎྜཱ་ཡ་ནཱི་ལ་དཎྜཱ་ཡ། ཀུ་རུ་ཀུ་རུ། མུ་རུ་མུ་རུ། སརྦ་དུཥྚཱ་ན་མཱ་ར་ཡ་མཱ་ར་ཡ་ཆེ་གེ་མོ་རཀྵ་ཀུ་རུ་ཧཱུཾ་ཕཊ། མེའི་རྩིབས་ལ། ན་མཿས་མནྟ་བུདྡྷེ་བྷྱོ། ན་མོ་མེ་ཧཱ་ཀཱ་ལཱ་ཡ། ཨུ་ཙྪུསྨ་ཀྲོ་དྷཱ་ཡ། གྷ་དྷ་ར་ཙཱ་ཡ། སརྦ་ནཱ་ག་མ་ཧཱ་ཧྲྀ་དཱ་ཡཱ་ཡ་ཆེ་གེ་མོ་རཀྵ་ཀུ་རུ་ཧཱུཾ་
ཕཊ། བདེན་བྲལ་ལ། ན་མཿས་མནྟ་བུདྡྷེ་བྷྱོ། ན་མོ་མོ་ཙ་ཡ་ཨཱ་ཀཪྵ་ཡ། ཙེཊྚ་ཡ། མོཊྚ། གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། ཆེ་གེ་མོ་རཀྵ་ཀུ་རུ་ཧཱུཾ་ཕཊ། རླུང་གི་ཕྱོགས་ལ། ན་མཿས་མནྟ་བུདྡྷེ་བྷྱོ། ཨོཾ་ཊཀྐི་རཱ་ཛ་ཆེ་གེ་མོ་རཀྵ་ཀུ་རུ་ཧཱུཾ་ཕཊ། འཁོར་ལོའི་ལྟེ་བ་ལ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་
ན་ཡ་ཧོ། བྷ་ག་ཝཱན་བིདྱཱ་རཱ་ཛ་ཆེ་གེ་མོ་རཀྵ་ཀུ་རུ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། འཁོར་ལོའི་མུ་ཁྱུད་ལ་སྔགས་འདི་བྲི་བར་བྱའོ། །ན་མཿས་མནྟ་བུདྡྷ་ནཱཾ། ན་མཿས་མནྟ་དྷརྨཱ་ཎཱཾ། ན་མཿས་མནྟ་སཾ་གྷཱ་ནཱཾ། ཨ་མྲྀ་ཏ་ཏ་ཕཊ་ཏྲཾ། ཨོཾ་བི་མ་ལ། ཨོཾ་ཤངྐ་ར། ཨོཾ་པྲ་ཏྱཾ་གི་ར། ཨོཾ་ཨུཥྞཱི་ཥ་ཙ་ཀྲ་
ཝརྟི། སརྦ་ཡནྟྲ། མནྟྲ། མཱུ་ལ་ཀརྨ། བནྡྷ་བནྡྷ། ཏ་ཌ་ནཾ། ཀཱི་ལ་ནཾ་བཱ། བ་ལ་ཀྲྀ་ཏེ། ཡེ་ན་ཀེ་ན་ཙིད་ཀྲྀ་ཏཾ། ཏད་སརྦ་ཙྪིནྡྷ་ཙྪིནྡྷ། ཙི་རི་ཙི་རི། གི་རི་གི་རི། མ་ར་མ་ར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བསྲུང་བའི་སྦྱོར་བ་འདིས་འཁྲུལ་འཁོར་དང་སྔགས་ལ་སོགས་པ་འཇིག་
པར་བྱེད་པ་ཡིན་ཏེ། སྲུང་བའི་འཁོར་ལོ་བྱས་པ་དཔུང་པར་གདགས་པར་བྱའོ། །ཁམས་གསུམ་པོས་ཟིལ་གྱིས་ནོན་པར་མི་འགྱུར་རོ། །བྲིས་པའི་ཕྱིར་བཟློག་པ་སྟེ་དེ་ཁོ་ན་ཉིད་བདུན་པའོ།། །།དེ་མ་ཐག་ཏུ་དཀྱིལ་འཁོར་གྱི་སྒྲུབ་པ་བརྗོད་པར་བྱའོ། །སྔགས་པ་ནུབ་ཏུ་ཁ་བལྟས་ཏེ།
དཀྱིལ་འཁོར་གྱི་བསྒྲུབ་པ་བརྩམ་པར་བྱའོ། །ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ནམ་མཁའ་ལ་གནས་པའི་དཀྱིལ་འཁོར་སྤྱན་དྲངས་ནས་རང་གི་རིག་མའི་པདྨར་ཞུ་བར་གྱུར་པར་བསམ་མོ། །ཞུ་བ་དེ་ལས་རང་གི་ས་བོན་གྱི་དཀྱིལ་འཁོར་དུ་འཁོར་ལོའི་གཙོ་

བོ་ལ་སོགས་པ་གོ་རིམས་བཞིན་དུ་སྤྲོ་བར་བྱའོ། །དེའི་འོག་ཏུ་མིག་ལ་སོགས་བྱིན་གྱིས་བརླབས་ལ། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་ལ་སོགས་པ་བྱའོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྒྲུབ་པ་སྟེ་བརྒྱད་པའོ།། །།ད་ནི་བསྡིགས་པའི་རབ་ཏུ་སྦྱོར་བ་བརྗོད་པར་
