Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 10
Văn bản gốc(Tây Tạng)
Trang 16 / 24 (50.000 ký tự/trang)
ཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་མངོན་སུམ་དུ་བྱེད་པར་འགྱུར་ལ་དངོས་གྲུབ་ མངོན་དུ་གྱུར་པས་གཞན་གྱི་དོན་མཐར་ཕྱིན་པར་འགྱུར་རོ། །དེ་དག་ནི་བདག་མེད་མའི་མན་ངག་ལས་ས་བོན་ལ་སོགས་པའི་ཕན་ཡོན་རྣམ་པར་གཞག་པའི་ཆོ་ག་སྟེ་བཅུ་གསུམ་པའོ།། །།དེ་དག་འདོད་པའི་དོན་བསྒྲུབ་པའི་ཕྱིར་བར་ཆད་ཞི་བར་བྱ་བ་དང་མར་ངོའི་བཅུ་བཞི་ལ་འཁོར་ ལོ་ལ་ཡི་གེ་དང་ཐིག་ལེའི་གཟུགས་སུ་བཅོམ་ལྡན་འདས་མ་མཆོད་དེ། དེ་ལ་མདུན་དུ་དག་པར་སྦྱངས་པའི་བདུད་རྩིས་མཎྜལ་བྱུགས་ལ་མེ་ཏོག་གི་ཚོམ་བུ་བྱས་ལ་དེའི་དབུས་སུ་མཆོག་གི་སྣོད་གཞག་པར་བྱའོ། །དེའི་སྟེང་ནས་མཉམ་པའི་སྣོད་ཆེ་བས་ཁ་བཅད་དེ་དབུས་སུ་བདེ་བྱེད་ཀྱི་མིག་གི་གྲྭའི་འཁོར་ ལོའི་རྣམ་པ་ལ་བདུད་རྩི་དང་སྒྲོན་མའི་ཕྱེ་མ་ཆོ་གས་སྦྱངས་ཏེ་བཏབ་ལ། དེར་ལྕགས་གསུམ་ལས་བྱས་པའི་ཐུར་མས་ཆོས་འབྱུང་གི་ནང་དུ་སྣ་ཚོགས་རྡོ་རྗེས་བྲིས་པས་བསྐོར་ཏེ། བདག་མེད་མའི་རང་བཞིན་ཡི་གེ་དང་ཐིག་ལེར་བཅས་པ་རྡོ་རྗེའི་མཆོད་རྟེན་སྔགས་པས་བླ་མའི་མན་ངག་གིས་ཁ་ནུབ་ཏུ་བལྟས་ ལ་བྲི་བར་བྱའོ། །དེ་ནས་དམ་ཚིག་ལ་ཡེ་ཤེས་གཞུག་པར་བྱ་སྟེ་མཆོད་པའི་རྫས་ལྔ་དང་འདོད་པའི་ཡོན་ཏན་ལྔ་ཁྱད་པར་དུ་གྱུར་པ་དང་། མཆོག་ཏུ་གྱུར་པའི་སྒྲོན་མ་དང་སྦྱངས་པའི་བདུད་རྩི་རྣམས་བཟའ་བ་དང་གསོལ་བ་དང་བྱོག་པ་དང་འཇིབ་པའོ། །ཡང་གླུ་དང་གར་དང་རོལ་མོའི་ཁྱད་པར་གྱིས་ བསྐོར་བ་དང་ཕྱག་དང་བསྟོད་པས་ཀྱང་ཅི་ནུས་པས་ཡོངས་སུ་མཆོད་དོ། །དེའི་རྗེས་ལ་གཞོན་ནུ་མའམ། རྡོ་རྗེ་རྣལ་འབྱོར་མ་སྟེ་ནག་པོ་འམ་པྲི་ཡང་ཀུ་སྔོན་མོ་སྟེ་ཆོ་ག་བཞིན་མཆོད་ནས་མཆོག་ཏུ་གྱུར་པའི་སྟོན་མོ་དང་ཆང་ཡང་བཏུང་བར་བྱའོ། །དེ་ནས་འཐོར་འཐུང་བྱས་ལ་གོ་ལ་དང་ཡོན་ཕུལ་ལ་མཉམ་ པར་བྱས་ལ་བཟོད་པ་མཛོད་ཅིག་ཅེས་བརྗོད་ལ་གཤེགས་པ་དང་། བཅོམ་ལྡན་འདས་མའི་འཁོར་ལོ་ཡང་མུཿཞེས་བརྗོད་ལ་གཤེགས་སུ་གསོལ་ཏེ་རང་ཉིད་སྟོན་མོ་བྱའོ། །དེ་དག་ནི་བདག་མེད་མའི་མན་ངག་ལས་ཕྱི་རོལ་མཆོད་པའི་ཆོ་ག་སྟེ་བཅུ་བཞི་པའོ།། །། དེ་ནས་དད་པ་དང་བསྙེན་བཀུར་དུ་ལྡན་པའི་སློབ་མས་མཎྜལ་དང་ཕྱག་བྱས་ཏེ། སྙིང་རྗེ་དང་ལྡན་པའི་སློབ་དཔོན་ལ་ལན་དུ་མར་གསོལ་བ་བཏབ་པ་དང་། མར་ངོའི་དུས་གཉིས་ལས་གང་ཡང་རུང་བ་ཅིག་ལ་སློབ་མ་རྗེས་སུ་གཟུང་བར་བྱའོ། །དེ་ལ་ཇི་ལྟ་བའི་ཆོ་གས་ཇི་སྐད་གསུངས་ པའི་བཅོམ་ལྡན་འདས་མ་ཡང་དག་པར་མཆོད་དེ། ཡི་དམ་གྱི་རྣལ་འབྱོར་ཡང་བྱས་ལ་སློབ་མའི་དྲུང་དུ་འདུག་གོ། །དེ་ནས་སློབ་མས་མཎྜལ་ལྔ་བྱ་ཞིང་ཡོན་ཕུལ་ལ་མེ་ཏོག་གི་ཕྲེང་བ་བཟུང་ནས་ཐལ་མོ་སྦྱར་ལ་ལངས་ཤིང་བླ་མ་མགོ་བོའི་སྟེང་དུ་གནས་པར་མཐོང་བར་བསམས་པ་དང་། དེའི་ལུས་ལ་གཡོ་བའི་རྣལ་འབྱོར་གང་རུང་བ་ཅིག་བྱའོ། །དེ་ནས་དེ་ཁོ་ན་ཉིད་གསུམ་བཟླས་པའི་མཆོག་ཏུ་གྱུར་པས་མཆོད་པར་བསམ་ཞིང་མར་མེ་ཆེན་པོ་དང་བདུག་སྤོས་ཀྱིས་ཀྱང་རབ་ཏུ་བདུག །བསྒྱིངས་པའི་སྔགས་ཀྱིས་དྲིལ་བུའི་སྒྲ་དང་ལྡན་པར་དཀྲོལ་ཞིང་། ཨོཾ་ལོ་ལེ་ལེ་ཧཱུཾ་ཨ་ཞེས་བསྒྱིངས་ པའི་སྔགས་ཀྱིས་ཇི་སྲིད་མ་ཕེབས་ཀྱི་བར་དུ་དབབ་བོ། །ཕེབས་པ་དང་རིམ་གྱིས་སམ་ཅིག་ཅར་དུ་བ་མོས་རེག་པ་ལྟ་བུའམ་བ་སྤུ་ལྡང་བ་དང་གཡོ་བ་དང་མཆི་མ་འབྱུང་བར་འགྱུར་རོ། །ཡང་ན་ཆང་གི་སྟོབས་ཀྱིས་ཕོག་པ་ལྟ་བུ་འགྱེལ་བ་དང་མཆོག་གི་མྱ་ངན་ལས་འདས་པ་ཐོབ་པ་ལྟར་ཡང་བདེ་བ་བསྐྱེད་ པའོ། །དེ་ནས་བསླང་ལ་སད་པར་གྱུར་པ་དང་སློབ་མས་མཎྜལ་བྱས་ལ་རྣལ་འབྱོར་དང་། མཆོད་པ་དང་སྔགས་དང་ཆོ་ག་རྣམས་རིམ་གྱིས་བསྟན་ནོ། །དད་པ་དང་བྲལ་བ་རྣམས་ལ་ནི་མ་ཡིན་ནོ། །དེས་ཀྱང་བླ་མའི་བཀའ་ལུང་མེ་ཏོག་དྲི་མ་མེད་པ་ལྟ་བུ་མགོ་ཐོག་ཏུ་བཀུར་ཏེ། དེ་ནས་བཟུང་སྟེ་ བཅོམ་ལྡན་འདས་མ་དང་བླ་མ་དང་རྣལ་འབྱོར་མ་རྣམས་ལ་མཉམ་པར་གུས་པས་བསྙེན་བཀུར་བྱའོ། །དེ་དག་ནི་བདག་མེད་མའི་མན་ངག་ལས་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་སྟེ་བཅོ་ལྔ་པའོ།། །།བདག་མེད་མན་ངག་བྱས་པ་ཡི། །བདག་གི་བསོད་ནམས་གང་བྱུང་བ། །དེས་ ནི་འགྲོ་རྣམས་མྱུར་བ་རུ། །བདག་མེད་རྒྱལ་བའི་ཡུམ་འགྱུར་ཤོག །བདག་བྱིན་གྱིས་བརླབ་པའི་རིམ་པ་བདག་མེད་མའི་མན་ངག་རྫོགས་སོ།། །།འདི་ཡང་དཔལ་ཨུ་རྒྱན་གྱི་གནས་ན་གནས་པའི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་རྣམས་ཀྱི་ཞལ་ནས་བྱུང་བ། །རྣལ་འབྱོར་ མ་ཀུན་གྱི་ཐུགས་མཆོག་ཏུ་གསང་བའི་གཟུགས་ཅན་སྙིང་པོ་ལས་ཤིན་ཏུ་སྙིང་པོ། དགེ་བའི་རྩ་བ་མ་བྱས་པ་རྣམས་ནི་མ་དད་ཅིང་བླ་མའི་ཞབས་ཀྱི་པདྨ་ལ་མ་བསྙེན་པ་དག་གིས་མི་ཐོབ་སྟེ། འདིའི་ཡོན་ཏན་མཐའ་ཡས་པའི་གཞི་དང་། བདེན་པར་ཡིད་ཆེས་པར་བྱེད་པའི་ཡིད་བཞིན་གྱི་ ནོར་བུ་ལྟར་འདོད་པའི་དོན་གྲུབ་པ། ཆུའི་རྒྱུན་ལྟར་བསྟེན་པས་འབྲས་བུ་སྟེར་བ་ཅན། ནམ་མཁའ་ལྟར་རོ་མཉམ་པ་འདི་རྣ་བ་གཅིག་ནས་གཅིག་ཏུ་བྱུང་བས་ན་བླ་མ་དམ་པའི་མན་ངག་ལས། བརྗེད་པར་དོགས་པས་རང་དྲན་པའི་དོན་དུ་བདག་གིས་བྲིས་པས་དེའི་ཕྱིར་དཔའ་བོ་དང་རྣལ་འབྱོར་མ་ རྣམས་ལ་བཟོད་པར་གསོལ་ཞིང་། གཞན་ཡང་དེ་ཉིད་རིག་པ་རྣམས་ལ་ཡང་བཟོད་པར་གསོལ་ལོ་ཞེས་པའོ། །འདི་མཛད་པའི་སློབ་དཔོན་ཡང་བརྟན་པའི་འཁོར་ལོ་དཔལ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ། །དཔལ་བཟང་པོའི་ཞབས་ཀྱི་པདྨ་ལས་སྐྱེས་པ། ཞབས་ཀྱི་རྡུལ་ལ་བརྩེ་བ་མཆོག་ཏུ་གྱུར་པའི་རྡོ་རྗེ་རྣལ་འབྱོར་མའི་བཀའ་དྲིན་ལས་སྐྱེས་པ་པཎྜི་ཏ་དཔལ་ཏིང་ངེ་འཛིན་རྡོ་རྗེ་ཞབས་ཞེས་བྱ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་བ་ཨ་ཀ་ར་ཙནྡྲ་དང་། བོད་ཀྱི་ལོ་ཙཱ་བ་དཔལ་སེར་རྩ་བསོད་ནམས་རྒྱལ་མཚན་གྱིས་བསྒྱུར་ བའོ།། །།མཆོག་ཏུ་གསང་བའི་ཚུལ་འདི་ནི། །དམན་པའི་སྤྱོད་ཡུལ་མ་ཡིན་པས། །དྲི་མ་མེད་པའི་བློ་ཡིས་ནི། །དམ་པ་འགའ་ཡི་དོན་དུ་བསྒྱུར། །བདག་མེད་མའི་མན་ངག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ནཻ་རཱཏྠ་མཎྜ་ལ་ཙཀྲ་སཱ་དྷ་ནཾ། བོད་སྐད་དུ། བདག་མེད་ མའི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས། རྡོ་རྗེ་བདག་མེད་མ་ལ་ཕྱག་འཚལ་ལོ། །བླ་མའི་རང་བཞིན་དཀྱིལ་འཁོར་རྩེ་མོ་ལ། །དང་བའི་སེམས་ཀྱིས་གུས་པས་རབ་བཏུད་དེ། །འབུམ་ལྔ་ལས་བཏུས་ལྷ་མོའི་འཁོར་ལོ་ནི། །ཟབ་མོའི་དོན་ལ་བག་ཆགས་སྐྱེས་ཕྱིར་བྲི། །འདིར་རྟེན་གྱི་གང་ ཟག་ནི་སོ་སོར་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། རིག་པ་འཛིན་པའི་སྡོམ་པ་དང་ལྡན་པས། གནས་ཉིན་མོ་དུར་ཁྲོད། མཚན་མོ་རང་གི་ཁྱིམ་དུ་བསྒོམ་པར་བྱའོ། །དེ་ཡང་ཤིས་པའི་དུས་ནམ་གྱི་བརྒྱད་ཆ་ལ་ལངས་ཏེ། ཁྲུས་དང་། ཆུ་སྦྱིན་བྱས་ནས། མཎྜལ་ཕུལ་ཏེ་དེ་ ནས་མཆོད་པ་དང་། གཏོར་མ་ལ་སོགས་པ་བཤམས་ཏེ། འབོལ་བའི་སྟན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། བཛྲ་ནཻ་རཱཏྨ་ཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་བདག་མེད་མར་བསྒོམས་ཏེ། དེ་ཡང་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་གྲི་གུག་ཡུ་བ་ལྕགས་ལས་སམ་ ཟངས་ལས་བྱས་པ། གཡོན་པས་ཐོད་པ་ཕྱི་དཀར་བ་ལ་ནང་དམར་བ་ཁྲག་གིས་བཀང་བ་ཁ་ཊྭཱཾ་ག་དང་བཅས་པ་བསྣམས་པ་ལ། ཕྱག་རྒྱ་ལྔས་བརྒྱན་པར་བསམས་པའི་སྙིང་པདྨ་འདབ་བརྒྱད་ཁ་བྱེ་བའི་ནང་དུ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཾ་སྔོན་པོ་བསམས་ལ། དེའི་འོད་ཟེར་གྱིས་ བླ་མ་རྗེ་བཙུན་མི་བསྐྱོད་པའི་སྐུ་ལྟ་བུ་རྡོ་རྗེ་འཆང་དང་ལྷ་མོ་རྣམས་གཉིས་སུ་མེད་པ་ཐ་མི་དད་པར་རང་བཞིན་གྱིས་བཞུགས་པ་གསལ་བའམ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་སྤྱན་དྲངས་ཏེ་དམིགས་ལ། དེ་ལ་ཕྱག་འཚལ་བ་དང་། ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་། སྡིག་པ་ བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། ལམ་བསྟེན་པ་དང་། ཀུན་རྫོབ་དང་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས་ལ། ཚོགས་བརྟེན་པ་བློས་བཏང་ལ་གཤེགས་སུ་གསོལ་བར་བྱའོ། །དེ་ཡང་། བླ་མ་རྡོ་རྗེ་ཅན་ མཆོད་ཅིང་། །བདུན་པོ་ཡོངས་སུ་དག་པར་བྱ། །ཞེས་གུར་ལས་གསུངས་སོ། །དེའི་རྗེས་ལ། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པ་སྙིང་རྗེ་རྣམ་བསྒོམ་ཞིང་། །གསུམ་པ་བདེ་བ་བསྒོམ་པ་དང་། །ཀུན་གྱི་མཐར་ནི་བཏང་སྙོམས་སོ། །དེ་ནས་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བས་སྣོད་བཅུད་ཐམས་ཅད་སྟོང་ པ་ཉིད་དུ་བསྒོམས་ལ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པས། སྟོང་པ་ཉིད་བརྟན་པར་བྱའོ། །དེ་ནས། རེ་ཕས་ཉི་མ་སྔོན་དུ་རྣམ་བསྒོམས་ནས། །ཉི་དེར་ཧཱུཾ་འབྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་ར་བ་དང་། །གུར་བཅིང་བ་ཡང་རྣམ་པར་བསྒོམ་པ་ཉིད། །དེ་ཡི་ནང་དུ་བསམ་ བྱ་ནི། །བྷྲཱུཾ་ལས་འཁོར་ལོ་རྩིབས་བཅུ་པ། །རྒྱ་ཆེ་ཁོང་སྟོང་མི་གཡོ་བ། །འཁོར་བའི་བདག་ཉིད་བསྒོམ་པར་བྱ། །ནམ་མཁའི་ཁམས་སུ་བྷ་ག་བསམ། །དབུས་སུ་རྣམ་པར་བསྒོམ་པ་ནི། །འཁོར་ལོ་སྔོན་དུ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །འཁོར་ལོ་ས་དང་ཆུ་ནི་སྔོན། །ཇི་ལྟར་རིགས་པར་ བྱིན་ཟ་དང་། །ལྷ་རྣམས་ཀྱི་ནི་རླུང་ཆེན་དང་། །བྷྲཱུཾ་ལས་འཁོར་ལོའི་ཐིག་ལེ་ནི། །ཇི་ལྟར་བསྒོམ་པ་འབྱུང་བ་ལས། །ཆོས་འབྱུང་ལས་སྐྱེས་འཁོར་ལོ་ཉིད། །འཕར་མ་གཉིས་དག་སྐྱོན་མེད་པ། །ཟེ་འབྲུ་ལས་ནི་གཅིག་འགྱུར་ཏེ། །གྲུ་གསུམ་གྱིས་ནི་ཕྱི་མར་བརྗོད། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན། ། དྲ་བ་དྲ་བ་ཕྱེད་པར་ལྡན། །དུར་ཁྲོད་བརྒྱད་དང་ཡང་དག་ལྡན། །རྡོ་རྗེའི་ཐིག་གིས་རྣམ་པར་སྤྲས། །དེ་དབུས་ཤི་བ་བཅོ་ལྔའི་རོ། །གདན་གྱི་བདག་ཉིད་རྣམ་པར་བསམ། །ཨ་ལ་བཛྲ་ང་རྒྱལ་བྱའོ། །རོ་སྟེང་ལྔ་གསུམ་ཟླ་སྟེང་དུ། །ཨཱ་ལི་ལྔ་གསུམ་ཞུ་བ་ལས། །དེས་མཚན་ཟླ་བ་ལྔ་གསུམ་བསྐྱེད། །དེ་རྗེས་བརྗོད་པ་གཉིས་བསྣན་ པའི། །ཀཱ་ལི་ལྔ་གསུམ་ཞུ་བ་ལས། །དེས་མཚན་སྣང་བྱེད་ལྔ་གསུམ་བསྐྱེད། །དབུས་ཀྱི་ཉི་ཟླའི་བར་དུ་ནི། །ནཱ་ད་ལྷུང་བས་ཨ་རུ་བསམ། །དེ་ལས་ཨཱ་ལི་བཅུ་བཞི་ནི། །ཕྱོགས་མཚམས་ཉི་ཟླའི་བར་དུ་སྤྲོ། །ཨཱ་ཨི་ཨཱི་ཨུ་འཕར་མའི་ཤར་ལ་སོགས་པར་སྤྲོའོ། །ཨཱུ་རྀ་རཱྀ་ལྀ་ཕྱིའི་འཕར་མའི་པུཀྐ་སཱི་ལ་སོགས་པའི་མཚམས་ཀྱིའོ། ། ལཱྀ་ཨེ་ཨཻ་ཨོ་གཽ་རཱི་ལ་སོགས་ཕྱོགས་ཀྱིའོ། །ཨཽ་ཨཾ་འོག་དང་སྟེང་གི་ས་བོན་ནོ། །དེ་ལས་སྤྲོ་ཞིང་བསྡུ་བ་ལས། །གྲི་གུག་བཅོ་ལྔ་ས་བོན་བསམ། །དེ་ལས་སྤྲོ་བསྡུས་གཅིག་ཏུ་འདྲེས། །དེ་ལས་ལྷ་མོ་བཅོ་ལྔའི་སྐུ། །ཀུན་ཀྱང་ཁ་དོག་ནག་པོར་བསྐྱེད། །ཟླ་བ་མེ་ལོང་ཡེ་ཤེས་ལྡན། །རྟ་བདུན་པ་ནི་མཉམ་པ་ཉིད། །རང་ལྷའི་ས་ བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་ཤེས་པར་བྱ། །ཐམས་ཅད་གཅིག་གྱུར་བྱ་ནན་ཏན། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་ག་གསུངས་པ་ཡིས། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །དེ་ལ་བདག་མེད་རྣལ་འབྱོར་མ། །ཁ་དོག་ནག་མོ་དྲག་ཆེན་མོ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཡས་པར་གྲི་གུག་རྣམ་ པར་བསྣམས། །གཡོན་པ་ཉིད་ནི་པདྨའི་སྣོད། །གཡས་མིན་བར་ནི་ཁ་ཊྭཱཾ་ག །སྟག་གི་པགས་པས་སྨད་དཀྲིས་པའོ། །རེ་ཞིག་ནང་གི་འཕར་མ་ལ། །རྣལ་འབྱོར་མ་ལྔ་ངེས་གནས་པ། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །དང་པོར་རྡོ་རྗེ་གཤིན་རྗེ་དཀར། །ཆུ་བདག་ཆུ་ ཡི་རྣལ་འབྱོར་མ། །ལུས་ངན་རྡོ་རྗེ་མཁའ་འགྲོ་མ། །དབུས་སུ་བདག་མེད་རྣལ་འབྱོར་མ། །དེ་ནས་ཕྱི་ཡི་འཕར་མར་བཤད། །དབང་དཀར་གཤིན་རྗེ་ཆོམ་རྐུན་མ། །ཆུ་བདག་ཕྱོགས་སུ་རོ་ལངས་མ། །ལུས་ངན་པོར་ནི་གྷསྨ་རཱི། །དབང་ལྡན་དུ་ནི་པུཀྐ་སཱི། །མེར་ནི་དེ་བཞིན་རི་ཁྲོད་མ། །བདེན་བྲལ་གདོལ་པ་ མོ་གཞག་ཅིང་། །རླུང་དུ་གཡུང་མོ་རྣམ་པར་གཞག །འོག་ཏུ་ས་སྤྱོད་མར་བཤད་དེ། །སྟེང་དུ་མཁའ་སྤྱོད་མ་ཞེས་བརྗོད། །བསྐྱེད་པའི་རིམ་པ་ཉིད་ཀྱི་ཕྱོགས། །སྲིད་དང་ཞི་བའི་རང་བཞིན་གྱིས། །ལྷ་མོ་འདི་གཉིས་རྣམ་པར་གནས། །ལྷ་མོ་ཐམས་ཅད་ཁ་དོག་གནག །དྲག་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། ། ཞལ་གཅིག་སྤྱན་ནི་དམར་བ་རྣམས། །ལག་པར་གྲི་གུག་ཐོད་པས་ཁྱབ། །འཁོར་ལོ་རྣ་ཆ་མགུལ་རྒྱན་དང་། །ལག་པར་ལག་གདུབ་སྐ་རགས་ནི། །སངས་རྒྱས་ལྔ་ནི་རྣམ་དག་པས། །འདི་ལྔ་ཕྱག་རྒྱ་དག་པ་ཡི། །ཇི་ལྟར་བདག་མེད་རྣལ་འབྱོར་མ། །དེ་ལྟར་ཐམས་ཅད་རྣམ་པར་བཤད། །ལག་པ་གཅིག་ ནི་ཐོད་པས་བྲེལ། །གཡས་པ་ན་ནི་གྲི་གུག་འཛིན། །གཡོན་པས་ཁ་ཊྭཱཾ་ག་ཉིད་དོ། །སྟག་གི་པགས་པས་སྨད་དཀྲིས་ཤིང་། །རོ་ལ་ཞོན་ཞིང་གཟི་བརྗིད་འབར། །ཕྱག་གཉིས་གྱེན་དུ་དབུ་སྐྲ་སེར། །ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་ཕྱིར་གྲི་གུག་རྣམ་པར་བསྣམས། །དངོས་དང་དངོས་མེད་རྣམ་ རྟོག་གི །མགོ་བོའི་པདྨའི་སྣོད་དུ་ནི། །བདུད་རྣམས་རྣམ་པ་བཞི་ཡི་ཁྲག །དངོས་གྲུབ་ཕྱིར་ནི་བཏུང་བར་བྱ། །སྟོང་པའི་རྣམ་པས་ཁ་ཊྭཱཾ་ག །ཐབས་ཀྱི་རོ་ནི་རྣམ་པར་བརྟག །འདིས་ནི་འཁོར་ལོ་རྣམ་བསྒོམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །དེ་རྗེས་གོ་ཆའི་རྣལ་འབྱོར་བསྒོམ། །དང་པོར་ནག་ པོར་རབ་ཏུ་བསྒོམ། །གཉིས་པ་དམར་པོར་རྣམ་པར་བསྒོམ། །གསུམ་པ་ལ་ནི་སེར་པོར་བསྒོམ། །བཞི་པ་ལྗང་གུ་དེ་བཞིན་ནོ། །ལྔ་པར་ཁ་དོག་སྔོན་པོ་དང་། །དྲུག་པར་དཀར་པོའི་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །ལྷན་ཅིག་སྐྱེས་པའི་རང་བཞིན་བསྒོམ། །དེ་ནས་སྔགས་གསུམ་ དུ་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་སེམས་དཔའི་འཁོར་ལོས་བྱིན་གྱིས་བརླབ་པ་དང་། དེ་ནས་དབང་བསྐུར་བར་བྱིན་གྱིས་བརླབ་པར་བྱ་བའི་མཐར་ཨ་བྷི་ཥེ་ཀཻཿཀུ་ལ་པ་ཏིས་ང་རྒྱལ་བྱའོ། །ཞེ་སྡང་ཕྱག་རྒྱས་བདག་མེད་མ། །གཏི་མུག་ཕྱག་རྒྱས་རྡོ་རྗེ་མ། །སེར་སྣའི་ཕྱག་རྒྱས་དཀར་མོ་ཉིད། ། ཆགས་པས་ཆུ་མ་ཕྱག་རྒྱས་གདབ། །ཕྲག་དོག་ཕྱག་རྒྱས་མཁའ་འགྲོ་མ། །ཞེ་སྡང་ཕྱག་རྒྱས་པུཀྐ་སཱི། །གཏི་མུག་ཕྱག་རྒྱས་རི་ཁྲོད་མ། །སེར་སྣའི་ཕྱག་རྒྱས་གདོལ་པ་མོ། །འདོད་ཆགས་ཕྱག་རྒྱས་གཡུང་མོ་ཉིད། །ཡང་ནི་དཀར་མོ་ཞེ་སྡང་རྒྱས། །གཏི་མུག་ཕྱག་ རྒྱས་ཆོམ་རྐུན་མ། །སེར་སྣའི་ཕྱག་རྒྱས་རོ་ལངས་མ། །འདོད་ཆགས་ཕྱག་རྒྱས་གྷསྨ་རཱི། །གཏི་མུག་ཕྱག་རྒྱས་ས་སྤྱོད་མ། །འདོད་ཆགས་ཕྱག་རྒྱས་མཁའ་སྤྱོད་མའོ། །དེ་ནས་ཁ་ཊྭཱཾ་ག་དང་སྙོམས་པར་འཇུག་པའམ། དྲན་པ་ཙམ་གྱིས་རྗེས་སུ་ཆགས་པའི་ མཆོད་པ་བྱས་ལ། །ཨ་ནུ་ར་གས་ང་རྒྱལ་བྱའོ། །དེ་ནས་གཏོར་མ་ཇི་ལྟ་བ་བཞིན་དུ་བདུད་རྩི་བྱིན་གྱིས་བརླབས་ཏེ་མྱངས་ལ། ཨ་མྲྀ་ཏ་བཛྲས་ང་རྒྱལ་བྱའོ། །དེ་ནས་མཆོད་པ་ཕྱི་དང་། གསང་བ་དང་། དེ་ཁོ་ན་ཉིད་ཀྱིས་མཆོད་དེ། པཱུ་ཛ་བཛྲས་ང་རྒྱལ་བྱའོ། ། དེ་ནས། མོས་པ་སྣ་ཚོགས་གདུལ་དཀའ་འདུལ་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་བསྟོད་པ་བྱ་སྟེ། སྟུ་ཏི་བཛྲས་ང་རྒྱལ་བྱའོ། །དེ་ནས་རང་བྱིན་གྱིས་བརླབ་པ་ནི། ལམ་ཅིག་ཅར་པའམ། ལམ་རིམ་གྱིས་པའམ། ལམ་ཉེ་བར་བསྒྲུབ་པ་གསུམ་གང་མོས་དང་། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱིས་རྒྱས་བཏབ་ལ་གསུམ་ཚོགས་པ་གཅིག་ཏུ་བསྒོམ་སྟེ་བླ་མ་ལས་བླང་བར་བྱའོ། །དེ་ནས་འཁོར་རྣལ་འབྱོར་མ་བཅུ་བཞི་ནི། རང་གཙོ་མོའི་ས་བོན་ལས་བསྡུས་ཏེ། དེ་ནས་ནང་གིས་ས་གདབ་བསྒོམ་མོ། །དེས་སྐྱོན་རྣམ་དག་དྲན་པ་ནི། ། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ཡང་དཀར་མོ་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་རང་བཞིན་གྱིས། །བདག་མེད་རྣལ་འབྱོར་མར་གནས་སོ། །གཟུགས་ལ་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་ མར་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རཱི་རབ་གྲགས། །རེག་ལ་ས་སྤྱོད་མ་ཞེས་བརྗོད། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །རྟག་ཏུ་འདི་རྣམས་རྣམ་དག་པས། །དེ་ཉིད་རྣལ་འབྱོར་པས་འགྲུབ་འགྱུར། །མིག་ལ་གཏི་མུག་རྡོ་རྗེ་མ། །རྣ་བར་ཞེ་སྡང་རྡོ་རྗེ་མ། ། སྣ་ལ་སེར་སྣ་མ་ཞེས་བཤད། །ལྕེ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །ས་ནི་པུཀྐ་སཱི་ཞེས་བཤད། །ཆུ་ཁམས་རྔོན་པ་མོ་ཞེས་བརྗོད། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །ཞེ་སྡང་ ཞེས་བཤད་རྡོ་རྗེ་མ། །འདོད་ཆགས་ཆུ་ཡི་རྣལ་འབྱོར་མ། །ཕྲག་དོག་རྡོ་རྗེ་མཁའ་འགྲོ་མ། །སེར་སྣ་གསང་བའི་དཀར་མོ་ཉིད། །གཏི་མུག་དེ་བཞིན་རྡོ་རྗེར་བཤད། །ཞེ་སྡང་ལ་སོགས་རྣམ་སྦྱོང་བ། །བསྐྱེད་པའི་རིམ་པའི་ཕྱོགས་ལས་ནི། །འདིས་ནི་ཕུང་པོ་སྦྱང་བར་བྱ། ། བླ་མ་སློབ་དཔོན་འདོད་ལྷ་ལ། །ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། །བླ་མ་རྡོ་རྗེ་འཛིན་པ་ལ། །སྨོད་ཚིག་མི་མཉན་པ་ཡི་ཕྱིར། །རྣ་བ་དག་ལ་རྣ་ཆ་འཛིན། །སྔགས་བཟླས་ཕྱིར་ནི་མགུལ་རྒྱན་ཏེ། །ལག་གདུབ་སྲོག་ཆགས་གསོད་པ་སྤངས། །ཕྱག་རྒྱ་བསྟན་ཕྱིར་སྐ་རགས་ ཉིད། །སངས་རྒྱས་ལྔ་ཡི་ཕྱག་རྒྱ་ཡིས། །རྟག་ཏུ་ལུས་ལ་ཕྱག་རྒྱས་གདབ། །ཕྱག་རྒྱའི་རྣམ་དག་བཤད་པར་བྱ། །འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆ་འོད་དཔག་མེད་ཀྱི་བདག །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་གདུབ་ལ་ནི་རྣམ་སྣང་ མཛད། །སྐ་རགས་ལ་ནི་དོན་ཡོད་གནས། །འདི་རྣམ་དག་པ་ཕྱག་རྒྱ་ལྔ། །དེ་ནས་ངག་གིས་བཟླས་པ་ནི། །ཨོཾ་ཨཿཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཧཱུཾ་སྭཱ་ཧཱ། ཞེས་སྤྱི་དང་བྱེ་བྲག་གི་མཚམས་སུ་བཟླས་པར་བྱའོ། །ངག་གི་བརྗོད་པས་ཀྱང་སྐྱོན་དེ་ཉིད་བཞི་དང་ ལྡན་པས་གཏོར་མ་བཏང་ངོ་། །དེ་ནས་སྨོན་ལམ་གདབ་པ་ནི། རིགས་སུ་སྐྱེ་དང་དམ་ཚིག་དང་ལ་སོགས་པས་བྱའོ། །དེ་ནས་སྤྱོད་ལམ་གྱི་རྣལ་འབྱོར་བྱའོ། །ཐུན་དང་པོའི་དེ་བཞིན་དུ་ཐུན་འོག་མ་རྣམས་ཀྱི་བྱ་བ་ལ་ཤེས་པར་བྱའོ། །འདི་ལྟ་བུའི་ལྷ་བཅོ་ལྔ་ལས་ཉུང་བར་འདོད་ན་སྟེང་ འོག་གི་དོར་བ་བཅུ་གསུམ་བསྒོམ། དེ་ཡང་མངས་ན་ནང་གི་བཞི་བཞག་ལ་ལྷ་དགུ་བསྒོམ་མོ། །དེ་ཡང་མངས་ན་ཕྱི་རོལ་བརྒྱད་དོར་ལ་ལྷ་ལྔ་བསྒོམ་མོ། །དེ་ཡང་མངས་ན་དཀྱིལ་འཁོར་གྱི་ལྟེ་བར་གཙོ་མོ་རྐྱང་པ་བསྒོམ་པ་ནི་བླ་མ་ན་རོ་པ་ཆེན་པོའི་ཞལ་གྱི་ལུང་ངོ་། །ལྷ་མོའི་འཁོར་ལོ་བྲིས་ པའི་དགེ་བས་ནི། །སྲིད་པ་གསུམ་གྱི་ཁོངས་སུ་གཏོགས་པ་ཡི། །སེམས་ཅན་བདག་མེད་མ་ཡི་དོན་རྟོགས་ནས། །སྡིག་བྲལ་མཁའ་སྤྱོད་གནས་སུ་འགྲོ་བར་ཤོག །བདག་མེད་མའི་དཀྱིལ་འཁོར་གྱི་ཙཀྲའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ཏནྟྲ་མེ་ན་སྭཱ་ཏིཥྛ་ན་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རིམ་པ་ལས། བདག་བྱིན་གྱིས་བརླབ་པ་ཀུ་རུ་ཀུལླེའི་སྒྲུབ་ཐབས། དགྱེས་རྡོར་རྒྱུད་དང་རྗེས་འབྲེལ་པའི། །འཇིག་རྟེན་གསུམ་དབང་སྡུད་མཛད་མ། །ཀུ་རུ་ཀུལླེ་ལ་བཏུད་དེ། །དེ་ཡི་སྒྲུབ་ཐབས་ གསལ་བར་བཤད། །རྒྱུད་འདིར་སྒོམ་པའི་སྐལ་བ་དང་ལྡན་པའི་སྔགས་པས། སྔ་དྲོ་མལ་ནས་ལངས་ཏེ། སྙིང་གར་ཡི་གེ་རཾ་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧྲཱིཿདམར་པོ་བལྟས་ལ་དེའི་འོད་ཟེར་གྱིས་འོག་ཏུ་འཆད་པའི་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ མདུན་དུ་དམིགས་ལ། མཆོད་པ་ལྔའི་སྤྲིན་ཕུང་གིས་ཡང་དག་པར་མཆོད་དེ། དེའི་མདུན་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བའི་སེམས་ཅན་ རྣམས་ཡིད་ཀྱིས་དམིགས་ལ། སྡུག་བསྔལ་ལས་ལྡོག་པའི་མཚན་ཉིད་ཅན་གྱི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་ཆོས་དང་གང་ཟག་གི་ངོ་བོ་གཟུང་བ་དང་འཛིན་པ་གཉིས་རང་བཞིན་མེད་པར་ཤེས་པའི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་བསྒོམས་ལ། དེ་སྔགས་ཀྱིས་བྱིན་གྱིས་བརླབ་ པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སོ། །དེ་ནས་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ཀྱིས་ནམ་མཁར་ཉི་མའི་དཀྱིལ་འཁོར་བལྟས་ལ། དེའི་དབུས་སུ་ཡི་གེ་ཧྲཱིཿདམར་པོར་གྱུར་པ་ལས་ཨུཏྤལ་དམར་པོའི་ལྟེ་བར་ཉི་མ་ལ་ས་བོན་དེ་ཉིད་དོ། །ཧྲཱིཿདེ་ལས་སྤྲོ་བ་དང་ བསྡུ་བ་བྱས་ནས་དེ་ཉིད་དུ་རབ་ཏུ་བསྟིམས་ཏེ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་ཀུ་རུ་ཀུལླེར་བལྟ་སྟེ། པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་རོའི་སྙིང་གར་ཉི་མའི་དབུས་སུ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་མ། ཉི་མའི་འོད་ཀོར་ཅན། ཕྱོགས་དང་མཚམས་རྣམས་སུ་ དུར་ཁྲོད་བརྒྱད་ཀྱིས་བསྐོར་བ། སྐུ་མདོག་དམར་མོ་ལོ་བརྒྱད་གཉིས་ལོན་མ། སྐྲ་ཁམ་པ་གྱེན་དུ་བརྫེས་མ། དབུ་ལ་རྒྱལ་བ་ལྔའི་རང་བཞིན་གྱི་ཐོད་པ་ལྔ་འཛིན་པ། མི་མགོ་རློན་པའི་དོ་ཤལ་ཅན། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་གཡོན་དུ་ཡོ་བ། ཁྲོ་བ་དང་ སྒེག་པའི་ཉམས་ཅན་མིའི་རུས་པའི་འཁོར་ལོ་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་དང་། དཔུང་རྒྱན་དང་ཞབས་གདུབ་ཀྱིས་བརྒྱན་མ། རྩ་བའི་ཕྱག་གཉིས་ཀྱིས་རྣ་བའི་དྲུང་དུ་ཨུཏྤ་ལའི་མྱུ་གུའི་མདའ་དང་བཅས་པའི་མེ་ཏོག་དམར་པོའི་གཞུ་འགེངས་པ། ཕྱག་ལྷག་མ་དག་གིས་ཨུཏྤ་ ལ་དམར་པོའི་ཞགས་པ་དང་ལྕགས་ཀྱུ་བསྣམས་པ་བསམ་པར་བྱའོ། །དེའི་སྤྱི་བོ་དང་། མགྲིན་པ་དང་། སྙིང་གར་ཨོཾ་ཨཱཿཧཱུཾ་བལྟས་ཏེ། དེ་ནས་རང་གི་སྙིང་གའི་ཉི་མ་ལ་གནས་པའི་ཨུཏྤལ་དམར་པོའི་ལྟེ་བའི་ཉི་མ་ལ་ཧྲཱིཿདམར་པོ་བལྟས་ལ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ནས་ སྤྱན་དྲངས་ཏེ། གསོལ་བ་བཏབ་པས། དེ་དག་གིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔ་ཡིས་གང་བ་རྣམས་ཀྱིས་དབང་བསྐུར་བས། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པས་དབུ་བརྒྱན་ཏེ་རྒྱས་གདབ་པའོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་ལྷ་མོ་བརྒྱད་སྤྲོས་ལ། རང་རང་གི་ བྱང་ཆུབ་ཀྱི་སེམས་ལ་སོགས་པས་ཡང་དག་པར་མཆོད་དེ། ས་བོན་དེ་ཉིད་ལ་བསྡུ་བར་བྱའོ། །ཨཀྵ་ར་མནྟ་བཛྲི་ཨ་ཨོ། ན་ཨུ་སོ་བིནྡུ་ན་ཙིཏ། ཨེ་སོ་བ་ར་མ་ཧཱ་སུ་ཁ་ཧེ་ཨོ། ན་ཨུ་ཕེ་ཊི་ཨ་ན་ཨུ་ཀི་ར་ཏ། ཞེས་བྱ་བ་འདིས་བསྟོད་པར་བྱའོ། །དེ་ནས་བདུད་རྩི་མྱང་བའི་ཆོ་གས་བདུད་རྩི་ལྔ་དང་སྒྲོན་མ་ ལྔར་བྱས་ལ། ཡི་གེ་ཧཱུཾ་དཀར་པོ་ལས་བྱུང་བའི་ལྗགས་རྡོ་རྗེའི་རང་བཞིན་དུ་བསྒོམས་ཏེ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། དེ་ལྟ་བུས་བདག་ཉིད་ཀུ་རུ་ཀུལླེའི་ངོ་བོ་མཉེས་པར་བྱའོ། །བསམ་གཏན་དང་མ་བྲལ་བས་སྔགས་བཟླ་བར་བྱ་སྟེ། ཡི་གེ་ཧྲཱིཿལས་བསྐོར་ནས་གནས་པའི་ཨོཾ་ ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་བྱ་བ་ཡི་གེ་བརྒྱད་ཀྱི་སྔགས་ཀྱི་ཕྲེང་བ་མར་མེའི་ཕྲེང་བ་འབར་བ་ལྟར་ཡིད་ཀྱིས་མངོན་པར་བསམ་ཞིང་། མྱུར་བ་དང་བུལ་བ་ལ་སོགས་པའི་སྐྱོན་མེད་པར་ཙནྡན་དམར་པོའི་ཕྲེང་བ་བགྲང་བར་བྱའོ། །ས་ཡ་གཅིག་བཟླས་པས་རིགས་དྲུག་གི་འཁོར་ལོར་ གཏོགས་པའི་སེམས་ཅན་རྣམས་དབང་དུ་འགྱུར་རོ། །ཐུན་གཞན་ལ་ནི་བདག་ཉིད་ཀུ་རུ་ཀུལླེར་བསམས་ལ། མཆོད་པ་དང་བསྟོད་པ་ལ་སོགས་པ་བྱ་སྟེ། ཉན་བཤད་ལ་སོགས་པའི་བྱ་བ་ཐམས་ཅད་བཅོམ་ལྡན་འདས་མའི་ང་རྒྱལ་གྱིས་བྱའོ། །དེ་ནས་བསམ་པ་ཇི་ལྟ་བ་ བཞིན་དུ་སྨོན་ལམ་གདབ་པར་བྱའོ། །འདིར་ཡང་བླ་མ་བརྒྱུད་པ་ལས་བྱུང་བའི་མན་ངག་བྲི་བར་བྱ་སྟེ། རང་གི་སྙིང་གའི་ས་བོན་བདུད་རྩིའི་ཁུ་བ་འབའ་ཞིག་སྙིང་ལས་ལངས་ཏེ། མགོའི་གཡོན་ནས་བསྐོར་ནས་རྣ་བ་གཡས་པའི་བུ་ག་ནས་འཐོན་ནས། ལག་པ་གཡས་པའི་གཞུའི་ རྒྱུད་ལ་གནས་པའི་མདའི་ལྟོང་གི་བུ་ག་ནས། ཨུཏྤ་ལའི་མེ་ཏོག་གི་ལྟེ་བར་ཞུགས་ཏེ། དེའི་འོད་ཟེར་གྱིས་དེ་རྒྱས་པར་བྱས་ཤིང་སྤྲོས་པས་སྲིད་པ་གསུམ་གྱི་སེམས་ཅན་གྱི་སྙིང་གར་ཞུགས་ནས་དེའི་པདྨ་རྣམས་བསྐུལ་ཏེ། བཀུག་ནས་ཡང་དེ་ཉིད་དུ་གཞུག་པར་བྱ་སྟེ། ཁ་ཟུམ་ནས་ མདའ་ནས་རྣ་བའི་བུ་ག་ནས། མགོ་བོའི་གཡས་སུ་བསྐོར་ནས་དཔྲལ་བའི་དབུས་སུ་གནས་པ་ཨ་ཝ་དྷཱུ་ཏཱིའི་ལམ་ནས་མགྲིན་པ་སྙིང་ག །ལྟེ་བའི་མཐར་བདེ་བ་ཆེན་པོའི་གནས་སུ་མན་ངག་བཞིན་དུ་རབ་ཏུ་བཅུག་སྟེ། དེ་ནས་ཤེས་རབ་དང་ཐབས་ཀྱི་ཏིང་ངེ་འཛིན་དྲི་མ་མེད་པ་ལས་བྱུང་བའི་བདེ་བ་ དམ་པས། རང་གི་ལུས་དང་འཇིག་རྟེན་གསུམ་གང་བར་བལྟས་ལ། དེའི་སྐད་ཅིག་ལ་ཚིགས་སུ་བཅད་པ་དྲན་པར་བྱའོ། །གང་ལ་ཐོག་མཐའ་བར་མ་མེད། །སྲིད་དང་མྱ་ངན་འདས་པ་མེད། །འདི་ནི་བདེ་ཆེན་མཆོག་གྱུར་པ། །བདག་མེད་གཞན་ཡང་ཡོད་མ་ཡིན། །ཡང་དེ་ ལྟར་སེམས་ཅན་དབང་དུ་གྱུར་པར་བྱ་སྟེ། དེ་དག་ཕྱག་རྒྱ་ཆེན་པོ་ལ་མངོན་སུམ་ཉིད་དུ་དགོད་པར་ནུས་ཀྱི་བར་དུའོ། །དེ་བཞིན་དུ་བསྒྲུབ་བྱའམ་བསྒྲུབ་བྱ་མོ་ཀུ་རུ་ཀུལླེའི་རང་བཞིན་དུ་བསྒོམས་ནས། ས་བོན་དེ་སྔར་བཞིན་བསྒྲུབ་པོའི་མདའ། བསྒྲུབ་བྱའི་ལག་པར་གནས་པའི་མེ་ཏོག་དེའི་ འོད་ཟེར་གྱིས་རྒྱས་པར་བྱས་ལ་རྣ་བའི་བུ་ག་གཡས་པར་ཞུགས་ཏེ། དེ་ལྟར་སོང་ནས་དེར་གནས་ཏེ། དེ་ཁོ་ན་བཞིན་དུ་རབ་ཏུ་ཞུགས་ནས་གནས་དེར་ཕྱིན་ལ་དེ་བཞིན་དུ་གནས་པར་བྱའོ། །ཀུ་རུ་ཀུལླེའི་གཟུགས་ལ་ཡང་། །ཡི་གེ་ཧྲཱིཿནི་མྱོས་པར་བྱེད་པའི་གདུགས་ལ་གཞག་པས་བུད་མེད་འཇུ་ བར་འགྱུར། ལྕེ་ལ་དེ་ཉིད་རྫས་ཀྱིས་བྲིས་ན་བློ་གྲོས་བསྐྱེད་དེ་སྙིང་གི་དབུས་སུ་ནི། །སྦྲུལ་གྱིས་ཟིན་པ་ལ་ནི་ཡོངས་སུ་བསྒོམས་པས་ཆོས་ཀྱི་ཡི་གེས་དུག་སྤྱོད་འགྱུར། །སྒྲོལ་མའི་སྙིང་པོས་འཇིག་རྟེན་གསུམ་ལས་རྒྱལ་བ་གསེར་ལྡན་རྣམས་ཀྱིས་ཤེས་པར་བྱ། །དེ་ནས་གདོན་མི་ཟ་བར་བསྒྲུབ་བྱ་ སྒྲུབ་པ་པོའི་དབང་དུ་གྱུར་ནས་དོན་རྣམས་ཐམས་ཅད་བྱེད་པར་འགྱུར། ཀུ་རུ་ཀུལླེའི་སྒྲུབ་པའི་ཐབས། །བྱས་པའི་བསོད་ནམས་གང་ཡོད་དེས། །སྐྱེ་བོ་ཐམས་ཅད་བྱང་ཆུབ་ལ། །དགོད་པའི་དབང་དུ་འགྱུར་བར་ཤོག །བདག་བྱིན་གྱིས་བརླབས་པ་ཀུ་རུ་ཀུལླེའི་སྒྲུབ་ཐབས་སློབ་དཔོན་ ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ།། །།ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ་ནུས་པ་མ་ཉམས་པས་ཁམས་གསུམ་དབང་དུ་བྱེད་པར་གྲགས། སྔར་གསུངས་པའི་ཏིང་ངེ་འཛིན་ལ་གནས་པས། ཡི་གེ་གྲངས་ཀྱི་འབུམ་བཟླས་པར་བྱ་སྟེ། མེ་ཏོག་དང་། བདུག་ པ་དང་། བྱུག་པ་དང་། དྲི་དང་། ཕྱེ་མ་དང་། གོས་ལ་སོགས་པ་གང་ལ་བསྔགས་ནས་བྱིན་པ་དེ་དབང་དུ་འདུས་པར་འགྱུར་རོ། །དྲི་བཟང་པོའི་བདུག་སྤོས་ཀྱིས་བདག་ལ་བདུགས་ན། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །གང་གི་མིང་གིས་མེ་ཏོག་དམར་པོ་ ལ་སོགས་པས་སྦྱིན་སྲེག་བྱས་ན་དེ་དབང་དུ་འགྱུར་རོ། །བཟའ་བ་དང་བཏུང་བ་ལ་མངོན་པར་བསྔགས་ཏེ་བྱིན་ན་དེ་དབང་དུ་འགྱུར་རོ། །སྐྱེས་བུ་ཆེན་པོ་དབང་དུ་བྱེད་པ་ན། ཡུངས་ཀར་གྱི་སྦྱིན་སྲེག་བྱས་ནས། དེ་ནས་ཚེས་གྲངས་རྒྱུ་སྐར་བཟང་པོ་ལ་བཅོམ་ལྡན་འདས་མའི་མཆོད་ པ་བྱས་ནས་གུར་ཀུམ་དང་། གི་ཝང་དང་། ག་པུར་ལ་སོགས་པས་གོས་སམ་གྲོ་ག་ལ་ཨུཏྤལའི་འདབ་མའི་རྣམ་པ་ཅན་གྱི་འཁོར་ལོ་རྩིབས་བཅུ་དྲུག་པ་བྱས་ཏེ། འཁོར་ལོའི་དབུས་སུ་སྔགས་དང་བཅས་པའི་བསྒྲུབ་བྱའམ་བསྒྲུབ་བྱ་མོའི་མིང་བྲི་ཞིང་། འདབ་མ་རྣམས་ལ་ ཀུ་རུ་ཀུལླེ་ཞེས་བྱ་བའི་ཡི་གེ་བཞིས་བསྐོར་བའི་བསྒྲུབ་བྱ་འབའ་ཞིག་གི་མིང་བྲི་བར་བྱའོ། །ཕྱི་རོལ་དུ་ཨོཾ་ཡིག་གིས་ལན་གསུམ་བསྐོར་བའི་འཁོར་ལོ་སྐུད་པ་དམར་པོས་དཀྲིས་ལ། སྤྲ་ཚིལ་ལས་བྱས་པའི་ལིངྒའི་སྙིང་གི་དབུས་སུ་བཅུག་སྟེ་སེང་ལྡེང་གི་མེ་ལ་གདུང་བར་བྱས་ན། རྐང་པ་འགུགས་པར་བྱེད་དོ། །སྐྱེས་པའམ་བུད་མེད་དབང་དུ་བྱེད་ན། ཟངས་ཀྱི་ཁབ་ཀྱིས་རྐང་པ་གཉིས་སམ། སྐྱེ་གནས་སུ་ཕུག་སྟེ་གདུང་བར་བྱས་ན་དབང་དུ་འགྱུར་བར་ཐེ་ཚོམ་མེད་དོ། །དད་པ་ཆེན་པོས་བཅོམ་ལྡན་འདས་མ་ལ་མཆོད་ལ། སྔགས་ཀྱི་རྒྱལ་པོ་བཟླས་ ཏེ། དེ་ལྟ་བུའི་རིམ་པས་ཐམས་ཅད་འགྲུབ་པར་འགྱུར་རོ། །བླ་མའི་མན་ངག་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ལོ་ཙཱ་བ་བ་རི་རིན་ཆེན་གྲགས་པས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲོ་དྡྷ་བ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། དགྱེས་ པའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། ལྷ་མོ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །སྔགས་པས་དང་པོར་རེ་ཞིག་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོར་བསམས་ཏེ། དེའི་འོད་ཀྱིས་ལྷ་མོས་ཐོག་དྲངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་དུ་མ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། དེ་དག་ལ་ཡིད་ལས་བྱུང་བའམ་དངོས་སུ་འབྱོར་པའི་མཆོད་པས་ཅི་རིགས་སུ་མཆོད་ནས་སྐྱབས་སུ་འགྲོ་བ་ལ་སོགས་པའི་སྒོ་ནས་ཡན་ལག་བདུན་པ་བྱའོ། །དེའི་རྗེས་ལ་ཚད་མེད་པ་བཞི་སེམས་ཅན་ཐམས་ཅད་ལ་གཡོག་པར་ བྱ་སྟེ། དེ་ནས་སྭ་བྷཱ་བའི་སྔགས་ཀྱིས་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་རྒྱས་བཏབ་སྟེ། དེའི་རྗེས་སུ་སྟོང་པ་ཉིད་ཀྱི་ངང་ལས་ཡི་གེ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམས་པའི་སྟེང་དུ་ཧཱུཾ་སྔོན་པོ་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ། དེ་ཡོངས་སུ་ གྱུར་པ་ལས་སྟེང་དང་འོག་དང་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་དང་རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་གྱིས་བཅིང་སྟེ། དེ་ནས་སྔགས་འདི་བརྗོད་པར་བྱའོ། །ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་རང་གི་སྙིང་གར་པདྨ་དམར་པོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ བསམ། དེའི་སྟེང་དུ་ས་བོན་གྱི་ཡི་གེ་ཧྲཱིཿདམར་པོ་བསྒོམ། ཧྲཱིཿཡོངས་སུ་གྱུར་པ་ལས་ཨུཏྤ་ལ་དམར་པོ་བལྟ་ཞིང་། དེའི་སྟེང་དུ་ཟླ་བ་ཁ་དོག་དམར་པོའི་དཀྱིལ་འཁོར་རྒྱས་པར་བསྒོམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ལྷ་མོ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོར་བསྐྱེད་པར་ བྱའོ། །དེ་ཡང་ཞལ་གཅིག་ཕྱག་བཞི་ཕྱག་རྒྱ་ལྔ་དང་ལྡན་མ་སྟག་གི་པགས་པའི་སྨད་གཡོགས་ཅན། སྐྱིལ་ཀྲུང་ཕྱེད་པའི་བཞུགས་སྟངས་ཀྱིས་གནས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སངས་རྒྱས་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་ཅན། གཞུ་དང་མདའ་ཨུཏྤ་ལའི་ཞགས་པ་ དང་ལྕགས་ཀྱུའི་ཕྱག་མཚན་བསྣམས་པའོ། །དེ་ལྟར་བསྒོམས་པའི་རྣལ་འབྱོར་པས་སྔགས་ཀྱི་བཟླས་པ་བྱ་སྟེ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་མི་གྲག་པའི་ཚུལ་དུ་བཟླས་པར་བྱའོ། །ཟླ་བ་ཕྱེད་ཀྱིས་རྒྱལ་པོ་འདུ། །ཁྲི་ཡིས་ཕལ་པ་དབང་དུ་བྱེད། །བྱེ་བས་ཕྱུགས་དང་གནོད་སྦྱིན་སོགས། །ལྷ་མིན་ འབུམ་ཕྲག་བདུན་གྱིས་སོ། །དཔལ་དགྱེས་པའི་རྡོ་རྗེ་ལ་བརྟེན་པའི་ལྷ་མོ་ཀུ་རུ་ཀུལླེའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ལྷན་སྐྱེས་སྒེག་པས་མཛད་པ་རྫོགས་སོ།། །།དཱ་ན་ཤཱི་ལ་ཉིད་ཀྱིས་བསྒྱུར།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲོདྦྷ་བ་ཀུ་རུ་ཀུལླེ་ཡཱ་པཉྩ་མ་ཧོ་པ་དེ་ ཤཿ །བོད་སྐད་དུ། ཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ། བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྙིང་གི་དབུས་ལས་སྲོག་རླུང་མཆོག་གིས་བསྐུལ་བས་རྩ་དབུས་མཆོག་གི་ནང་ཞུགས་གྱེན་སོང་ཞིང་། །མྱུར་དུ་སྤྱི་བོའི་ཟླ་དབུས་ ལས་འཐོན་རིམ་གྱིས་གསལ་བར་འགྲོ་ཅན་མགོ་ཡི་གཡོན་སྐོར་ཏེ། །གཡས་ཀྱི་རྣ་བུག་ལས་འཐོན་མྱུར་དུ་ལག་མདའི་བུ་གར་ཞུགས་ཤིང་ཕྱག་རྒྱ་ཆེར་བསྒོམས་ནས། །རྡོ་རྗེས་རབ་མྱུར་ས་བོན་རྒྱལ་པོ་བདག་ཉིད་འོད་ཟེར་དམར་པོ་འབར་བས་བསྒྲུབ་བྱ་ཡི། །ལག་མདའི་ རྩེ་མོའི་བུ་ག་རྒྱས་བྱེད་སྔོན་དུ་འགྲོ་བས་སྒྲ་འཛིན་བུ་གར་རབ་ཞུགས་ཤིང་། །མགོ་ཡི་གཡས་ཀྱི་སྣ་བུག་གསལ་བར་འགྲོ་བ་ཅན་གྱིས་སྙིང་གི་མཚོ་སྐྱེས་དབུས་གནས་པའི། །ཧྲཱིཿསེམས་མྱུར་དུ་ཁྱེར་ནས་རིམ་བཞིན་རྗེས་སུ་ལམ་དེ་དང་ནི་དེ་ནས་འཐོན་ནས་ནི། །བརྟན་པར་སྙིང་ དབུས་ལ་གནས་ཁྱོད་ཀྱིས་ས་ཡི་འཁོར་ལོ་དང་བཅས་ལྷ་ནི་དབང་དུ་སྡུད། །གོང་བུ་དགུག་པའོ།། །།སྔར་བཞིན་མདའ་ལས་འཐོན་ནས་བསྒྲུབ་བྱའི་མཚོ་སྐྱེས་གཡོན་གྱི་ངོས་ཞུགས་ཤིང་། །གྱེན་དུ་སོང་སྟེ་སྤྱི་བོའི་ཟླ་བ་རིམ་བཞིན་འཛག་བྱས་སྔར་བཞིན་ཞུགས། ། མཚོ་སྐྱེས་ཟེ་འབྲུ་ལ་གནས་རྣལ་འབྱོར་པས་ནི་བརྟན་པར་བསྒོམས་པ་ཡིས། །ཆགས་པས་འཛག་པའི་ལས་ཀྱིས་རྒྱལ་ཅན་མ་ཡི་སྐྱེ་བོ་མྱོས་པར་བྱེད། །རྐང་པ་དགུག་པའོ།། །།སྦྲུལ་གྱིས་བཟུང་བའི་སྙིང་གའི་ཟླ་དབུས་གནས་པ་གསལ་བར་མཐོང་ནས་དེའི། །འོད་ཟེར་ བདུད་རྩི་མང་པོའི་རྒྱུན་གྱི་ཁྲུས་ཀྱིས་སྦྲུལ་གྱི་དུག་སེལ་ཞིང་། །རྩ་བུག་འོད་ཟེར་གང་བ་ལས་ཀྱང་དུག་འཇོམས་འོད་ལྡན་ཟླ་དབུས་གནས། །དེ་ལྟར་སྦྲུལ་གྱིས་གཟུང་བ་ལ་ནི་བྱམས་པས་ལྷ་ཁྱོད་དུག་ནི་འཇོམས། །སྦྲུལ་གྱི་དུག་སེལ་བའོ།། །།མར་མེ་བརྟན་པའི་རྣམ་པ་ཅན། ། བརྟན་པོར་དམིགས་པའི་སེམས་ཀྱིས་སུ། །ལྕེ་ཡི་རྩེ་མོར་བསམ་བྱས་ན། །མི་ཤེས་རབ་རིབ་སེལ་བར་འགྱུར། །ཤེས་རབ་འཕེལ་བའོ།། །།གསལ་བར་རླུང་གི་དཀྱིལ་འཁོར་གནས་ཤིང་ལྕགས་ཀྱུས་སྙིང་ལ་ཕུག །སྐེ་ལ་ཞགས་པས་བཅིངས་ཤིང་སྐྲ་གྲོལ་གཅེར་བུས་གཡེངས་ པ་ཅན། །ལྷ་མོ་ཁྱོད་ནི་རྣལ་འབྱོར་སྟོབས་ཀྱིས་ནོར་འཛིན་བཀུག་ནས་ནི། །བདག་གི་རྐང་དྲུང་འགྱེལ་ཞིང་རྟག་ཏུ་ཁོལ་པོའི་གནས་སྐབས་འཛིན། །དམར་པོའི་རྣམ་ཅན་སྤྲོས་པའི་འོད་ཀྱི་དྲ་བས་རྣམ་པར་བཅིངས། །བདག་གི་རྐང་དྲུང་འགྱེལ་ཞིང་སྐྲ་གྲོལ་ལག་གི་མདའ་བསྣུན་ནས། ། གཡོན་པའི་རླུང་གིས་བཀུག་སྟེ་བཅིངས་ཤིང་མཚོ་སྐྱེས་ནང་དུ་བཅུག །ལྟེ་བའི་མཚོ་སྐྱེས་དབུས་སུ་ཞུགས་ཏེ་མོས་ཤིང་ཐལ་མོ་སྦྱར། །སེམས་དཔའ་པདྨ་ལས་འཛག་ཁྲག་གིས་སྤྱི་བོར་ཁྲུས་བྱས་ལ། །རྣལ་འབྱོར་པ་དེས་བསྒོམས་ན་ལྷ་དབང་ཡང་ནི་དབང་དུ་འགྱུར། ། དབང་དུ་བསྡུ་བའོ།། །།ཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ་སློབ་དཔོན་ཞི་བ་འཚོས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཧཱ་ན་ཤཱི་ལ་ཉིད་ཀྱིས་བསྒྱུར་རོ།། །།ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཨོཾ་ཀུ་རུ་ཀུལླེ་ཨ་མུ་ཀྱཱཿཔཎྜི་མ་ཨཱ་ཀཪྵ་ཡ་ཧྲཱིཿསྭཱ་ཧཱ། ཨ་མུ་ཀིཾ་ སཱ་དྷྱཱཾ་ཨཱ་ཀཪྵ་ཡ། ཨ་མུ་ཀིཾ་བ་ཤཱིཾ་ན་ཡ། ཨ་མུ་ཀཾ་བ་ཤྱཾ་ཀུ་རུ། ཨ་མུ་ཀ་བ་ཤྱ་ཀུ་རུ། མ་མ་ཨཱ་ཀྲྀཥྚཾ་ཀུ་རུ། མེ་ཨཱ་ཀྲྀཥྚི་ཀུ་རུ། ཨཱཏྨ་ཀཾ་ཨཱ་ཀྲྀཥྚཾ་ཀུ་རུ། ན་མོ་མཱཾ་རཀྵ། ན་མོ་མེ་རཀྵ་ཀུ་རུ་ན་མཿན་མོ་མེ་ཤཱཾ་ཏིཾ་ཀུ་རུ་ན་མཿ། བཽ་ཥཊ་མེ་པུཥྚི་ཀུ་རུ་བཽ་ཥཊ། ཧོ་དེ་བ་དཏྟཾ་མེ་བ་ཤྱཾ་ཀུ་རུ་ཧོཿ ཧྲཱིཿདེ་བ་དཏྟཾ་མེ་ཨཱ་ཀཪྵ་ཡ་ཧྲཱིཿཛཿདེ་བ་དཏྟཾ་མེ་ཨཱ་ཀཪྵ་ཡ་ཛཿམེ་ཌཱ་ཀི་མ་མ་ཌཱ་ཀི་ཨཱཏྨ་ཀཾ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་ཀུ་རུ་ཀུལླེ་སྟོ་ཏྲ། བོད་སྐད་དུ། འཕགས་མ་སྒྲོལ་མ་ཀུ་རུ་ཀུལླེའི་བསྟོད་པ། འཕགས་མ་སྒྲོལ་མ་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །མི་འགྱུར་ མཉམ་པའི་ངང་ལས་མ་གཡོས་ཀྱང་། །སོ་སོར་རྟོགས་པས་འགྲོ་བའི་དོན་མཛད་པ། །དམར་བའི་འོད་འཕྲོ་ཉི་མ་སྟོང་གི་གཟི། །ཞལ་གཅིག་ཕྱག་བཞི་མ་ལ་ཕྱག་འཚལ་ལོ། །ཧྲཱིཿལས་བྱུང་བའི་ལྷ་མོ་ནི། །ཁ་དོག་དམར་ཞིང་ཕྱག་བཞི་མ། །མདའ་དང་གཞུ་ཡི་ལག་པ་མ། །ལྕགས་ཀྱུ་ འཛིན་ལ་ཕྱག་འཚལ་བསྟོད། །བསྐལ་པའི་མེ་དཔུང་ལྟར་འབར་འོད། །ཞལ་གཅིག་སྤྱན་ནི་གསུམ་པ་སྟེ། །དབུ་སྐྲ་དམར་སེར་གྱེན་དུ་འབར། །ཨུཏྤལ་འཛིན་པ་ཕྱག་འཚལ་བསྟོད། །ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས། །གཏུམ་པའི་ཁྲོ་ཚུལ་འགྱིང་བག་ཅན། །ཐོད་པ་ ལྔ་ཡི་དབུ་རྒྱན་ཅན། །སྟག་ལྤགས་བསྣམས་ལ་ཕྱག་འཚལ་བསྟོད། །མཆེ་གཙིགས་དམར་མོ་མི་བཟད་སྐུ། །དྲག་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། །བརྒྱ་ཕྱེད་ཕྲེང་བའི་དོ་ཤལ་ཅན། །བདུད་འཇོམས་མ་ལ་བདག་ཕྱག་འཚལ། །ཨཱ་ལི་ཀཱི་ལི་སྙོམས་འཇུག་ལས། ། བདེ་ལ་རྟག་དགྱེས་བྱང་ཆུབ་དང་། །འོད་དཔག་མེད་ཀྱིས་དབུ་ལ་བརྒྱན། །གར་གྱིས་དགྱེས་ལ་བདག་ཕྱག་འཚལ། །མདའ་དང་གཞུ་ཡིས་བསྡིགས་པར་མཛད། །ཨུཏྤ་ལ་ཡིས་དབང་དུ་བྱེད། །ལྕགས་ཀྱུས་ཉོན་མོངས་འདམ་ལས་འདྲེན། །བདུད་དག་ཕྱག་བཞི་ལ་ཕྱག་འཚལ། །འཕགས་ མ་སྒྲོལ་མ་ལྷ་མོ་ཀུ་རུ་ཀུལླེའི་བསྟོད་པ། སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་པའི་ཐབས། ཨོཾ་བཅོམ་ལྡན་འདས་འཕགས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོ་ཁོ་ནར་སེམས་ དཔའི་སྐྱིལ་ཀྲུང་བཅས་ལ། བགེགས་བསལ་བར་བྱའོ། །སྔགས་ནི་འདི་ཡིན་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའི་དཀྱིལ་དུ་དམིགས་ལ། དེ་མ་ཐག་ཏུ་སྐྱབས་སུ་འགྲོ་བར་བྱ་སྟེ། ཨོཾ་རཏྣ་ཏྲ་ཡཾ་སྨ་ཤ་ར་ནཾ་ཀྲི་ཏྭ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་ དྷརྨཱཿསྭ་བྷཱ་ཝ་ཤུདྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་ཡི་གེ་པཾ་ལས་པདྨ། དེའི་སྟེང་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེ་ལ་ཡི་གེ་ཏཱཾ་དེ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ། དེའི་རྗེས་ལ་སྤྱན་དྲང་བར་བྱ་སྟེ། ཨོཾ་བྷ་ག་ཝ་ཏི་ས་མ་ཡ་ཤྭ་རེ་སརྦོཏྟ་མ་ཏི་ཏ་ཛཿཨ་དྷིཥྛ་ནཾ་ མི་ཀུ་རུ་སྭཱ་ཧཱ། དེ་ལས་བཅོམ་ལྡན་འདས་མ་ཞལ་གསུམ་པ་ཕྱག་དྲུག་མ། གཡས་པ་དང་གཡོན་པ་ཡང་རྩ་བའི་ཞལ་ནི་གནག་པ་དང་སེར་བ་དང་དམར་བའོ། །གཡས་པའི་ཕྱག་རྣམས་ཀྱི་དང་པོ་མི་འཇིགས་པ་སྦྱིན་པ་ལ་འཁོར་ལོ་དཀར་པོས་མཚན་པའོ། །གཉིས་པ་ལ་མདའ། གསུམ་པ་ལ་ ལྕགས་ཀྱུའོ། །ཕྱག་གཡོན་པ་རྣམས་ཀྱི་དང་པོ་ལ་ཨུཏྤ་ལ་དམར་པོ་རིན་པོ་ཆེའི་སྙེ་མ་དང་བཅས་པའོ། །གཉིས་པ་ལ་གཞུ། གསུམ་པ་ལ་ཞགས་པའོ། །སྐུ་མདོག་དམར་པོ་པདྨ་དམར་པོའི་གདན་ལ་བཞུགས་པ། དེ་བཞིན་གཤེགས་པ་ལྔའི་ཅོད་པན་ཅན། སྐུ་ལ་རྒྱན་ཐམས་ཅད་ཀྱིས་ བརྒྱན་པ། ཤར་གྱི་ཕྱོགས་སུ་གསལ་བའི་སྒྲོལ་མ། ལྷོ་རུ་རྫོགས་བྱེད་སྒྲོལ་མ། ནུབ་ཏུ་སྣང་བྱེད་སྒྲོལ་མ། བྱང་དུ་ཀརྞ་སྒྲོལ་མ། མེའི་མཚམས་སུ་རིན་ཆེན་སྒྲོལ་མ། བདེན་བྲལ་གྱི་མཚམས་སུ་རྒྱལ་བ་སྒྲོལ་མ། རླུང་གི་མཚམས་སུ་དཀར་མོ་སྒྲོལ་མ། དབང་ལྡན་གྱི་མཚམས་སུ་དཔའ་བོའི་ སྒྲོལ་མའོ། །འདི་རྣམས་ནི་ཕྱག་བཞི་པ་མཆོག་སྦྱིན་པ་དང་། ཨུཏྤ་ལ་དང་མདའ་དང་གཞུ་བསྣམས་པའོ། །སྐུ་མདོག་དམར་པོ་པདྨ་དམར་པོའི་གདན་ལ་བཞུགས་པ། དེ་བཞིན་གཤེགས་པ་ལྔའི་ཅོད་པན་ཅན། སྐུ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་རྣམས་ཀྱི་སྔགས་ནི། ཨོཾ་ཀུ་རུ་ ཀུལླེ་ཧཱུཾ་ཧྲཱིཾ་སྭཱ་ཧཱ། ཨོཾ་པྲ་སནྣ་ཏཱ་རི་ཧཱུཾ་ཧྲཱིཾ་སྭཱ་ཧཱ། ཨོཾ་ནེ་སནྣ་ཏཱ་རི་ཧཱུཾ་ཧྲཱིཾ་སྭཱ་ཧཱ། ཨོཾ་དཱིཔ་ཏཱ་རི་ཧཱུཾ་ཧྲཱིཾ་སྭཱ་ཧཱ། ཨོཾ་ཀརྞ་ཏཱ་རི་ཧཱུཾ་ཧྲཱིཾ་སྭཱ་ཧཱ། ཨོཾ་མ་ཎི་ཏཱ་རི་ཧཱུཾ་ཧྲཱིཾ་སྭཱ་ཧཱ། ཨོཾ་ཛ་ཡ་ཏཱ་རི་ཧཱུཾ་ཧྲཱིཾ་སྭཱ་ཧཱ། ཨོཾ་གཽ་རཱི་ཏཱ་རི་ཧཱུཾ་ཧྲཱིཾ་སྭཱ་ཧཱ། ཨོཾ་ཝཱི་ར་ཏཱ་རི་ཧཱུཾ་ཧྲཱིཾ་སྭཱ་ཧཱ། ཤར་ཕྱོགས་ཀྱི་སྒོར་ནི་རྡོ་རྗེ་རོ་ལངས་མ། །མཆེ་བ་ རྣམ་པར་གཙིགས་པ། ཞལ་རྣམ་པར་འགྱུར་བ། འཇིགས་སུ་རུང་པའི་ཆ་བྱད་ཅན། །ཕྱག་བཞི་པ་ལ། མདའ་དང་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་པི་ཝང་བསྣམས་པ། མི་བསྐྱོད་པའི་ཅོད་པན་ཅན། ལྷོའི་སྒོར་ནི་རྡོ་རྗེ་དྲི་འཛིན་མ། །ཞལ་རྣམ་པར་གཙིགས་པ། དབུ་སྐྲ་ འཁྱིལ་བ། གསུས་པ་འཕྱང་བ། ཕྱག་བཞི་པ། རྡོ་རྗེ་དང་དྲིལ་བུ་དང་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན་ནོ། །ནུབ་ཀྱི་སྒོ་རུ་གཞན་གྱིས་མི་ཐུབ་པ། དབུ་སྐྲ་གྱེན་དུ་བརྫེས་པ། གསུས་པ་འཕྱང་བ། ཕྱག་བཞི་པ། སྡིགས་མཛུབ་དང་། ལྕགས་ཀྱུ་ དང་། ཞགས་པ་བསྣམས་པ། སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་ཅན། བྱང་གི་སྒོར་ནི་རལ་པ་གཅིག་མ། དབུ་སྐྲ་གྱེན་དུ་བརྫེས་པ། གསུས་པ་འཕྱང་བ། ཕྱག་བཞི་པ། ཐོ་བ་དང་། རྡོ་རྗེ་དང་། དགྲ་སྟ་དང་། ཞགས་པ་བསྣམས་པ། དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། གཡས་བརྐྱང་ གཡོན་བསྐུམ་གྱིས་གནས་པས་བཞུགས་པ། སྒོ་མ་བཞི་པོ་རྣམས་སྐུ་མདོག་དམར་བ་པདྨའི་གདན་ལ་བཞུགས་པའོ། །འདི་རྣམས་ཀྱི་སྔགས་ནི། ཨོཾ་བཛྲ་ཝ་ཏི་ལི་ཧཱུཾ་ཕཊ། ཨོཾ་བཛྲ་གྷནྡྷ་རི་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་པ་རཱི་ཛི་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་ཨེ་ཀ་ཛ་ཊཱ་ཧཱུཾ་ཕཊ། ཨོཾ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཨ་བོ་དྷི་སཏྭཱ་ ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨཱ་གཙྪ་ཨཱ་གཙྪ། བྷ་ག་ཝ་ཏི་ཏཱ་རི་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ས་ཏྱེ་ན་སྭཱ་ཧཱ། གུ་གུལ་གྱི་སྤོས་ལ་ལན་བདུན་ཡོངས་སུ་བཟླས་ནས་སྤྱན་དྲང་བར་བྱའོ། །ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཏདྱ་ཐཱ། ཨོཾ་སོ་རི་སོ་ར་བ་ཏེ་ཧེ་ར་ཧེ་ར་ སྭཱ་ཧཱ། ཨརྒྷའི་སྔགས་སོ། །ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཏདྱ་ཐཱ། ཨོཾ་ཏ་རི་ཏ་རི་བ་ཏི་སརྦ་ཙ་ཏུརྠ་སཱ་དྷ་ནེ་ཏིཥྛ། ཡད་ཀརྱཱཾ་སིདྡྷི་མེ་ཀུ་རུ་སྭཱ་ཧཱ། མེ་ཏོག་གི་སྔགས་སོ། །ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཏདྱ་ཐཱ། མེ་གྷ་མེ་གྷ་སྭཱ་རི་དོ་ག་སྭཱ་ཀུ་རུ་ཀུ་རུ་བྷ་ར་བྷ་ར་སྭཱ་ཧཱ། བདུག་སྤོས་ཀྱི་སྔགས་སོ། ། ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཏདྱ་ཐཱ། ཨོཾ་བོཀྐ་བོཀྐ་བྷ་མ་ནེ་ཛྭཱ་ལ་ཛྭཱ་ལ་དཱི་པ་སྭཱ་ཧཱ། མར་མེའི་སྔགས་སོ། །ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་ཧོ་རུ་ཧོ་རུ་གནྡྷ་བ་ས་ནི་སྭཱ་ཧཱ། དྲིའི་སྔགས་སོ། །ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཏདྱ་ཐཱ། ཨོཾ་སྭ་བྷཱ་བ་དི་ཧ་དི་ཧ་ཀུ་རུ་ཀུ་རུ་དེ་ཤཾ་བ་ལིཾ་ཧཱུཾ་ཕཊ་སྭཱ་ཧཱ། གཏོར་མའི་སྔགས་སོ། །ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཏདྱ་ཐཱ། ཧེ་རེ་ཧེ་རེ་ཧ་ར་ཧ་ར་སརྦ་སཏྭ་ཀཱ་རུ་ཎི་ཤཱི་གྷྲཾ་ཨཱ་གཙྪ་དེ་བ་ཏཱ་བྷ་ག་ཝཱན་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ས་མ་ཡ་མ་ནུ་སྨ་ར་ན་སྭཱ་ཧཱ། མེ་ཏོག་གི་ཐལ་མོ་སྦྱར་ལ་གཏོར་མར་གཞུག་པར་བྱའོ། །གཤེགས་སུ་གསོལ་བའི་སྔགས་ནི། ཨོཾ་པྲ་ སནྣ་ནེ་སྤན་པྲ་ཏི་པྲ་ཀ་ར་ན་མ་ནེ་ཛ་ཡ་གུ་རེ་ས་ཝི་རེ་ཏ་ར་ཝེ་ཏ་ལེ་གནྡྷ་རེ་ས་བཛྲ་ཧསྟ། ཨ་པ་རཱ་ཛི་ཏ་ཨེ་ཀ་ཛཱ་ཊཾ་ན་མ་མིཿཨོཾ་ཏ་ར་ཏ་ར་ཎེ་ཧཱུཾ་ཧ་ར་ཧ་ར་སྭཱ་ཧཱ། ཁྱུ་མཆོག་གི་རྭའི་འཇིམ་པ་ལ་ལག་པ་གཡོན་པ་ཉིད་ཀྱིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་བཏབ་ན་དབང་དུ་བྱེད་པར་འགྱུར་རོ། ། བཅོམ་ལྡན་འདས་མ་ཀུ་རུ་ཀུལླེའི་སྒྲུབ་པའི་ཐབས་རྫོགས་སོ།། །།པཎྜི་ཏ་བིམྦ་དང་། ལོ་ཙཱ་བ་གཞོན་ནུ་འོད་ཀྱིས་བསྒྱུར་བ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། མྱུར་མཛད་མའི་སྒྲུབ་ཐབས། ལྷ་མོ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །རེ་ཞིག་བསྒོམ་པར་བྱ་ བའི་གནས་ས་ཕྱོགས་དབེན་ཞིང་སེམས་ཉམས་དགའ་བར་དྲི་རྣམ་པ་ལྔས་བྱུགས་ཏེ། སྟན་འཇམ་ཞིང་རྒྱ་ཆེ་བ་ལ་བརྟུལ་ཞུགས་ཅན་གྱིས་མཉམ་པར་གཞག་པར་བྱའོ། །དེ་ནས་སྙིང་གར་ཡི་གེ་རཾ་ལས་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་འབར་བའི་ཕྲེང་བས་འཁྲིགས་པ་རྣམ་པར་ བསྒོམ་སྟེ། དེའི་ལྟེ་བ་ལ་ཡི་གེ་ཧྲཱིཿདམར་པོ་རྣམ་པར་བསམ་མོ། །ཡི་གེ་ཧྲཱིཿདེ་ལས་འོད་ཟེར་གྱི་དྲ་བ་བྱུང་བས་ཕྱོགས་བཅུ་ན་གནས་པའི་སེམས་ཅན་གྱི་ཁམས་ལ་ཕོག་སྟེ། དཔལ་ཀུ་རུ་ཀུལླེའི་གཟུགས་སུ་མངོན་པར་བྱས་ནས། འོད་ཟེར་གྱི་ཕྲེང་བ་དེ་དག་ཀྱང་ཡང་འདུས་ཏེ། དེ་ཉིད་དུ་ཞུགས་པར་ བསྒོམ་པར་བྱའོ། །དེ་ནས་མདུན་གྱི་ནམ་མཁའ་ལ་ལྷ་མོ་ཀུ་རུ་ཀུལླེ་མ་ལོ་བཅུ་དྲུག་པ་ལྟ་བུ་འབར་བའི་དབུ་སྐྲ་ཁམ་པ་གྱེན་དུ་བརྗེས་པ། ཐོད་པ་ལྔས་དབུ་ལ་བརྒྱན་པ། རོའི་སྟེང་དུ་སྐྱིལ་མོ་ཀྲུང་ཕྱེད་མར་གར་ཀྱི་སྟབས་སུ་བཞུགས་པ། མཆེ་བ་ཅུང་ཟད་གཙིགས་ཤིང་ལྕེ་ལྕིབ་པར་མཛད་པ། འཁོར་ ལོ་དང་། སྙན་ཆ་དང་། མགུལ་ཆུ་དང་། དཔུང་རྒྱན་དང་། ཕྱག་གདུབ་དང་། སྐ་རགས་དང་། ཞབས་གདུབ་ཀྱིས་བརྒྱན་པ། སྟག་གི་ཤམ་ཐབས་ཅན་སྤྱན་དམར་པོ་གཡོ་ཞིང་འདྲིལ་བ། མཐའ་ཡས་མགོན་གྱིས་དབུ་ལ་བརྒྱན་པ། ཕྱག་བཞི་ལ་གཉིས་ཀྱིས་ཨུཏྤལ་དམར་པོ་ཁ་མ་བྱེ་བའི་ མདེའུ་དང་ལྡན་པའི་མདའ་དང་། མེ་ཏོག་དམར་པོའི་གཞུའི་མདའ་གཞུ་འགེངས་པ། ལྷག་མའི་ཕྱག་གཉིས་ན་མེ་ཏོག་དམར་པོའི་ལྕགས་ཀྱུ་དང་ཨུཏྤ་ལ་བསྣམས་པ་རྣམ་པར་བསམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀུ་རུ་ཀུལླེ་མ་ལ་མཆོད་པ་བྱ་བའི་ཕྱིར། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ གནས་པའི་ཡི་གེ་ཧྲཱིཿལས་བྱུང་བའི་མཆོད་པའི་མེ་ཏོག་དང་བདུག་སྤོས་དང་མར་མེ་དང་དྲི་དང་ལྷ་བཤོས་རྣམ་པ་ལྔས་མཆོད་པར་བྱའོ། །འདི་ནི་མཆོད་པའོ། །མཆོད་པ་བྱས་ནས་དམ་པའི་སྙིང་རྗེ་དང་ལྡན་པའི་རྣལ་འབྱོར་པས། ལུས་ངག་ཡིད་གསུམ་གྱིས་གུས་པས་བཏུད་དེ་ཕྱག་བྱའོ། །འདི་ནི་ཕྱག་བཙལ་ བའོ། །ཕྱག་བཙལ་ནས་སྡིག་པ་བཤགས་པར་བྱ་སྟེ། སྡིག་པ་གང་བགྱིས་བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་དེ་དག་བཅོམ་ལྡན་འདས་མའི་སྤྱན་སྔར་མངོན་སུམ་དུ་བཤགས་པར་བགྱིའོ། །འདི་ནི་སྡིག་པ་བཤགས་པའོ། །དེ་ནས་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱ་སྟེ། བརྟུལ་ ཞུགས་ཅན་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་གང་ལགས་པ་དེ་དག་ལ་བདག་རྗེས་སུ་ཡི་རང་ངོ་། །དེ་ནི་བསོད་ནམས་ལ་རྗེས་སུ་ཡི་རང་བའོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྟེ། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་ མཆོག་རྣམས་ལ་གང་དུ་འཁོར་བ་ནས་འཁོར་བའི་ཚེ་བདག་སྐྱབས་སུ་མཆི་བར་བགྱིའོ། །འདི་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། གང་དག་སྲིད་པའི་འཁོར་བ་ན་གནས་པའི་སེམས་ཅན་རྣམས་དྲང་པར་བྱ་བ་དེའི་ཕྱིར། བདག་གི་གཙོ་ བོ་ཐུགས་རྡོ་རྗེ་བྱའོ། །ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །དེ་ནས་ཚངས་པའི་གནས་བཞི་བསྒོམ་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་གདུང་བར་སེམས་པ་གང་ཡིན་པའི་སེམས་སུ་བསྒོམ་པ་འདི་ནི་བཏང་སྙོམས་བསྒོམ་པའོ། །དེ་ནས་དེ་རྣམས་ཐམས་ཅད་རང་བཞིན་གྱིས་མི་ དམིགས་ཤིང་ལུས་དང་བྲལ་བར་བྱེད་པ་འདི་ནི་སྟོང་པ་ཉིད་སྒོམ་པའོ། །དེ་ནས་སེམས་ཙམ་དུ་ནི་བྱིན་གྱིས་བརླབ་པའི་གསང་སྔགས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་འདིས་སེམས་བྱིན་གྱིས་བརླབ་པའོ། །དེ་ནས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་གྱི་དོན་ལ་བློ་ཡིས་གཟིགས་ནས་ སྔགས་པ་ལྷའི་སྐུར་བསྐྱེད་དེ། གསང་སྔགས་སྦས་པའི་རིམ་པ་འདི་ནི་ལྷའི་སྐུ་ཞེས་བྱའོ། །དེ་ནས་ནམ་མཁའི་ངོས་སུ་ཡི་གེ་རཾ་ལས་ཉི་མའི་དཀྱིལ་འཁོར་འོད་ཟེར་དྲ་བའི་ཕྲེང་བས་འཁྲིགས་པ་བསྒོམ་པར་བྱའོ། །འདི་ནི་ཉི་མ་ཤར་བའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་ཁ་དོག་ནག་པོ་ཡོངས་སུ་གྱུར་པ་ལས། སྣ་ ཚོགས་རྡོ་རྗེ་ལས་རྡོ་རྗེ་ར་བ་དང་། རྡོ་རྗེ་གུར་དང་། རྡོ་རྗེ་བཅིང་བ་དང་། ས་གཞི་རྡོ་རྗེར་རྣམ་པར་བསམ་པར་བྱའོ། །འདི་ནི་བསྲུང་བའི་འཁོར་ལོའོ། །དེའི་དབུས་སུ་ཆོས་ཀྱི་འབྱུང་གནས་ཀྱི་ཡེ་ཤེས་ཡི་གེ་ཨེ་ལྟ་བུ་ཁ་དོག་དཀར་པོ་བསྒོམ་པར་བྱའོ། །དེའི་དབུས་སུ་ཡི་གེ་ཧྲཱིཿདམར་པོ་ལས་བྱུང་བའི་པདྨ་ དམར་པོ་འདབ་བརྒྱད་པ། དེའི་སྙིང་པོའི་སྟེང་དུ་ཡི་གེ་རཾ་ལས་ཡོངས་སུ་གྱུར་པའི་ཉི་མ་དང་རོའོ། །གཞན་ཡང་དེ་དག་གི་སྟེང་དུ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ཟླ་བ་ཉ་གང་ཞིང་ཡོངས་སུ་རྫོགས་པ་དཀར་པོའོ། །དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཁ་དོག་དམར་ པོའོ། །དེ་དག་གི་བར་དུ་ཡི་གེ་ཧྲཱིཿཁ་དོག་དམར་པོ་ཡོངས་སུ་གྱུར་པའི་ཨུཏྤལ་དམར་པོ་ཁ་མ་འབུས་པའི་ནང་དུ་རང་གི་སེམས་ཉིད་ཞུགས་པར་བསྒོམ་པར་བྱའོ། །དེ་ནས་ཟླ་བ་དང་དབྱངས་དང་ཉི་མ་རྣམས་གཅིག་ཏུ་ཞུ་བའི་བདག་ཉིད་ལས་སྔོན་དུ་བརྗོད་པ་ལྟ་བུའི་ལྷ་མོ་ཀུ་རུ་ཀུལླེའི་སྐུ་བསྒོམ་པར་ བྱའོ། །རྣམ་པར་བསྒོམས་ནས། སྙིང་གར་ཡི་གེ་རཾ་ལས་ཉི་མའི་དཀྱིལ་འཁོར་དེའི་ལྟེ་བར་ཧྲཱིཿཡང་བསྒོམ་པར་བྱའོ། །དེའི་འོད་ཟེར་རྣམས་ཀྱིས་མགོན་པོ་མཐའ་ཡས་བཀུག་སྟེ། སྤྱན་དྲངས་ནས་མཆོད་པ་འཛིན་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། དབང་བསྐུར་བར་གསོལ་བ་གདབ་པོ། ། གསོལ་བ་གདབ་པ་ནི་ཨ་བྷི་ཥིཉྩ་ཏུ་མཱཾ་ཨ་མྲྀ་ཏ་ནཱ་ཐ་ཞེས་བྱ་བ་དེས་མཐའ་ཡས་ཀྱི་ས་བོན་གྱི་བདུད་རྩི་ལྔས་ཡོངས་སུ་གང་བའི་བུམ་པ་ཐུགས་ཀ་ནས་འཕྲོ་བར་བསྒོམས་ཏེ། དེ་ནས་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར་ཞིང་བླུགས་པས་བདག་གི་སྙིང་གར་བུམ་པ་རྣམས་ཞུགས་ཏེ། ཞུགས་ པའི་རྣལ་འབྱོར་པའི་སྤྱི་བོར་མཐའ་ཡས་བསྒོམ་མོ། །དུས་གསུམ་དུ་འདི་བསྒོམ་ཞིང་ལྷ་མོའི་གསང་སྔགས་བཟླས་བརྗོད་བྱའོ། །དེ་ལ་གསང་སྔགས་ནི་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ལྷག་པར་ཡང་ཙནྡན་དམར་པོའི་ཕྲེང་བས་བཟླས་བརྗོད་བྱའོ། །ཁ་ཟས་རྣམས་ཡེ་ཤེས་རྣམ་པ་ལྔའི་བདུད་རྩིས་ནན་ཏན་ གྱིས་སྦྱོང་སྟེ། ཨོཾ་ཨཱཿཧཱུཾ་དེ་ཉིད་གསུམ་པ་འདིས་ཁ་ཟས་དང་ཞལ་བྱིན་གྱིས་བརླབས་ན་འདིས་ཞལ་གྱི་གསང་སྔགས་འགྲུབ་པོ། །དེ་ནས་སྔགས་པས་སྐྱེས་པའམ་བུད་མེད་དབང་དུ་བྱ་བར་འདོད་ན། ཡར་གྱི་ངོའི་ཚེས་གཅིག་ནས་བརྩམས་ཏེ་བཟླས་བརྗོད་ཁྲི་བྱ་སྟེ། དུས་གསུམ་དུ་བཅོམ་ ལྡན་འདས་མའི་སྐུར་དམིགས་ཏེ། སྨད་དཀྲིས་རས་དམར་པོ་དང་། ལུས་ལ་རས་དམར་པོ་གྱོན་ནས་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་རྩ་བ་འདམ་ནས་སྐྱེས་པ་བསམ་པར་བྱའོ། །འདབ་མ་དེ་ རྣམས་ལ་དབྱངས་ཀྱི་ཡི་གེ་དང་པོ་བརྒྱད་ལས་ཡོངས་སུ་གྱུར་པའི་བུང་བ་བརྒྱད་ཁྲོ་ཞིང་རྒྱས་པ་དགའ་ཞིང་ཆགས་པར་རིམ་པ་བཞིན་བསམས་ནས་དབུགས་ཀྱིས་བསྐྱོད་དེ། སྣ་བུག་ནས་བྱུང་ནས་བསྒྲུབ་བྱའི་སྣ་བུག་གཡས་པར་ཞུགས་ནས་སྒྲ་སྒྲོགས་ཤིང་གར་བྱས་ཏེ་གདུངས་ཤིང་པདྨའི་ འདབ་མ་ལ་ཡང་དབྱངས་ཡིག་དང་པོ་བརྒྱད་ཁ་དོག་ཅུང་ཟད་དམར་བ་དང་ལྡན་པ་རྣམ་པར་བལྟ་བར་བྱའོ། །དེ་ལྟར་བལྟས་ནས་དེ་ནས་རྣལ་འབྱོར་པས་ཨུཏྤལ་ཁ་མ་འབུས་པའི་མདེའུ་དང་ལྡན་པའི་མདའ་ལྟ་སྟངས་དང་བཅས་པའི་ཁུ་ཚུར་གྱིས་རྫོགས་པར་བཀང་སྟེ། པདྨའི་ཟེ་བ་ལ་ བརྡེག་གོ། །དེས་བུང་བ་དེ་རྣམས་རང་གི་དམ་ཚིག་གིས་བསྐུལ་ནས། དབྱངས་ཡིག་རེ་རེ་ཁྱེར་ཏེ་སྣ་བུག་གཡོན་པ་ནས་བྱུང་ནས་རྣལ་འབྱོར་པའི་སྣ་བུག་གཡས་པར་ཞུགས་ཏེ། སྙིང་གར་རང་དང་གཞན་གྱི་རྣམ་པར་ཤེས་པ་གཅིག་ཏུ་གྱུར་པར་བྱའོ། །དེ་ནས་ཨུཏྤ་ལའི་རྩ་བས་མགྲིན་པ་ནས་ བཅིངས་ཏེ། ལྕགས་ཀྱུས་མངལ་ནས་བཟུང་ནས་དྲངས་པས་མི་བཟོད་པར་བསམས་ཏེ། འབར་བས་དབང་དུ་བསྡུ་ཞིང་རླུང་གི་འཁོར་ལོ་ལ་བཞག་སྟེ། རྣལ་འབྱོར་པ་དགའ་བའི་སེམས་ཀྱིས་གསང་སྔགས་བཟླས་བརྗོད་བྱ་ཞིང་འདི་ལྟར་རྣམ་པར་བསྒོམ་པར་བྱའོ། །གསང་སྔགས་ནི་ཨོཾ་ཀུ་རུ་ཀུལླེ་ ཧྲཱིཿཆེ་གེ་མོ་མེ་བ་སཱ་མཱ་ན་ཡ་སྭཱ་ཧཱ། འདི་ལྟར་ཟླ་བ་ཉ་བའི་བར་དུ་མཚན་མོ་ཀུན་དུ་བཟླས་བརྗོད་བྱའོ། །དེ་ནས་ནང་པར་དེ་འོང་བར་འགྱུར་ཏེ། ཆགས་པ་དང་བཅས་ཤིང་གཅེར་བུ་སྐྲ་བཤིག་པར་འགྱུར་རོ། །གསང་སྔགས་ཀྱི་རྒྱལ་པོ་འདིས་བསྐུལ་བས་ཤིན་ཏུ་རྒྱས་པའི་དངོས་གྲུབ་ཀྱང་ཐོབ་ པར་འགྱུར་རོ། །ཨུ་རྒྱན་གྱི་ཡུལ་ནས་བྱུང་བའི་ལྷ་མོ་ཀུ་རུ་ཀུལླེའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཡུལ་མ་ག་དྷཱར་སྐྱེས་པ་དཔལ་བྱང་ཆུབ་ཆེན་པོར་རབ་ཏུ་བྱུང་བའི་གནས་བརྟན་མཉྫུ་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ པའོ།། ༄༅༅། །རྒྱ་གར་སྐད་དུ། ཏྲ་ཡོད་ཤ་ཨཱཏྨ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། མྱུར་མཛད་མའི་སྒྲུབ་ཐབས་བཅུ་གསུམ་པའི་བདག་ཉིད། ལྷ་མོ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །ཀུ་རུ་ཀུལླེའི་རྟོག་པ་བཤད་པར་བྱ་སྟེ། རེ་ཞིག་དང་པོར་སྔོན་དུ་བསྙེན་པ་འབུམ་བཟླས་བརྗོད་བྱས་ན། དེ་ ནས་དངོས་གྲུབ་ཏུ་འགྱུར་རོ། །བྲིས་སྐུའི་ཆོ་ག་རབ་ཏུ་བསྟན་པར་བྱ་སྟེ། གྲུ་བཞི་པ་སྒོ་བཞི་པ་ཏྭ་ར་ན་བཞིས་བརྒྱན་པ། དེའི་དབུས་སུ་ཀུ་རུ་ཀུལླེ་བྲི་བར་བྱ་སྟེ། སྐུ་མདོག་དམར་པོ་ཕྱག་བརྒྱད་པ། དང་པོའི་ཕྱག་གཉིས་ཀྱིས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་པ། གཡས་ ཀྱི་ཕྱག་ན་ལྕགས་ཀྱུ་དང་། མདའ་འགེངས་པ་དང་། མཆོག་སྦྱིན་མཛད་པ་དང་། གཡོན་པའི་ཕྱག་ན་ཞགས་པ་དང་། གཞུ་དང་། ཨུཏྤལ་བསྣམས་པ་བྲི། ཤར་དུ་ཞུ་བའི་སྒྲོལ་མ་བྲི། ལྷོར་གྲུབ་པའི་སྒྲོལ་མ་བྲི། བྱང་དུ་སྙན་སྒྲོལ་མ་བྲི། མེའི་ཕྱོགས་སུ་གཞན་གྱིས་མི་ཐུབ་པའི་སྒྲོལ་ མ། སྲིན་པོའི་ཕྱོགས་སུ་རབ་ཏུ་སྣང་བའི་སྒྲོལ་མ། རླུང་གི་ཕྱོགས་སུ་དཔའ་བོའི་སྒྲོལ་མ། དབང་ལྡན་གྱི་ཕྱོགས་སུ་སྐུལ་བྱེད་མ་བྲིའོ། །ལྷ་མོ་འདི་རྣམས་ནི་སྐུ་མདོག་དམར་པོ། དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་བཞི་པ། གཡས་པའི་ཕྱག་མཆོག་ སྦྱིན་པ་དང་མདའ་འགེངས་པ། གཡོན་པའི་ཕྱག་ན་ཨུཏྤལ་དང་གཞུ་འཛིན་པའོ། །ཤར་ཕྱོགས་ཀྱི་སྒོར་རྡོ་རྗེ་རོ་ལངས་མ་གསུས་ཁྱིམ་ཆེ་བ་འཇིགས་པའི་ཞལ་ལྕེ་འཇིབ་པ། མི་བསྐྱོད་པས་དབུ་བརྒྱན་པ། ཕྱག་གཡས་ན་སྡིགས་མཛུབ་དང་ལྕགས་ཀྱུ་དང་། གཡོན་ན་རྡོ་རྗེ་དྲིལ་བུ་དང་ཐོད་པ་བསྣམས་ པ། ཞབས་གཡས་བརྐྱང་བར་བྲིའོ། །ལྷོ་ཕྱོགས་ཀྱི་སྒོར་རྡོ་རྗེ་ཕག་མོ་གསུས་ཁྱིམ་ཆེ་བ། སྐྲ་གྱེན་དུ་བརྫེས་པའི་འཇིགས་པའི་ཞལ་ལྕེ་འཇིབ་པ། སྐུ་མདོག་དམར་པོ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་དང་ལྕགས་ཀྱུ། གཡོན་དྲིལ་བུ་དང་ཞགས་པ། ཞབས་གཡས་ བརྐྱང་བའོ། །ནུབ་ཕྱོགས་ཀྱི་སྒོར་རལ་གཅིག་མ་སྐྲ་ཐོར་ཚུགས་སུ་བཅིངས་པ། གསུས་ཁྱིམ་ཆེ་བ། མ་མཆུ་ཚེམས་ཀྱིས་མནན་པ། སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་དང་ལྕགས་ཀྱུ། གཡོན་ན་རྡོ་རྗེ་དང་དྲིལ་བུ་དང་ཞགས་པ་བསྣམས་པ། ཞབས་གཡས་བརྐྱང་ བ་བྲིའོ། །བྱང་ཕྱོགས་ཀྱི་སྒོར་རྡོ་རྗེ་དབྱངས་ལེན་མ། དོན་ཡོད་གྲུབ་པས་དབུ་བརྒྱན་པ། ཞལ་འཇིགས་པ་གསུས་ཁྱིམ་ཆེ་བ། ཕྱག་གཡས་ན་རལ་གྲི་དང་ལྕགས་ཀྱུ། གཡོན་ན་རྡོ་རྗེ་དྲིལ་བུ་དང་ཞགས་པ་ཞབས་གཡས་བརྐྱང་བའི་བདག་ཉིད་སྐུ་བྲི་བར་བྱའོ། །རིམ་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་གནས་པར་ བྱའོ། །འདི་རྣམས་བསྒོམ་པའི་རིམ་པ་ནི་བཅོམ་ལྡན་འདས་མའི་སྐུ་དེ་བཞིན་དུ་རབ་ཏུ་བསྟན་ཏེ། དེ་ལ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧྲཱིཿདམར་པོ་ལས་ཡོངས་སུ་གྲུབ་པར་གྱུར་པའོ། །ཁ་དོག་དམར་པོ་མོས་པར་གྱུར་པའི་རྐང་པའི་དྲུང་དུ་འདུག་པར་དམིགས་པར་བྱ་སྟེ། བདག་གི་ འོད་ཟེར་རྣམས་ཀྱིས་འཇིག་རྟེན་གསུམ་གང་བར་བྱ་སྟེ། ཡི་གེ་ཡཾ་སྔོན་པོ་ལས་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་རྒྱལ་མཚན་གྱིས་བརྒྱན་པ་དེའི་སྟེང་དུ་བསྒྲུབ་བྱ་བཞག་ན་དབང་དུ་བྱེད་དོ། །འཇིག་རྟེན་གསུམ་ཡང་དབང་དུ་འགྱུར་རོ། །འཇིག་རྟེན་གསུམ་ལས་རྣམ་པར་ རྒྱལ་བའི་ཕྱག་རྒྱར་གྱུར་པ་ནི། ལག་མཐིལ་གཉིས་རྒྱབ་སྦྱར་ཏེ། སྲིན་ལག་གཉིས་མདུད་པ་བཅིང་། མཐེའུ་ཆུང་དང་གུང་མོ་དང་། མཐེ་བོང་རྩེ་སྤྲད། མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པ་འདི་དཔྲལ་བའི་གནས་སུ་གཞག་པ་ནི་འཇིག་རྟེན་གསུམ་ལས་རྒྱལ་བའི་ཕྱག་ རྒྱའོ། །འདི་ལྟར་བསྒོམ་པའི་དུས་སུ་གསང་སྔགས་བཟླས་པ་ནི། ཨོཾ་ཀུ་རུ་ཀུལླེ་ཧཱུཾ་ཧྲཱིཿསྭཱ་ཧཱ། ཁྲིར་བཟླས་བརྗོད་བྱས་ན་འགྲོ་བ་ཐམས་ཅད་དབང་དུ་འགྱུར་རོ། །ཁྲག་ཁྲིག་གིས་སྔགས་པའོ། །འབུམ་གྱིས་རྒྱལ་པོ་དབང་དུ་འགྱུར་རོ། །མེ་ཏོག་ཨུཏྤ་ལ་དང་ཤིང་ཨརྐས་སྦྱིན་སྲེག་བྱས་ན་ འདོད་པའི་དོན་འཐོབ་པོ། །བྷེ་ཏའི་མེ་སྦར་ལ། མ་དུ་བ་དང་འབྲས་ཀྱི་ལག་པན་གྱིས་ལན་བརྒྱ་སྟོང་དུ་སྦྱིན་སྲེག་བྱས་ན། རྒྱལ་པོའི་བློན་པོ་ཡང་དབང་དུ་འགྱུར་རོ། །ཨུཏྤལ་སྟོང་གིས་བློན་པོ་ཆེན་པོ་ཡང་དབང་དུ་འགྱུར་རོ། །རྩི་མར་གྱི་མར་མེ་སྟོང་ལྷ་མོ་ལ་ཕུལ་བས་རྒྱལ་པོ་ཡང་དབང་དུ་འགྱུར་ རོ། །ལྷ་མོ་ཀུ་རུ་ཀུལླེ་བདག་ཉིད་བཅུ་གསུམ་པ་རྫོགས་སོ།། ༄༅༅། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །ལྷ་མོ་ཆེན་མོ་ཀུ་རུ་ཀུལླེ། །མཆོག་ཏུ་དགའ་བའི་གཟུགས་ཅན་མ། །འདོད་དོན་ཐམས་ཅད་བསྒྲུབ་པ་ལ། །ཡང་དག་གུས་པས་ཕྱག་འཚལ་ལོ། །ཡེ་ཤེས་འདོད་པའི་བླ་ མ་ཡིས། །སློབ་མའི་བསོད་ནམས་དོན་དུ་ནི། །དེ་ཡི་སྒྲུབ་ཐབས་མདོར་བསྡུས་པ། །རྒྱུད་ཀྱི་རིམ་བཞིན་བདག་གིས་བཤད། །དང་པོ་ཁོ་ནར་རྣལ་འབྱོར་པས་ལྷའི་ཁང་པར་ཉེ་བར་འདུག་སྟེ། ས་གཞི་ཀུན་དུ་དྲི་བཟང་པོའི་མཎྜལ་བྱས་ལ། མདུན་དུ་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་དང་། ལྷ་མོའི་སྐུ་བསམས་ལ། མེ་ཏོག་དམར་པོ་དང་། མར་མེ་ལ་སོགས་པས་ཡང་དག་པར་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །སྡིག་བྱས་ཐམས་ཅད་བདག་གིས་བཤགས། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། །འགྲོ་བའི་བསོད་ནམས་རྗེས་ཡི་རང་། །སངས་ རྒྱས་བྱང་ཆུབ་ཡོངས་སུ་བསྔོ། །དང་པོ་བྱམས་པའི་བསམ་གཏན་བྱ། །དེ་བཞིན་གཉིས་པ་སྙིང་རྗེ་བསྒོམ། །གསུམ་པ་དགའ་བ་བསྒོམ་པར་བྱ། །ཐམས་ཅད་རྗེས་ལ་བཏང་སྙོམས་སོ། །དེ་རྗེས་སྔགས་འདི་བརྗོད་པར་བྱ། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་བཞིན་སྟོང་པར་རྣམ་པར་བསྒོམ། ། སྔོན་གྱི་སྨོན་ལམ་རྗེས་སུ་དྲན། །ཤེས་རབ་ཨེ་ཡི་གཟུགས་ཅན་མ། །ནམ་མཁའི་ཁམས་སུ་བསམ་པར་བྱ། །པདྨ་དམར་པོ་འདབ་བརྒྱད་བཟང་། །དེ་ཡི་སྟེང་དུ་རྣམ་པར་བསྒོམ། །ཉི་མའི་དཀྱིལ་འཁོར་ཡང་དག་ལྡན། །དེ་སྟེང་ཡོངས་སུ་བསྒོམ་པ་ནི། །མཆོག་གི་ས་བོན་ཡི་གེ་ཧྲཱིཿ། །མཆོག་ཏུ་དགའ་ བའི་གཟུགས་ཅན་མ། །སྐུ་མདོག་དམར་པོ་འོད་ཟེར་འབར། །ཕྱག་བཞིས་རྣམ་པར་བརྒྱན་པའི་སྐུ། །གཡས་ན་མདའ་དང་ལྕགས་ཀྱུ་བསྣམས། །དེ་བཞིན་གཡོན་ན་ཨུཏྤལ་གཞུ། །ལྷ་མོ་ཐོད་པའི་དབུ་རྒྱན་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་པའི་སྐུ། །དེ་ཡི་གཟུགས་ཀྱི་བདག་ཉིད་ནི། །ཡང་དག་རྣལ་ འབྱོར་རྣམ་པར་བསྒོམ། །མཆོག་ཏུ་དགའ་བའི་གཟུགས་ཅན་མ། །གར་མཁན་ཡིད་ཀྱིས་རྣམ་པར་བསམ། །གསང་བའི་མཆོད་པ་ལཱ་སྱ་སོགས། །ཡོངས་སུ་བསྐོར་བ་དབུས་མ་ལ། །ཨརྒྷཾ་ལ་སོགས་སྦྱིན་པ་དང་། །སྣ་ཚོགས་མཆོད་པ་ཆོ་གས་བྱ། །སྙིང་གའི་ས་བོན་འོད་ཟེར་གྱིས། །ཕྱོགས་ཐམས་ཅད་དུ་ ཡོངས་སུ་དགང་། །འགྲོ་བ་རང་གི་གཟུགས་སུ་བྱས། །དེ་བཞིན་རང་ལ་གཞུག་པར་བྱ། །དེ་ནས་སྔགས་ཀྱིས་བཟླས་པར་བྱ། །ཕྲེང་བ་རང་གི་ཁ་དོག་ཅན། །ཕྱི་དང་དེ་བཞིན་རང་བདག་ནང་། །སྤྲོ་དང་བསྡུ་བ་བསྒོམ་པར་བྱ། །ཨོཾ་ཀུ་རུ་ཀུལླེ་སརྦ་སཏྭཱ་ན་མེ་ཝ་ས་མཱ་ན་ཡ་ཧྲཱིཿསྭཱ་ཧཱ། འདི་ཉིད་བསྒོམ་པ་བྱས་པ་ཡིས། ། འཇིག་རྟེན་གསུམ་པོ་དབང་དུ་འགྱུར། །འབུམ་གྱིས་རྒྱལ་པོ་དབང་དུ་འགྱུར། །ཁྲི་ཡིས་འཇིག་རྟེན་དབང་དུ་འགྱུར། །བྱ་དང་ཕྱུགས་ནི་བྱེ་བས་སོ། །བདུན་འབུམ་གྱིས་ནི་ལྷ་མ་ཡིན། །ཉིས་འབུམ་གྱིས་ནི་ལྷ་རྣམས་སོ། །བརྒྱ་ཡིས་བློན་པོ་དབང་དུ་འགྱུར། །འདི་ལྟར་རིག་པ་ཆེན་པོའི་འཛབ། །ཉིན་མཚན་སྤྱོད་ལམ་ ཐམས་ཅད་བྱ། །མེ་ཏོག་ལ་སོགས་བྱེ་བྲག་གིས། །རང་ཉིད་ཡང་དག་མཆོད་པར་བྱ། །བྱང་ཆུབ་ཡོངས་སུ་བསྔོ་བར་བྱ། །བདག་ཉིད་དེ་ཡི་ང་རྒྱལ་བྱ། །རང་ལས་ཇི་ལྟར་བདེ་བར་སྤྱད། །ཀུ་རུ་ཀུལླེའི་སྒྲུབ་པའི་ཐབས། །རྡོ་རྗེ་བརྩེ་བ་མཁས་པ་ཡིས། །སེམས་ཅན་དོན་ནི་བསྒྲུབ་པ་དང་། །རྡོ་རྗེ་མཚན་གྱིས་ཞུས་ཕྱིར་ བྱས། །དེ་ལྟར་བྱས་པའི་བསོད་ནམས་ཀྱིས། །འཁོར་བའི་རྒྱ་མཚོ་འཇིག་རྟེན་ཀུན། །མཆོག་ཏུ་དགའ་བའི་གཟུགས་ཅན་མ། །ཡང་དག་བདེ་བ་ཐོབ་པར་ཤོག །ཀུ་རུ་ཀུལླེའི་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་ཀྲྀཥྞ་བཛྲས་མཛད་པ་རྫོགས་སོ།། །།ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར།། །། ༄༅༅། །རྒྱ་གར་སྐད་དུ། ཌཱ་ཀི་ནཱི་བཛྲ་པཉྫ་ར་པཉྩ་ཌཱ་ག་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་མཁའ་འགྲོ་རྣམ་པ་ལྔའི་སྒྲུབ་པའི་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཁོར་བ་གང་ཞིག་ཤིང་ཆེན་པོ་ཡི་ཡལ་གའི་ཚོགས་དང་མཚུངས་པ་ འདི་རྣམས་ནི། །ཞེ་སྡང་གཙོ་བོའི་ཉོན་མོངས་རྣམས་ཏེ་འགྲོ་དྲུག་རྣམས་ཀྱི་སྐྱེ་ལས་རྒྱལ། །གང་དེ་ཐུབ་དཀའི་བརྩོན་འགྲུས་ལ་གནས་རྣམ་པ་ལྔ་ཡི་སྐུ་འཆང་བ། །དུས་དགྲ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་ལ་རྟག་ཏུ་འདུད། །འགྲོ་བ་མ་ལུས་པ་ཡི་འདོད་པ་མི་གཅོད་ཅིང་། །བྱང་ཆུབ་ལ་ནི་ ངེས་པར་འཇུག་པ་ལྔའི། །འཁོར་ལོ་རྣམས་ནི་དྲང་བར་ལྡན་པ་བྲི། །དེ་དག་ཀྱང་ནི་བསོད་ནམས་ལྡན་པའི་རྒྱུར། །ཆུ་དང་འབྲས་བུ་རྙེད་སླ་བ་དང་ཕུག་རྣམས་དང་། །གང་ཡང་རུང་བར་འཇམ་པའི་སྟན་གནས་ཏེ། །སྔགས་པས་གཞན་གྱི་དབང་དུ་རྒྱལ་བ་བསྒོམ། །བློ་ཡི་བསམ་བྱ་བསམ་པར་ བྱ་བ་ནི། །ཧཱུཾ་ཨོཾ་ཏྲཾ་ཡ་ཁཾ་འདི་དག་ནི། །སྙིང་གར་ཇི་ལྟའི་གདན་ལ་བསམ། །བླ་མ་རྡོ་རྗེ་མཆོད་པ་དང་། །བདུན་པོ་རྣམ་པར་དག་པར་བྱ། །སྡིག་པ་བཤགས་པར་བྱ་བ་དང་། །ཡང་ན་བྱེད་པར་སྡོམ་པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །བསོད་ནམས་དག་ལ་རྗེས་ཡི་རང་། ། དེ་དག་ཡོངས་སུ་བསྔོ་བར་བྱ། །དཀོན་མཆོག་གསུམ་ལ་ཡང་དག་བརྟེན། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །ལམ་ལ་བརྟེན་ཏེ་དེ་ནས་ནི། །ཚངས་པའི་གནས་བཞི་རྣམ་བསྒོམས་ནས། །སྣ་ཚོགས་སྟོང་པར་བསྒོམ་པར་བྱ། །དངོས་པོ་བདེན་བརྫུན་རྣམ་དཔྱད་པས། །བརྟགས་ པས་དམིགས་སུ་མེད་པ་སྟེ། །དེས་ནི་འདི་ལྟར་གཟུགས་བརྙན་བཞིན། །དངོས་པོ་ཐམས་ཅད་བསྒོམ་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། མདུན་དུ་ར་ཕ་ལས་ནི་ཉི་མ་རྣམ་པར་བསྒོམ། །ཉི་མ་དེར་ནི་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། རྡོ་རྗེ་དེ་ཉིད་ཀྱིས་ནི་ར་བ་དང་གུར་བཅིང་པ་ཡང་ ངོ་། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། །དེར་ནི་ཧཱུཾ་ཡིག་ལས་བྱུང་བ། །སྲུང་བའི་འཁོར་ལོ་བསམ་པར་བྱ། །འཁོར་ཞིང་རབ་ཏུ་མི་གཡོ་བ། །འཇིག་པའི་དུས་ཀྱི་མེ་དང་མཚུངས། །ཧཱུཾ་ཡིག་བཅུ་ཡི་སྦྱོར་བ་ལས། །ཁྲོ་བོ་བཅུ་ནི་རིམ་བཞིན་ དགོད། །ཤར་དུ་གཤིན་རྗེ་གཤེད་པོ་བསམ། །ཤེས་རབ་མཐར་བྱེད་ཡང་ནི་ལྷོར། །པདྨ་མཐར་བྱེད་ཆུ་བདག་སྟེ། །བྱང་དུ་བདུད་རྩི་འཁྱིལ་པའོ། །འདོད་པའི་རྒྱལ་པོ་དབང་ལྡན་དུའོ། །མེ་ཉིད་དུ་ནི་དབྱུག་སྔོན་ཅན། །བདེན་བྲལ་དུ་ནི་མི་གཡོ་བསམ། །རླུང་ཉིད་དུ་ཡང་སྟོབས་པོ་ཆེ། ། གཙུག་ཏོར་སྟེང་དུ་བསམ་པར་བྱ། །འོག་ཏུ་གནོད་མཛེས་རྣམ་པར་བསྒོམ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ། །རྡོ་རྗེ་ཁྲོ་བོ་དྲག་ཆེན་པོ། །སྙིང་གར་ཁུ་ཚུར་སྡིགས་མཛུབ་སྟེ། །གཡས་པ་རང་གི་མཚོན་ཆ་འཕྱར། །གཤིན་རྗེ་འཇོམས་པའི་ཐོ་བ་སྟེ། །དབྱུག་པ་རྡོ་རྗེ་གཞན་མི་ ཐུབ། །རྟ་མགྲིན་གྱི་ནི་པདྨ་དམར། །བདུད་རྩི་འཁྱིལ་པའི་རྡོ་རྗེའོ། །འདོད་པའི་རྒྱལ་པོ་ལྕགས་ཀྱུ་སྟེ། །དབྱུག་པ་སྔོན་པོ་རང་མིང་ཅན། །སྟོབས་རྒྱལ་གྱི་ནི་ཏྲི་ཤཱུ་ལ། །མི་གཡོ་བ་ཡི་རྡོ་རྗེའོ། །གཙུག་ཏོར་འཁོར་ལོས་སྒྱུར་རྒྱལ་གྱི། །ཆོས་ཀྱི་འཁོར་ལོ་བསམ་པར་བྱ། །གཏུན་ཤིང་ རྡོ་རྗེ་ས་འོག་གིའོ། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་གནས། །ཨིནྡྲ་ནཱི་ལ་མཚུངས་པའི་མདོག །གཤིན་རྗེ་གཤེད་པོ་བསྒོམ་པར་བྱ། །གཞན་གྱིས་མི་ཐུབ་ཅེས་བྱ་བ། །ཟླ་བའི་འོད་ཟེར་དང་མཚུངས་པའོ། །པདྨའི་ཁྲོ་བོ་དམར་ཆེན་པོ། །བདུད་རྩི་འཁྱིལ་པ་ནག་པོ་སྟེ། །མཚམས་ ཀྱི་ཁྲོ་བོ་ནག་པོ་ཆེ། །སྤྱི་བོར་རྡོ་རྗེ་འཆང་བ་འཛིན། །གཤིན་རྗེ་རྣམ་པར་སྣང་མཛད་ཉིད། །རྡོ་རྗེ་སེམས་དཔའ་དབྱུག་པ་ལའོ། །པདྨ་ཞེས་བྱ་འཇིག་རྟེན་སྤྱན། །བདུད་རྩི་འཁྱིལ་པ་སེམས་དཔའོ། །ཁྲོ་བོའི་འཁོར་ལོ་དབུས་གནས་སུ། །བདུད་ལས་རྒྱལ་བ་བསམ་པར་བྱ། །འོག་ ཏུ་པདྨ་བསམ་བྱས་ལ། །ཁྲོ་བོ་བཅུ་ནི་བསྒོམ་པར་བྱ། །དཔག་ཚད་བརྒྱར་ནི་འཇུག་པ་ཡིས། །བགེགས་རྣམས་སྐྲོད་པར་བསམ་པར་བྱ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །རླུང་གི་དཀྱིལ་འཁོར་དབུས་གནས་པར། །མེ་ཡི་དཀྱིལ་འཁོར་ བསྒོམ་པར་བྱ། །མེ་ཡི་དཀྱིལ་འཁོར་དབུས་གནས་པར། །བརྟུལ་ཞུགས་ཅན་གྱིས་ཆུ་བསམ་བྱ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །དེ་ཡི་སྟེང་དུ་བསམ་པར་བྱ། །དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། །བདག་ཉིད་བསམ་པར་བྱ་བ་ཡི། །བུཾ་ཡིག་སངས་རྒྱས་རྣམ་པ་ལྔ། ། གནས་ལྔ་རུ་ནི་བསམ་པར་བྱ། །རྡོ་རྗེ་ཅན་དང་རྟག་པ་ཉིད། །གསུམ་པ་རྡོ་རྗེ་ཉི་མའོ། །བཞི་པ་འདོད་ཆགས་རྡོ་རྗེ་ཡི། །ལྔ་པ་རྟ་མཆོག་རྒྱལ་པོའོ། །སངས་རྒྱས་དཀྱིལ་འཁོར་ཟླུམ་པོ་སྟེ། །རྡོ་རྗེ་ཅན་གྱི་ཟླ་ཕྱེད་འདྲ། །ཆོས་ཀྱི་རྡོ་རྗེ་པདྨ་མཚུངས། །ཉི་མ་ཡིད་བཞིན་ནོར་བུ་ མཚུངས། །རྟ་མཆོག་དཔལ་ནི་ཞེས་བྱ་སྟེ། །གྲུ་གསུམ་ཀུན་དུ་དེ་ཡིའོ། །རྡོ་རྗེ་ཅན་གྱི་ཁྲུ་གསུམ་སྟེ། །ཁྲུ་བཞི་སངས་རྒྱས་དཀྱིལ་འཁོར་རོ། །སྣང་བྱེད་ཀྱི་ཡང་ཁྲུ་ལྔའོ། །པདྨ་གར་དབང་གི་ནི་དྲུག །རྟ་མཆོག་རྒྱལ་པོ་དཀྱིལ་འཁོར་ནི། །ཁྲུ་བདུན་པ་ཡི་ཚད་ཡིན་ནོ། །ཆ་ནི་བརྒྱད་པ་ ཉིད་ཀྱིས་ན། །འཁོར་ལོའི་སྒོ་རུ་རབ་ཏུ་གྲགས། །ཁྱུད་དང་ལྷ་ཡི་སྣམ་བུ་ནི། །སྒོ་ཡི་ཚད་དུ་གཞལ་བར་བྱ། །སྒོ་ཡི་ཕྱེད་ཀྱི་ཆ་ཡིས་ནི། །ལོགས་དང་འགྲམ་ནི་ཉིད་ཡིན་ནོ། །མཆོད་སྣམ་ཉིད་ཀྱང་དེ་བཞིན་བྱ། །དྲ་བ་དྲ་ཕྱེད་སྣམ་བུ་ཡང་། །ཚངས་པའི་སྐུད་ལས་ཆ་གཉིས་བོར། །ཆ་དྲུག་པར་ནི་ བྱ་བའོ། །སྒོ་ཡི་ཚད་ཙམ་དེ་བཞིན་དོར། །ཆ་དགུ་རུ་ནི་རབ་བརྟགས་པའོ། །སངས་རྒྱས་མགོན་པོའི་དཀྱིལ་འཁོར་ནི། །ཤར་གྱི་ཤར་ནི་རབ་ཏུ་བསྟན། །ལྷོར་ནི་སངས་རྒྱས་ཉི་མ་ཡི། །ནུབ་ཏུ་རྡོ་རྗེ་འདོད་ཆགས་སོ། །བྱང་དུ་རྟ་ཡི་རྒྱལ་པོའོ། །རྡོ་རྗེ་སེམས་དཔའ་དབུས་སུའོ། །ཤར་ དུ་དཀར་པོ་ཆེན་པོ་སྟེ། །ལྷོ་རུ་གསེར་དང་འདྲ་བའོ། །ནུབ་ཏུ་དམར་པོར་ཤེས་པར་བྱ། །དེ་ཡི་བྱང་དུ་ལྗང་གུའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཐམས་ཅད་ཀྱི་ནི་གྲྭ་ཡི་ཆར། །སྒོ་དང་སྒོ་ཁྱུད་གྲྭ་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པའོ། །དབུས་ སུ་པདྨ་དཀར་དམར་ཏེ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བར། །རྡོ་རྗེ་སེམས་དཔའ་ཡི་ནི་གདན། །རང་གི་ས་བོན་ལེགས་བལྟས་ལ། །འཁོར་ལོའི་རྣམ་པར་བསམ་པར་བྱ། །སངས་རྒྱས་ཀུན་གྱི་ཡོན་ཏན་ནི། །ཨཱ་ལི་གཟུགས་དེར་དེ་གཞུག་གོ། །ལྷ་མོ་གཟུགས་ཀྱི་ཡན་ལག་ནི། །གྲུ་ གསུམ་དུ་ནི་ཟླ་བ་བལྟ། །སྐར་མའི་རྣམ་པའི་གཟུགས་ཀྱིས་ནི། །ཀ་ལ་སོགས་པ་རབ་ཏུ་གཞུག །ཟླ་བའི་དཀྱིལ་འཁོར་དབུས་སུ་ཡང་། །བྱང་ཆུབ་ཟླ་བ་གཉིས་པའོ། །ཧཱུཾ་བྱུང་རྡོ་རྗེ་བསྒོམ་པར་བྱ། །འོད་ཟེར་དཀར་པོའི་ཕྲེང་བའོ། །དེ་ལྟར་སོ་སོར་ངེས་པར་ནི། །ཕྱག་མཚན་ལྔ་ ལ་ལྔ་རབ་དབྱེ། །རྡོ་རྗེ་སེམས་ལ་མི་ཕྱེད་པ། །རྣམ་སྣང་ལ་ནི་ཆོས་འཁོར་ལོ། །རིན་ཆེན་རྒྱལ་པོའི་རིན་ཆེན་ཏེ། །པདྨ་བཟང་པོའི་པདྨ་དམར། །དོན་གྲུབ་ཤེས་རབ་རལ་གྲི་ནི། །ཤེས་རབ་རྣོན་པོའི་རང་བཞིན་ནོ། །སེམས་དཔའི་གཟུགས་སུ་ཡང་དག་འབྱུང་། །དཀྱིལ་འཁོར་བདག་པོར་རྣམ་ བསྒོམ་བྱ། །མཁའ་འགྲོ་ཅན་གྱི་ཕྱག་རྒྱ་སོགས། །ཟླ་བའི་འོད་ཟེར་ནོར་བུའི་འོད། །མཱ་མ་ཀཱི་སོགས་ཡང་དག་འཁྱུད། །དཀྱིལ་འཁོར་ལྔ་ཡི་དབུས་ཉིད་དོ། །འདོད་ཆགས་ཆེན་པོའི་ཚུལ་མིང་ཅན། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །རང་གི་ལུས་ལ་ཞུགས་པ་དང་། །དེ་བཞིན་ གཤེགས་པ་ཀུན་གཙོ་བོའི། །སྲོག་དང་རྩོལ་དང་མཉམ་ཞེས་དང་། །འབྱུང་དང་འཇུག་པའི་མིང་ཅན་དང་། །ཀླུ་དང་རུས་སྦལ་ཀྲི་ལག་ཅན། །ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །སངས་རྒྱས་འཁོར་ལོ་སོ་སོར་ཞུ། །ས་བོན་བརྒྱད་ནི་བསམ་པར་བྱ། །མིང་གི་དང་པོ་གཾ་ཙཾ་སོགས། ། ཡི་གེ་ལས་ནི་ལྷ་མོ་འབྱུང་། །རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་དུ། །དཀར་མོ་ཆོམ་རྐུན་རོ་ལངས་མ། །ཟ་ཕོད་སྦོས་མོ་དེ་བཞིན་དུ། །རི་ཁྲོད་གཏུམ་མོ་གཡུང་མོའོ། །རྡོ་རྗེ་རྟག་པའི་དཀྱིལ་འཁོར་དུ། །སྐམ་པ་ཞགས་པ་མ་ཉིད་དང་། །རྔ་ཟླུམ་མ་དང་ལྕགས་ཀྱུ་འཛིན། །མེ་ཏོག་ ལ་སོགས་མཚམས་ཀྱི་ཆར། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུ། །ཉི་ལག་མ་དང་མར་མེ་མ། །རིན་ཆེན་སྒྲོལ་མ་གློག་ལག་མ། །སྒེག་མོ་ལ་སོགས་མཚམས་ཆར་རོ། །པདྨ་ཆོས་འབྱུང་ལྕགས་སྒྲོག་དང་། །འཁྱུད་མ་གར་གྱི་དཀྱིལ་འཁོར་དུ། །གླིང་བུ་མ་སོགས་ཕྱོགས་ཀྱི་ཆར། ། བདག་ཉིད་ཆ་བྱད་སྦྱོར་བས་སོ། །རྟ་ཡི་རྒྱལ་པོའི་དཀྱིལ་འཁོར་དུ། །རྡོ་རྗེ་སྒོ་ལྕགས་ལྡེ་མིག་མ། །སྒོ་གླེགས་མ་དང་གོས་འཛིན་མ། །དེ་བཞིན་མཚམས་སུ་སྤྱན་སོགས་སོ། །བསྡུས་པའི་དཀྱིལ་འཁོར་ཇི་ལྟ་བར། །སྒོ་སྐྱོང་སྒོ་རུ་དགོད་པ་སྟེ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་ དང་། །དེ་བཞིན་རྡོ་རྗེ་འབེབས་པའོ། །རྡོ་རྗེ་མཁའ་འགྲོ་དེ་དག་ཀུན། །རྐང་པ་གཡོན་པ་བརྐྱང་བས་གནས། །སྙིང་གར་གཡོན་བཅངས་སྡིགས་མཛུབ་སྟེ། །ཟླ་བ་ཉི་མ་རོ་སྟེང་དུ། །མི་བསྐྱོད་དཀྱིལ་འཁོར་ཕྱོགས་སུ་ནི། །དཀར་མོ་ལྕགས་ཀྱུ་སྡིགས་མཛུབ་སྟེ། །ཆོམ་རྐུན་རྡོ་རྗེ་ ཞགས་པ་བཅས། །རོ་ལངས་རྡོ་རྗེ་ལྕགས་སྒྲོག་གོ། །ཟ་ཕོད་རྡོ་རྗེ་དྲིལ་བུ་ཅན། །དཀར་དང་སེར་དང་དམར་དང་ལྗང་། །སངས་རྒྱས་དབང་གྱུར་གཞན་དུ་ནི། །གཅིག་ལས་རིམ་པ་བཟློག་པའོ། །པུཀྐ་སཱི་སོགས་ལྷ་མོ་རྣམས། །མཚན་མ་དང་ནི་མདོག་བཤད་བྱ། །བྱང་ སེམས་བུམ་པ་རི་རབ་དང་། །མེ་ཐབ་རྒྱལ་མཚན་ཆེན་པོའོ། །ནག་པོ་དཀར་པོ་ནམ་མཁའ་མཚུངས། །ཁྲོ་བོ་མི་བསྐྱོད་དཀྱིལ་འཁོར་དུའོ། །མེ་ཏོག་དཀར་པོ་ཡིན་ཏེ་སྤོས། །དུ་བ་མར་མེ་སེར་པོའི་འོད། །བྱུག་པ་དམར་པོ་ལཱ་སྱེ་དག །ཀླུ་མ་སེར་མོ་གར་མ་ལྗང་། །བཞད་མ་དམར་མོ་གླིང་བུ་ ནི། །སེར་པོ་པི་ཝང་དཀར་དམར་རོ། །རྔ་འཛིན་ལྗང་གུ་རྫ་རྔ་ནི། །དཀར་མོ་རང་གི་ཕྱག་མཚན་སྦྱོར། །ཧོ་ཡིག་དམར་པོ་འོད་ཟེར་བཅས། །གཉིས་ཀྱི་དབུས་སུ་ཡི་གེ་གསུམ། །དྲི་ཡང་ན་ནི་མཉམ་པར་ཞུགས། །ཞུ་བར་གྱུར་པས་རྗེས་སུ་དྲན། །མཚམས་ཀྱི་ལྷ་མོ་རྣམས་ཀྱིས་ཀྱང་། ། གཙོ་བོ་ལ་ནི་གླུ་འདིས་བསྐུལ། །ཁྱོད་ནི་ཞེ་སྡང་རྡོ་རྗེ་ཡོངས་སྐྱོང་ཐུགས་དག་ཅིང་། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱིས་ལྷའི་ལུས་ཡང་དག་བརྒྱན་མཛད་པ། །པུཀྐ་སཱི་ནི་བདག་ལ་མྱུར་དུ་གཟིགས་ལ་སྟོང་པ་ཉིད་སྤོངས་ཤིག །ཁྱོད་ནི་གཏི་མུག་རྡོ་རྗེ་ཡོངས་སྐྱོང་སྐུ་དག་ཅིང་། །གཟུགས་བརྙན་ཆོས་ཀྱིས་ ལྷ་ཡི་ལུས་ནི་ཡང་དག་བརྒྱན་མཛད་པ། །རི་ཁྲོད་མ་ནི་བདག་ལ་མགོན་པོས་མྱུར་གཟིགས་སྟོང་ཉིད་སྤོངས། །རྣམ་པར་འདྲེན་པས་འཇིག་རྟེན་དོན་ཕྱིར་སྐྱེ་བ་གཟིགས་པར་མཛོད། །ཁྱོད་ནི་འདོད་ཆགས་རྡོ་རྗེ་ཡོངས་སྐྱོང་གསུང་དག་ཅིང་། །མཆོག་ཏུ་སོ་སོར་རྟོགས་པས་ལྷ་ཡི་ལུས་ནི་ཡང་དག་ བརྒྱན་མཛད་པ། །གཏུམ་མོ་བདག་ལ་མྱུར་དུ་གཟིགས་ནས་སྟོང་པ་ཉིད་སྤོངས་ལ། །རྣམ་པར་འདྲེན་པས་འཇིག་རྟེན་དོན་ཕྱིར་སྐྱེ་བ་བཞེས་པར་མཛོད། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཡོངས་སྐྱོང་གཟུགས་སྐུ་བ། །བྱ་བ་གྲུབ་པས་ཐམས་ཅད་མཉམ་པས་བདག་ཉིད་བརྒྱན་མཛད་པ། །གཡུང་མོ་ བདག་ལ་མྱུར་དུ་གཟིགས་ལ་སྟོང་