Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 10
Văn bản gốc(Tây Tạng)
Trang 15 / 24 (50.000 ký tự/trang)
ི་གཉེར་མ་གསུམ་མོ། །ངོ་བོ་ཉིད་གཅིག་པུའི་སྐུའི་རྣམ་པར་དག་པ་ནི་ལུས་ཀྱི་རིལ་པོ་དག་གོ། །སྒྲིབ་པ་དང་བྲལ་བར་སྟོན་པའི་ཕྱིར་སྟག་གི་པགས་པའི་ན་བཟའོ། །ཁམས་གསུམ་པ་དམིགས་ པ་མེད་པར་སྟོན་པའི་ཕྱིར་ཞབས་མ་སྦྱངས་པའོ། །རོ་གཅིག་པའི་རང་བཞིན་དུ་བསྟན་པའི་ཕྱིར་ཞབས་གཅིག་གིས་སའི་དཀྱིལ་འཁོར་དུ་མནན་པའོ། །དེའི་རྗེས་སུ་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་རྣམ་པ་ལྔས་འོག་མིན་ན་བཞུགས་པའི་ཡེ་ཤེས་སེམས་དཔའི་རང་གི་བདག་མེད་ མའི་འཁོར་ལོ་ལ་བཀུག་ལ། །སྙིང་གའི་ས་བོན་ལ་གཞུག་པར་བྱའོ། །ཡེ་ཤེས་དང་དམ་ཚིག་སེམས་དཔའ་དག་གཅིག་ཏུ་བྱས་ནས་བདག་མེད་མའི་ང་རྒྱལ་དང་ལྡན་པས་བདག་མེད་མ་དང་མཉམ་པར་འགྱུར་ཏེ། འདིར་སྦྱོར་བའི་ཡན་ལག་དྲུག་རྣམ་པར་གཞག་པའི་ཕྱིར་རིམ་པས། ནག་པོ་དང་། དམར་པོ་དང་། སེར་པོ་དང་། ལྗང་གུ་དང་། སྔོན་པོ་དང་། དཀར་པོ་རྣམས་བསྒོམ་པར་བྱའོ། །དེ་ལ་བསྒོམ་པ་ཕུལ་དུ་བྱུང་བའི་རིམ་གྱིས་དང་པོར་སྤྲིན་གྱིས་བསྒྲིབས་པའི་ཟླ་བའི་དཀྱིལ་འཁོར་ལྟ་བུར་སྣང་ངོ་། །དེ་ཡང་རབ་ཀྱི་ཕུལ་དུ་ཕྱིན་པ་ལས་ནི་སྒྱུ་མ་ལྟ་བུར་སྣང་ངོ་། །དེ་ཡང་ རབ་ཀྱི་ཕུལ་དུ་ཕྱིན་པ་ལས་ནི་རྨི་ལམ་ལྟ་བུར་སྣང་ངོ་། །དེའི་རྗེས་སུ་རབ་ཀྱི་ཕུལ་དུ་ཕྱིན་པ་ཡོངས་སུ་སྨིན་པ་ལས་ནི་རྨི་ལམ་དང་སད་པ་འདྲ་བའི་དུས་སུ་གཉིས་སུ་མེད་པར་གང་གིས་མཐོང་བས་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བྱ་བས་ནི་བསྐྱེད་པའི་རིམ་པའོ། །གཞན་དུ་བོ་ལ་དང་ཀཀྐོ་ལ་དང་ ཡང་དག་པར་སྦྱོར་བ་ལས། གང་བདེ་བ་ཆེན་པོའི་རང་བཞིན་མཆོག་དང་བྲལ་བའི་ནང་དུ་སོན་པའི་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། དེ་ཉིད་བཅོ་ལྔའི་ཆའི་བདག་ཉིད་ཅན་སྐད་ཅིག་གིས་སྔོན་དུ་བསྟན་པའི་ཕྱག་མཚན་དང་ཁ་དོག་དང་དབྱིབས་ཏེ། རྣལ་འབྱོར་མ་བཅོ་ལྔའི་དཀྱིལ་འཁོར་གྱི་འཁོར་ལོར་ བལྟ་བར་བྱའོ། །དེ་ཡང་ཕུང་པོ་ལྔ་དང་། ཁམས་བཞི་དང་། ཡུལ་དྲུག་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཏེ། འདི་ནི་ཟབ་མོ་བསྐྱེད་པའི་རིམ་པའོ། །སྐད་ཅིག་ཉིད་ལས་རྣལ་འབྱོར་མ་བཅོ་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བལྟའོ། །འདི་ནི་རྫོགས་པའི་རིམ་པའོ། ། རྡོ་རྗེའི་ལུས་ཀྱང་ཡེ་ཤེས་ལྔས་བྱིན་གྱིས་བརླབས་པའི་རྩ་སུམ་ཅུ་རྩ་གཉིས་ཏེ། བདེ་བ་ཆེན་པོའི་གནས་ནས་འཛག་པའོ། །དེ་ཡང་རྣལ་འབྱོར་མ་བཅོ་ལྔའི་བདག་ཉིད་དེ། ལུས་ཉིད་བདག་མེད་མའི་འཁོར་ལོའོ། །ཡོངས་སུ་རྫོགས་པའི་རིམ་པའོ། །དེ་བཞིན་དུ་ལ་ལ་ནཱ་དང་ར་ས་ནཱ་དག་མགྲིན་ པ་ནས་བརྩམས་ཏེ། ལྟེ་བའི་བར་དུ་གཡོན་པ་དང་ཅིག་ཤོས་ཀྱི་ངོས་སུ་གནས་པ་ཟླ་བ་དང་ཉི་མ་ཞེས་བྱ་བས། ལྟེ་བའི་ནང་དུ་དེ་ཉིད་སྐྱེ་གནས་ཀྱི་རྩ་ལ་ལ་ནཱ་དང་ར་ས་ནཱ་ཡིན་ཏེ། མི་བསྐྱོད་པ་དང་ཁྲག་འབབ་པའོ། །ཨ་བ་དྷཱུ་ཏཱི་ནི་མགོ་དང་མགྲིན་པ་དང་ལྟེ་བ་དང་སྐྱེ་གནས་ཀྱི་ནང་དུ་གནས་པ་ བྱང་ཆུབ་ཀྱི་སེམས་འབབ་པའོ། །རྩ་དེ་དག་བདག་མེད་མའོ། །མི་ཕྱེད་མ་དང་ཕྲ་གཟུགས་མ་ནི་སྤྱི་བོར་གནས་པ་སྟེ། གྲངས་བཞིན་དུ་སེན་མོ་དང་། སོ་དང་། སྐྲ་དང་བ་སྤུའི་མཚན་ཉིད་རྣམས་ཟུང་དུ་འབབ་པ་ནི་རྡོ་རྗེ་མའོ། །གསལ་མ་ནི་རྣ་བ་གཡས་པའི་པགས་པ་དང་། དྲི་མ་འབབ་པ་ དང་། གཡོན་མ་ནི་རྒྱབ་ཀྱི་སྒལ་ཚིགས་ཀྱི་ཤ་འབབ་པ་དག་ནི་གཽ་རཱིའོ། །ཡ་མི་ནི་དང་། རུས་སྦལ་སྐྱེས་དག་ནི་རྣ་བ་གཡོན་པ་དང་། སྨིན་མའི་དབུས་ན་གནས་པ་སྟེ། རྒྱུས་པ་དང་། རུས་པ་དང་། དྲི་འབབ་བ་དག་ནི་ཆུ་མའོ། །དངོས་པོ་མ་དང་དབང་བསྐུར་མ་དག་ནི། མིག་ དང་ལག་པའི་རྩ་བར་གནས་ཏེ། གློ་བ་དང་སྙིང་འབབ་པ་སྟེ། རྡོ་རྗེ་མཁའ་འགྲོ་མའོ། །སྐྱོན་ལྡན་མ་དང་མ་ཧཱ་ནི་ཡེ་དག་ནི་མཆན་ཁུང་དང་ནུ་མ་དག་ལ་གནས་པ་སྟེ། མིག་དང་མཁྲིས་པ་འབབ་པ་སྟེ། པུཀྐ་སཱིའོ། །མ་མོ་དང་མཚན་མོ་དག་ནི་ལྟེ་བ་དང་སྣ་རྩེ་དག་ལ་གནས་པ་སྟེ། མཆིན་པ་ དང་རྒྱུ་མ་དང་དྲི་འབབ་པ་ཤ་བ་རཱིའོ། །བསིལ་སྟེར་དང་ཚ་བ་མ་དག་ནི་ཁ་དང་མགྲིན་པར་གནས་ཏེ། ངོས་ཀྱི་སྐུད་པ་དང་ལྟོ་བ་འབབ་པ་སྟེ། ཙཎྜ་ལཱིའོ། །ཕྲ་མ་ན་ནི་སྙིང་དང་བཤང་བ་འབབ་པའོ། །མདོག་ནག་མ་ནི་མཚམས་མཐར་གནས་པ་སྟེ། ཌོམྦི་ནཱིའོ། །ཕྲ་གཟུགས་མ་དང་སྤྱི་མ་དག་ནི་ མདོམས་དང་བཤང་བའི་ལམ་དང་བད་ཀན་དང་མཁྲིས་པ་འབབ་པ་སྟེ། གཽ་རཱིའོ། །རྒྱུ་སྦྱིན་མ་དང་བྲལ་བ་དག་ནི་བརླ་དང་བྱིན་པ་དག་ལ་གནས་པ་ཁྲག་དང་རྡུལ་འབབ་པ་སྟེ། ཙཽ་རཱིའོ། །སྡུག་མ་དང་དངོས་གྲུབ་མ་དག་ནི་རྐང་པའི་སོར་མོ་དང་རྐང་པའི་རྒྱབ་ཏུ་ཚིལ་དང་མཆིན་པ་འབབ་པ་སྟེ། བེ་ཏཱ་ལཱིའོ། ། འཚེད་པ་དང་། ཡིད་བཟངས་མ་དག་ནི། མཐེ་བོ་དང་པུས་མོ་གཉིས་ལ་གནས་ཏེ། དེ་ལ་སྔ་མ་ནི་བད་ཀན་འབབ་པ། ཕྱི་མ་ནི་སྟོབས་དང་སྣབས་འབབ་པ་སྟེ། འདི་ནི་གྷསྨ་རཱིའོ། །སྙིང་གའི་པདྨའི་ལྟེ་བའི་ཤར་ལ་སོགས་པའི་འདབ་མ་རྣམས་ལ་གོ་རིམས་བཞིན་དུ་གསུམ་སྐོར་མ་དང་། འདོད་མ་ དང་། ཁྱིམ་མ་དང་། གཏུམ་མོ་དང་། བདུད་སྦྱིན་མ་རྣམས་སོ། །དེ་ལ་རྩ་དང་པོ་གཉིས་ནི་ས་སྤྱོད་མའོ། །ལྷག་མ་རྣམས་ནི་མཁའ་སྤྱོད་མའོ། །འདི་ཡང་རྩ་ནས་རབ་ཏུ་འཛག་པས། རྒྱས་པར་བྱེད་པ་དང་། འགྲོ་བར་བྱེད་པ་དང་། དེ་ནས་ཅུང་ཟད་འབབ་པའོ། །སྐུ་དང་གསུང་དང་ཐུགས་ དང་། ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་ངོ་བོ་ཉིད་ནི་འཁོར་ལོ་བཞིར་ལུས་ལ་རྣམ་པར་གནས་པའོ། །དེ་ལ་སྤྲུལ་པའི་འཁོར་ལོ་ནི་ཁ་དོག་སྣ་ཚོགས་པ་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའི་ལྟེ་བའི་འོག་ཏུ་ཡི་གེ་ཨ་ནག་པོ་སྟེང་དུ་ཁ་བལྟས་པས་རྣམ་པར་གནས་པའོ། །ཆོས་ཀྱི་ འཁོར་ལོ་ནི་པདྨ་འདབ་མ་བརྒྱད་པ་ལ་ཡི་གེ་ཧཱུཾ་ནག་པོ་སྙིང་གར་རྣམ་པར་གནས་པའོ། །མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་དམར་པོ་འདབ་མ་བཅུ་དྲུག་པ་ལ་པྲ་ན་པ་ས་བོན་དམར་པོའོ། །སྤྱི་བོར་འདབ་མ་སུམ་ཅུ་རྩ་གཉིས་པ་དཀར་པོ་ལ་ཡི་གེ་ཧཾ་དཀར་པོའི་ས་བོན་ཁ་ཐུར་དུ་ བལྟས་པ་ལས་བདུད་རྩིའི་རྒྱུན་འབབ་པ་བདེ་བ་ཆེན་པོའི་འཁོར་ལོའོ། །འདི་དག་དགའ་བ་དང་སྐད་ཅིག་མའི་རྣམ་པར་གཞག་པ་ནི་བླ་མའི་མན་ངག་ལས་རྟོགས་པར་བྱའོ། །འབད་པ་མེད་པར་ཟུང་དུ་འཇུག་པ་གཉིས་མེད་པར་འབྱུང་བའི་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པའི་ རྒྱུའོ། །ངོ་བོ་ཉིད་ཀྱི་རིམ་པའོ། །དེ་ནས་བསྒོམ་པས་དུབ་ན་བདག་མེད་མའི་ང་རྒྱལ་དང་ལྡན་པས་སྔགས་བཟླས་པར་བྱའོ། །དེ་ལ་འདིར་ལྷན་ཅིག་སྐྱེས་པར་གྲུབ་པ་ཕྲ་བ་དང་པོ་ཧཱུཾ་ཕཊ་མཐར་གནས་པའི་དབྱངས་བཅོ་ལྔའི་རང་བཞིན་གྱི་ཨ་ལ་སོགས་པའི་སྔགས་སོ། །འདི་ལྟ་སྟེ། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཧཱུཾ་ཕཊ་སྭཱ་ཧཱ། བདག་མེད་མ་དམར་མོའི་ང་རྒྱལ་དང་ལྡན་པས་གྲོང་ཁྱེར་དཀྲུག་པའི་སྔགས་བཟླས་པར་བྱའོ། །དེ་ལ་འདིར་སྔགས་ནི། ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ། ཞེས་པའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་གཏོར་མའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནི་དམ་ཚིག་བྱིན་གྱིས་བརླབ་པའི་སྔགས་སོ། །དེའི་རྗེས་སུ་དཀྱིལ་འཁོར་གྱི་འཁོར་ལོ་མངོན་དུ་བྱས་པའི་དུས་སུ་ནི་ནུ་མ་སྤངས་པས་རང་གི་ཡན་ལག་གི་ཀཀྐོ་ལའི་ནང་དུ་གནས་པའི་བོ་ལར་བྱའོ། །འགྲམ་པ་གཉིས་ ནི་དྲིལ་བུར་འགྱུར་བའོ། །གསང་སྔགས་ཚུལ་གྱི་བསྟན་བཅོས་སྙིང་། །བླ་མ་དམ་པའི་འབད་པ་ལས་ཤེས་པ། །བདག་མེད་མ་ནི་རབ་ཏུ་གསལ་བ་ནི། །བདག་གི་སྙིང་རྗེ་ཡིས་ནི་སེམས་ཀྱིས་བྱས། །དཀྱིལ་འཁོར་འཁོར་ལོ་ཟབ་མོ་ཡི། །རྣམ་པར་ངེས་པར་འགྱུར་བ་ནི། །ཇི་ལྟར་ འདིར་ནི་ལུས་ཅན་རྣམས། །རི་ཁྲོད་མགོན་གྱི་ཞབས་ཀྱི་ཆུ་སྐྱེས་ཀྱི། །རྡུལ་རྣམས་སྤྱི་བོས་མ་བླངས་པ། །དེ་དག་ངེས་པར་ཇི་ལྟར་འགྱུར། །མངོན་པར་རྟོགས་པ་འདི་ཡིས་ཐོབ་པ་ཡིས། །དགེ་བ་འདི་ཡིས་འཇིག་རྟེན་མཐའ་དག་ནི། །སྲིད་པ་གསུམ་གྱི་སྡུག་བསྔལ་ཡིད་མི་བདེ་སྤངས་ཏེ། ། རྡོ་རྗེ་འཛིན་པའི་གོ་འཕང་རབ་གནས་ཤོག །དཔལ་པཎྜི་ཏ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པའི་བདག་མེད་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་ལས་མཉན་ཏེ་སླད་ཀྱི་དགེ་སློང་མཚུར་ཛྙཱ་ན་ཨཱ་ཀ་རས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ནཻ་རཱཏྨ་སཱ་དྷ་ན་པཽཥྚི་ཀ་ནི་རྡེ་ཤ །བོད་སྐད་དུ། བདག་མེད་མའི་སྒྲུབ་ཐབས་རྒྱས་པར་བསྟན་པ་ཞེས་བྱ་བ། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །སྤྱིར་དེ་ཁོ་ན་ཉིད་བཙལ་བའི་ཐབས་མང་ན་ཡང་གནས་སྐབས་འདིར་བསྒོམ་ པར་བྱ་བའི་སྣོད་དུ་རུང་བར་བྱས་པའི་སྔགས་པས་ནང་པར་སྔར་ལངས་ཏེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བདག་མེད་མའི་ས་བོན་འོད་ཀྱི་ཕྲེང་བ་དང་ལྡན་པར་བལྟས་ལ། གདོང་བཀྲུ་བ་ལ་སོགས་པ་བྱས་ཏེ། རྣལ་འབྱོར་དང་གནས་དང་བདག་ཉིད་བསྲུང་བ་བྱས་ལ་བསམ་གཏན་གྱི་ གནས་སུ་རབ་ཏུ་ཞུགས་ནས་བདེ་བའི་སྟན་ལ་འདུག་སྟེ། རང་གི་སྔགས་ཀྱིས་མཆོད་ཡོན་ལ་ཡོངས་སུ་བཟླས་པར་བྱའོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་བསྡུས་པའི་ངོ་བོ་བདག་མེད་མའི་དཀྱིལ་འཁོར་མདུན་གྱི་ནམ་མཁའ་བར་སྣང་ལ་གནས་པར་བལྟས་པ་ལ་རང་ གི་སྙིང་གའི་ས་བོན་ལས་མངོན་དུ་བཏོན་པའི་མཆོད་པའི་ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད་པར་བྱས་ཏེ། རི་དགས་ཅན་འཛིན་སེར་མོ་སྟེ། །ཉི་མ་འཛིན་པ་ཆོམ་རྐུན་མའོ། །ལག་ན་ཆུ་འཛིན་རོ་ལངས་མ། །ཟ་ཕོད་མ་ནི་སྨན་སྣོད་འཛིན། །སྦོས་མོ་ལག་ན་རྡོ་རྗེ་འཛིན། །རོ་མཆོག་འཛིན་ པ་རི་ཁྲོད་མ། །དེ་བཞིན་གཏུམ་མོ་ཅང་ཏེའུ་ཅན། །སྨེ་མོ་མགུལ་པར་འཁྱུད་ཅིང་འཛིན། །ཞེས་པ་དེ་དག་གིས་ཡང་དག་པར་མཆོད་ལ། དེ་དག་གི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་འདི་ལྟར་བྱ་སྟེ། བདག་གི་སྡིག་པ་ནི་ཐམས་ཅད་དུ་སོ་སོར་འཆགས་ལགས་སོ། །སོ་སོའི་ སྐྱེ་བོ་རྣམས་དང་། འཕགས་པ་རྣམས་ཀྱི་དགེ་བ་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ལགས་སོ། །བདག་ཇི་སྲིད་བྱང་ཆུབ་ཀྱི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ལ་བདེ་བ་དང་ཕན་གདགས་ པ་དང་། ཇི་ལྟར་བྱང་ཆུབ་རྣམ་པ་གསུམ་པོའི་སྐལ་བ་དང་ལྡན་པ་དེ་རྣམས་བྱང་ཆུབ་གསུམ་པོ་ཐོབ་པར་བྱ་བའི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་བདེ་བ་བཟང་པོ་ཉེ་བར་སྦྱར་བར་བྱ་བའི་ཕྱིར་བྱམས་ པ་བསྒོམ་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཉེ་བར་སེལ་བའི་རྣམ་པ་སྙིང་རྗེའོ། །དེ་ནས་འདི་ལྟར་སེམས་ཅན་ཐམས་ཅད་བདེ་བ་དང་མི་འབྲལ་བའི་རྣམ་པ་དགའ་བའོ། །དེ་ནས་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་རྣམས་སུ་ཉེ་ བར་སྦྱོར་བའི་རྣམ་པ་བཏང་སྙོམས་སོ། །དེ་ནས་ཆོས་ཐམས་ཅད་སེམས་ལས་སྐྱེ་ཞིང་སྣང་བ་ལས་བདེ་བ་མ་ཡིན་པ་འདི་ལྟ་བུ་སེམས་གཟུང་བ་དང་འཛིན་པའི་དོན་དུ་སྣང་བ་འཁྲུལ་པ་རྣམ་པར་བསལ་བ་སྟེ། དཔེར་ན་རྨི་ལམ་ལྟ་བུ་འདི་ནི་ངེས་པ་མ་ཡིན་ནོ། །འཁྲུལ་པ་ཡོངས་སུ་བསལ་ བའི་ཕྱིར་ན་སྔོན་པོ་དང་སེར་པོ་ལ་སོགས་པ་དོན་དུ་སྣང་བ་ཡོངས་སུ་བསལ་བར་བྱའོ། །རྒྱུ་དེས་ན་སོ་སོར་སྣང་བ་རྣམས་ནི་བདག་ཉིད་ཀྱི་སེམས་ཏེ། དེ་ཡང་སྟོན་ཀའི་ཉི་མའི་གུང་ལ་ནམ་མཁའ་དྲི་མ་མེད་ཅིང་སྣང་བ་མེད་པ་གསལ་བ་ཙམ་མཐའ་ཡས་པ་ལྟར་བལྟའོ། །འདི་ནི་དོན་དམ་པ་བྱང་ཆུབ་ ཀྱི་སེམས་སོ། །འདིར་ནི་གདོད་མའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལྟ་བུ་འདི་སྟོང་པ་ཉིད་ཀྱི་ཡེ་ཤེས་དམ་པའོ། །འདི་རུ་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པའོ། །དེའི་རྗེས་ལ། རེ་ཕས་ཉི་མ་མདུན་དུ་རྣམ་པར་བསྒོམ། ཉི་མ་དེར་ཧཱུཾ་སྣ་ཚོགས་རྡོ་རྗེའི་དངོས། །རྡོ་རྗེ་དེ་ཡིས་རྣམ་པར་བསྒོམ་བྱ་བ། །ར་བ་དང་ནི་དྲ་བ་བཅིང་བའོ། །དེ་ནས་སྟོན་ཀའི་ཟླ་བ་ལྟར་དཀར་པོ་གྱེན་ཀར་གནས་པའི་གྲུ་གསུམ་པ། ནང་རོལ་སྟོང་པ་ཆེན་པོའི་ཁམས་སུ་གནས་པའི་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་རུ་རྣམ་པར་བསྒོམ་ པར་བྱའོ། །དེའི་དཀྱིལ་དུ་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་སེར་པོའོ། །དེའི་སྟེང་དུ་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོའོ། །དེའི་སྟེང་དུ་མེ་གྲུ་གསུམ་པ་དམར་པོའོ། །དེའི་སྟེང་དུ་རླུང་གཞུའི་རྣམ་པ་སྔོན་པོའོ། །དེ་རྣམས་ཡོངས་སུ་གྱུར་པ་སྣ་ཚོགས་པདྨ་ཆེན་པོ་གེ་སར་དང་ལྡན་པ་ སྣ་ཚོགས་རྡོ་རྗེས་མཚན་པ་ལ་གཞལ་ཡས་ཁང་བརྩེགས་པ་བསྒོམ་པར་བྱའོ། །དེ་ཡང་རིན་པོ་ཆེ་སྣ་ལྔ་མཆོག་ཏུ་འབར་བའི་རང་བཞིན་ལས་གྱུར་པ། གྲུ་བཞི་པ་དང་། སྒོ་བཞི་པ་དང་། ཏྭ་ར་ན་བཞིས་བརྒྱན་པ། མུ་ཁྱུད་ལ་མཆོད་པའི་ལྷ་མོ་བརྒྱད་ཕྲག་གཉིས་ཀྱིས་མཆོད་པ་བྱེད་པ་ ཅན་དྲ་བ་དྲ་ཕྱེད་ཀྱིས་མཛེས་པ། རྡོ་རྗེ་སྐུད་པས་བརྒྱན་པ་དང་། རླུང་གིས་རླབས་པས་སྣ་ཚོགས་པའི་སྟེང་ལོགས་སུ་བསྐྱོད་པའི་ཅོད་པན་དྲིལ་བུའི་སྒྲ་དང་ལྡན་པ་ཅན་ནོ། །དེའི་དཀྱིལ་གྱི་རིམ་པ་ལ་པདྨ་འདབ་མ་བརྒྱད་པ་རྣམ་པར་བསྒོམ་པར་བྱའོ། །དེའི་གེ་སར་དང་ཕྱོགས་བཞི་རུ་ཞིང་ལྔའི་ གདན་རྣམས་སུ་བསམ་པར་བྱའོ། །ཕྱི་རིམ་གྱི་གྲྭ་རྣམས་སུ་བཞི་དང་། སྒོ་རྣམས་སུ་བཞི་དང་། འོག་ཏུ་གཅིག་དང་སྟེང་དུ་གཅིག་གོ། །དེ་ནས་ཞིང་གི་གདན་དབུ་མའི་སྙིང་གར་སྔོན་དུ་བསྒོམས་པའི་སྒོམ་པ་པོའི་སེམས་མཐའ་ཡས་ཤིང་གསལ་བ་ཤེལ་ལྟ་བུ་དེ་དབྱངས་ཀྱི་ཡི་གེ་བཅོ་ལྔ་པོ་ཕྲེང་ བའི་གཟུགས་ཀྱིས་བསྡུས་ཏེ་དེ་ཡོངས་སུ་ཞུ་བ་ཟླ་བ་གང་བའི་རྣམ་པར་བསྒོམ་པར་བྱའོ། །དེའི་སྟེང་དུ་སྡེ་ཚན་སུམ་ཅུ་རྩ་བཞིའི་ཕྲེང་བ་ཡོངས་སུ་ཞུ་བས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཨ་དེས་གྲི་གུག་གོ། །དེའི་དཀྱིལ་འཁོར་ཡི་གེ་ཨའོ། །ཡི་གེ་ཨ་དེ་ལས་དེ་བཞིན་གཤེགས་ པ་ཐམས་ཅད་རྣལ་འབྱོར་མ་བཅོ་ལྔའི་གཟུགས་ཀྱིས་སྤྲོས་ཏེ། སླར་དེ་ལ་ཡང་དག་པར་བསྡུས་པས་ཟླ་བ་དང་ཉི་མ་དང་གྲི་གུག་དང་། ས་བོན་ཡོངས་སུ་ཞུ་བས་བཅོམ་ལྡན་འདས་བདག་མེད་མའི་རྣལ་འབྱོར་བསྒོམ་པར་བྱའོ། །དེ་ནི་ཁ་དོག་ནག་མོ་དྲག་ཆེན་མོ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། འཁོར་ལོ་སྙན་ཆ་མགུལ་དོ་དང་། །ཕྱག་གདུབ་དང་ནི་སྐུ་རེགས་དང་། །སྟག་ལྤགས་སྨད་གཡོགས་འོད་འབར་བ། །དབུ་སྐྲ་དམར་སེར་གྱེན་དུ་སྐྱེས། །ཕྱག་གཉིས་ཞལ་ནི་གཅིག་མ་སྟེ། །ཁྲོ་གཉེར་བསྡུས་ཤིང་སྤྱན་དམར་མ། །གཡོན་ན་ཐོད་པ་ཁ་ཊྭཱཾ་ག །གཡོན་མིན་ན་ནི་གྲི་གུག་བསྣམས། ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །རི་བོང་ཅན་འོད་ཟླ་བའི་གདན། །འཁོར་ལོ་བཞི་ཡི་ཆུ་སྐྱེས་ལ། །ཡི་གེ་བཞི་ཡིས་བརྒྱན་པའོ། །ནུ་བར་ཟླ་བའི་གྲི་གུག་ལ། །ས་བོན་འོད་ཀྱིས་རྣམ་མཛེས་གནས། །ཞེས་བྱ་བ་ཡིན་ནོ། །འདི་དག་ནི་དང་པོའི་རྣལ་འབྱོར་དང་། དང་པོའི་ཏིང་ངེ་འཛིན་ དང་། ངོ་བོ་ཉིད་ཀྱི་སྐུའོ། །དེ་ནས་དེའི་རྗེས་སུ་སྙིང་གའི་མཚན་མ་ལ་གནས་པའི་ས་བོན་ལས་ཟླ་བའི་གདན་བཅུ་བཞི་ངེས་པར་བཏོན་ཏེ། རོའི་གདན་རྣམས་རེ་རེའི་སྙིང་གར་དགོད་དོ། །དེ་ནས་ཡང་ས་བོན་དེ་ཉིད་ལས་ཉི་མའི་གཟུགས་བཅུ་བཞི་པོ་བཏོན་ཏེ། ཟླ་བ་དེ་དག་ཉིད་ཀྱི་སྟེང་དུ་གཞག་ པར་བྱའོ། །ཟླ་བ་དང་ཉི་མ་མཉམ་པར་སྦྱར་བ་ལས་ཉི་མའི་སྟེང་དུ་ས་བོན་རྣམས་སྐྱེས་སོ། །དེ་ལ་ནང་གི་རིམ་པའི་ཤར་ལ་སོགས་པའི་ཕྱོགས་ཀྱི་ཉི་མ་རྣམས་ལ་རིམ་བཞིན་དུ་ཨཱ་ཨི་ཨཱི་ཨུའོ། །ཕྱིའི་རིམ་པའི་དབང་ལྡན་ལ་སོགས་པའི་གྲྭ་རྣམས་ཀྱི་ཉི་མ་རྣམས་ལ་རིམ་བཞིན་དུ་ཨཱུ་རྀ་རཱྀ་ ལྀའོ། །ཤར་ལ་སོགས་པའི་སྒོའི་ཉི་མ་རྣམས་ལ་ལཱྀ་ཨེ་ཨཻ་ཨོའོ། །འོག་གི་ཉི་མ་ལ་ཨཽ་ཡིན་ནོ། །སྟེང་གི་ཉི་མ་ལ་ཨཾ་ངོ་། །སོ་སོའི་ས་བོན་ལས་གྲི་གུག་དང་། །ས་བོན་ཡོངས་སུ་ཞུ་བ་རྣམས་ལྷ་མོ་བཅུ་བཞིར་བྱུང་སྟེ། ཐམས་ཅད་ཀྱང་ཇི་ལྟར་བདག་མེད་རྣལ་འབྱོར་མ་དེ་བཞིན་ནོ། ། ཕྱོགས་ཀྱི་འདབ་མ་རྣམས་ལ་རྡོ་རྗེ་མ་དང་། སེར་མོ་དང་། ཆུའི་རྣལ་འབྱོར་མ་དང་། རྡོ་རྗེ་མཁའ་འགྲོ་མའོ། །གྲྭ་རྣམས་སུ་སྦོས་མོ་དང་། རི་ཁྲོད་མ་དང་། གཏུམ་མོ་དང་། སྨེ་མོའོ། །སྒོ་རྣམས་སུ་སེར་མོ་དང་། ཆོམ་རྐུན་མ་དང་། རོ་ལངས་མ་དང་། ཟ་ནུས་མའོ། །ལྷ་མོ་བཅུ་གཉིས་པོ་ དེ་རྣམས་ནི་བདག་མེད་མ་ལ་མངོན་དུ་ཕྱོགས་པའོ། །འོག་ཏུ་ནི་ས་སྤྱོད་མ་སྟེ་ཞལ་འོག་ཏུ་གཟིགས་པའོ། །སྟེང་དུ་ནི་ནམ་མཁའ་སྤྱོད་མ་སྟེ་ཞལ་སྟེང་དུ་གཟིགས་པའོ། །ཐམས་ཅད་ཀྱི་སྙིང་གར་ཟླ་བ་ལ་གྲི་གུག་གནས་པའི་དཀྱིལ་ན་རང་རང་གི་ས་བོན་ཅན་ནོ། །དེའི་རྗེས་སུ་སྔགས་ཀྱི་འོད་ ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ། ཡི་གེ་ཧཱུཾ་གིས་བགེགས་རྣམས་བསྐྲད་ཅིང་ནམ་མཁའི་སྟེང་ན་བཞུགས་པ་དག་མཉེས་པར་བྱ་བའི་ཆེད་དུ་སྔོན་དུ་ཡོངས་སུ་བཟླས་པའི་མཆོད་ཡོན་དང་ཞབས་བསིལ་དང་ཞལ་བསིལ་དག་རང་གི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་ཛཿཧཱུཾ་བཾ་ཧོཿཞེས་ བརྗོད་དེ། དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་བཀུག་ཅིང་བཅིངས་ནས་དབང་དུ་བྱས་ལ་ཆུ་དང་འོ་མ་འདྲེས་པ་བཞིན་དུ་རོ་གཅིག་ཏུ་གྱུར་པར་བསམ་པར་བྱའོ། །དེ་ནས་བདག་ཉིད་ཀྱི་གཟུགས་ཀྱི་ཕུང་པོ་དེའི་བདག་ཉིད་ལ་རྡོ་རྗེ་མ་གནས་པར་བལྟའོ། །ཚོར་བའི་ཕུང་པོ་ ལ་སེར་མོའོ། །འདུ་ཤེས་ཀྱི་ཕུང་པོ་ལ་ཆུའི་རྣལ་འབྱོར་མའོ། །འདུ་བྱེད་ཀྱི་ཕུང་པོ་ལ་རྡོ་རྗེ་མཁའ་འགྲོ་མའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་བདག་མེད་མའོ། །སའི་ཁམས་ལ་སྦོས་མོའོ། །ཆུའི་ཁམས་ལ་རི་ཁྲོད་མའོ། །མེའི་ཁམས་ལ་དྲག་འཛིན་མའོ། །རླུང་གི་ ཁམས་ལ་སྨེ་མོའོ། །གཟུགས་ཀྱི་སྐྱེ་མཆེད་ལ་སེར་མོའོ། །སྒྲའི་སྐྱེ་མཆེད་ལ་ཆོམ་རྐུན་མའོ། །དྲིའི་སྐྱེ་མཆེད་ལ་རོ་ལངས་མའོ། །རོའི་སྐྱེ་མཆེད་ལ་ཟ་ནུས་མའོ། །རེག་བྱའི་སྐྱེ་མཆེད་ལ་ས་སྤྱོད་མའོ། །ཆོས་ཀྱི་སྐྱེ་མཆེད་ལ་མཁའ་སྤྱོད་མའོ། །ཡང་མིག་གི་སྐྱེ་མཆེད་ལ་རྡོ་རྗེ་མའོ། །རྣ་བའི་ སྐྱེ་མཆེད་ལ་བདག་མེད་མའོ། །སྣའི་སྐྱེ་མཆེད་ལ་སེར་མོའོ། །ལྕེའི་སྐྱེ་མཆེད་ལ་ཆུའི་རྣལ་འབྱོར་མའོ། །ལུས་ཀྱི་སྐྱེ་མཆེད་ལ་རྡོ་རྗེ་མཁའ་འགྲོ་མའོ། །ཡིད་ཀྱི་སྐྱེ་མཆེད་ལ་བདག་མེད་མའོ། །ཞེ་སྡང་ལ་བདག་མེད་མའོ། །གཏི་མུག་ལ་རྡོ་རྗེ་མའོ། །འདོད་ཆགས་ལ་ཆུའི་རྣལ་འབྱོར་མའོ། ། ང་རྒྱལ་ལ་སེར་སྣ་མའོ། །ཕྲག་དོག་ལ་རྡོ་རྗེ་མཁའ་འགྲོ་མའོ། །ཐམས་ཅད་ཀྱི་མགོ་བོར་ཡི་གེ་ཨོཾ་གྱིས་སྐུ་བྱིན་གྱིས་བརླབ་པར་བྱའོ། །མགྲིན་པར་ཡི་གེ་ཨཱཿཡིས་ངག་བྱིན་གྱིས་བརླབ་པའོ། །སྙིང་གར་ཡི་གེ་ཧཱུཾ་གིས་ཐུགས་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟ་བུའི་གཞན་རྣམས་ཀྱི་ཡང་ཕུང་ པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་རྣམ་པར་དག་པར་ལྷག་པར་མོས་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ། ནམ་མཁར་གཞག་པ་ལ་རང་གི་སྙིང་གའི་ས་བོན་ལས་མངོན་པར་ སྤྲོས་པའི་མ་མོ་བརྒྱད་པོ་རྣམས་ཀྱིས་ཡང་དག་པར་མངོན་པར་མཆོད་ལ་དབང་བསྐུར་བ་བླང་བར་བྱའོ། །དེ་ནས་དེ་རྣམས་ཡེ་ཤེས་ལྔའི་རང་བཞིན་གྱིས་གང་བའི་ནོར་བུ་རིན་པོ་ཆེ་རྣམས་ཀྱི་བུམ་པས་དཀྱིལ་འཁོར་གྱི་བདག་པོ་དང་། དེ་ཉིད་ཀྱི་དཀྱིལ་འཁོར་བ་རྣམས་ལ་དབང་བསྐུར་བར་རྣམ་པར་བསམ་མོ། ། དབང་བསྐུར་བའི་ཆུ་ལས་བྱུང་བའི་རིགས་ལྔ་རྣམས་ཀྱིས་རྒྱས་གདབ་པར་བྱའོ། །ཐུགས་དང་རྟག་པ་རིན་ཆེན་དང་། །འཇིག་རྟེན་དབང་དོན་གྲུབ་པས་སོ། །ཐུགས་རྟག་རིན་ཆེན་འཇིག་རྟེན་དབང་། །རྣམས་ཀྱི་མཚམས་ན་བཞུགས་རྣམས་ལའོ། །སྒོ་སྐྱོང་རྣམས་ལའང་དེ་བཞིན་ནོ། །རྨོངས་ དང་ཆགས་པས་འོག་བླ་མའོ། །དེ་ནས་རང་གི་སྙིང་གའི་སྔགས་ལས་མཆོད་པའི་ལྷ་མོ་བརྒྱད་པོ་རྣམས་ངེས་པར་བཏོན་ཏེ་སྤྲོས་ལ་ཡང་དག་པར་བསྡུས་ཏེ་མཆོད་པར་བྱའོ། །དེ་ལ་དང་པོའི་དྲུག་པོ་རྣམ་ས་ནི་ཅུང་ཟད་བྱ་བར་ལག་ན་གནས་པའི་སྣོད་ཀྱིས་མཆོད་པར་བྱ་བ་རྣམས་ཀྱི་ཕྱག་ན་ཐོགས་པའི་ ཐོད་པ་རྣམས་སུ་མཆོད་རྫས་རྣམས་སོ་སོར་རབ་ཏུ་གསལ་བར་སྣང་བ་ལས་རབ་ཏུ་བཞེས་པར་བྱའོ། །དེས་དེ་རྣམས་ཡོངས་སུ་ལོངས་སྤྱོད་ཅིང་ཚིམ་པར་བལྟའོ། །བརྒྱད་པ་སྨེ་མོ་ནི་འཁོར་ལོའི་བདག་མོའི་མགྲིན་པ་ལ་འཁྱུད་པའོ། །འདི་ལས་མ་གཏོགས་པ་གཞན་དཀྱིལ་འཁོར་གྱི་རྣལ་འབྱོར་ མ་བདུན་པོ་རྣམས་ནི་དེར་རབ་ཏུ་འཇུག་པའོ། །དེས་ན་དེ་ཐམས་ཅད་ལ་བཅོམ་ལྡན་འདས་ཡུམ་ཉིད་ཀྱི་པདྨར་གནས་པ་ལས་སྐྱེས་པའི་རྡོ་རྗེས་ཡོངས་སུ་ལོངས་སྤྱོད་པའོ། །ནག་པོ་དམར་པོ་དེ་ནས་སེར། །ལྗང་གུ་སྔོན་པོ་དཀར་པོ་རིམ། །རང་བཞིན་དགའ་བ་ཙམ་དུ་ནི། །བསམ་བྱ་འཁོར་ལོའི་ གཙོ་མོ་ལའོ། །འདི་དག་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བ་སྟེ། ཏིང་ངེ་འཛིན་གཉིས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་རྗེས་སུ་འཁོར་ལོའི་བདག་པོས་ལྷ་མོ་ཐམས་ཅད་བསྐུལ་བས་རིམ་པ་བཞིན་དུ་རང་རང་གི་སྐུ་ལས་རྗེས་སུ་མཐུན་པའི་གཟུགས་སྤྲིན་ཙམ་སྤྲོས་པས་འགྲོ་ བ་རྣམས་ཀྱི་དོན་ལ་ནན་ཏན་བྱས་ཏེ་རང་རང་གི་སྐུ་སྤྲིན་ཙམ་མོ། །དེ་རྣམས་རྩ་བའི་སྐུ་རྣམས་ལ་བསྡུའོ། །དེ་ལ་སྒོ་སྐྱོང་མ་རྣམས་དང་། ས་སྤྱོད་མས་ནི་རིམ་བཞིན་དུ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་ལ་སེམས་ཅན་རྣམས་འཇོག་གོ། ། མཁའ་སྤྱོད་མས་ནི་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྟོབས་རྣམས་ལའོ། །སྦོས་མོ་ནི་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་རྣམས་ལའོ། །རི་ཁྲོད་མས་ནི་འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་རྣམས་ལའོ། །དྲག་འཛིན་ མས་ནི་རིང་དུ་སོང་བ་དང་། མི་གཡོ་བ་རྣམས་ལའོ། །སྨེ་མོས་ནི་ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་དག་ལའོ། །ལྷག་མ་གཞན་རྣམས་ནི་སངས་རྒྱས་ལྔའི་ས་རྣམས་ལ་སྟེ། དེ་ལ་ཕྱོགས་ཀྱི་ལྷ་མོ་བཞི་པོས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་རྣམས་ལའོ། །བཅོམ་ ལྡན་འདས་ཡུམ་བདག་མེད་མ་ཉིད་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལའོ། །འདི་དག་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་དང་སྤྲུལ་པའི་སྐུའོ། །སྐྱོན་ནི་ཐང་ཅིག་ངལ་བསོ་ལ་འབར་བའི་སྔགས་ཀྱི་ཡི་གེ་རྣམས་སྙིང་གའི་ཟླ་བ་ལ་ ཡི་གེའི་ཕྲེང་བའི་དངོས་པོར་ཡིད་ཀྱིས་མངོན་དུ་བྲིས་པ་རྣམས་ལ་རིམ་པར་བརྗོད་ཅིང་ཇི་སྲིད་སྐྱོ་བར་མི་འགྱུར་གྱི་བར་དུ་དལ་བུས་བཟླས་སོ། །སྔགས་ནི་དབྱངས་ཡིག་བཅོ་ལྔ་པོ་སྭཱ་ཧཱ་མཐར་བཞག་པའོ། །དེ་ནས་ཚིགས་བཅད་གཉིས་ཀྱིས་བསོད་ནམས་ཡོངས་སུ་བསྔོ་བར་བྱས་ཏེ། སངས་རྒྱས་ ཀུན་གྱི་ནོར་རྣམས་ཀུན། །རྡོ་རྗེ་འཆང་ཆེན་གོ་འཕང་ནི། །བདག་གིས་དགེ་བ་འདི་ཐོབ་སྟེ། །འགྲོ་རྣམས་ཀྱང་ནི་དེར་ཐོབ་ཤོག །ཡང་དག་བྱང་ཆུབ་ཆེད་དུ་གང་སྤྱོད་དང་། །ཡང་དག་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡང་། །བྱང་ཆུབ་རྡོ་རྗེ་ཡིས་ནི་གང་བརྗོད་པ། །སྤྱོད་པ་དེ་གཉིས་བདག་ གིས་སྤྱོད་པར་ཤོག །ཅེས་བརྗོད་དོ། །རང་གི་སྙིང་གའི་ས་བོན་གྱི་ཐིག་ལེ་ལོ་དཀྱིལ་འཁོར་པ་རྣམས་བཅུག་སྟེ། ལངས་ལ་ཇི་ལྟར་བདེ་བར་རང་གི་ལྷའི་ང་རྒྱལ་དུ་བྱས་པ་དང་། མི་འབྲལ་བར་སྤྱོད་ལམ་ཐམས་ཅད་བྱའོ། །གུང་གི་ཐུན་མཚམས་སུ་ནི་ལྷའི་ཁང་པར་ཞུགས་ནས་སྟན་བདེ་བ་ལ་འདུག་ སྟེ་བདག་ཉིད་བདག་མེད་མ་རྣལ་འབྱོར་མར་བལྟས་ལ་རང་གི་སྙིང་གའི་སྔགས་ལས་ལྷ་མོ་བཅུ་བཞི་པོ་རྣམས་ཕྱུང་ནས་ཇི་ལྟ་བའི་གནས་རྣམས་ལ་བཞུགས་པར་བལྟའོ། །བདག་ཉིད་དང་དེ་རྣམས་ཀྱི་ཕུང་པོ་ལ་སོགས་པ་རྣམ་པར་དག་པ་དང་། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་ཡུད་ཙམ་ ཞིག་གིས་ལྷག་པར་མོས་པར་བྱ་བ་དང་། སྔོན་བཞིན་དུ་དབང་བསྐུར་བ་དང་། ཡོངས་སུ་བསྔོ་བའི་མཐར་ཐུག་པར་བྱའོ། །དེ་བཞིན་དཀྱིལ་འཁོར་ཉེ་བར་བསྡུས་ཏེ་ཡང་དག་པར་ལངས་ལ་རང་གི་ལྷའི་ང་རྒྱལ་དུ་བྱས་པས་ཐམས་ཅད་བྱའོ། །གཏོར་མ་ཡང་འདིས་སྦྱིན་པར་བྱ་སྟེ། ཨོཾ་ཨ་ཀཱ་རོ་ མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་སོ། །སྲོད་ཀྱི་ཐུན་མཚམས་སུ་ནི་མཐར་མཆོད་ཡོན་ཕུལ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅད་དོན་ཀུན་མཛད། །ཇི་ལྟར་དངོས་གྲུབ་རྗེས་འགྲོ་སྩོལ། །སངས་རྒྱས་ཡུལ་དུ་ གཤེགས་གསོལ་ཏེ། །སླར་ཡང་གཤེགས་ཤིང་འབྱོན་འཚལ་ལོ། །ཞེས་བརྗོད་པའི་རྗེས་སུ་ཨོཾ་མུཿཞེས་བྱ་བས་ཀྱང་བསྐུལ་ལོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་ནང་དུ་བསྟིམས་ཏེ། གནས་དང་བདག་ཉིད་རྣལ་འབྱོར་གྱིས་བསྲུང་བར་བྱའོ། །གཉིད་ལོག་པའི་དུས་སུ་ནི་རང་བཞིན་གྱི་དགའ་བ་ཙམ་དུ་ལྷག་ པར་མོས་པར་བྱས་ལ་ཉལ་བར་བྱའོ། །དེ་ལྟ་བུར་ཡང་ནས་ཡང་དུ་རྒྱུན་དུ་བྱའོ། །མུ་ཏིག་ཕྲེང་ལྟར་ཡིད་འོང་སྒྲུབ་ཐབས་འདི། །བསྟན་པའི་དགེ་བ་ཇི་སྙེད་ཡོད་པའི་མཐུས། །ང་དང་བདག་ཏུ་ཞེན་པའི་སེམས་ཅན་ཀུན། །བདག་མེད་མ་ཡི་ངོ་བོར་ལྷུན་གྲུབ་ཤོག །བདག་མེད་མ་སྒྲུབ་པའི་ཐབས་རྒྱས་པར་ བསྟན་པ། དཔལ་དཀོན་མཆོག་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།། ༄། །དཔའ་གཅིག་མའི་སྒྲུབ་ཐབས་བཞུགས།། ༄༅༅། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ཡེ་ཤེས་ལྷན་ཅིག་སྐྱེས། །ཞལ་གཅིག་ཕྱག་གཉིས་གཡོན་བརྐྱང་སྔོ། །རྒྱན་ ལྔ་ཐོད་ཕྲེང་མགོ་སྐྱེས་སེར། །གྲི་གུག་ཐོད་ཕྱག་ཁྱོད་ལ་འདུད། །བློ་དམན་བུད་མེད་རྣམས་ཀྱི་ཕྱིར། །མདོར་བསྡུས་རྒྱས་པ་མ་ཡིན་པ། །བསྐྱེད་པ་དང་ནི་རྫོགས་པ་ཡིས། །དཔའ་མོ་གཅིག་པ་བྲི་བར་བྱ། །དང་པོ་རེ་ཞིག་རྣལ་འབྱོར་པས། དབེན་པའི་གནས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ གནས་ལ། ཇི་སྐད་གསུངས་པའི་རིམ་པས་བླ་མ་མཆོད་ནས་ཚངས་པའི་སྒོམ་པ་བྱས་ལ། དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་རྗེས་སྨོན་ལམ་སྟོབས་ལས་ནི། །ཆུ་སྐྱེས་དམར་པོ་ཉི་དབུས་སུ། །མ་སྐྱེས་མཆོག་གི་ས་བོན་ལས། །ནག་པོ་ཞལ་གཅིག་ཕྱག་གཉིས་ མ། །གཡས་པར་གྲི་གུག་འཇིགས་ཆེན་མ། །གཡོན་པ་ན་ནི་པདྨའི་སྣོད། །གཡས་པ་མིན་པར་ཁ་ཊྭཱཾ་ག །སྟག་གི་པགས་པས་སྨད་དཀྲིས་པ། །སྲོག་སོང་སྟེང་ན་གཡོན་བརྐྱང་གནས། །སྐྲ་སེར་གྱེན་འགྲེང་ཕྱག་རྒྱ་ལྔ། །ཐོད་ཕྲེང་ཐལ་བས་རྣམ་བརྒྱན་ལ། །དེ་རྗེས་ཡེ་ཤེས་ སེམས་དཔའ་གཞག །སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས། །དབང་བསྐུར་བདུད་རྩི་མཆོད་པར་བྱ། །ཨོཾ་ཨཱཿཨཾ་ཧཱུཾ་སྭཱ་ཧཱ། བཟླས་པའི་སྔགས་སོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། གཏོར་མའི་སྔགས་སོ། །ལྷ་མོའི་ལྟེ་བར་ཟླ་རྒྱས་འབར། །ཨོཾ་ཡིག་ཡེ་ ཤེས་ལྔ་ཡི་དངོས། །སྲིད་དང་མྱ་ངན་འདས་པའི་རྒྱུ། །དེ་ཉིད་འཁོར་བ་ཞེས་བྱ་སྟེ། །དེ་ཉིད་མྱ་ངན་འདས་པ་ཡིན། །འཁོར་བ་ཡོངས་སུ་ཤེས་གྱུར་ན། །མྱ་ངན་འདས་ཞེས་དེ་ལ་བརྗོད། །ཇི་ལྟར་ནོར་བུ་རིན་པོ་ཆེ། །མ་ཕུག་པས་ནི་སྦྱོར་བྲལ་འགྱུར། །རྣམ་པར་ ཕུག་པས་སྦྱོར་ལྡན་པ། །འཁོར་བའི་རྣམ་པ་དེ་ལྟ་བུ། །བླ་མ་རྣམས་ཀྱིས་གསུངས་པར་འགྱུར། །དཔའ་གཅིག་མའི་སྒྲུབ་པའི་ཐབས་བསྐྱེད་པ་དང་རྫོགས་པར་ལྡན་པ་ཞེས་བྱ་བ་སློབ་དཔོན་བསོད་སྙོམས་པ་སྒྲ་གཅན་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ ཨིནྡྲ་རུ་ཙི་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ནཻརཱཏྨ་སཱ་དྷ་ནཾ། བོད་སྐད་དུ། བདག་མེད་མའི་སྒྲུབ་པའི་ཐབས། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཁོར་མིན་མྱ་ངན་འདས་མིན་གང་། ། གཟུགས་ཅན་མ་ཡིན་གཟུགས་མེད་མིན། །དེ་ཡི་རང་དངོས་ཀུན་རྫོབ་ཏུ། །བྱིས་པ་རྣམས་ཕྱིར་ད་ལྟར་བྲི། །བསྒོམ་པ་འདི་ལ་དབང་བར་གྱུར་པའི་རྣལ་འབྱོར་པ་ཐོ་རངས་ཀྱི་ཆ་ལ་མལ་ནས་ལངས་ནས་སྙིང་གར་ཟླ་བ་ལ་བདག་མེད་མའི་ས་བོན་བལྟས་ལ། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་ ལན་གསུམ་བརྗོད་ནས་གནས་དང་བདག་ཉིད་དང་རྣལ་འབྱོར་བསྲུང་བར་བྱའོ། །ཧཱུཾ་གིས་ལྕི་བ་མངོན་པར་བསྔགས་ལ། ཨོཾ་ཨཱཿཧཱུཾ་སརྦ་ཏ་ཐཱ་ག་ཏ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་བྱ་བས་ཆུ་ལ་བསྔགས་ལ་བཟླས་པའི་དཀྱིལ་འཁོར་བྱས་ནས། ཨོཾ་མེ་དི་ནཱི་བཛྲ་བནྡྷ་ཧཱུཾ་ཞེས་བྱ་བས་ས་གཞི་རྡོ་རྗེའི་རང་ བཞིན་དུ་བལྟས་ལ་མེ་ཏོག་དོར་བར་བྱའོ། །དཀྱིལ་འཁོར་གཞལ་ཡས་ཁང་དུ་ཡིད་ཀྱིས་དམིགས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ཞེས་བྱ་བ་མེ་ཏོག་ལ་བསྔགས་ལ། དབུས་ན་གནས་པའི་པདྨ་འདབ་མ་བཞི་པའི་དབུས་ཀྱི་ལྟེ་བ་ལ། ཨོཾ་ནཻ་རཱཏྨཻ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བྱ་བས་སོ། །ཤར་གྱི་ འདབ་མ་ལ་ཨ་བཛྲི་ཞེས་བྱ་བས་སོ། །ལྷོའི་འདབ་མ་ལ་ཨི་གཽ་རཱི་ཞེས་བྱ་བས་སོ། །ནུབ་ཀྱི་འདབ་མ་ལ་ཨཱི་བ་རི་ཡོ་གི་ནཱི་ཞེས་བྱ་བས་སོ། །བྱང་གི་འདབ་མ་ལ་ནི་ཨུ་བཛྲ་ཌཱ་ཀི་ཞེས་བྱ་བས་སོ། །དབང་ལྡན་མཚམས་སུ་ཨཱུ་པུཀྐ་སཱི་ཞེས་བྱ་བས་སོ། །མེའི་མཚམས་སུ་རྀ་ཤ་བ་རཱི་ཞེས་ བྱ་བས་སོ། །བདེན་བྲལ་མཚམས་སུ་རཱྀ་ཙཎྜ་ལཱི་ཞེས་བྱ་བས་སོ། །རླུང་གི་མཚམས་སུ་ལྀ་ཌོམྦི་ནཱི་ཞེས་བྱ་བས་སོ། །ཤར་གྱི་སྒོར་ནི་ལཱྀ་གཽ་རཱི་ཞེས་བྱ་བས་སོ། །ལྷོའི་སྒོར་ནི་ཨེ་ཙཽ་རཱི་ཞེས་བྱ་བས་སོ། །ནུབ་ཀྱི་སྒོར་ནི་ཨཻ་བེ་ཏཱ་ལཱི་ཞེས་བྱ་བས་སོ། །བྱང་གི་སྒོར་ནི་ཨོ་གྷསྨ་རཱི་ཞེས་བྱ་བས་སོ། ། འོག་ཏུ་ནི་ཨཽ་བྷཱུ་ཙརྱཱི་ཞེས་བྱ་བས་སོ། །སྟེང་དུ་ནི་ཨཱ་ཁེ་ཙརྱཱི་ཞེས་བྱ་བས་བཞག་ལ་ཡང་དག་པར་མཆོད་པ་བྱ་སྟེ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་ཞེས་བྱ་བས་མཆོད་པ་ཉེ་བར་བཀོད་པས་མཆོད་པ་བྱས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་ བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་བྱ་བ་ལན་གསུམ་བརྗོད་པས་ཕྱག་བྱས་ནས། དཀྱིལ་འཁོར་ལ་ལག་པས་བཞག་ལ། །འགྲོ་བ་ཞེ་སྡང་མནན་མཐོང་ནས། འགྲོ་བ་ཞེ་སྡང་ཞི་བྱའི་ཕྱིར། །མགོན་པོ་བདག་མེད་མ་གཟུགས་ལྡན། །དེ་ཕྱིར་བདག་ མེད་མ་ཕྱག་འཚལ། །ཞེས་པས་བསྟོད་ལ། ཨོཾ་བཛྲ་མུཿཞེས་བྱ་བས་གཤེགས་སུ་གསོལ་ལོ། །དེའི་རྗེས་ལ་སེམས་ཅན་ཐམས་ཅད་ལ་ལྷའི་བདེ་བ་སྦྱར་བར་འདོད་པའི་བྱམས་པ་དང་། སྡུག་བསྔལ་ཐམས་ཅད་བསལ་བར་འདོད་པའི་སྙིང་རྗེ་དང་། ལྷའི་བདེ་བ་རྒྱུན་མི་འཆད་པར་འདོད་ པའི་དགའ་བ་དང་། བླ་ན་མེད་པའི་ལམ་ཉེ་བར་བསྡུ་བར་འདོད་པའི་བཏང་སྙོམས་བསྒོམ་པར་བྱའོ། །དེའི་རྗེས་ལ་ཡིད་ཀྱིས་ཆོས་ཐམས་ཅད་ལ་དམིགས་ལ་འདི་དག་སེམས་ཉིད་དེ་ཕྱི་རོལ་གྱི་བདེན་པ་མ་ཡིན་ན་ཡང་། དོན་གྱི་རྣམ་པ་ལྟར་འཁྲུལ་པ་མ་ཡིན་ཏེ། དཔེར་ན་རྨི་ལམ་ལྟ་བུའོ་ ཞེས་ངེས་པར་བྱས་ནས་འཁྲུལ་པས་སྒྲོ་བཏགས་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་སྤངས་ལ། སྟོན་ཀའི་ཉི་མ་གུང་གི་དྲི་མ་མེད་པའི་ནམ་མཁའི་དཀྱིལ་ལྟ་བུའི་འོད་གསལ་བ་མངོན་སུམ་དུ་བྱས་ནས་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡུད་ ཙམ་སྟོང་པའི་ཡེ་ཤེས་ལ་ངལ་བསོས་ལ། དབྱངས་ཡིག་བཅོ་ལྔའི་ཕྲེང་བ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གསལ་པོར་བསྒོམས་ལ། ས་བོན་ཨའི་འོད་ཀྱིས་དཔག་ཏུ་མེད་ཅིང་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་གསལ་བར་བྱས་ནས་འགྲོ་བ་ཀུན་སངས་རྒྱས་ཀྱི་རང་བཞིན་དུ་ བྱས་ནས་བཀུག་ལ་ས་བོན་གྱི་ཡི་གེར་ཞུགས་པར་བལྟས་ནས། བདག་མེད་མ་རྫོགས་པར་ཡུད་ཙམ་གྱིས་བསྒོམ་པར་བྱའོ། །ཆོས་དབྱིངས་རོ་ཡི་སྟེང་ན་གནས། །མགོ་སྐྱེས་སེར་པོ་གྱེན་དུ་བརྫེས། །ལྷ་མོ་ཕྱག་རྒྱ་ལྔ་འཛིན་མ། །མགོ་བོའི་ཕྲེང་བའི་རྒྱན་གྱིས་བརྒྱན། ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །སྟག་གི་པགས་པའི་ན་བཟའ་མནབས། །ཞལ་ནི་མཆེ་བ་གཙིགས་པ་ཅན། །དྲག་པོའི་གཟུགས་ཅན་སྤྱན་གསུམ་པ། །གཡོན་ན་ཐོད་པ་ཁ་ཊྭཱཾ་ག །གཡས་པ་ན་ནི་གྲི་གུག་གོ། །མི་ཡི་རུས་པའི་རྒྱན་གྱིས་བརྒྱན། །རི་བོང་ཅན་འོད་ ཟླ་བའི་གདན། །དེའི་རྗེས་ལ་བཅོམ་ལྡན་འདས་མའི་ཐུགས་ཀའི་ཟླ་བ་ལ་གྲི་གུག་དེ་ལ་ཡང་ཡི་གེ་ཨའོ། །མགོ་བོ་ལ་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བ་ལ་ཧཾ་ངོ་། །མགྲིན་པར་འདབ་མ་བཅུ་དྲུག་པ་ལ་ཨོཾ་མོ། །སྙིང་གར་པདྨ་འདབ་མ་བརྒྱད་པ་ལ་ཧཱུཾ་ངོ་། །ལྟེ་བར་འདབ་མ་ དྲུག་ཅུ་རྩ་བཞི་པ་ལ་ཨེཾ་བསྒོམ་པར་བྱའོ། །དེའི་རྗེས་ལ་སྙིང་གའི་ས་བོན་གྱི་འོད་ཀྱིས་བཀུག་པའི་སངས་རྒྱས་ཐམས་ཅད་ནམ་མཁའི་དཀྱིལ་དུ་བལྟས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་དག་གིས་དེ་བཞིན་གཤེགས་ པ་ལྔའི་རང་བཞིན་གྱི་བུམ་པས་དབང་བསྐུར་བར་བྱའོ། །མེ་ཏོག་གི་ཆར་དང་རྔ་སྒྲ་དང་གུར་ཀུམ་གྱི་ཆར་ཡང་འབབ་པར་འགྱུར་རོ། །སྤྱི་བོར་ནི་མི་བསྐྱོད་པ་འབྱུང་བར་འགྱུར་རོ། །དེའི་རྗེས་ལ་མིག་ལ་རྡོ་རྗེ་མའོ། །རྣ་བ་ལ་ནི་བདག་མེད་མའོ། །སྣ་ལ་ནི་གསང་བའི་གཽ་རཱི་མའོ། །ལྕེ་ལ་ ནི་ཆུའི་རྣལ་འབྱོར་མའོ། །ལུས་ལ་ནི་རྡོ་རྗེ་མཁའ་འགྲོ་མའོ། །ཡིད་ལའང་བདག་མེད་མ་སྟེ་དེའི་བདག་ཉིད་དུ་བསམ་པར་བྱའོ། །ཡང་ཨོཾ་མགོ་བོ་ལའོ། །མགྲིན་པར་ཨཱཿའོ། །སྙིང་གར་ཧཱུཾ་བསམ་པར་བྱའོ། །གལ་ཏེ་བསྒོམས་པས་སྐྱོ་བར་གྱུར་ན་སྔགས་བཟླ་བར་བྱའོ། ། དེའི་རིམ་པ་ནི་འདི་ཡིན་ཏེ། སྙིང་གའི་ཟླ་བ་ལ་ས་བོན་གྱི་ཡི་གེ་བཅོ་ལྔ་མར་མེའི་ཕྲེང་བ་བཞིན་དུ་འབར་བ་ཡིད་ཀྱིས་བྲིས་ལ་རིམ་གྱིས་ཀློག་པ་ལྟར་བསྔགས་ནས་བཟླས་པར་བྱའོ། །ལྡང་བར་འདོད་ན་སྨོན་ལམ་གདབ་པར་བྱ་སྟེ། སངས་རྒྱས་ཀུན་གྱིས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་བ་ཆེན་ པོའི་གནས། །དགེ་བ་འདིས་ནི་ཐོབ་གྱུར་ནས། །འགྲོ་རྣམས་ཀྱིས་ཀྱང་ཐོབ་པར་ཤོག །བྱང་ཆུབ་དག་ཏུ་གང་སྤྱོད་དང་། །གང་ཡང་རྫོགས་པའི་བྱང་ཆུབ་སྤྱོད། །བྱང་ཆུབ་རྡོ་རྗེས་གང་བསྔགས་པ། །གཉིས་མེད་སྤྱོད་དེ་བདག་འགྲུབ་ཤོག །ཅེས་བྱ་བས་སོ། །དེ་བཞིན་དུ་ཐུན་གཞན་ལ་ ཡང་ལྷའི་གཟུགས་ཀྱིས་གནས་པར་བྱའོ། །ཉལ་བའི་དུས་སུ་ཡང་ལྷན་ཅིག་སྐྱེས་པའི་དགའ་བ་མངོན་སུམ་དུ་བྱས་ལ་ཉལ་བར་བྱའོ། །དེ་ལྟར་ཉིན་རེ་ཞིང་ཇི་སྲིད་འགྲུབ་པའི་མཚན་མ་མཐོང་གི་བར་དུ་བྱའོ། །དེ་ནས་རྒྱུད་ནས་ཇི་སྐད་བསྟན་པ་བཞིན་བསྒྲུབ་པར་བྱའོ། །བུད་མེད་སོགས་ཀྱིས་ རྒྱས་པ་དག །ཕལ་ཆེར་གཟུང་བར་དཀའ་བསམས་ནས། །ཞི་བའི་ཞབས་སོགས་ཀྱིས་བསྟན་པའི། །རྣལ་འབྱོར་བསྡུས་པ་བདག་གིས་བྱས། །བདག་མེད་མའི་སྒྲུབ་པའི་ཐབས་མདོར་བསྡུས་པ་སློབ་དཔོན་ཀྲྀཥྞ་པཎྜི་ཏས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ནཻརཱཏྨ་ཀོ་པ་དེ་ཤ་ནཱ་མ། བོད་སྐད་དུ། བདག་མེད་མའི་མན་ངག་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གཡོན་གནས་མིང་གི་བརྐྱང་མ་ཆུ་འབབ་སྟོང་ཉིད་ཤེས་རབ་ཆ། །གཡས་གནས་མིང་གི་རོ་མ་ཁྲག་འབབ་སྙིང་རྗེ་དངོས་པོའི་བདག་ ཉིད་ཅན། །དབུས་སུ་གནས་པ་ཀུན་འདར་མ་ནི་ཞུ་བ་འབབ་ཅིང་མི་ཕྱེད་གཟུགས་ཅན་གཉིས་མེད་པ། དེ་ནི་རྩ་གསུམ་གཟུགས་ཀྱིས་བཅོམ་ལྡན་འདས་མ་ཁྱེད་སྲུངས་ཤིག །བདག་མེད་མས་ནི་ནམ་མཁའི་མཐར་ཐུག་ཁྱབ། །དཔལ་ལྡན་བདག་མེད་མ་ལ་ཕྱག་འཚལ་ནས། །ཡང་དག་ བདེ་བའི་གནས་སུ་བདག་གིས་ནི། །བདག་མེད་མ་ཡི་མན་ངག་བཤད་པར་བྱ། །འདིར་བཟླས་པ་དང་བསྒོམ་པའི་དབང་དུ་བྱས་པ་སྙིང་རྗེའི་རོས་བྱུགས་པའི་སེམས་ཀྱི་རྒྱན་ཅན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལེགས་པར་གཟུང་བ། བླ་མ་དང་བདག་མེད་མ་གཉིས་མི་ཕྱེད་པར་བསྙེན་བཀུར་ བས། དབེན་ཞིང་འཚེ་བ་མེད་པའི་བསམ་གཏན་གྱི་ཁང་པར་ཞུགས་ལ། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། འདིས་ནི་ཁྲོ་བོའི་ངག་བར་ཆད་སེལ་བའི་སྔགས་བརྗོད་པ་སྟེ། གནས་ལ་སོགས་པ་སྲུང་བར་བྱེད་པའོ། །དེ་ནས་ཁྱད་པར་དུ་གྱུར་པའི་སྟན་ལ་འདུག་ཅིང་ཅི་འབྱོར་པའི་བདུད་རྩི་ ལྔ་ལ་སོགས་པས་བྱུགས་ལ། དེར་མེ་ཏོག་དགྲམ་པར་བྱ་ཞིང་རས་རིས་ལ་སོགས་པར་གནས་པའི་བཅོམ་ལྡན་འདས་མ་ལ་མཆོད་པ་ལྔས་མཆོད་ཅིང་སྟོབས་ཆེན་པོ་ལས་བྱས་པའི་སྤོས་ཀྱིས་རབ་ཏུ་བདུགས་ཤིང་རྣམ་པར་དག་པའི་སྔགས་བཟླས་ཏེ་བདག་ཉིད་བདག་མེད་མར་མོས་པར་ བྱའོ། །དེའི་རྗེས་ལ་སྤྲུལ་པ་ཤིང་རྟའི་ཡན་ལག་འཁོར་ལོའི་འདབ་མའི་གདན་ཅན་འདབ་མ་བཞི་པའི་ཟེའུ་འབྲུར་སོང་བ། སྲོག་སོང་བའི་སྙིང་གར་བསིལ་བའི་འོད་ཟེར་ཅན་གྱི་དཀྱིལ་འཁོར་ལ་སུ་གནྡྷེ་ལས་སྐྱེས་པ། པདྨ་རཱ་གའི་འོད་ཟེར་བླངས་ལ་འབར་བའི་མེ་ལྟ་བུར་འོད་འབར་བའི་མགོ་ སྐྱེས་ཅན་དྲི་མ་མེད་པའི་ཐོད་པའི་ཕྲེང་བ་བྱས་པའི་ཐོད་ཅན་ཅུང་ཟད་ཁྲོ་ཞིང་དམར་བ་གཡོ་ཞིང་ཟླུམ་པའི་སྤྱན་གསུམ་པ། མི་མགོ་ཁྲག་དང་བཅས་པའི་ཕྲེང་བ་བརྒྱའི་ཕྱེད་ཀྱིས་ལུས་ལ་རྒྱན་བྱས་པ། ཡིད་དུ་འོང་བའི་ཕྱག་རྒྱ་ལྔས་ལུས་ལ་བརྒྱན་པ། ཁྲག་གིས་གང་བའི་ཐོད་པ་དང་རྒྱལ་མཚན་ གཡོན་གྱིས་འཛིན་ཅིང་། གཡས་ཀྱིས་གྲི་གུག་འཛིན་པའི་ཕྱག་ནི་པ་ལ་ཤའི་ལོ་མ་རྒྱས་ཤིང་འོ་མ་འཛིན་པའི་ཁུར་གྱིས་མནན་པ་ལྟ་བུ། དབུས་སུ་གཉེར་མ་གསུམ་པ་གཅེར་བུ་རྒྱས་ཤིང་སྐབས་ཕྱེད་པའི་འཕོངས་ཀྱི་ཆ་ཅན་གར་དགུའི་རོ་དང་ལྡན་པ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མནན་པ་ འགྱིང་ཞིང་རོལ་པར་ལྡན་པ་ལེགས་པའི་ན་ཚོད་ཅན། ཡིད་དགའ་བའི་གནས་ནས་འོད་ཟེར་གྱི་ཚོགས་འཆར་བ་ཆོས་ཀྱི་སྒོ་ལས་བྱུང་བ་ཡང་དག་པའི་ཡེ་ཤེས་ཀྱི་གཟུགས་ཅན་དུ་བདག་མེད་མ་བལྟ་བར་བྱའོ། །དེ་ནས་ཆོས་ཇི་ལྟ་བས་དམ་ཚིག་ལ་ཡེ་ཤེས་གཞུག་པ་བྱས་ལ་དེའི་མིག་དང་སྐུ་ ལ་སོགས་པ་རྣམ་པར་དག་པར་མོས་སོ། །དེའི་རྩིབས་དང་ལྡན་པ་ནི་རྡོ་རྗེ་འཆང་གི་ངོ་བོ་བདེ་བའི་སྙིང་པོའི་གཞི་སྟེ། སིནྡྷུ་རའི་ཚོགས་སམ་སྔ་དྲོའི་མཚམས་ལྟར་དམར་བ་དང་པོ་མཆོག་གི་སྙིང་པོར་བདེ་བ་ཆེན་པོའི་རྩིབས་དང་ལྡན་པ་ནས་འབབ་པ། དབུས་ཀྱི་རྩ་ནས་ཞུ་བ་འབབ་པའི་རྒྱུན་ གྱི་དབྱིབས་ཅན་སྐྱེས་པ། རྡོ་རྗེའི་མཆོད་རྟེན་ཡན་ལག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་མཆེད་ཀྱི་ངོ་བོ་རྣམས་གཡས་དང་གཡོན་དང་འོག་གཞིའི་ཕྱོགས་སུ་སོང་བ་རྣམས། སྐར་ཁུང་དྲ་བའི་རྣམ་པ་ཅན་གྱི་གནས་བཅུ་གཉིས་སུ་སྐད་ཅིག་མ་དང་དགའ་བ་དང་དབང་དུ་སྟོན་པ་ཟླུམ་ཞིང་ དང་བའི་མུ་ཏིག་དམར་པོའི་རྡོག་མའི་རྣམ་པ་ལྟ་བུ་ཐིག་ལེ་བཅུ་གཉིས་རྣམ་པར་བསྒོམས་ལ། རྣམ་པར་ཐར་པའི་སྒོ་བཞིའི་ངོ་བོ་རྣམས་ཀྱི་གནས་བཞི་དང་། རྡོ་རྗེ་བཞིའི་བདག་ཉིད་དང་ཡི་གེ་བཞིའི་རྣམ་པ་དང་སྐུ་བཞིར་བསྒོམ་པར་བྱའོ། །དེ་ལ་སྟེང་གི་གནས་ནི་རྡོ་རྗེ་རིན་པོ་ཆེའི་ རྣམ་པ་སྐུ་རྡོ་རྗེར་བསྐྱེད་པའི་སྐྱེ་བ་ཅན་སྟོན་ཀའི་རི་བོང་ཅན་ལྟ་བུའོ། །གཡོན་པའི་གནས་ནི་ཟླ་བ་ཕྱེད་པའི་རྣམ་པ་གསུང་རྡོ་རྗེའི་མྱུ་གུ་སྐྱེད་པར་བྱེད་པ་རིན་པོ་ཆེ་པདྨ་རཱ་ག་ལྟ་བུའོ། །གཡས་པའི་ཁྱིམ་ཡང་ཟླ་བ་ཕྱེད་པའི་རྣམ་པ་ཐུགས་ཀྱི་རྡོ་རྗེའི་ལྕུག་ཕྲན་སྐྱེད་པར་བྱེད་པའི་ཨིནྡྲ་ནཱི་ལ་ལྟ་བུའོ། ། དབུས་ཀྱི་གནས་ནི་ཆོས་འབྱུང་བའི་རྣམ་པ་དམ་ཚིག་རྡོ་རྗེ་སྐྱེ་བའི་རྒྱུ་ཅན་རིགས་བཟང་པོའི་རྡོ་རྗེ་སྙིང་པོ་ལྟ་བུ་འོད་ཟེར་ལྔ་དང་ལྡན་པ་ཆོས་ཐམས་ཅད་ཀྱི་གཞིར་བསམ་པར་བྱའོ། །དེ་ནས་སྐད་ཅིག་མའི་ཐིག་ལེ་རྣམས་ནི་དགའ་བའི་ཐིག་ལེ་རྣམས་ལའོ། །དགའ་བའི་ཐིག་ལེ་རྣམས་ནི་ དབང་གི་ཐིག་ལེ་རྣམས་ལའོ། །དབང་གི་ཐིག་ལེ་རྣམས་ནི་སྐུ་རྣམས་ལ་ཞུགས་པར་བསྒོམ་པར་བྱའོ། །དེའི་རྗེས་ལ་སྐུ་བཞི་པ་གོང་ནས་གོང་དུ་རིམ་པ་བཞིན་ཞུགས་པ་ཡང་རྒྱུ་སྐར་གྱི་སྦྱོར་བ་ལྟ་བུར་དབུས་ཀྱི་ཐིག་ལེ་ལས་ཞུ་ནས་ནང་དུ་ཐིམ་པར་ཡིད་མཉམ་པར་གཞག་པར་བསམ་མོ། ། དེའི་རྗེས་ལ་དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་གཟུགས་འོད་ཟེར་གྱི་ཕྲེང་བ་རྣམ་པར་འཕྲོ་བ་ཅན་བདུད་རྩིའི་ཆར་ལྟ་བུའི་ཐིག་ལེའོ། །ཐིག་ལེར་ཞུགས་པའི་ཆོས་ཀྱི་ཡི་གེ་ལས་ནཱ་དའི་སྐུད་པས་བཀུག་སྟེ། ཇི་སྐད་གསུངས་པའི་རྩའི་ལམ་ནས་སྟེང་དུ་སོང་ནས་ཆུ་དང་འོ་མ་ལྟར་ཆོས་དང་ཐིག་ལེ་ལྷན་ཅིག་ཏུ་ རོ་གཅིག་ཏུ་གྱུར་པ་དང་། སྟོང་པ་ཉིད་དང་སྙིང་རྗེ་མི་ཕྱེད་པའི་གཟུགས་ཅན་འཇིག་རྟེན་ལས་འདས་པ་ལྷན་ཅིག་སྐྱེས་པ་ཕུན་སུམ་ཚོགས་པ་རྫ་མཁན་གྱི་འཁོར་ལོ་བསྐོར་བའི་ཤུགས་ལྟར་འཁོར་བར་བསྒོམ་པར་བྱའོ། །དེ་དག་ནི་བདག་མེད་མའི་མན་ངག་ལས་ཐིག་ལེ་སྣ་ཚོགས་གཅིག་ ཏུ་བསྒོམ་པའི་ཆོ་ག་སྟེ་དང་པོའོ།། །།དེ་ནས་སྔར་གསུངས་པའི་མཚན་ཉིད་ཅན་གྱི་སྔགས་པས་སྔར་བརྗོད་པའི་བསམ་གཏན་གྱི་ཁང་པར་ཞུགས་ལ་སྟན་བདེ་བ་ལ་འདུག་སྟེ། བསྲུང་བའི་སྔགས་བརྗོད་ཅིང་དཀྱིལ་འཁོར་མཆོད་པ་ལ་སོགས་པ་ཡང་བྱས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། འདིས་ནི་བདག་མེད་མ་རུ་ལྷག་པར་མོས་པར་བྱའོ། །དེ་ནས་འོག་གཞི་ཤིང་རྟའི་ཡན་ལག་ཅན་གྱི་ཆུ་སྐྱེས་ལ་གནས་ཏེ་སྲོག་སོང་བའི་སྙིང་གར་རི་བོང་ཅན་གྱི་དཀྱིལ་འཁོར་ལ་སྔོན་པོའམ་དམར་ནག་གམ་དམར་པོ་ལྟ་བུ་གང་འདོད་པ་ཇི་སྐད་ གསུངས་པའི་མཚན་ཉིད་ཅན་གྱི་བདག་མེད་མའི་རྣམ་པར་བསྒོམ་པར་བྱས་ལ། ཡེ་ཤེས་དང་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་བལྟ་བར་བྱའོ། །དེ་ནས་དེའི་འོག་གཞིའི་རྩིབས་ཅན་ལ་དང་པོ་མཆོག་གི་སྙིང་པོ་མཚན་ཉིད་ནམ་མཁའི་ཁམས་ཀྱི་རང་བཞིན་ཅན། མཚལ་དང་འདའ་དི་མའི་ མེ་ཏོག་ལྟ་བུ་གྲུ་གསུམ་གྱི་འཁོར་ལོ་ལ་སའི་ཁམས་ཀྱི་རང་བཞིན་སྟོབས་དང་བྲལ་བའི་མགོ་བོའི་དུམ་བུ་བསྒོམ་པར་བྱའོ། །དེའི་ནང་དུ་ཆུའི་ཁམས་ཀྱི་རང་བཞིན་འོ་མ་ལས་སྐྱེས་པ་དཀར་པོ་རིལ་པོར་བསམ་མོ། །དེ་ནས་དེའི་དབུས་སུ་མེའི་ཁམས་ཀྱི་རང་བཞིན་གློག་ལྟར་འཁྱུག་པའི་མཚོན་ བསམས་ལ། མེའི་དཀྱིལ་འཁོར་དང་ལྡན་པ་ལྟེ་བ་ལ་རླུང་གི་ཁམས་ཀྱི་རང་བཞིན་ཟླ་བ་ཕྱེད་པ་འབར་བ་བསམ་མོ། །དེའི་སྟེང་དུ་འབྱུང་བ་ལྔའི་བདག་ཉིད་ཟླ་བ་ཕྱེད་ཐིག་ལེས་རྣམ་པར་བརྒྱན་པའི་ས་བོན་དགའ་བའི་ཚོགས་ཅན་འོད་གསལ་བར་བལྟའོ། །དེ་ནས་མེའི་དཀྱིལ་འཁོར་ དེ་ལ་ཆགས་པ་ཆེན་པོ་སྟོན་པ་གསལ་བར་འབར་བའི་ཡི་གེ་གསུམ་བསྒོམ་པར་བྱ་སྟེ། དེ་ལ་སྟེང་གི་གྲྭར་དོན་གྱི་རྣམ་པར་སྟོང་པའི་ཡིད་ཙམ་དུ་གསལ་བའོ། །གཡོན་གྱི་གྲྭར་ཡང་དག་པར་འདོད་པའི་འབྲས་བུ་བསྐྱེད་པ་ཅན་ནོ། །གཡས་ཀྱི་གྲྭར་དགྱེས་པ་བསྐྱེད་པ་ཅན་ནོ། །དེ་དག་ ཀྱང་ཡི་གེ་གསུམ་སྟེ་སྦྱོར་བ་དང་དངོས་དང་མཇུག་གི་བདེ་བའི་རྒྱུར་ངེས་པའི་ཚིག་ཏུ་གྲུབ་པར་རྟོགས་པར་བྱའོ། །དེ་ནས་དེའི་འོད་ཟེར་གྱིས་རེག་པའི་སྟོབས་ཀྱིས་ཆགས་པ་ཆེན་པོའི་རླུང་གིས་བསྐྱོད་ནས་རྗེས་སུ་ཆགས་པ་འདོད་པ་མོ་མཚོན་པ་ལྟར། བཅུག་པའི་ཁྱིམ་གྱི་སྒོར་བ་ཐག་ཤིན་ ཏུ་ཕྲ་བ་ལྟ་བུའི་ས་བོན་གྱི་ཡི་གེ་ཐིག་ལེ་ཅན་ནཱ་དའི་རོ་མའི་གཟུགས་སྟེང་དུ་སོང་ཡང་རུང་མ་མོ་ལྟར་སོང་བ་སྟེ། ཡང་འཁྱོག་པོར་འགྲོ་བར་མགྲིན་པའི་ཁྲོད་ཀྱི་བུ་གའི་ཕུག་ནི་ཁྱིམ་སྟེ་ལྕེ་ཆུང་འཕྱང་བའི་རྩེར་གནས་པ་དཔལ་ཧེ་རུ་ཀའི་ངོ་བོ་ཧཾ་ཡིག་ལ་བདག་མེད་མས་རེག་པར་བལྟའོ། ། དེ་ནས་དེར་རེག་པའི་བདེ་བ་རྒྱས་པའི་བདེ་བ་ཅན་མི་ཤིགས་པའི་ཐིག་ལེ་ལས་འཐིགས་པ་དྲི་མ་མེད་ཅིང་དགའ་བའི་ཆུའི་བདུད་རྩི་ཆར་གྱི་སྙིང་པོའི་དབང་བསྐུར་བས། ཡང་དག་པར་ཚིམ་པ་དང་དགའ་བ་དང་བཅས་ཤིང་ལྷག་པར་དགའ་བས་གང་ཞིག་མྱོས་པ་ནི་འཕང་ལོ་བསྐོར་བ་ལྟར་བཅོམ་ ལྡན་འདས་མ་དེ་ལྷུན་གྱིས་གྲུབ་པར་བསྒོམ་པར་བྱའོ། །ཡང་དེའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་དང་སྐུ་གསུམ་གྱི་བདག་ཉིད་ཅན་དང་། ཐབས་དང་ཤེས་རབ་མི་ཕྱེད་པའི་བླ་མ་དམ་པའི་མན་ངག་ལས་རིག་པར་བྱའོ། །དེ་དག་ནི་བདག་མེད་མའི་མན་ངག་ལས་འབྱུང་བ་ཆེན་པོ་ལྔ་དང་རྡོ་རྗེ་ གསུམ་དང་སྐུ་གསུམ་གྱི་བདག་ཉིད་ཅན་དོན་དམ་པའི་ཡི་གེའི་གཟུགས་ཀྱིས་འཁོར་བར་བསྒོམ་པའི་ཆོ་ག་སྟེ་གཉིས་པའོ།། །།དེ་ནས་རྣལ་འབྱོར་པས་ཇི་ལྟ་བ་དེ་བཞིན་པས་བགེགས་བསལ་བར་བྱ་སྟེ། ཆོ་ག་ནི་དབེན་པའི་ཁྱིམ་ལ་སོགས་པར་སྟན་འཇམ་ཞིང་བདེ་བར་འདུག་སྟེ་བདག་ཉིད་ བདག་མེད་མར་མོས་པར་བྱས་ལ་དག་པའི་སྔགས་བརྗོད་དོ། །འོག་གཞིའི་རྩིབས་དང་ལྡན་པ་ནི་མྱ་ངན་མེད་དང་རྒྱ་སྐྱེགས་ཤིང་དང་ཀུ་སུ་མའི་མེ་ཏོག་ལྟ་བུ་ལ་ཤིང་རྟའི་ཡན་ལག་ཅན་གྲུ་གསུམ་པར་སྣ་ཚོགས་རྡོ་རྗེ་ལ་ཆུ་སྐྱེས་ཀྱི་ཟེའུ་འབྲུར་ཟླ་བའོ། །དེར་རྡོ་རྗེ་རྣོན་པོ་རྩེ་གཅིག་པས་འོག་གི་ཆ་བརྒྱན་པ་དབུས་ཀྱི་ཆར་ སྣ་ཚོགས་རྡོ་རྗེས་མཚན་པ་རབ་ཏུ་འཕྱང་བ་སྒྲ་དང་ལྡན་པ་དྲིལ་བུའི་ཕྲེང་བ་དང་སྣ་ཚོགས་པའི་ཕྲེང་བ་དང་ལྡན་པ་སྐེའི་ཆར་རོ། །སྟེང་གི་ཆར་ཕུལ་དུ་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པས་མཚོན་པ་ལངས་ནས་གནས་པའི་ཁ་ཊྭཱཾ་ག་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བདག་མེད་མའི་ངོ་བོར་ས་བོན་ཡོངས་སུ་གྱུར་པ་ལས་བལྟ་བར་བྱའོ། ། དེ་ནས་དེའི་འོག་དང་བར་དང་མགྲིན་པ་དང་སྟེང་གི་ཆར་ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོའི་ངོ་བོ་ནི། ཆོས་ཀྱི་སྒོ་དང་དྲག་པོ་དང་ཡེ་ཤེས་རྒྱ་མཚོ་དང་མགོ་མེད་དོ། །དེ་ཡང་སྣ་ཚོགས་དང་ནག་པོ་དང་དམར་པོ་དང་དཀར་པོའི་ཁ་དོག་ཏུ་རྣམ་པར་བསྒོམ་མོ། །ཉི་ཟླ་འགགས་པ་ལས་སྐྱེས་པའི་ལས་ཀྱི་རླུང་གིས་ བསྐུལ་བས་འཇིག་པའི་དུས་ཀྱི་མེའི་ཕུང་པོ་ཤིན་ཏུ་འབར་བ་ལྟར་རྣམ་པར་བསྒོམ་པར་བྱའོ། །དེ་ནས་དེའི་སྟེང་དུ་གྱུར་པའི་རྡོ་རྗེའི་དབུས་ཀྱི་རའི་རྩེ་མོ་ནས་འཇིག་པའི་དུས་ཀྱི་མེ་འབར་བ་ལྟར་ལངས་པ་དང་། འབར་བས་བསྲེག་པའི་རྣམ་པར་འཁྲུགས་པར་བྱ་སྟེ། འཁོར་ལོ་གནས་པའི་སངས་རྒྱས་དང་རིག་ མའི་ཚོགས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད་དུ་འཁོར་ལོ་གསུམ་བསྡུས་པའི་མཚན་ཉིད་ངོ་བོ་བདེ་བའི་འཁོར་ལོར་མེ་འབར་བས་མར་ཞུ་བ་ལྟར་ཡང་དག་པར་བསྒོམ་པའོ། །དེ་ནས་འཛག་པའི་བདུད་རྩི་འཛིན་པ་གསོས་པ་དང་། སངས་རྒྱས་ དང་རིག་མའི་ཚོགས་བསྲེགས་ཤིང་མྱ་ངན་ལས་འདས་པའི་གཟུགས་ཅན་བརླན་པ་ཡང་ཇི་ལྟར་ཆུ་འཛིན་གྱི་ཚོགས་ལས་ཆུ་འབབ་པའི་ཐིག་ལེས་ཚིམ་པ་ནི་རྨ་བྱ་མྱོས་པ་ལྟ་བུ་སྟེ། ཤིན་ཏུ་དགའ་བས་གཞན་གྱི་འདོད་པས་ཚིམ་པ་བདེ་བ་ཆེན་པོར་ཞུགས་པ་ཤེས་རབ་ཀྱི་རང་བཞིན་ལས་ནམ་མཁའི་ཁམས་ ཐམས་ཅད་དུ་སྤྲོས་བས་དགའ་བའི་ཚོགས་ཀྱིས་གདུངས་པའི་གར་དེ། དེར་ཡིད་སོང་བའི་སྔགས་པས་ཇི་སྲིད་འདོད་པ་ལྷུན་གྱིས་གྲུབ་པར་བསྒོམ་པར་བྱའོ། །དེ་དག་ནི་བདག་མེད་མའི་མན་ངག་ལས་ཤེས་རབ་མཆོག་གི་བདག་ཉིད་ཁ་ཊྭཱཾ་ག་རོལ་པ་བསྒོམ་པའི་ཆོ་ག་སྟེ་གསུམ་པའོ།། །།དེ་ནས་ རྣལ་འབྱོར་མའི་མཚན་ཉིད་གང་དུ་གསུངས་པས་ཇི་ལྟ་བུའི་བསྲུང་བའི་སྔགས་བྱ་སྟེ། འཚེ་བ་མེད་པའི་ཁང་པ་ལ་སོགས་པ་རུ་སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་བསྡམས་པས་བདག་མེད་མར་མོས་ལ་རྣམ་པར་དག་པའི་སྔགས་བརྗོད་དོ། །དེ་ནས་སྤྲུལ་པའི་འཁོར་ལོའི་དབུས་སུ་སྲོག་སོང་བའི་སེམས་ཀྱི་ གཞིར་ཟླ་བའི་དཀྱིལ་འཁོར་ལ་སྔར་གསུངས་པའི་རང་གི་མཚན་ཉིད་ཅན་གྱི་བདག་མེད་མ་རྣམ་པར་བསྒོམས་ལ། དེའི་འོག་གཞི་ལ་ཤིང་རྟའི་ཡན་ལག་ཅན་ཡོངས་སུ་སྨིན་པའི་ཀིམྤ་ཀའི་འབྲས་བུ་ལྟ་བུ། དེ་ཡང་མེའི་འཁོར་ལོ་གྲུ་གསུམ་པ་དེའི་ནང་དུ་པདྨ་འདབ་མ་བཞི་པ་བསམ་པར་བྱའོ། ། དེ་ནས་དེའི་འདབ་མ་དང་ཟེ་འབྲུ་ལ་མཁའ་འགྲོ་མ་ལྔའི་རང་བཞིན་ཡུངས་ཀར་ཕྲ་མོའི་བདེ་བའི་ཐིག་ལེར་བསྒོམ་པར་བྱའོ། །དེ་ལ་ཤར་ཕྱོགས་ཀྱི་འདབ་མ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་དང་སངས་རྒྱས་སའི་རང་བཞིན་རྡོ་རྗེ་མའི་རང་བཞིན་རབ་ཏུ་སྦྱོར་བའི་བདེ་བའི་ཐིག་ལེའོ། །ལྷོ་ཕྱོགས་ཀྱི་འདབ་མ་ལ་མཉམ་པ་ ཉིད་ཀྱི་ཡེ་ཤེས་དང་སངས་རྒྱས་སའི་རང་བཞིན་དཀར་མོའི་རང་བཞིན་ཅན་རྩ་བའི་བདེ་བའི་ཐིག་ལེའོ། །ནུབ་ཕྱོགས་ཀྱི་འདབ་མ་ལ་སོ་སོར་རྟོག་པའི་ཡེ་ཤེས་དང་སངས་རྒྱས་སའི་རང་བཞིན་ཆུའི་རྣལ་འབྱོར་མའི་བདག་ཉིད་ཅན་ཡོངས་སུ་བཅད་པའི་བདེ་བའི་ཐིག་ལེའོ། །བྱང་ཕྱོགས་ཀྱི་འདབ་མ་ལ་བྱ་བ་གྲུབ་ པའི་ཡེ་ཤེས་དང་། སངས་རྒྱས་སའི་རང་བཞིན་རྡོ་རྗེ་མཁའ་འགྲོ་མའི་རང་བཞིན་ཅན་གྱི་དོན་གྱི་བདེ་བའི་ཐིག་ལེའོ། །ཟེའུ་འབྲུ་ལ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་སངས་རྒྱས་སའི་རང་བཞིན་བདག་མེད་མའི་རང་བཞིན་ཅན་ཆོས་ཐམས་ཅད་དོན་དམ་པ་མཆོག་ཏུ་བདེ་བའི་ ཐིག་ལེར་ཡིད་མཉམ་པར་བཞག་པའི་སྔགས་པས་དུས་རིང་པོར་བསམ་མོ། །དེའི་རྗེས་ལ་དབུས་ཀྱི་ཐིག་ལེ་ལས་རྣམ་པར་སྤྲོས་ཏེ་དྲི་མ་མེད་པའི་བརྒྱད་ཀྱི་ཕྱེད་ཀྱི་འོད་ཟེར་ལྕགས་ཀྱུ་རྣམས་ཀྱིས་ཕྱོགས་ཀྱི་ཐིག་ལེ་བཀུག་པ་རྣམས་ཀྱང་དབུས་ཀྱི་ཐིག་ལེ་ལ་ཞུགས་པར་བལྟ་བར་ བྱའོ། །དེ་ནས་ཡེ་ཤེས་ལྔའི་བདག་ཉིད་ཅན་དོན་དམ་པའི་ཤེས་རབ་ཀྱི་རང་བཞིན་དུ་ཐིག་ལེའི་གཙོ་བོ་འབར་བར་ཇི་ཙམ་འདོད་པ་བསྒོམ་མོ། །དེ་ནས་འོད་ཟེར་དམར་པོ་བྱུང་བ་ནི་དཔག་བསམ་གྱི་ཤིང་གི་ཡལ་ག་ལྟར་མངོན་པར་འདོད་པའི་དོན་བསྐྱེད་ཅིང་། སྐྱེད་པར་བྱེད་ པའི་མེ་ལྟར་བདེ་བ་སྐྱེད་པར་བྱེད་པའོ། །དེ་ནས་སྣའི་རྩེ་མོའི་གཙུག་ཏོར་དུ་ཁྱེར་ལ་དུས་རིང་མོར་བདེ་བར་གནས་པར་བསམ་པར་བྱའོ། །དེ་ནས་དེའི་ཐིག་ལེ་བ་ཐག་ལྟར་རང་ལས་བྱུང་བའི་སྐུད་པའི་རི་མོའི་རྒྱུན་གྱིས་སྐས་ཀྱི་ཁྲེམ་གཉེར་གྱི་ལམ་ལ་སོང་བ་དང་། ཡིད་བཞིན་ གྱི་ནོར་བུ་རིན་པོ་ཆེ་ལྟར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་རི་བོང་ཅན་གྱི་དཀྱིལ་འཁོར་ལྟར་བདུད་རྩིའི་རང་བཞིན་གྱི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའ་མ་ལུས་པར་ཁྱབ་སྟེ། མཆོག་ཏུ་བདེ་བའི་རང་བཞིན་དང་ཆོས་ཀྱི་སྐུའི་བདག་ཉིད་དང་བདག་མེད་མའི་རང་བཞིན་དུ་སྣའི་ རྩེ་མོར་གནས་པར་གྱུར་ཅིང་འབར་བ་དང་བསྒོམ་པར་བྱ་བ་དང་སྒོམ་པར་བྱེད་པ་དང་བསྒོམ་པའི་རྣམ་པར་རྟོག་པའི་སྐྱོན་གྱིས་བྱུགས་པ་དང་བྲལ་བར་གྱུར་པའི་སྔགས་པས་ཅི་ཙམ་བརྟན་པར་ནུས་པའི་བར་དུ་བསྒོམ་པར་བྱའོ། །དེ་དག་ནི་བདག་མེད་མའི་མན་ངག་ལས་མཆོག་ཏུ་བདེ་ བའི་ཐིག་ལེ་བསྒོམ་པའི་ཆོ་ག་སྟེ་བཞི་པའོ།། །།དེ་ནས་སྔགས་པ་དབང་དང་དམ་ཚིག་དང་ལྡན་ཞིང་སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ཚོགས་བསགས་ཏེ། ཡིད་དང་མཐུན་པའི་ཕྱོགས་སུ་སྔགས་པས་སྟན་ལ་འདུག་སྟེ། བསྲུང་བ་དང་དཀྱིལ་ འཁོར་མཆོད་པའི་ཆོ་གས་བདག་ཉིད་བདག་མེད་མར་མོས་ལ། རང་གི་སྤྲུལ་པའི་རྩིབས་དང་ལྡན་པར་བདག་མེད་མ་སྔར་བསྐྱེད་པ་གསུངས་པ་བཞིན་བསྐྱེད་ལ། དེའི་ལྟེ་བ་ལ་མེ་ཏོག་མནྡ་ར་བ་ཁ་ཕྱེ་བ་ལྟ་བུ་གྲུ་གསུམ་པ་ཐུབ་པའི་དབང་པོའི་གནས་མཆོག་ཏུ་ལྷག་ པར་ཡུམ་དང་བཅས་པ་དང་། དང་པོའི་མཆོག་གི་རང་བཞིན་ཅན་འོད་གསལ་བར་བཅུ་དྲུག་ཆ་ཞག་གི་གཙོ་བོ་དང་། རྟ་བདུན་པའི་རིའི་ཕུར་བ་ལྟར་ཁ་སྦྱོར་དུ་གསལ་བར་བལྟའོ། །དེ་ལས་བྱུང་བའི་ཡོངས་སུ་རྩོམ་པ་དང་སོ་སོར་འབྱེད་པ་དང་རྣམ་པར་སྤྱོད་པ་རྣམས་སུ་སྟོན་པ་ཁབ་ ལྟ་བུ་ཤིན་ཏུ་རྣོ་བའི་ཉི་མའི་འོད་ཟེར་ལྟར་ཕྲ་བ་ལྟ་བུ་ཤིན་ཏུ་དམར་པོ་དེ་ཁ་སྦྱོར་ལན་གསུམ་དུ་དགྲོལ་ཏེ་དེར་ནང་དུ་སོང་བར་བསམ་པར་བྱའོ། །དེ་ནས་དེའི་སྦྱོར་བ་ལས་སྐྱེས་པ་ནི་འབར་ཞིང་དགའ་བ་ལས་བསྐྱེད་པ་སྐྱེ་བ་ཅན་ལྟ་བུའི་རྒྱལ་བ་རྣམས་དོན་དམ་པའི་ཡེ་ཤེས་ཀྱི་ཐིག་ལེ་རྣམ་ པར་བསམ་པར་བྱའོ། །དེ་ནས་དེ་ལས་བྱུང་བ་ནི་སྤྲུལ་པའི་རི་མོའི་རང་བཞིན་ལྷའི་དབང་པོ་ཡང་དབང་ཕྱུག་བདེ་བ་ལ་དམིགས་པའི་མཆོག་གཞན་གྱི་དོན་བྱེད་པ་ནི་གླང་པོ་ཆེ་མོ་ལྟར་རོལ་ཞིང་སྒེག་པར་འགྲོ་བ་སྟེ། ཡིད་བཞིན་གྱི་ནོར་བུ་དམར་པོའི་ཐུར་མ་ཕྲ་མོ་ལྟར་རིང་བས་སཱ་ལའི་ཡལ་ག་ ལྟ་བུ་ལེགས་པར་འབར་བ་བདག་མེད་མའི་གཟུགས་བརྙན་གྱིས་བདེ་བ་ཆེན་པོའི་འཁོར་ལོའི་དབུས་སུ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པའི་དཔལ་དགྱེས་པའི་རྡོ་རྗེའི་བདག་ཉིད་མགོ་མེད་ཀྱི་གཟུགས་ཀྱི་བཅོམ་ལྡན་འདས་ཀྱི་ལུས་ལ་རེག་པར་བསམ་པར་ བྱའོ། །དེ་ནས་དེ་དག་དགའ་བས་བསྐྱོད་པས་གཟུགས་བརྙན་རེག་པ་ལས་བྱུང་བའི་ཆགས་པས་ཞུ་བར་གྱུར་ཏེ། དགའ་བ་དང་རྗེས་སུ་མཐུན་པའི་ཚུལ་གྱིས་འབབ་ཅིང་རྗེས་སུ་འགྲོ་བའི་ཐིག་ལེའི་གཟུགས་ཅན་དགའ་བའི་འདོད་པ་བསྟེན་པར་བྱའོ། །དེ་ཡང་དེའི་སྦྱོར་ བ་ལས་ཡང་དག་པར་བྱུང་བའི་བདེ་བའི་བདུད་རྩི་མྱངས་པ་བཅུད་དང་། སྟོབས་སུ་སྨིན་པས་རྒྱས་པ་ལས་སྤྲོ་ཞིང་མ་རྒུད་ཅིང་ལེགས་པ་མཆོག་གི་དགའ་བ་ཚོགས་བསྡུ་བ་བྱས་པས། ནམ་མཁའི་ཕྱོགས་མ་ལུས་པར་གནས་པའི་རྒྱུ་བ་དང་མི་རྒྱུ་བ་དེ་ཡིད་གཏད་པའི་སྔགས་ པས་ཇི་ཙམ་ནུས་པ་དེ་ཙམ་དུ་བསྒོམ་པར་བྱའོ། །དེ་དག་ནི་བདག་མེད་མའི་མན་ངག་ལས་ཡེ་ཤེས་ཀྱི་ཐིག་ལེ་བསྒོམ་པའི་ཆོ་ག་སྟེ་ལྔ་པའོ།། །།དེ་ནས་བསམ་གཏན་གྱི་ཁང་པར་བདེ་བར་འདུག་པས་བྱ་བ་དག་བྱས་ནས། རྣལ་འབྱོར་མའི་མཚན་ཉིད་ཇི་སྐད་ གསུངས་པའི་བདག་མེད་མའི་རྣལ་འབྱོར་ཅན་གྱིས་སྔར་གསུངས་པའི་སྤྲུལ་པའི་འཁོར་ལོ་ལ་ཨཱ་ལི་བསྡུས་པའི་རང་བཞིན་གྱི་གཟུགས་ཅན་ཆོས་ཀྱི་སྐུའི་བདག་ཉིད་ཤེས་རབ་ཀྱི་ངོ་བོ་སྟོང་པ་ཉིད་ཀྱི་ཚུལ་ཅན། རྣལ་འབྱོར་མ་མ་ལུས་པའི་བསྡུས་པའི་ཚུལ་ཅན་གཟུགས་ བདག་མེད་མ་ཨོཾ་ཡིག་འབར་བ་མངོན་པར་བལྟའོ། །ཆོས་ཀྱི་འཁོར་ལོར་གནས་པ་ཡང་ཀཱ་ལི་བསྡུས་པའི་གཟུགས་ཅན་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཐབས་ཀྱི་ངོ་བོ་སྙིང་རྗེའི་ཚུལ་ཅན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པའི་རང་བཞིན་དཔལ་ཧེ་རུ་ ཀའི་ངོ་བོ་ཧཱུཾ་ཡིག་འབར་བ་རྣམ་པར་བསྒོམ་པར་བྱའོ། །དེ་ནས་དེ་ལས་བྱུང་བའི་འོད་ཟེར་གྱི་ཕྲེང་བ་ཕོ་ཉ་མོ་ལྟ་བུས་གཉི་གའི་འདོད་པའི་དོན་ཉི་མ་ལྟ་བུ་བསྒྲུབ་པས་བཀུག་སྟེ། དེ་ཉིད་དུ་རྗེས་སུ་ཆགས་པ་བསྒོམ་མོ། །དེ་ནས་ཡང་དེར་སྦྱོར་བའི་རྗེས་སུ་ཆགས་པ་དང་ཤིན་ ཏུ་ཞེན་པ་དེ་དང་མི་ཕྱེད་པའི་ཟེའུ་འབྲུ་རིན་པོ་ཆེ་རྩེ་མོར་ཕྱིན་ཅིང་གནས་པར་དུས་རིང་པོར་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་ལ་མ་ན་སའི་གནས་ཤིང་རྟ་དྲང་སྲོང་རྟ་བདུན་པ་ཆེར་འཚེར་བའི་སྟོབས་ལས་བྱུང་བའི་རླུང་དང་། མེའི་སྦྱོར་བས་ཞུ་བར་གྱུར་པ་དང་། དངོས་པོ་ཐམས་ ཅད་ཀྱི་སྟོང་པ་ཡང་དག་པ་སྟོང་པ་ཉིད་དང་། སྙིང་རྗེ་མི་ཕྱེད་པའི་བྱང་ཆུབ་ཀྱི་སེམས་རྣལ་འབྱོར་པ་རང་གི་མཚན་ཉིད་བུམ་པ་བཟང་པོ་ལྟར་འདོད་པའི་དོན་ཐམས་ཅད་གྲུབ་པ་རྣམ་པར་སྤྲོས་ཏེ། བདེ་བའི་རྒྱུན་དུ་མཉམ་པར་སྣང་བར་བྱས་པས་སྣང་བ་དང་ནི་སྣང་བ་སེམས་ ཅན་མ་ལུས་པ་སྣོད་དུ་བྱས་པ་ཐིག་ལེའི་གཟུགས་དེར་ཡིད་སོང་བའི་སྔགས་པས་བསམ་པར་བྱའོ། །དེ་དག་ནི་བདག་མེད་མའི་མན་ངག་ལས་ལྷན་ཅིག་སྐྱེས་པའི་ཡི་གེ་མི་འགྱུར་བའི་ཐིག་ལེར་བསྒོམ་པའི་ཆོ་ག་སྟེ་དྲུག་པའོ།། །།དེ་ནས་བདག་མེད་མའི་རྣལ་ འབྱོར་པས་སྔར་བཞིན་པའི་སྤྲུལ་པའི་འཁོར་ལོ་ལ་བདག་མེད་མར་ཡིད་ཀྱིས་བསྐྱེད་ལ། དེ་ཡང་སྤྲུལ་པའི་འཁོར་ལོར་པདྨ་འདབ་མ་ནང་དུ་བཞི་ཕྱིར་བཅུ་བསྒོམ་མོ། །དེ་ནས་དེའི་ཟེ་འབྲུ་ལ་རྣམ་པར་ཤེས་པ་ཡིད་ཞེ་སྡང་སངས་རྒྱས་ཀྱི་ས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ ཀྱི་བདག་ཉིད་ཅན་བདག་མེད་མའི་ངོ་བོ་དབྱངས་ཡིག་དང་པོ་ཐིག་ལེ་དང་བཅས་པ་རྣམ་པར་བསྒོམས་ལ་འདབ་མ་དག་ལ་དེ་ལས་སྤྲོས་པ་ནི་རྣལ་འབྱོར་མ་བཅུ་བཞིའི་རང་བཞིན་ཅན་དབྱངས་ཡིག་བཅུ་བཞི་བསྒོམ་པར་བྱའོ། །དེ་ལ་ནང་གི་ཤར་ཕྱོགས་ཀྱི་འདབ་མ་ལ་གཟུགས་མིག་གཏི་མུག་ སངས་རྒྱས་ཀྱི་ས་མེ་ལོང་ལྟ་བུའི་བདག་ཉིད་རྡོ་རྗེ་མའི་རང་བཞིན་དབྱངས་ཡིག་གཉིས་པའོ། །ལྷོ་རུ་ཚོར་བ་སྣ་ང་རྒྱལ་སངས་རྒྱས་ཀྱི་ས་མཉམ་པ་ཉིད་ཀྱི་བདག་ཉིད་དཀར་མོའི་དབྱངས་ཡིག་གསུམ་པའོ། །ནུབ་ཏུ་འདུ་ཤེས་ལྕེ་འདོད་ཆགས་སངས་རྒྱས་ཀྱི་ས་སོ་སོར་རྟོག་པའི་བདག་ཉིད་ཆུའི་རྣལ་ འབྱོར་མ་ངོ་བོ་དབྱངས་ཡིག་བཞི་པའོ། །བྱང་དུ་འདུ་བྱེད་ལུས་ཕྲག་དོག་སངས་རྒྱས་ཀྱི་ས་བྱ་བ་གྲུབ་པའི་བདག་ཉིད་ཅན་རྡོ་རྗེ་མཁའ་འགྲོ་མའི་ངོ་བོ་དབྱངས་ཡིག་ལྔ་པའོ། །ཕྱི་རོལ་གྱི་དབང་ལྡན་དུ་དགའ་བ་ལ་སོགས་པ་ས་གསུམ་གྱི་བདག་ཉིད་ཅན་སྦོས་མོའི་རང་བཞིན་ཅན་དབྱངས་ཡིག་དྲུག་པའོ། ། མེའི་མཚམས་སུ་འོད་འཕྲོ་བ་ལ་སོགས་པ་ས་གསུམ་གྱི་བདག་ཉིད་ཅན་རི་ཁྲོད་མའི་རང་བཞིན་དབྱངས་ཡིག་བདུན་པའོ། །བདེན་བྲལ་དུ་རིང་དུ་སོང་བ་དང་མི་གཡོ་བའི་རང་བཞིན་ཅན་གཏུམ་མོའི་ངོ་བོ་དབྱངས་ཡིག་བརྒྱད་པའོ། །རླུང་དུ་ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་གྱི་བདག་ཉིད་ཅན་གཡུང་མོའི་ ངོ་བོ་དབྱངས་ཡིག་དགུ་པའོ། །ཤར་ལ་སོགས་པའི་འདབ་མ་ལ་དད་པ་ལ་སོགས་པ་དབང་པོ་བཞིའི་བདག་ཉིད་ཅན་སྒོ་སྐྱོང་གི་ངོ་བོ་དབྱངས་ཡིག་བཅུ་པ་བཅུ་གཅིག་པ་བཅུ་གཉིས་པ་བཅུ་གསུམ་པའོ། །ནུབ་དང་བདེན་བྲལ་གྱི་མཚམས་སུ་རེག་པ་དང་ཤེས་རབ་དང་དབང་པོའི་བདག་ཉིད་ཅན་ས་སྤྱོད་མའི་ རང་བཞིན་དབྱངས་ཡིག་བཅུ་བཞི་པའོ། །དབང་ལྡན་དང་ཤར་གྱི་མཚམས་སུ་ཆོས་དང་དད་པ་ལ་སོགས་པ་སྟོབས་ལྔའི་བདག་ཉིད་ཅན་མཁའ་སྤྱོད་མའི་ངོ་བོ་དབྱངས་ཡིག་བཅོ་ལྔ་པའོ། །དབྱངས་ཡིག་དེ་དག་ཀྱང་འོད་གསལ་བ་བདུད་རྩིའི་ཆར་བབ་པར་བསམ་པར་བྱའོ། །དེ་ནས་དབྱངས་ཡིག་དང་ པོ་འོད་ཟེར་གྱི་ཕྲེང་བས་ཁྱབ་སྟེ་ལྷག་པའི་འོད་ཟེར་སྐར་མདའི་རྣམ་པས་རྙེད་པར་རབ་ཏུ་བལྟའོ། །དེ་ནས་ཉི་མའི་འོད་དམར་པོ་སྤྲོས་པས་མཐོང་བས་གསལ་ཏེ་ཐོ་རངས་ཀྱི་སྐར་མ་ལྟར་ཐིམ་པར་དབྱངས་ཡིག་བཅུ་བཞི་པོ་དེ་དག་རྣམ་པར་བསྒོམ་མོ། །དང་པོ་དབྱངས་ཡིག་ཀྱང་ཉིན་མོས་འཇིགས་པ་ལྟར་ཐིག་ལེ་ ཕུག་ཏུ་ཞུགས་པར་བསམ་མོ། །དེ་ཡང་ཐིག་ལེ་ཕུག་གི་བུག་པར་ཞུགས་པ་དང་ཉི་མའི་འོད་ཀྱིས་གདུངས་པས་བསྲེག་པར་བྱ་སྟེ། ནཱ་ད་རིང་པོ་ལེགས་པའི་དབྱངས་ཡིག་རྣམ་པར་བསམ་པར་བྱའོ། །དེ་ནས་དེའི་ནཱ་དས་བསྐུལ་བས་སྔགས་པ་དང་ཁྱུ་མཆོག་གི་རྭ་ཡིས་བརྡུངས་པས་ཞུ་བ་ཐག་པ་འཕྱང་བ་ ལྟར་ངང་པ་སྐྱུགས་པ་སྟེ། ལྷན་ཅིག་སྐྱེས་པའི་རླུང་གིས་བསྐྱོད་པ་ཚ་བས་གདུངས་པ་ཞི་བ་ལྟར་དོན་དམ་པར་མཆོག་གི་གཟུགས་ལས་རྣམ་པར་འཕྲོས་ཏེ། བདེ་བ་ཆེན་པོའི་རྒྱུན་གྱིས་སྲིད་པ་མ་ལུས་པ་ལ་ཁྱབ་པ་དེར་སོང་བའི་ཡིད་ཅན་གྱི་སྔགས་པས་ཇི་ཙམ་ནུས་པའི་བར་དུ་བསྒོམ་པར་བྱའོ། །དེ་དག་ནི་ བདག་མེད་མའི་མན་ངག་ལས་ཡི་གེ་ཆའི་སྦྱོར་བ་ཐིག་ལེར་བསྒོམ་པའི་ཆོ་ག་སྟེ་བདུན་པའོ།། །།དེ་ནས་མཚན་ཉིད་ཇི་ལྟ་བ་བརྗོད་པའི་སྔགས་པས་སྔར་གསུངས་པའི་བྱ་བ་ཐམས་ཅད་བྱ་སྟེ། བདག་ཉིད་བདག་མེད་མར་མོས་ཤིང་སྤྲུལ་པའི་འཁོར་ལོ་ལ་མཆོག་གི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཟླ་བ་དང་ཉི་ མའི་སྦྱོར་བ་ལས་ཡང་དག་པར་བྱུང་བ་རླུང་མེད་པའི་མར་མེ་མི་གཡོ་བ་ལྟར་གྱེན་དུ་འབར་བས་མུན་པའི་ཚོགས་མ་ལུས་པ་ཞི་ཞིང་ཡུལ་དང་དབང་པོའི་གྲོང་ཁྱེར་བསྲེགས་ཏེ། གཞན་གྱི་རྣལ་འབྱོར་མ་རབ་ཏུ་འཇུག་པ་ཡང་འགོག་ཅིང་རྣམ་པར་རྟོག་པ་ཉུང་བ་མ་ཡིན་པ་ཟད་པར་བྱེད་དེ། ཤིང་སྐམ་པོའི་ཡལ་ གའི་ཚོགས་ལ་ཕུལ་དུ་གྱུར་པའི་ཤེས་རབ་མེའི་ཚོགས་སུ་འབར་བས་ཡང་བདག་མེད་མའི་རང་བཞིན་གཏུམ་མོ་ལྟར་མི་རེག་པ་གཏུམ་ཞིང་རབ་ཏུ་གཏུམ་པ་བལྟའོ། །དེ་ཡང་ཡིད་ཆགས་པར་གྱུར་པ་དང་བདེ་བའི་འཁོར་ལོ་ནམ་མཁར་གནས་པའི་ངང་པ་ཕྱེ་མ་ལེབ་ལྟར་ལེགས་པར་སྣུམ་ཞིང་མར་ཁུའི་ མེར་སྣང་བའི་སྲེད་པས་བལྟ་བ་དང་ཆགས་པས་ཞུ་སྟེ་དེར་ཐིམ་པར་རྣམ་པར་བྱའོ། །དེ་ནས་དེའི་མེ་ལ་མར་བཅུག་པ་ལྟར་རབ་ཏུ་འབར་ཞིང་སྡིག་པ་དང་ཉོན་མོངས་པས་གདུངས་པ་མ་ལུས་པ་བསལ་ཏེ་རྣམ་པར་སྤྲོས་པས་བདེ་བ་ཆེན་པོ་རྒྱས་པར་སྤྲོ་བ་གཟེར་ལྟར་དམིགས་པ་ཐམས་ཅད་ཞི་སྟེ། མི་དམིགས་པ་དང་བསམ་དུ་མེད་པ་དང་བརྗོད་དུ་མེད་པར་གྱུར་ཏེ་དེར་ཅི་ནུས་ཙམ་གྱི་བར་དུ་བསྒོམ་མོ། །དེ་དག་ནི་བདག་མེད་མའི་མན་ངག་ལས་གཏུམ་ཞིང་རབ་ཏུ་གཏུམ་པའི་ཆོ་ག་སྟེ་བརྒྱད་པའོ།། །།དེ་ནས་སྔགས་པ་དབང་དང་ལྡན་པས་སྔར་གསུངས་པའི་བསམ་གཏན་གྱི་ཁང་ པར་སྟན་བདེ་བ་ལ་འདུག་ནས་བསྲུང་བ་དང་དཀྱིལ་འཁོར་མཆོད་པ་ལ་སོགས་པའི་ཆོ་ག་བྱས་ལ། རང་གི་ལུས་ཉིད་ས་དང་ཕ་རོལ་ཏུ་ཕྱིན་པ་བསྡུས་པའི་རང་བཞིན་གནས་ལ་སོགས་པ་བསྡུས་ཏེ། རྣམ་པ་སྣ་ཚོགས་འབར་བ་ནོར་བུའི་རང་བཞིན་ཐར་པ་ཆེན་པོ་ཁང་པའི་གཞལ་ཡས་ཁང་དུ་རང་གི་ལུས་ཉིད་ མོས་པར་བྱས་ལ། དེར་གནས་པའི་རྩ་ཀུན་ཡང་དག་པར་བརྟེན་པའི་རྩ་གསུམ་པ་ནི་བདག་མེད་མར་མོས་སོ། །དེ་ལ་མགྲིན་པ་ནས་བརྩམས་ཏེ་གཡོན་ན་གནས་པའི་ཁ་འོག་ཏུ་བལྟས་ནས་ལྟེ་བའི་འཁོར་ལོར་སོང་ཞིང་ཆུ་འབབ་པ་རྐྱང་མ་ཞེས་བྱ་བའི་རྩ་སྟེ། སྐུ་དང་ཟླ་བ་དང་ཨཱ་ལི་དང་སྟོང་པ་ཉིད་དང་ལམ་དུ་ འཇུག་པ་དང་མཚན་མོ་དང་ནུབ་པ་དང་བྱང་དུ་རྒྱུ་བ་རྨི་ལམ་དང་གཟུང་བ་དང་ཤེས་བྱ་དང་དོན་དམ་པ་དང་ཕྲ་བ་དང་ཨེ་ཡིག་དངོས་པོ་མེད་པས་བསྡུས་པའི་རང་བཞིན་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་དུ་མོས་པར་བྱའོ། །ལྟེ་བ་ནས་བཟུང་སྟེ་ཁ་སྟེང་དུ་བལྟས་ཏེ་གཡས་ནས་རྒྱུ་བའི་མགྲིན་ པའི་མཐར་ཐུག་གི་བར་དུ་སོང་ནས་ཁྲག་འབབ་པ་རོ་མ་ཞེས་པའི་རྩ་སྟེ། གསུང་དང་ཉི་མ་དང་ཀཱ་ལི་དང་སྙིང་རྗེ་དང་ལམ་ནས་འབྱུང་བ་དང་ཉིན་པར་འཆར་པ་དང་ལྷོ་ནས་རྒྱུ་བ་དང་སད་པ་དང་འཛིན་པ་དང་ཤེས་བྱེད་དང་ཀུན་རྫོབ་དང་རགས་པ་དང་། བཾ་ཡིག་དངོས་པོར་བསྡུས་པའི་རང་བཞིན་ཐམས་ཅད་ཀྱི་བདག་ཉིད་ ཅན་སྤྲུལ་པའི་སྐུའི་ངོ་བོར་མོས་པར་བྱའོ། །དེ་ནས་དབུས་ནས་རྒྱུ་བ་ཁ་འོག་ཏུ་བལྟས་པ་ཆུ་ཤིང་གི་མེ་ཏོག་ལྟར་འཕྱང་བ་སྣུམ་པ་དང་ལྡན་པའི་མར་མེ་ལྟ་བུར་བྱང་ཆུབ་ཀྱི་སེམས་འབབ་པ་ཀུན་འདར་མ་ཞེས་བྱ་བའི་རྩ་སྟེ། ཐམས་ཅད་བསྡུས་པའི་ངོ་བོ་སྟོང་པ་ཉིད་དང་སྙིང་རྗེ་མི་ཕྱེད་པ་བྱང་ཆུབ་སེམས་ཀྱི་བདག་ ཉིད་ཅན་ཆོས་ཀྱི་སྐུའི་ངོ་བོ་གཉིས་སུ་མེད་པ་རྣམ་པར་ཤེས་པ་ཙམ་གྱི་རང་བཞིན་དུ་མོས་པར་བྱའོ། །སྤྲུལ་པའི་འཁོར་ལོར་སོན་པའི་རྩ་གསུམ་པོ་གཅིག་གི་རང་བཞིན་དེ་ཁོར་སྟོང་ཆ་གསུམ་པ་ལྟ་བུའི་བུ་གུ་ཅན་རྭ་བསྡོམས་པ་ལྟ་བུ་རྡོ་རྗེའི་རྣམ་པ་ལྟ་བུའམ། ཡང་ན་བྱ་རོག་གདོང་ཅན་ལྟ་བུ་སྟེ་རྩའི་གཙོ་བོ་སྐུ་ གསུང་ཐུགས་གཅིག་པའི་རང་བཞིན་ཅན་ནམ་མཁའ་ལྟར་སྤྲོས་པ་མེད་ཅིང་མ་གོས་པ་བདེ་བ་ཆེན་པོའི་སྐུའི་རང་བཞིན་དུ་བདག་མེད་མ་རྣམ་པར་བསྒོམ་པར་བྱའོ། །བསྒོམས་པའི་སྟོབས་ཀྱིས་ཀྱང་དོན་དམ་པར་མངོན་སུམ་དུ་བྱེད་དོ། །དེ་དག་ནི་བདག་མེད་མའི་མན་ངག་ལས་རྩའི་གཙོ་བོ་བསྒོམ་པའི་ཆོ་ག་ སྟེ་དགུ་པའོ།། །།དེ་ནས་སྔགས་པ་དབང་དང་ལྡན་པས་སྔར་གསུངས་པའི་བསམ་གཏན་གྱི་གནས་སུ་ཞུགས་ཤིང་སྟན་བདེ་བ་ལ་འདུག་སྟེ། བསྲུང་བ་དང་དཀྱིལ་འཁོར་ལ་སོགས་པའི་ཆོ་ག་བྱས་ནས་མཉམ་པར་གཞག་པའི་ཡིད་ཀྱིས་བདག་མེད་མར་མོས་པར་བྱའོ། །དེ་ནས་སྤྲུལ་པའི་ཁང་པ་རྒྱུན་ དུ་གནས་པ་ཅན་རང་གི་འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བ་བརྩེ་བ་དང་བྲལ་བས་གདུངས་ཏེ། བརྩེ་བ་དང་ཕྲད་པས་འདོད་པའི་ཡི་གེ་མཆོག་གི་རང་བཞིན་དུ་བཙུན་མོ་ཆེན་མོ་བདག་མེད་མ། ཞེས་བྱ་བ་རྣམ་པར་བསྒོམས་ལ། དེ་ལ་ཆོས་ཀྱི་ཁང་པ་རྒྱུན་དུ་གནས་པའི་གནས་ལ་གནས་པ་ཡང་། ཉི་མ་ལྟ་བུ་ འབར་བ་དང་ལྡན་པས་འདོད་པ་ལྟ་བུར་འཁྱུད་པ་དང་འདོད་པའི་མཆོག་ཏུ་གྱུར་པའི་རྗེ་བཙུན་དཔལ་ཧེ་རུ་ཀ་ཞེས་བྱ་བའི་རྒྱལ་པོ་ཆེན་པོ་དེས་འོད་ཟེར་གྱི་ཕོ་ཉ་བཏང་སྟེ་ལྟ་བར་བྱེད་དོ། །དེ་ནས་འོད་ཟེར་གྱི་ཕོ་ཉས་བཀུག་ནས་ཁྱེར་བ་དང་ཆགས་པ་ལྟ་བུར་རྗེས་སུ་ཆགས་པའི་དགའ་བས་རྙེད་དེ་འཁྱུད་པས་ ཀྱང་ཐོབ་པ་ནི་དབུལ་མོས་གཏེར་རྙེད་པ་ལྟ་བུའམ། བཀྲེན་པས་དགོས་པ་ཁྱད་པར་ཅན་གྱི་སྟོན་མོ་ཟོས་པ་ལྟ་བུའམ། སོས་ཀའི་ཚད་པས་གདུངས་པ་ལ་ཆུ་བསིལ་བས་དབང་བསྐུར་བ་ལྟ་བུ་སྟེ། མཆོག་གི་བདེ་བ་ཐོབ་པར་གྱུར་པས་བསྒོམས་པའི་སྟོབས་ཀྱིས་དོན་དམ་པ་མངོན་དུ་བྱའོ། །དེ་དག་ནི་བདག་ མེད་མའི་མན་ངག་ལས་ལྷན་ཅིག་སྐྱེས་པའི་བཙུན་མོ་བསྒོམ་པའི་ཆོ་ག་སྟེ་བཅུ་པའོ།། །།དེ་ནས་སྔར་བརྗོད་པའི་མཚན་ཉིད་ཅན་གྱི་སྔགས་པས་ཇི་སྐད་གསུངས་པའི་བསམ་གཏན་གྱི་གནས་སུ་སྟན་བདེ་བ་ལ་འདུག་ནས་བསྲུང་བའི་འཁོར་ལོ་ལ་སོགས་པའི་ཆོ་ག་བྱ་སྟེ། བདག་ཉིད་བདག་མེད་མར་མོས་ ལ་ལྟེ་བར་སྦྲུལ་ལྟ་བུར་འཁྱིལ་བའི་རྣམ་པར་གནས་པ་གཉིད་ལོག་པ་ལྟར་མ་སད་པ་ཆོས་ཀྱི་སྐུའི་བདག་ཉིད་ཅན་བདག་མེད་མའི་ངོ་བོ་ཤེས་རབ་ལ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅན་ཐབས་ཀྱི་རང་བཞིན་དཔལ་ཧེ་རུ་ཀའི་ངོ་བོ་སྣའི་ལམ་ནས་ཞུགས་ནས་རླུང་གིས་རབ་ཏུ་མནན་པས་སད་པར་བྱའོ། ། དེ་ནས་དེ་དབྱུག་པས་རེག་པའི་སྦྲུལ་མོ་ལྟར་དབྱུ་གུའི་རྣམ་པ་ལྟར་ལངས་ཏེ་ཁའི་བུ་ག་ནས་མེ་འབར་བ་ལྟར་བལྟའོ། །དེ་ནས་དེས་ཤིན་ཏུ་ཡང་འབར་བ་དང་འཇིག་རྟེན་གསུམ་ཡང་བསྲེགས་པར་བསམས་ཏེ། དེའི་སྟོབས་དེ་ལྟ་བུས་བདུད་རྩིའི་རང་བཞིན་རི་བོང་ཅན་དུ་དེ་མ་ཐག་ཏུ་ཞུ་བར་གྱུར་པས་ རྒྱུན་གྱི་རྣམ་པར་བླུགས་པར་བསྒོམས་ལ། དེ་ནས་བསྒོམས་པའི་སྟོབས་ཀྱིས་དོན་དམ་པ་མངོན་སུམ་དུ་བྱ་ཞིང་ནམ་མཁའི་ཕྱོགས་ཐམས་ཅད་དུ་སྤྲོའོ། །དེ་དག་ནི་བདག་མེད་མའི་མན་ངག་ལས་རླུང་གི་ཤེས་རབ་བསྒོམ་པའི་ཆོ་ག་སྟེ་བཅུ་གཅིག་པའོ།། །།དེ་ནས་སྔགས་པས་དབང་དུ་གྱུར་པ་བསམ་ གཏན་གྱི་གནས་སུ་རབ་ཏུ་ཞུགས་ནས་གནས་དང་བདག་དང་རྣལ་འབྱོར་བསྲུང་བའི་ཆོ་ག་བྱ་ཞིང་དཀྱིལ་འཁོར་མཆོད་པའི་ཆོ་ག་ཡང་བྱ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷོ྅ཧཾ་ཞེས་བརྗོད་དེ་བདག་མེད་པར་བལྟའོ། །དེ་ནས་བདག་མེད་མ་དེ་ནུ་མ་ནང་དུ་ཐིམ་པར་གྱུར་ཅིང་རང་ གི་པདྨའི་ཟེ་འབྲུ་ལས་སྐྱེས་པ་རྡོ་རྗེ་འགྲམ་གཉིས་ནི་དྲིལ་བུ་སྟེ་ཆགས་པ་དང་བཅས་ཤིང་ཆགས་པའི་ལྟ་བས་བལྟས་པས་གང་ཡང་རུང་བ་སྟེ་ཌོམྦི་ནཱིར་བལྟའོ། །དེ་ཡང་སྦྱོར་བ་དང་མཐོང་བ་དང་བསྒོམ་པ་དང་ཁྱད་པར་དང་མཐར་ཕྱིན་པའི་ལམ་གྱི་ངོ་བོ་སྟེ། རྣམ་པ་སྣ་ཚོགས་ལ་སོགས་པའི་སྐད་ཅིག་མའི་ཁྱད་པར་ ལས་སོ། །ཟླ་བ་གང་བ་ལྟ་བུ་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཅན་ལྷན་ཅིག་སྐྱེས་པ་ཐམས་ཅད་ཀྱི་རང་བཞིན་དཔལ་ཧེ་རུ་ཀ་ལ་འཁྱུད་པ་ནི་ནམ་མཁའ་ལྟ་བུའི་ཆོས་ཀྱི་སྐུའི་རང་བཞིན་ལྷན་ཅིག་སྐྱེས་པ་ཤེས་རབ་ཀྱི་ངོ་བོར་བདག་མེད་མ་མངོན་སུམ་དུ་བྱའོ། །མངོན་དུ་བྱས་ པ་དང་། ཡན་ལག་དང་། ཉིན་ལག་ཐམས་ཅད་ལའོ། །དེ་ལས་ཕྱོགས་བཅུའི་དངོས་པོ་ཐམས་ཅད་དུ་སྤྲོས་ཏེ། རྣམ་པར་སྤྲོས་པ་ཐམས་ཅད་བདག་གི་རང་བཞིན་དུ་བྱའོ། །དེས་བདག་ཏུ་བྱས་པ་དང་། སེམས་ཙམ་གྱི་བདག་ཉིད་དུ་རྣམ་པར་བསམ་མོ། །དེ་བསམས་པ་དང་ རྟོག་པ་མེད་པར་བྱའོ། །དེ་ལྟར་ཡང་བསྒོམ་པ་ཐམས་ཅད་ལ་ཆོ་ག་འདིས་བསྒོམ་མོ། །དེ་དག་ནི་བདག་མེད་མའི་མན་ངག་ལས་ལྷན་ཅིག་སྐྱེས་པ་གཉིས་བསྒོམ་པའི་ཆོ་ག་སྟེ་བཅུ་གཉིས་པའོ།། །།དེ་ནས་ཚོགས་བསགས་པའི་སྔགས་པས་ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་འདོད་པས་ཇི་སྐད་གསུངས་པའི་རྣལ་འབྱོར་གང་ཡང་རུང་བའི་སྦྱོར་བ་ལ་དམིགས་ཤིང་སེམས་བརྟན་པར་བྱ་སྟེ། བརྟན་པར་གྱུར་པ་དང་སེམས་ཀྱི་མཚན་མ་བརྟག་སྟེ་མཚན་མ་ཡང་ལྷུན་གྱིས་གྲུབ་པར་སྐྱེས་པའི་དགའ་བའི་ཤུགས་ཀྱིས་རྒྱུན་གང་གི་ཚེ་མངོན་སུམ་དུ་གསལ་བར་སྣང་བར་གྱུར་པ་དེ་ ཡིན་ཏེ། རྔ་དང་རྔ་བོ་ཆེ་དང་རྔ་ཟླུམ་དང་ཟངས་དུང་ལ་སོགས་པའི་གསལ་བར་གྲག་པའི་སྒྲ་རྣམས་ཀྱིས་རིག་པ་མི་འབྱུང་བ་ཡང་ཡིན་ནོ། །ལྕག་དང་ཐལ་མོ་དང་ཁུ་ཚུར་ལ་སོགས་པས་ཚོར་བ་མི་འབྱུང་བའོ། །སྦྲང་བུ་དང་སྦྲང་མ་ལ་སོགས་པས་ཀྱང་གནོད་པ་མི་འབྱུང་བའོ། །དེའི་ཚེ་སེམས་ བརྟན་པར་གྱུར་པར་ཤེས་པར་བྱའོ། །དེ་ནས་བརྟན་པར་གྱུར་པའི་རྣལ་འབྱོར་པས་རི་ཕུག་གམ་ཆུ་འགྲམ་མམ། རྒྱ་མཚོའི་འགྲམ་མམ་དུར་ཁྲོད་དམ་བཞི་མདོའམ་མ་མོའི་ཁྱིམ་མམ་ལྷ་ཁང་ངམ་ལྷ་གནས་རྙིང་པའམ་ལྡུམ་ར་དག་སྟེ། རྗེས་སུ་མཐུན་ཞིང་དབེན་པ་འཚེ་བ་མེད་པ་དྲི་མ་མེད་པའི་ ཆུ་དང་ལྡན་པ་མེ་ཏོག་དང་འབྲས་བུའི་ཚོགས་ཀྱིས་བརྒྱན་པའི་ཤིང་གི་ཕྲེང་བས་བསྐོར་བའི་ནགས་ཚལ་གྱི་གནས་སུ་གནས་ཏེ་ཡི་དམ་གྱི་རྣལ་འབྱོར་ལ་དམིགས་ཤིང་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། །གྲུབ་པ་དང་ས་ལ་སོགས་པ་འབྱུང་བ་ཆེན་པོ་རྣམས་རིམ་བཞིན་དུ་གཅིག་ལ་ གཅིག་ཐིམ་སྟེ་དེས་ཀྱང་མཚན་མ་ཉེ་བར་མཚོན་ཏོ། །མཚན་མ་རྣམ་པ་ལྔ་ཡིན་ཏེ། དེ་བཞིན་དུ་ས་ཐིམ་པས་སྨིག་རྒྱུའི་རྣམ་པའི་མཚན་མ་སྐྱེ་བར་བྱེད་དོ། །ཆུ་ཐིམ་པས་ནི་དུ་བའི་རྣམ་པའོ། །མེ་ཐིམ་པས་ནི་སྲིན་བུ་མེ་ཁྱེར་གྱི་རྣམ་པའོ། །རླུང་གིས་ནི་མར་མེ་ལྟ་བུའོ། །དེ་ན་ སྟོན་ཀའི་ནམ་མཁའི་དཀྱིལ་ལྟ་བུ་འོད་གསལ་བ་སྣང་བ་མེད་པ་གསལ་བ་ཙམ་དུ་གསལ་ལོ། །དེ་ཡང་གསུངས་པ། དང་པོ་སྨིག་རྒྱུ་ལྟ་བུ་སྟེ། །གཉིས་པ་དུ་བའི་རྣམ་པ་ཡིན། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་འབར་བའོ། །ལྔ་པ་ཡང་ནི་གསལ་ བར་ལྡན། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །དེ་ནི་ཐིམ་པའི་མཚན་མ་སྟེ། །འབྱུང་བ་རྣམས་ནི་ཡེ་ཤེས་སོ། །ཞེས་པའོ། །དེ་ལྟར་ཤེས་ཤིང་མཚན་མ་རྙེད་པ་མཉམ་པར་གཞག་པའི་སྔགས་པས་ས་བོན་གྱི་གཟུགས་སམ་ཐིག་ལེའི་གཟུགས་སམ་མཚན་མ་ཕྲ་མོའི་གཟུགས་ ཏེ། ལུས་དང་ཡན་ལག་ལ་སེམས་བརྟན་པར་གྱུར་པས་བཞག་ན་འགྲུབ་པའོ། །དེ་ལ་སེམས་ལྷ་མོའི་མཁར་དུ་བཀོད་དེ་ཁམས་གསུམ་དུ་སོང་བས་ཁ་དོག་ལེགས་པའམ་མི་ལེགས་པའི་གཟུགས་མངོན་སུམ་དུ་མཐོང་བར་འགྱུར་རོ། །ཨོ་ཌྱན་ནམ་གོ་དཱ་བ་རཱིར་འཇིག་རྟེན་གསུམ་དུ་གནས་ པའི་ཟིན་པ་དང་། མ་ཟིན་པ་དང་། གཉི་གའི་དབྱེ་བས་ཕྱེ་བའི་སྒྲ་ཐམས་ཅད་ཐོས་ཤིང་སྒྲ་མ་ལུས་པ་གང་གི་ཡིན་པ་ཤེས་པར་འགྱུར་རོ། །ཀོ་ས་ལ་རུ་ཞིམ་པོ་ལ་སོགས་པའི་དབྱེ་བས་ཕྱེ་བའི་དྲི་ལྷན་ཅིག་པ་དང་སྦྱར་བ་ཅན་སྣོམ་པར་འགྱུར་རོ། །ཀ་ལིངྒ་ར་མངར་བ་ལ་སོགས་པའི་དབྱེ་བས་ཕྱེ་བའི་ རོ་མ་ལུས་པ་མྱོང་བར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་ལ་རྩུབ་པ་ལ་སོགས་པའི་དབྱེ་བས་ཕྱེ་བའི་རེག་བྱ་མ་ལུས་པ་ལ་རེག་པར་འགྱུར་རོ། །དེ་བཞིན་ཏྲི་ཤ་ཀུ་ནེར་ལྷའི་བཙུན་མོ་དགུག་པ་སྤྲུལ་པ་ལོངས་སྤྱོད་དོ། །ཀཱཉྩི་རུ་སྔོན་གྱི་གནས་དང་ཕ་རོལ་གྱི་སེམས་ཤེས་པའོ། །ལམྦཱ་ཀ་རུ་བསྟན་བཅོས་ ཐམས་ཅད་རིག་པ་དང་ལྷའི་སྐད་དང་སྔགས་ཀྱི་ཡང་སྐད་རྣམས་སོ། །རཱ་མེ་དབང་ཕྱུག་ཏུ་ཉི་མ་རེངས་པ་དང་འཆར་བ་ཡང་ནུབ་པར་བྱེད་དོ། །དེའི་སྟེང་དུ་ཟླ་བའོ། །དེའི་སྟེང་དུ་སྐར་མའི་འཁོར་ལོ་རྣམས་སོ། །པོ་ལ་གི་རི་རུ་ལྷ་ཐམས་ཅད་མཐོང་ཞིང་བདག་གི་བཀའ་བསྒོ་བ་ཡང་འགྲུབ་པར་བྱེད་དོ། །ཛཱ་ལནྡྷ་ར་རུ་ དུས་གསུམ་དུ་མཐོང་བར་འགྱུར་རོ། །དེ་བཞིན་དུ་སྤྲུལ་པའི་འཁོར་ལོར་སྤྲུལ་པའི་སྐུ་ལ་ཐོབ་ཅིང་ཆོས་ཀྱི་འཁོར་ལོར་ནི་ཆོས་ཀྱི་སྐུའོ། །ལོངས་སྤྱོད་ཀྱི་འཁོར་ལོར་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བདེ་བ་ཆེན་པོའི་འཁོར་ལོར་ནི་བདེ་བ་ཆེན་པོའི་སྐུ་འཐོབ་པར་བྱེད་དོ། །དེ་ལྟར་སྐུ་བཞི་རྙེད་པས་སངས་རྒྱས་རྡོ་རྗེ་ འཛིན་པ་དང་། བདག་མེད་མའི་གོ་འཕང་ཐོབ་པར་འགྱུར་ཏེ། ཡང་དག་པའི་བྱང་ཆུབ་ཐོབ་པས་སྒྲིབ་པ་ཐམས་ཅད་རབ་ཏུ་ཞི་ཞིང་གཟུངས་ཐམས་ཅད་དང་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། འ