བྱ་སྟེ། རྣལ་འབྱོར་པའི་སེམས་བསྒོམ་པ་ཅུང་ཞིག་བརྟན་པར་གྱུར་ཅིང་མཚན་མ་ཅུང་ཞིག་རྙེད་པར་གྱུར་པས་ཟླ་བ་དྲུག་གི་བར་དུ་བསྒོམ་པར་བྱའོ། །དེ་ལྟ་ན་ཡང་གལ་ཏེ་མ་གྲུབ་ན། དེའི་ཚེ་རང་གི་འདོད་པའི་ལྷ་ཉིད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བ་ཅན་གྱི་ཇི་སྐད་བརྗོད་པའི་ཆོ་གས་དམ་ཚིག་
ལ་ཚོགས་པ་སྔོན་དུ་འགྲོ་བས་ཟླ་བ་བཅོ་བརྒྱད་བསྒོམ་པར་བྱའོ། །དེ་ལྟ་ན་ཡང་གལ་ཏེ་གྲུབ་པར་མ་གྱུར་ན། དེའི་ཚེ་ཐུན་མཚམས་སུ་ནི་བསྡིགས་པའི་སྦྱོར་བ་བརྩམ་པར་བྱ་སྟེ། དེ་ལ་རིམ་པ་ནི་འདི་དག་ཡིན་ནོ། །མི་བསྐྱོད་པའི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་པ་ཏིང་ངེ་འཛིན་གསུམ་དང་ལྡན་
པས། དཀྱིལ་འཁོར་ནག་པོས་ཡོངས་སུ་བསྐོར་བ། གཞལ་ཡས་ཁང་ནག་པོས་བསྒྲུབས་ལ་བསྒོམ་མོ། །དེའི་འོག་ཏུ་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱས་ནས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པའི་འཁོར་ལོ་སྤྱན་དྲངས་ཏེ།
པདྨའི་དཀྱིལ་འཁོར་དུ་ལྷུང་བར་གྱུར་པའི་མེའི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བ་འཇིགས་ཤིང་སྐྲག་པ། རབ་ཏུ་འདར་བར་གྱུར་པ་བལྟས་ལ། དེའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པའི་ཚོགས་ཤེས་རབ་ཆགས་པས་ཞུ་བར་གྱུར་པ། རྡོ་རྗེའི་ལམ་ནས་བྱུང་བ་ཡོངས་སུ་གྱུར་
པ་ལས། གཤིན་རྗེ་གཤེད་ཕྱག་གཉིས་པ། ཕྱོགས་བརྒྱད་ནས། ཨོཾ་ཨ་བཛྲ་ཙ་ར། ཨ་ཀྲོ་ན་མ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་བྱ་བས་ཕུར་བུས་གདབ་པར་བྱའོ། །འདི་ནི་མི་བསྐྱོད་པའི་ཆོ་ག་ཡིན་ནོ། །དེ་དག་ཐམས་ཅད་ལ་གདབ་པར་བྱ་བ་དང་། འདེབས་པ་པོ་དང་། འདེབས་པར་བྱེད་པ་ཞེན་པ་
མེད་པ་བྱས་ནས་འགྲུབ་པར་འགྱུར་གྱི་གཞན་དུ་མ་ཡིན་ནོ། །བསྡིགས་པ་བསྒྲུབ་པ་སྟེ་དེ་ཁོ་ན་ཉིད་དགུ་པའོ།། །།དེའི་འོག་ཏུ་གཤེགས་སུ་གསོལ་བ་བརྗོད་པར་བྱ་སྟེ། དེ་ལ་རིམ་པ་ནི་འདི་ཡིན་ནོ། །དཀྱིལ་འཁོར་གྱི་ཁང་པ་ནས་བྱུང་ལ། ཞི་བའི་སྦྱིན་སྲེག་བྱས་ནས། ཡང་དཀྱིལ་འཁོར་

གྱི་ཁང་བར་ཞུགས་ནས། མཆོད་པ་སྣ་ཚོགས་པས་དཀྱིལ་འཁོར་མཆོད་པར་བྱའོ། །སྤྲོས་པ་དང་བཅས་པའི་དྲིལ་བུ་དཀྲོལ་ལོ། །ཧཱུཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་
མཛད་དུ་གསོལ། །མུཿཞེས་བྱ་བའི་ཚིགས་སུ་བཅད་པ། དེའི་འོག་ཏུ་ས་ཚོན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་བསམ། ཡི་གེ་གསུམ་གྱི་མཐའ་ཅན་གྱི་དཀྱིལ་འཁོར་གྱི་ཚོན་ཕྱགས་ལ། དྲི་ཞིམ་པའི་སྣོད་དུ་བཅུག་པ། རྒྱ་མཚོར་འབབ་པའི་ཆུ་བོ་ལ་
དོར་བར་བྱའོ། །དཀྱིལ་འཁོར་གྱི་ས་བའི་རྣམ་ལྔས་བྱུགས་ཤིང་། ཡི་གེ་གསུམ་གྱི་མཐའ་ཅན་གྱི་ཆོ་གས་གཏོར་མ་སྦྱིན་པར་བྱའོ། །གཤེགས་སུ་གསོལ་བའི་དེ་ཁོ་ན་ཉིད་དེ་བཅུ་པའོ།། །།དེ་ཉིད་བཅུ་པ་ངེས་བྱས་པས། །བདག་གིས་བསོད་ནམས་གང་བསགས་པ། །དེས་ནི་འགྲོ་
བས་མི་ཤེས་པའི། །རབ་རིབ་རྣམས་ནི་ཞི་བྱེད་ཤོག།།མཁའ་འགྲོ་མ་རྡོ་རྗེ་གུར་གྱི་མན་ངག་དེ་ཁོ་ན་ཉིད་བཅུ་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དྲི་མེད་གྲགས་པས་མཛད་པ་རྫོགས་སོ།། །།མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་པ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་
ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །ཕུན་སུམ་ཚོགས་པ་ཀུན་སྤེལ་མ། །སྒྲོལ་མ་ལ་ནི་གུས་ཕྱག་འཚལ། །དེ་ཡི་སྒྲུབ་ཐབས་མན་ངག་བཞིན། །མདོར་བསྡུས་ནས་ནི་བྲི་བར་བྱ། །དང་པོར་རེ་ཞིག་
རྣལ་འབྱོར་པས་མེ་ཏོག་དྲི་ཞིམ་པ་ལ་སོགས་པས་ཉམས་དགའ་བའི་བསམ་གཏན་གྱི་ཁང་པ་ལ་སོགས་པར་ཞུགས་ཏེ། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ནས་རང་གི་སྙིང་གར་ཨཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཏཱཾ་ཡིག་སེར་པོ་ལས་བྱུང་བའི་
རྡོ་རྗེའོ། །རྡོ་རྗེ་ལ་ཏཱཾ་ཡིག་གི་ས་བོན་གནས་པའོ། །དེའི་འོད་ཟེར་གྱིས་བཀུག་པའི་བཅོམ་ལྡན་འདས་མའི་འཁོར་ལོ་ནམ་མཁའི་ཕྱོགས་སུ་མངོན་པར་བལྟས་ཏེ། རང་གི་སྙིང་གའི་ས་བོན་ལས་འཐོན་པའི་མེ་ཏོག་མ་ལ་སོགས་པའི་ལྷ་མོ་རྣམས་སྤྲོས་ལ། མེ་ཏོག་ལ་སོགས་

པ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་འཁོར་ལོ་དེ་ཉིད་ཀྱི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། བདག་གི་སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་དང་སོ་སོ་སྐྱེ་
བོ་ཐམས་ཅད་ཀྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །བདག་གི་དགེ་བ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །འདི་ནས་བདག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞི་བའི་
མཆོག་ཐེག་པ་ཆེན་པོའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱིར་མི་ལྡོག་པའི་ཚོགས་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཨེ་མའོ་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། ཇི་སྲིད་མཐར་ཐུག་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སངས་རྒྱས་ཀྱི་
བྱང་ཆུབ་ལ་རབ་ཏུ་གཞག་པའི་ཕྱིར། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བགྱིའོ། །དེ་ནས་བདག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ལ་བརྟེན་པར་བགྱིའོ། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་
བཀླག་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་བདེ་བ་ཉེ་བར་སྡུད་པའི་རྣམ་པ་ནི་བྱམས་པའོ། །སྡུག་བསྔལ་ཐམས་ཅད་སེལ་བའི་རྣམ་པ་ནི་སྙིང་རྗེའོ། །ལྷའི་བདེ་བ་དང་མི་འབྲལ་བའི་རྣམ་པ་ནི་དགའ་བའོ། །ཉོན་མོངས་པའི་གཉེན་པོ་ལ་ཉེ་བར་སྡུད་པའི་རྣམ་པ་བཏང་སྙོམས་
བསྒོམ་པར་བྱའོ། །དེ་ནས་ཆོས་ཐམས་ཅད་ཡིད་ལ་དམིགས་ནས་རྣམ་པར་དཔྱད་པར་བྱ་སྟེ། འདི་དག་ནི་སེམས་ཉིད་དེ། དེས་ན་དེའི་རྣམ་པ་ནི་འཁྲུལ་སྣང་ངོ་། །རྨི་ལམ་ཇི་བཞིན་ཏེ། སེམས་ལས་ཕྱི་རོལ་ན་མེད་དོ། །སེམས་ལས་ཕྱི་རོལ་གྱི་གཟུང་བའི་དངོས་པོར་མེད་ཅིང་སེམས་
འཛིན་པར་མི་འགྱུར་རོ། །དེའི་ཕྱིར་ཆོས་ཐམས་ཅད་ཀྱི་ལུས་ནི་སེམས་སོ། །གཟུང་བ་དང་འཛིན་པ་དེ་རྣམས་དོན་དམ་པར་ནི་སྟོང་པ་ཉིད་དོ། །དེ་ལྟར་གཅིག་ཏུ་ངེས་པར་ཆོས་ཐམས་ཅད་ཀྱི་རྣམ་པ་ནི་འཁྲུལ་པས་བསྐྱེད་པ་འཁྲུལ་པའི་མཚན་མའོ། །དེ་རྣམས་ཀྱི་རང་བཞིན་ཉིད་ནི་གཉིས་

སུ་མེད་པའི་རྣམ་པར་རིག་བྱེད་ཀྱི་ངོ་བོ་འབའ་ཞིག་པ་རྣམས་སོ། །དག་པའི་ཤེལ་ལྟ་བུ་དང་། སྟོན་ཀའི་ཉི་མ་གུང་གི་དྲི་མ་མེད་པའི་ནམ་མཁའ་ལྟ་བུ་མཐའ་ཡས་པར་བལྟ་བར་བྱའོ། །འདི་བརྗོད་དེ་འཇིག་རྟེན་ལས་འདས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་སྤྲོས་མེད་རྣམ་རྟོག་མེད་པའོ། །དེ་ནས་དེའི་སྔགས་
ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ཉིད་ནི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །དེ་ཉིད་ནི་མཆོག་གི་བསྲུང་བའོ། །དེ་ནས་དེའི་རྒྱུ་མཐུན་དུ་གྱུར་པའི་རྣམ་པ་དང་ལྡན་པའི་བསྲུང་བ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་རང་བཞིན་
བསྒོམ་པར་བྱ་སྟེ། དེ་ལ་རཾ་ལས་ཉི་མ། ཉི་མ་དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའོ། །རྡོ་རྗེ་དེ་ཉིད་ལས་རྡོ་རྗེའི་ར་བ་དང་། གུར་བཅིངས་པར་བསྒོམ་མོ།