Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 10
Văn bản gốc(Tây Tạng)
Trang 14 / 24 (50.000 ký tự/trang)
འི་ལྷ་ནི་བསྒྲུབ་པར་བྱ། །བླ་མ་རྡོ་རྗེ་ཅན་བསམས་ནས། །སེམས་ཀྱི་རིན་ཆེན་ལས་བྱུང་བའི། །མཆོད་པའི་སྤྲིན་ནི་སྤྲོས་བྱས་ལ། །དེ་ནས་རིམ་བཞིན་ དབུལ་བར་བྱ། །དེ་ནས་ལྷ་མོ་བརྒྱད་ཀྱིས་མཆོད། །གཽ་རཱི་བྱང་ཆུབ་སེམས་ཀྱིས་མཆོད། །ཙཽ་རཱི་རང་བྱུང་མེ་ཏོག་གིས། །མི་བསྐྱོད་འཛིན་པ་བེ་ཏཱ་ལཱི། །སྣང་མཛད་ཀྱིས་མཆོད་གྷསྨ་རཱི། །པུཀྐ་སཱི་ཡིས་ལྕགས་ཀྱུས་མཆོད། །སཱ་བ་རཱི་ནི་རོ་འཛིན་ཏེ། །ཙཎྜ་ལཱི་ནི་རྔེ་ཆུང་འཛིན། །ཌོམྦིས་ གཉིས་མེད་སྦྱོར་བ་བྱེད། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཀྱེ་རྡོར་ཤེས་རབ་བདག་ཉིད་ཅན། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །སྡིག་པ་བདག་གིས་གང་བྱས་པ། །བདག་གཞན་དོན་དུ་མ་ལུས་པར། །སོ་སོར་བཤགས་ ཤིང་སླར་ཡང་ནི། །མི་བགྱིད་པ་ཡི་སྡོམ་པ་ནོད། །བདེ་གཤེགས་ཀུན་གྱི་བསོད་ནམས་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །འགྲོ་བ་ཀུན་གྱི་བསོད་ནམས་ལ། །ཡང་དག་ཉིད་དུ་ཡི་རང་ངོ་། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ། །བདག་གིས་དེ་ལ་བསྐུལ་བ་ནི། །སེམས་ ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སེམས་ཅན་སངས་རྒྱས་ཐོབ་བར་དུ། །རྒྱལ་བ་དེ་ཉིད་བཞུགས་ནས་ནི། །ནམ་ཡང་མྱ་ངན་མི་འདའ་བར། །ཐལ་མོ་སྦྱར་ནས་གསོལ་བར་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ལ། །བྱང་ཆུབ་ལམ་ནི་སྟོན་པ་པོ། ། བསོད་ནམས་ཀུན་གྱི་འབྱུང་གནས་ཆེ། །བྱང་ཆུབ་རྣམས་ཀྱང་དེ་བཞིན་བསྐྱེད། །ལུས་ངག་ཡིད་ཀྱི་བསོད་ནམས་ནི། །བགྱིས་སམ་བགྱིད་དུ་སྩལ་བ་དང་། །རྗེས་སུ་ཡི་རང་གང་ཅིའང་རུང་། །དེས་ན་འཇིག་རྟེན་ཀུན་མཁྱེན་ཤོག །སྙིང་རྗེ་རླན་གྱིས་བརླན་སེམས་ཀྱིས། །ཚངས་པ་ཡི་ནི་གནས་ བཞི་ནི། །དང་པོ་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་པར་བསྒོམ། །གསུམ་པར་དགའ་བ་བསྒོམ་པར་བྱ། །ཀུན་གྱི་མཐའ་ནས་བཏང་སྙོམས་སོ། །དངོས་རྣམས་བདག་ལ་བསྡུ་བར་བྱ། །བདག་ཀྱང་ཡེ་ཤེས་སེམས་དཔའོ། །ཡེ་ཤེས་སེམས་དཔའ་ནཱ་དའི་བར། །དེ་ ཉིད་སྨིག་རྒྱུ་སྒྱུ་མར་མཚུངས། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨཱ་ནི་མི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་སྐྱེ་བ་མེད་པའི་རང་བཞིན་ལས། །སྐྱེ་བ་ཉིད་དུ་མོས་པར་བྱའོ། །ཀཾ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ལས་ སྣ་ཚོགས་རྡོ་རྗེ་ས་བོན་དང་ལྡན་པ་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བདུད་རྣམས་བཏུལ་ནས། དྲ་བ་དང་ར་བ་དང་ས་གཞིར་གྱུར་པར་བསམ་པར་བྱའོ། །དེའི་དབུས་སུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་དཀར་པོ་བསམས་ལ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ། ཁཾ་ལས་སྣ་ཚོགས་ རྡོ་རྗེ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་ལྗང་གུ། དེར་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ། དེ་ལས་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། དེར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་འདྲ་བ་ནག་པོ། དེ་ལ་ཐིག་ལེ་དང་ལྡན་པར་བསམས་ནས། དེ་རྣམས་གཅིག་ཏུ་གྱུར་པས། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རྟ་བབས་བཞི་དང་། ཀ་བ་བརྒྱད་དང་། དྲ་བ་དང་དྲ་བ་ཕྱེད་པ་དང་། རིན་པོ་ཆེ་དང་འདོད་པའི་ཡོན་ཏན་ལ་སོགས་པས་སྤྲས་པ། དེའི་དབུས་སུ་པདྨ་འདབ་བརྒྱད་པ། ཉི་མའི་དཀྱིལ་འཁོར་དེར་སྲོག་སོང་བ་དང་བཅས་པས་ སེམས་ལས་གྲུབ་པར་བསམ་པར་བྱའོ། །དེའི་ལྟེ་བར་ཨཱ་ལི་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས། དེར་ཀཱ་ལི་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས། དེའི་དབུས་སུ་ཧཱུཾ་དང་ཨཾ་ལས་རྡོ་རྗེ་དང་། གྲི་གུག་ས་བོན་གྱིས་མཚན་པ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས། ཐམས་ཅད་གཅིག་ཏུ་གྱུར་ པ་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས། སྐུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་བསྣམས་པས་ཤེས་རབ་མ་ལ་འཁྱུད་པ། ཕྱག་རྒྱ་ལྔ་དང་ལྡན་པ་སྤྱན་གསུམ་པ་དབུ་ལ་ཐོད་པ་ལྔས་བརྒྱན་ཅིང་། སྣ་ཚོགས་རྡོ་རྗེས་མཚན་པ་དབུ་ སྐྲ་ཁམ་པ་གྱེན་དུ་བརྫེས་པ། ཐོད་པ་རློན་པ་ལྔ་བཅུ་རྩ་བཞིས་དོ་ཤལ་བྱས་པ། གཅེར་བུ་གཡས་བརྐྱང་བས་བཞུགས་པར་བསམ་པར་བྱའོ། །བདག་མེད་མ་ནི་གྲི་གུག་དང་ཐོད་པ་བསྣམས་ཤིང་སྐུ་ལ་འཁྱུད་པ། སྐྱེས་པའི་ཐོད་པས་དོ་ཤལ་བྱས་ཤིང་གཡོན་བརྐྱང་བས་བཞུགས་པར་བསམ་ པར་བྱ་སྟེ། གཞན་ནི་ཐབས་དང་འདྲ། ནང་དུ་ཡང་དེ་བཞིན་དུ་བསམ་པར་བྱའོ། །མིག་ལ་གཏི་མུག་རྡོ་རྗེ། རྣ་བ་ལ་ཞེ་སྡང་རྡོ་རྗེ། སྣ་ལ་སེར་སྣ་རྡོ་རྗེ། ལྕེ་ལ་འདོད་ཆགས་རྡོ་རྗེ། ལུས་ལ་ཕྲག་དོག་རྡོ་རྗེ། ཡིད་ལ་བདག་མེད་མ་བསམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་ ཟེར་ནག་པོ་ལྕགས་ཀྱུའི་དབྱིབས་ཅན་སྤྲོས་ཏེ། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། མཆོད་ཡོན་ལ་སོགས་པས་མཆོད་ནས། དམ་ཚིག་གི་འཁོར་ལོ་ལ་བཅུག་སྟེ་གཉིས་སུ་མེད་པར་བསམ་པར་བྱའོ། །ཡང་འོད་ཟེར་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཧེ་རུ་ ཀའི་གཟུགས་ཀྱིས་སྤྱན་དྲངས་ནས། དེ་ལ་མཆོད་པ་ལ་སོགས་པ་བྱ་སྟེ། བདག་ལ་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་ནས། མི་བསྐྱོད་པས་དབུ་བརྒྱན་པར་བསམ་པར་བྱ་སྟེ། ཇི་སྲིད་དུ་མི་སྐྱོའི་བར་དུ་རྣལ་འབྱོར་དུ་བྱའོ། །སྐྱོ་ན་བཟླས་པ་བྱ་སྟེ། རིག་མའི་སྙིང་གར་ཉི་ མའི་དཀྱིལ་འཁོར་དེའི་དབུས་སུ་གྲི་གུག་ས་བོན་དང་བཅས་པར་བསམས་ལ། དེ་ལ་སྔགས་ཀྱི་ཕྲེང་བ་ཀུན་ད་འདྲ་བ་འོད་ཟེར་དང་ལྡན་པ་བྱུང་ནས་རང་གི་ཞལ་དུ་ཞུགས་ཏེ། གསང་བའི་རྡོ་རྗེར་བྱུང་ནས། ལྷ་མོའི་པདྨར་བབས་ཏེ། ལྷ་མོའི་ཞལ་ནས་རང་གི་ཞལ་དུ་ཞུགས་པར་བསམ་པར་བྱའོ། །དེ་ བཞིན་དུ་ཡང་ནས་ཡང་དུ་བསམ་པར་བྱའོ། །ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཡང་ན་བླ་མའི་མན་ངག་གིས་གསང་བའི་རྡོ་རྗེ་དང་པདྨར་བཟླས་པ་བྱའོ། །བརྟག་པ་བཅུ་དྲུག་པ་ལས། མ་ཕུག་པས་ནི་སྦྱོར་བྲལ་འགྱུར། །ཕུག་པས་དགའ་བ་སྦྱིན་པའོ། །དེ་ལྟར་འཁོར་བར་འདོད་པ་ཡི། ། ཡོན་ཏན་ལྔ་ལྡན་རིན་ཆེན་ཉིད། །ཅེས་གསུངས་སོ། །དེ་ནས་ཡང་རྫོགས་པའི་རྣལ་འབྱོར་བཤད་པར་བྱ་སྟེ། ལྟེ་བར་སྤྲུལ་པའི་འཁོར་ལོ་འདབ་མ་བཅུ་དྲུག་པ་དཀར་པོའི་དབུས་སུ་རང་རིག་པའི་བདག་ཉིད་རིན་པོ་ཆེའི་ཟ་མ་ཏོག་གི་ནང་ན་གནས་པར་བསམ་མོ། །སྙིང་གའི་ཆོས་ཀྱི་འཁོར་ལོ་ འདབ་མ་བཅུ་དྲུག་པ་ཐིག་ལེ་དང་ལྡན་པ། མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་པ་དཀར་པོ། བྱང་ཆུབ་ཀྱི་སེམས་དང་ལྡན་པའོ། །མགོ་བོར་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་བཅུ་དྲུག་པ་དཀར་པོ་དེའི་དབུས་སུ་ལྷག་པའི་བྱང་ཆུབ་ཀྱི་སེམས་འོད་དང་ལྡན་པར་བསམ་པར་བྱས་ ནས། སྤྲུལ་པའི་འཁོར་ལོ་ལས་འོད་ཟེར་འཕྲོས་ནས་ཆོས་ཀྱི་འཁོར་ལོ་དང་ལོངས་སྤྱོད་ཀྱི་འཁོར་ལོ་ནས་ཡར་སོང་སྟེ། བདེ་བ་ཆེན་པོ་ལ་ལན་གསུམ་བསྐོར་བ་བྱས་ནས། མཛོད་སྤུ་ནས་ཕྱུང་སྟེ། སེམས་ཅན་ཐམས་ཅད་སྦྱངས་ནས་བདེ་བར་གཤེགས་པའི་ཐུགས་ཀར་ཞུགས་ཏེ་ཡེ་ཤེས་ ཀྱི་བདུད་རྩི་དྲངས་ནས། ཚངས་པའི་སྒོར་ཞུགས་ཏེ་གཟུང་འཛིན་དང་བྲལ་ནས། ཟ་མ་ཏོག་ཏུ་བབས་པར་བསམ་པ་སྟེ། དེ་ལ་རྩེ་གཅིག་ཏུ་བྱའོ། །མི་གསལ་ན་ཡང་དེ་བཞིན་དུ་བྱའོ། །ཡང་ན་བདག་མེད་མ་རང་གི་སྙིང་གར་བསྡུ། རང་ཡང་ཧཱུཾ་ལ་བསྡུ། དེ་ཡང་ཐིག་ལེ་འོད་དང་ལྡན་པར་བསམ་ པར་བྱ་སྟེ། གསང་སྔགས་དམ་པ་ཐིག་ལེའི་གཟུགས་སུ་ནི། །རང་ཡིད་འོད་དང་ལྡན་པར་ཡོངས་སུ་བསྒོམ། །དངོས་ཀུན་བདག་ཉིད་རང་གི་སེམས་ངོ་བོ། ལྡང་བ་ན་ཡང་བདག་དང་གཞན་འཁོར་ལོའམ། ཙཎྜ་ལཱིར་མོས་པར་བྱ་སྟེ། མཆོད་པ་ལ་སོགས་པ་ཡང་མི་བྱའོ། །དེ་ཡང་། ཕྱག་རྒྱ་བཅིང་བ་རྣམ་པར་སྤངས། །མཆོད་རྟེན་ལས་ནི་མི་བྱ་ཞིང་། །རྡོ་རྗེ་གསུམ་མཆོག་ཕྱག་མི་འཚལ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱའོ། །ཞེས་གུར་ལས་གསུངས་སོ། །མཆོད་རྟེན་བརྩིག་པར་མི་བྱ་སྟེ། །དེ་བཞིན་མཆོད་སོགས་མི་བྱའོ། །གཙུག་ ལག་དག་ནི་རྙེད་སླ་སྟེ། །དེ་ཡི་དགོས་པ་རྙེད་པར་དཀའ། །ཞེས་གདན་བཞི་པ་ལས་གསུངས་སོ། །དེ་ནས་ཡང་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་བཤད་པར་བྱའོ། །གང་ཚེ་ཡེ་ཤེས་རླུང་གིས་ནི། །རང་རིག་དག་ནི་བསྐྱོད་ནས་སུ། །སངས་རྒྱས་རྣམས་ནི་བསྲེགས་པ་ཡིས། །དགའ་བ་ལ་སོགས་ རིམ་བཞིན་སྐྱེ། །ཅི་འདྲ་བ་ནི་སྐྱེ་ཞེ་ན། །གཞོན་ནུའི་དགའ་བ་ཇི་ལྟ་བ། །ལྐུགས་པའི་དགའ་བ་ཇི་ལྟ་བའོ། །གཉིས་མེད་ཡེ་ཤེས་སྐྱེ་བར་འགྱུར། །ཐོག་མ་ཐ་མ་དབུས་མེད་ཅིང་། །འཁོར་མིན་མྱ་ངན་འདས་པ་མིན། །བདག་ཉིད་གཞན་ཉིད་ཡོད་མ་ཡིན། །འདི་ནི་མཆོག་ཏུ་བདེ་བ་ཡིན། །བདག་མེད་ ཡེ་ཤེས་ཉིད་དུ་འགྱུར། །བདག་གཞན་ངེས་པར་རིག་པ་སྤངས། །མཁའ་མཉམ་སྐྱོན་བྲལ་ལྷན་ཅིག་སྐྱེས། །ཐམས་ཅད་ལུས་ལ་རང་བཞིན་གནས། །དགའ་བ་དང་པོ་འཁོར་བའི་གཟུགས། །དེ་བཞིན་མཆོག་དགའ་འཁོར་བ་ཉིད། །དགའ་བྲལ་དགའ་བ་འཁོར་བདག་ཉིད། །གསུམ་ལ་ ལྷན་ཅིག་སྐྱེས་པ་མེད། །དགའ་བ་དང་ནི་མཆོག་དགའ་ཉིད། །དགའ་བྲལ་དགའ་བ་ལ་སོགས་པ། །གསུམ་པ་སྤངས་པར་གྱུར་ན་ནི། །བཞི་པ་གང་ལས་སྐྱེ་བར་འགྱུར། །དེ་བས་གསུམ་པོ་ཐབས་བྱས་ཏེ། །བཞི་པ་བསྒོམ་པར་བྱ་བ་ཡིན། །རྩ་བའི་རྒྱུ་ནི་གསུམ་དུ་གྱིས། །དེ་ཡི་འབྲས་བུ་ བཞི་པ་ཡིན། །ཡང་ན་འབྲས་བུ་གསུམ་གྱིས་སྤངས། །ཡང་ན་རང་གིས་གསུམ་པ་ཡིན། །དགའ་བའི་བྱེ་བྲག་ཏུ་ཤེས་བྱ། །འཁོར་ལོ་རྣམས་ཀྱི་རིམ་པའོ། །ཞེས་རྒྱུད་ཕྱི་མ་ལས་གསུངས་སོ། །དང་པོ་བུམ་པའི་དབང་ཡིན་ཏེ། །མཆོག་གི་དགའ་བ་གསང་བའི་དབང་། །གསུམ་པ་ཤེས་ རབ་ཡེ་ཤེས་དབང་། །བཞི་པ་ཕྱག་རྒྱ་ཆེན་པོ་ཡིན། །མཉམ་པར་མ་བཞག་དུས་སུ་ཡང་། །བྱ་བ་གང་ལ་འཇུག་པ་ན། །ལྷན་ཅིག་སྐྱེས་ལས་མ་གཏོགས་པར། །གཞན་གྱི་སེམས་ཀྱིས་མི་གནས་སོ། །དེ་ཡང་བརྟག་པ་བཅུ་དྲུག་པ་ལས། །བདེ་བ་གནག་ཅིང་བདེ་བ་ སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་གུ་བདེ་བ་སྔོ། །བདེ་བ་རྒྱུ་དང་མི་རྒྱུ་ཀུན། །བདེ་བ་ཐབས་དང་ཤེས་རབ་སྟེ། །དེ་བཞིན་མཉམ་པར་གཞག་པ་སྟེ། །བདེ་བ་དངོས་པོ་དངོས་མེད་བདེ། །རྡོ་རྗེ་སེམས་དཔའ་བདེ་བར་བརྗོད། །ཅེས་གསུངས་སོ། །དེ་ནས་བསྐྱེད་པའི་རིམ་པ་ལ་ གནས་པས། བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་ཕྱིར་འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་ནི། སྲུང་བའི་འཁོར་ལོ་རྫོགས་པར་བྱས་ནས། དེའི་དབུས་སུ་ཆོས་ཀྱི་འབྱུང་གནས་བསམས་ལ། དེའི་སྟེང་དུ་པཾ་ལས་པདྨ་འདབ་མ་བརྒྱད་པ་ཉི་མའི་དཀྱིལ་འཁོར་དང་བཅས་པ་བསམས་ལ། དེའི་སྟེང་དུ་ ཨོཾ་ལས་འཁོར་ལོ་ས་བོན་དང་ལྡན་པ་ལས་འོད་ཟེར་འཕྲོས་པས། གཟུགས་མེད་པ་དང་། གཟུགས་ཅན་དང་། འདོད་པའི་ལྷ་ལ་སོགས་པ་ཐམས་ཅད་འོད་ཟེར་དེས་སྐུ་རྡོ་རྗེར་བྱས་ནས། དེར་བསྡུས་ཏེ་གཅིག་ཏུ་གྱུར་པ་ལས། སྐུ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུས་ཤས་ རབ་མ་ལ་འཁྱུད་པ། ཕྱག་རྒྱ་ལྔ་དང་ལྡན་པ་གཡས་བརྐྱང་བས་བཞུགས་པར་བསམ་པར་བྱའོ། །ཤེས་རབ་མ་ཡང་ཐབས་དང་འདྲ། བར་དུ་ཧཱུཾ་ལས་རྡོ་རྗེ། དེ་ལས་ཕྱོགས་སྐྱོང་ཐམས་ཅད་དེར་བསྡུས་ནས་གཅིག་ཏུ་གྱུར་པ་ལས། ཐུགས་རྡོ་རྗེ་སྔོན་པོར་བསམ་པར་བྱའོ། །དེའི་འོག་ཏུ་ཨ་ ལས་པདྨ་དེས་ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་གསུང་རྡོ་རྗེ་སྐུ་མདོག་དམར་པོར་བསམ་པར་བྱའོ། །གཞན་སྐུ་རྡོ་རྗེ་དང་འདྲའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་པ་ལ་སོགས་པ་བྱས་ཏེ་གཅིག་ཏུ་གྱུར་པར་བསམ་པར་བྱའོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ལ་སོགས་པ་ སྤྱན་དྲངས་ནས། བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་ནས། སྐུ་རྡོ་རྗེ་ལ་རྣམ་པར་སྣང་མཛད་ཀྱིས། ཐུགས་རྡོ་རྗེ་ལ་མི་བསྐྱོད་པས། གསུང་རྡོ་རྗེ་ལ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་བསམ་པར་བྱའོ། །དེ་ནས་གཏོར་མ་བྱིན་གྱིས་བརླབ་པར་བྱ་སྟེ། ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་ སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེར་ཨ་ལས་ཐོད་པ་དེའི་ནང་དུ། བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ། དེ་ནས་བདུད་རྩིར་བསམས་ལ། དེ་ཉིད་ཀྱིས་མཚན་པར་བསམ་པར་བྱ་སྟེ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་ས་བོན་གྱིས་མཚན་པར་བསམས་ལ། དེའི་སྟོབས་ཀྱིས་ བསྐོལ་ལ། དེའི་སྟེང་དུ་ཨཾ་དེས་ཡེ་ཤེས་ཀྱི་བདུད་རྩི་དྲངས་ལ། གཅིག་ཏུ་གྱུར་པར་བསམ་པར་བྱའོ། །དེ་ཁོ་ནའི་སྙིང་པོ་གསུམ་གྱིས་བྱིན་གྱིས་བརླབ་པ་བྱས་ནས། འདིས་དབུལ་བར་བྱའོ། །ཨོཾ་ཀཱ་ཡ་བཱཀ་ཙིཏྟ། ཨི་དཾ། བ་ལིཾ། བྷུཾ་ཛ། ཛི་གྷ། ཕུལླ། དྷཱུ་པ། མཱཾ་ས། པིཾ་གྷ། ཨམྦ་སརྦ་ཀཛྫ། སརྦ་སཱ་དྷ། ཁཱནྟི། ཁུ་ཎི། ཕེ་ཊ། གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། འདིས་གཤེགས་སུ་གསོལ་བར་བྱ་སྟེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། ། སླར་ཡང་འབྱོན་པར་མཛད་དུ་གསོལ། །མུཿ། ཁ་ཟས་ལ་ཡང་དེ་བཞིན་དུ་བྱིན་གྱིས་བརླབས་ལ་མཆོད་པར་བྱའོ། །རྣལ་འབྱོར་གྱིས་ནི་དྲབ་གྱུར་ན། །དེ་ནས་སྨོན་ལམ་གདབ་པར་བྱ། །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་དགྱེས་པའི་རྡོ་རྗེ་དང་། །བླ་མར་གུས་ཤིང་སྙིང་རྗེར་ལྡན། །སྐྱེ་ ཞིང་སྐྱེ་བར་འགྱུར་བར་ཤོག །ལག་ན་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོ་ཆོས་ནི་གློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །འདིས་ནི་བདག་ལ་རྗེས་སུ་དྲན། །སྙིང་རྗེའི་སྤྱན་ནི་དམར་པོ་ལ། །ཡན་ལག་ནག་པོ་བྱམས་པའི་ཐུགས། །ཕྱག་གཉིས་ཐབས་ དང་ཤེས་རབ་ཡིན། །ཞལ་གཅིག་གཉིས་མེད་ཡེ་ཤེས་ཡིན། །ཞབས་གཉིས་བདེན་པ་གཉིས་སུ་དྲན། །ཕྱག་རྒྱ་ལྔ་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཡིན། །སྔགས་པས་དེ་ལྟར་མོས་བྱས་ནས། །ལྷ་ཡི་རྣལ་འབྱོར་པས་རྒྱུ་བར་བྱའོ། །རྟག་ཏུ་བརྟག་པར་སྔགས་བཟླས་དང་། ། བསམ་གཏན་ཉིད་དང་བྲལ་མི་བྱ། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང་། །རྟག་ཏུ་བཤད་པར་བྱ་བ་ཡིན། །སེམས་ཅན་རྣམས་ནི་རྟག་བསྐྱང་ཞིང་། སངས་རྒྱས་རྣམས་ལ་རྟག་མཆོད་བྱ། །ཛཾ་བྷ་ལ་ལ་ཆུ་སྦྱིན་དང་། །ལས་རྣམས་ཐམས་ཅད་རབ་ཏུ་སྤྱད། །མཆོད་རྟེན་ལས་ནི་བྱེ་མ་ལས། །མཁས་ པས་ཆོ་ག་བཞིན་དུ་བྱ། །སྒྲུབ་ཐབས་རྩོམ་དང་མི་ལྡན་ཡང་། །བླ་མ་དུ་མའི་མན་ངག་བཞིན། །སྒྲུབ་ཐབས་བྱས་ལས་འགལ་བ་གང་། །དེ་ཉིད་མཁྱེན་པས་བཟོད་པ་མཛོད། །ཐ་མ་འབྲིང་དང་རབ་དོན་དུ། །རིམ་པ་གསུམ་ལྡན་བྱས་པ་ལས། །དགེ་བ་དྲི་མེད་ཐོབ་པ་དེས། ། དེ་ཉིད་རིན་ཆེན་རབ་གསལ་ཤོག །དགྱེས་པའི་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྒྲུབ་པའི་ཐབས། །སློབ་དཔོན་ཆེན་པོ་ཤྲཱི་ཨཱ་ནནྡ་བཛྲས་མཛད་པ་རྫོགས་སོ།། ༄། །སྦྱིན་སྲེག་གི་ལས་ཀྱི་རིམ་པ་བཞུགས་སོ།། ༄༅༅། །བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་གི་ ལས་ཀྱི་རིམ་པ་ལ། དབང་བསྐུར་བའི་སྔོན་རོལ་དུ་རྒྱས་པའི་ལས་བྱས་ཏེ། དཔངས་ཁྲུ་གང་ལ་ཁྲུ་ཕྱེད་ཐུར་དུ་བརྐོའོ། །སོར་བཞི་ཕྱིར་དགྱེད། ཁ་ཁྱེར་སོར་བཞིས་བསྐོས། ཞེང་དང་དཔངས་སོར་བཞི་བྱ། དེའི་ཕྱི་རོལ་གྱི་སོར་བཞི་བོར་ལ། པདྨའི་ཕྲེང་བ་གཏང་། དབུས་ཀྱི་ཁ་ཁྱེར་ལ་རྡོ་རྗེ་ར་བ་གཏང་། སྤྱིར་གྲུ་བཞི་ལ་ཞེང་ཕྱི་རོལ་གྱི་རྒྱ་ཁྲུ་གསུམ་གཏང་། ཐབ་ཁུང་ནང་དུ་གཙོ་བོའི་ཕྱག་མཚན་གཞག་པ་ནི་འཇིམ་པ་ལ་སོགས་པ་ལ་ཞེང་སོར་བརྒྱད་དཔངས་སོར་གཅིག་གཏང་། དབུས་སུ་རིན་པོ་ཆེ། ཤར་རྡོ་རྗེ། ལྷོར་འཁོར་ལོ། ནུབ་ཏུ་པདྨ། བྱང་དུ་རལ་གྲི། ཁ་དོག་སེར་པོར་བྱུག་གོ། །རྒྱས་པའི་ ལས་ལ་ཁ་ཤར་དུ་བལྟའོ། །ཞི་བའི་ཐབ་ཁུང་ཟླུམ་པོ་ཁྲུ་གང་དུ་བྱས། ཁྲུ་ཕྱེད་ཟབས་སུ་བརྐོ། ཁ་ཁྱེར་རྒྱས་པ་ལ་སོགས་པ་དང་མཐུན་པར་བྱའོ། །དབུས་ཀྱི་ཁ་ཁྱེར་ལ་རྡོ་རྗེ་ཕྲེང་བ་གཏང་། དེའི་ཕྱི་རོལ་དུ་པདྨ་གཏང་། ཐབ་ཁུང་དུ་གཙོ་བོའི་ཕྱག་མཚན་གཞག་པ་ནི་དབུས་སུ་རྡོ་རྗེ། ཤར་དུ་ འཁོར་ལོ། །ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི། ཞེང་སོར་བརྒྱད་པ་བྱའོ། །ཁ་དོག་དཀར་པོར་བྱུག །བླ་མ་ཁ་བྱང་དུ་བལྟ། དབང་གི་ལས་ལ་ཐབ་ཁུང་ཟླ་གམ་སྟེ། ཟླ་གམ་བཤུལ་ལ་བཞི་བཅུ་བཏང་། ཁ་ཁྱེར་ལ་སོར་བཞི་བཅུ་ཐམ་པ། ཟབས་སུ་སོར་བཅུ་བརྐོ་བར་བྱ། ཁ་ཁྱེར་ སྤྱིར་མཐུན། ཁ་ཁྱེར་རྡོ་རྗེའི་ར་བ་གཏང་། ཕྱི་རིམ་དུ་མེ་རི་གཏང་། ཁ་དོག་དམར་པོར་བྱུག །ཙནྡན་སྨུག་པོས་བྱུག །དབུས་སུ་གཙོ་བོའི་ཕྱག་མཚན་བཏང་བ། པདྨ་ཕྱི་མ་སྤྱིར་མཐུན། དབང་དང་བསྐྲད་པ་ལ་ཁ་ནུབ་ཏུ་བལྟ། དྲག་པོའི་ལས་ཀྱི་རིམ་པ་ལ། ཐབ་ཁུང་ཟུར་གསུམ་ལ། སོར་ཉི་ཤུ་ཉི་ཤུ་བྱའོ། །ཁ་ཁྱེར་སོར་གསུམ་ཕྱིར་དགྱེད། ཁ་ཁྱེར་སོར་གསུམ་བསྐོར། །ཞེང་སོར་གསུམ་གཏང་། དེའི་ཕྱི་རོལ་དུ་སོར་གསུམ་གཏང་། ཁ་ཁྱེར་ལ་རྡོ་རྗེ་རྩེ་གསུམ་པ་གཏང་། དེའི་ཕྱི་རིམ་དུ་ཐོད་པ་དང་། མདའ་གཞུ་དང་། མདུང་རྩེ་གསུམ་པ་ལ་སོགས་པ་དྲག་པོའི་ཕྱག་ མཚན་གཏང་། གཙོ་བོའི་ཕྱག་མཚན་དབུས་སུ་རལ་གྲི། ཕྱི་མ་ལས་ཀྱི་མཚན་ཉིད་དང་། བླ་མའི་ཁ་ལས་ཤེས་པར་བྱའོ། །ཁ་དོག་ནག་པོས་བྱུག །ཁ་ལྷོར་བལྟའོ། །རྒྱས་པ་ནང་པར་བྱའོ། །ཞི་བ་ཉི་མ་ཕྱེད་ན་བྱའོ། །དབང་ཉི་མ་ནུབ་ན་བྱའོ། །དྲག་པོ་ནམ་ཕྱེད་ན་བྱའོ། །མེ་ཐབ་ ཀྱི་རིམ་པའོ། །མཆོད་རྫས་དང་སྲེག་རྫས་ཀྱི་རིམ་པ་ལ། སྔགས་མཁན་གྱི་གཡོན་དུ་དྲི་དང་མེ་ཏོག་གིས་བཀང་བའི་དུང་ཕོར་གཞག །ཡོན་ཆབ་ཀྱི་སྣོད་གསེར་ལ་སོགས་པ་ལས་ཀྱི་བྱེ་བྲག་དང་མཐུན་པ་ཆབ་ཀྱིས་བཀང་ལ་གཞག །མ་འབྱོར་ན་ས་ལས་བྱས་པ་ཡང་རུང་ངོ་། །དགང་ གཟར་དང་བླུགས་གཟར་དང་མར་མདུན་དུ་གཞག །གཡས་སུ་ཟངས་གཞོང་གི་ནང་དུ་དྲིས་བཀང་ལ་ཀུ་ཤ་བཅུག་ལ་པྲོཀྵ་ཎའི་སྣོད་གཞག་གོ། །ལས་ཀྱི་བུམ་པ་གཅིག་ཀྱང་གཞག་གོ། །ཏིལ་ལ་སོགས་པ་སྲེག་རྫས་ཀྱང་གཞག་གོ། །དེ་ལ་རྫས་ཀྱི་རིམ་པ་རྒྱས་པ་ལ་ཞོ། ཞི་ བ་ལ་ཏིལ། དབང་ལ་ཨུཏྤལ་དམར་པོ། དྲག་པོ་ལ་ཚེར་མ་ཅན་གྱི་ཤིང་། ཕྱི་མ་རིམ་པ་བཞིན་ནོ། །ཀུན་གྱི་སྔོན་དུ་མར། ཐ་མར་ཡང་མར་རོ། །རྫས་དགྲམ་པའི་རིམ་པའོ། །རྫས་བྱིན་གྱིས་བརླབ་པ་ནི། གཞོང་བུ་ཀུན་གྱི་སྟེང་དུ་རྡོ་རྗེ་བཞག་ལ། དེ་ཉིད་གསུམ་གྱི་སྔགས་བརྗོད་པས། འཇིག་རྟེན་ཀུན་གྱི་རྟོག་པ་ཀུན་བསལ་ནས། རྫས་དེ་ཉིད་བཟང་པོར་བསམ་མོ། །ཡམ་ཤིང་གི་རིམ་པ་ལ། ཞི་བའི་ཡམ་ཤིང་ནི་འོ་མ་ཅན་གྱི་ཤིང་དང་རློན་པ་རྩེ་མོ་དང་བཅས་པ་བྱུང་བ། སྲིད་དུ་མཛུབ་གང་བ་སྦོམས་སུ་ཆག་པ་གང་ཡོད་པ་སྦྲང་རྩི་དང་འོ་མ་དང་། ཙནྡན་དཀར་པོའི་ཆུས་སྦངས་ པ། རྩེ་གཅིག་ཏུ་ཞི་བའི་ལས་ལ་དབུལ་ལོ། །རྒྱས་པའི་ཡམ་ཤིང་ནི། སྲིད་དུ་ཁྲུ་གང་བ་སྦོམས་སུ་ཞི་བ་དང་མཐུན་ནོ། །ཡལ་ག་དང་དབུས་ཀྱི་ཆ་ལས་བྱུང་བ། ཞོ་དང་མར་དང་སེར་པོའི་དྲི་ལས་སྦངས་པ། རྩེ་གཅིག་ཏུ་རྒྱས་པའི་ལས་ལ་དབུལ་ལོ། །དབང་གི་ཡམ་ཤིང་ལ། སྲིད་དུ་ སོར་ལྔ་པ་འདབ་མ་དང་སྦོམས་སུ་ཆག་གང་བ་ཡུངས་མར་དང་བདུད་རྩི་ལ་སོགས་ཀྱིས་སྦངས་ལ། དབང་གི་ལས་ལ་དབུལ་ལོ། །དྲག་པོའི་ཡམ་ཤིང་ནི། སྲིད་དུ་སོར་བཞི་པ། རྩེ་མོ་ཅན་གྱི་ཤིང་ལས་བྱུང་བ། གསོད་པའི་ལས་ལ་རབ་ཏུ་ཤིས་པ། མི་རུས་དང་དུར་ཁྲོད་ཀྱི་ སོལ་བ་དང་། ཐལ་ཆེན་ལན་ཚྭ་ཁ་བ་དང་། ཚ་བའི་རྫས་རྣམས་ཆུ་ལ་སྦངས་ལ། རབ་ཏུ་བསྒྲིམས་ལ་མངོན་སྤྱོད་ཀྱི་ལས་ལ་དབུལ་བར་བྱའོ། །ཡམ་ཤིང་གི་རིམ་པའོ། །བུད་ཤིང་གི་རིམ་པ་ལ། པ་ལ་ཤ་དང་ནྱ་གྲོ་དྷ་ལ་སོགས་པ་ལས་བྱའོ། །དེ་མེད་ན་འོ་མ་ཅན་གྱི་ཤིང་སྐམ་པོ་ལས་བྱས་ ལ་ལས་ཀྱི་རྗེས་སུ་མཐུན་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ཡི་དམ་ལྷའི་ཏིང་ངེ་འཛིན་རྫོགས་པ་དང་། ཀུ་ཤས་པྲོཀྵ་ཎཾ་བྱའོ། །ཨཉྩ་མཱ་ནཾ་ཨརྒྷ་བི་དྷི་དང་། མཆོད་པ་རྣམ་པ་ལྔ་དབུལ་བ་དང་། ནང་གི་ཕྱག་རྒྱའི་མཆོད་པ་བྱ། ཕྱག་བཙལ། དེ་ནས་ཀུ་ཤས་ཐམས་ཅད་ལ་པྲོ་ཀྵ་ཎཾ་བྱའོ། །དེ་ནས་ ལྕགས་ལ་སོགས་པའི་སྣོད་སར་པར་ཤིང་བརྩིགས་ལ། གཙུབས་པ་ལ་སོགས་པའི་མེ་བླངས་ལ། རླུང་ཡབ་ཀྱིས་གཡབས་ལ་མེ་སྦར་རོ། །དེ་ལ་སྦར་བའི་སྔགས་ནི། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ་ཅེས་སོ། །དེ་ནས་དུ་བ་མེད་ཅིང་ལེགས་པར་འབར་བ་དང་། ཐབ་ཁུང་གི་ཤིང་བརྩིགས་པ་ལ་བླུགས་ སོ། །མེ་སྦར་བའི་རིམ་པའོ། །དེ་ནས་ཀུ་ཤ་འབྲིང་གཉིས་ཤར་ཕྱོགས་སུ་ཁ་བསྟན་ལ་གཞག །ལྷོ་དང་ནུབ་དང་བྱང་དུ་ཡང་དེ་བཞིན་བསྟན། ཀུ་ཤ་དགྲམ་པའི་སྔགས། ཨོཾ་བཛྲ་སཏྭ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ་དགྲམ་པའི་རིམ་པའོ། །དེ་ནས་སློབ་དཔོན་ཡི་དམ་བསྒོམ་པ་དང་ལྡན་པས་ཐབ་ཀྱི་ ནང་དུ་སྣ་ཚོགས་པདྨ་འདབ་བརྒྱད་པ་ཅིག་བསམས་ལ། དེའི་དབུས་སུ་མངོན་པར་བྱང་ཆུབ་པ་ལྔ་དང་ལྡན་པས་ཀྱེའི་རྡོ་རྗེ་ཡབ་ཡུམ་བསྒོམ་མོ། །འདོད་ཆགས་ཆེན་པོ་སྐྱེས་པའི་སྟོབས་ཀྱིས་ཞུ་ནས་དངུལ་ཆུ་བཞིན་དུ་གནས་པ་ལས། དེ་ཉིད་ཡི་གེ་ཧཱུཾ་དང་ཛཾ་གཉིས་སུ་གྱུར། ཡི་གེ་གཉིས་ ཡོངས་སུ་གྱུར་པ་ལས་མེ་ལྷ་ཡབ་ཡུམ་དུ་བསྐྱེད་དེ། མེ་ལྷ་ཞལ་གསུམ་ཕྱག་དྲུག་པ་གསུས་པ་ལྡིར་བ་རལ་པའི་ཐོར་ཅོག་ཅན། མཆོད་ཕྱིར་ཐོགས་འཆང་བ། རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པའོ། །གཡས་ཀྱི་བར་མ་ནི་གུནྡྷེའོ། །ཐམ་མཆོད་སྦྱིན། གཡོན་བར་མ་ན་ཟེ་འབྲུ། ཐ་མ་ན་བགྲང་ཕྲེང་སྐུ་མདོག་ལས་ཀྱི་བྱེ་བྲག་དང་མཐུན་པའོ། །དེ་ལྟར་བསམས་པའི་ཐུགས་ཀར་སྣ་ཚོགས་པདྨ་དེའི་སྟེང་དུ་གྲུ་གསུམ་མེ། དེའི་སྟེང་དུ་བྷྲཱུཾ་བསམ། ཛཾ་བསམ། ལྕེ་ལ་རཾ་བསམ། མེ་ལྷ་དམ་ཚིག་སེམས་དཔའ་བསྒོམ་པའི་རིམ་པའོ། །དེ་ལ་ཡང་པྲོཀྵ་ཎཾ་ལ་སོགས་པ་གར་ཡན་ ཆད་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། སློབ་དཔོན་གར་དང་ལྡན་པས། ཛཿལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲང་ངོ་། །དེ་ནས་མདུན་གྱི་ནམ་མཁའ་ལས་ཀྱང་བཀུག་ལ་ཐབ་ཀྱི་ཁར་བཞག །དེ་ནས་པྲོཀྵ་ཎཾ་དང་ཨཉྩ་མཱ་ནཾ་ལ་སོགས་པ་ཕྱག་བྱ་བ་ཡན་ཆད་བྱ། དེ་ནས་ཡང་པྲོཀྵ་ཎཾ་ལ་ སོགས་པ་གསུམ་བྱའོ། །གར་དང་ལྡན་པས་ཞགས་པས་གཉིས་སུ་མེད་པར་བསྟིམ། ལྕགས་སྒྲོག་གིས་བཅིང་། དྲིལ་བུས་མཉེས་པར་བྱ། དེ་ནས་ཡང་པྲོཀྵཎཾ་ལ་སོགས་པ་གསུམ་བྱའོ། །དེ་ནས་གཟར་བུ་གཉིས་ཀྱི་ནང་དུ་ཡི་དམ་གྱི་ལྷའི་སྙིང་པོའི་ཡི་གེ་ཧཱུཾ་རེ་རེ་བསམ་མོ། །དེ་ནས་ གྲུ་མོ་གཉིས་སྤྲད་ལ། མར་གཟར་བུ་བདུན་དབུལ། ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ། ཨགྣ་ཡེ་སྭཱ་ཧཱ། པུརྞ་ཏི་ཏི་མནྟྲ། ཨོཾ་ཨགྣ་ཡེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། དེ་ནས་བླུགས་གཟར་གྱིས་དབུལ་བར་བྱ་སྟེ། དགང་གཟར་གཞག །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་དང་ཟན་གྱིའོ། །དེ་ནས། ཨོཾ་སརྦ་པཱ་པཾ་ད་ཧ་ན་ བཛྲཱ་ཡ་ཨ་མུ་ཀ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཆག་པ་མེད་པའི་འབྲས་ཀྱིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའི་སྔགས་སོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། འབྲས་ཀྱི་ལག་པན་གྱིའོ། །མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ཆན་གྱིའོ། །ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ། གྲོའི་འོ། །ཡམ་ཤིང་གི་ལ། ཨོཾ་བཛྲ་ཡཛྙཱ་ཡ་སྭཱ་ཧཱ། ཨུ་དུཾ་ཝཱ་རའི་འོ། །ཨོཾ་བོ་དྷི་པྲིཀྵཱ་ཡ་སྭཱ་ཧཱ། བྱང་ཆུབ་ཤིང་གིའོ། །ཨོཾ་བཛྲ་རྟ་ཏཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའི་འོ། །ཨོཾ་བཛྲ་ས་ཧ་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའི་འོ། །དེ་ནས་ ཡང་མར་དགང་གཟར་ཁེངས་པ་སྟོང་མན་ཆོད་དབུལ་ལོ། །དེ་ནས་ཡང་པྲོཀྵ་ཎཾ་ལ་སོགས་པ་བྱ། དེ་ཀུན་རྫོགས་པ་དང་། རྡོ་རྗེ་དཀུར་བརྟེན་དྲིལ་བུ་གསིལ་ལ། སྲིད་པ་རང་བཞིན་གྱིས་དག་པའི་ཚིགས་བཅད་བརྗོད་དོ། །དེ་ནས་མེ་ལྷ་ལ་བསྟོད་པ་བྱ། ཕྱག་བྱ། དེ་ནས་ལས་ཀྱི་བུམ་པའི་ ཆུས་ཐབ་ཁུང་དུ་ལན་གསུམ་ཀུ་ཤས་གཏོར་ལ་བསང་བར་བྱའོ། །དེ་ནས་མེ་ལྷའི་ཐུགས་ཀར་དཀྱིལ་འཁོར་གྱི་ལྷའི་འཁོར་ལོ་བསམས་ལ། མེ་ལྷའི་ཁ་ཧོམ་ཁུང་དུ་བསམས། དེ་ནས་ཡེ་ཤེས་སེམས་དཔའ་གར་དང་ལྡན་པར་ཛཿས་སྤྱན་དྲངས་མདུན་གྱི་ནམ་མཁའ་ལ་ བཞུགས་སུ་གསོལ། པྲོཀྵ་ཎཾ་ལ་སོགས་པ་ཀུན་རྫོགས་པ་དང་། ཡང་ཕྱག་རྒྱ་བཞིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དགྱེས་པ་བསྐྱེད་ནས་གཉིས་སུ་མེད་པར་བསྟིམས་ལ། དེ་ནས་ཡང་པྲོཀྵ་ཎཾ་ལ་སོགས་པ་ཕྱག་བྱ་བ་ཡན་ཆད་བྱའོ། །དེ་ནས་མར་གཟར་བུ་ཉི་ཤུ་རྩ་གཅིག་ མན་ཆད་དབུལ་ལོ། །དེ་ནས་ཞོ་ལ་སོགས་པའི་རྫས་ཀྱི་རིམ་པ་ལྷ་ལ་དབུལ་ལོ། །ཡང་མར་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་མན་ཆད་དབུལ་ལོ། །ཡང་པྲོཀྵ་ཎཾ་ལ་སོགས་པ་བྱ། རྡོ་རྗེ་དཀུར་བརྟེན་དྲིལ་བུ་གསིལ་ལ། སྲིད་པ་རང་བཞིན་གྱིས་དག་པའི། །ཚིགས་བཅད་བརྗོད། བསྟོད་པ་བྱ། དེ་ནས་གར་གྱི་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་བྱའོ། །ཨོཾ་བཛྲ་མུཿས་གཤེགས་སུ་གསོལ། བཟོད་པར་གསོལ། དེ་ནས་རྫས་ལྷག་མ་ཅི་ཡོད་པས་མེ་ལྷ་ལ་མཆོད་པ་དབུལ་ལོ། །ཨོཾ་བཛྲ་ཨགྣ་ཡེ་སྭཱ་ཧཱ། ཞེས་རྫས་ཀུན་ཟད་པར་བླུགས་གཟར་གྱིས་དབུལ་ལོ། །དེ་ནས་སློབ་མ་ཀུན་མེ་ཏོག་ལག་ཏུ་ ཐོགས་ལ་རྗེས་སུ་ཡི་རང་བ་བགྱི་སྟེ། སློབ་དཔོན་གྱིས་དགང་གཟར་མར་གྱིས་བཀང་བའི་ནང་དུ་སློབ་མ་ཀུན་གྱིས་མེ་ཏོག་བླུགས་ཏེ། སློབ་དཔོན་གྱིས་ཀྱང་བཛྲ་ཨགྣ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་འབུལ་ལོ། །སློབ་མས་ཀྱང་རྒྱས་པར་གྱུར་ཅིག་གམ། ཞི་བར་གྱུར་ཅིག་པའི་རྗེས་སུ་ཡི་རང་བ་བྱའོ། །ཞི་ བ་ཡིན་ན་རུ་རུ་སྥུ་རུའི་སྔགས་ཀྱིས་མར་ལ་སྦྱིན་སྲེག་བརྒྱ་རྩ་བརྒྱད་ལ་རྗེས་སུ་ཡི་རང་བར་བགྱིའོ། །རྗེས་དབུལ་བའི་རིམ་པ་ལ། པྲོཀྵ་ཎས་ནི་སྤྱིར་བསང་བར་བྱའོ། །ཨཉྩ་མཱ་ནས་ནི་མེ་ཏོག་མཐེབ་མཛུབ་གྱིས་བླངས་ལ། ཞལ་དང་ཐུགས་དང་ཕྱག་ཏུ་དབུལ་བར་བྱའོ། །ཨརྒྷ་ནི་དུང་ཕོར་ནས་སྐྱོར་ མོས་ལན་གསུམ་མདུན་དུ་དབུལ་ལོ། །པཱ་དྱཾ་ནི་དུང་ཕོར་ནས་མཐེབ་མཛུབ་གཉིས་ཀྱིས་མེ་ཏོག་བླངས་ལ། སྨད་དེ་ཐབ་ཀྱི་ཞབས་ལ་ཕོག་པར་བྱས་ལ་ལན་གསུམ་ཞལ་བསིལ་དབུལ་ལོ། །ལས་ཀྱི་བུམ་པ་ནི་བསང་བའོ། །སླ་བའི་རྫས་ནི་ཞལ་དུ་དབུལ་ལོ། །ཤིང་བུ་འོད་ལ་དབུལ། འབྲས་ ལ་སོགས་པ་རྣམས་ནི་ཕྱག་ཏུ་དབུལ། དྲི་སྙིང་གར་དབུལ། མེ་ཏོག་དབུ་ལ་དབུལ། བདུག་སྤོས་ཤངས་ལ་དབུལ། དྲི་ཆབ་ཞབས་ལ་དབུལ། ཨརྒྷ་དང་མར་མེ་མདུན་དུ་དབུལ། མེའི་དེ་ཁོ་ན་ཉིད་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །ལྷ་རྣམས་མཉེས་པར་བྱ་བ་དང་། སྔགས་རྣམས་ གཟི་བྱིན་སྐྱེ་བ་དང་། སྡིག་པ་རྣམས་ནི་བསྲེག་པའི་ཕྱིར། །བཟླས་པ་བས་ཀྱང་སྦྱིན་སྲེག་ཤིས། །རྣལ་འབྱོར་གྱི་དབང་ཕྱུག་དཔལ་གྱིས་ཞབས་ཀྱིས་བཤད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་སྟོ་ཏྲ། བོད་སྐད་དུ། དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་ པ། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དངོས་པོ་དངོས་མེད་གཉིས་ལས་བྱུང་། །རྨད་བྱུང་ཆེན་པོ་སྐུ་ཆེ་བ། །སྐུ་ལས་འདས་པ་བདེ་བ་ཆེ། །འགྲོ་བའི་མགོན་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་ཁྲོ་བ་ཆེ། །བདུད་ཀུན་རྣམ་པར་འཇོམས་མཛད་པ། །བདག་མེད་མ་ ཡི་ཡིད་འོང་ཞིང་། །ལྷ་མོའི་ཚོགས་ཀྱིས་རྣམ་པར་སད། །རྣམ་དག་དགའ་བ་སྐྱེད་མཛད་ཅིང་། །འཇིགས་ཆེན་འཇིགས་པར་མཛད་པ་པོ། །ཞལ་བརྒྱད་འཁོར་ནི་བརྒྱད་ལྡན་ཞིང་། །བརྒྱད་གཉིས་གྱུར་པའི་ཕྱག་དང་ལྡན། །རྣམ་པར་སྐྲག་བྱེད་མ་ལུས་ནད། །གསོལ་བར་མངོན་དུ་ ཕྱོགས་པའི་ཞལ། །ཧཱུཾ་ནི་སྤྲོ་དང་སྡུད་མཛད་པའི། །མི་བཟད་རྣམ་པར་འདྲེན་པ་པོ། །དུས་མཐའི་ཆུ་འཛིན་འབྲུག་སྒྲ་ཡིས། །ཉོན་མོངས་ཉེ་བར་འཇོམས་པ་པོ། །གློག་འགྱུ་ཐུགས་རྗེའི་རླན་གྱིས་བརླན། །དམ་ཆོས་ཆར་གྱི་རྒྱུན་འབེབས་མཛད། །མ་རིག་གཉིད་ཀྱིས་ནོན་པ་ཡི། །ཁམས་ གསུམ་པ་དག་རྣམ་སད་མཛད། །ཐར་པའི་ལམ་ནི་རབ་སྟོན་པའི། །འཇིག་རྟེན་རྣམས་ལ་སྣང་བ་སྩོལ། །ལོག་པར་ལྷུང་བའི་འགྲོ་ཀུན་ལ། །ཕྱག་མང་པོ་རྣམས་རབ་བརྐྱང་ཞིང་། །ལྷ་ཡི་སྤྱན་ནི་རབ་འཇུག་པས། །རྨོངས་པའི་རབ་རིབ་སེལ་བར་མཛད། །རབ་ཏུ་གསལ་བའི་གསང་ཆེན་ པོ། །དོན་ཀུན་སྐད་ཅིག་གིས་བསྒྲུབ་པ། །གསང་སྔགས་མི་ལས་རྣམ་པར་གྲོལ། །སེམས་ཅན་ཀུན་ལ་རྗེས་བརྩེ་བ། །རྡོ་རྗེ་སྙིང་པོ་བྱང་ཆུབ་པའི། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཆར་སྤྲིན་སྔོན་པོ་དང་འདྲ་བ། །དུར་ཁྲོད་གནས་སུ་གར་ཐབས་བཞུགས། །བདུད་བཞི་པོ་ཡི་ཁྲག་ ཆེན་གྱིས། །ལྷ་མོའི་ཞལ་དང་བཅས་པར་མྱོས། །ཟླ་ཚེས་རྩེ་འདྲའི་མཆེ་བ་མཆོག །མཛེས་པའི་དཀྱིལ་འཁོར་ལོངས་སྤྱོད་པ། །ཐོད་ཆེན་རྒྱུ་མ་ལས་བརྒྱུས་པའི། །ཕྲེང་བས་སྐུ་ནི་རྣམ་པར་བརྒྱན། །རོལ་པར་མཛད་པའི་བཞད་ཆེན་གྱིས། །འཇིགས་བྱེད་རྣམས་ནི་འབྱེར་ བར་མཛད། །ཡང་དག་དྲན་པས་འགྲོ་བའི་ཚོགས། །ཡིད་ལ་འདོད་པ་ཡོངས་རྫོགས་མཛད། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །མང་ཞིང་རྒྱ་ཆེའི་བསྟོད་མཆོག་གིས། །ངག་གི་དབང་ཕྱུག་ཆེན་པོས་བསྟོད། །སྒྲ་ཡི་ཡུལ་ལས་ངེས་འདས་ཤིང་། །རྟོག་པའི་དྲ་བ་རྣམ་པར་སྤངས། །གཏི་ མུག་ཆེན་པོ་ཡོངས་འཇོམས་ཤིང་། །སྐྱེས་བུ་ཆེན་པོའི་མཚན་རྣམས་དང་། །དཔེ་བྱད་ཡན་ལག་ཐམས་ཅད་ལྡན། །མཐོང་བས་དགའ་བ་འཕེལ་བར་མཛད། །མཆོག་ཏུ་གྲུབ་པའི་རྒྱུད་རྣམས་ནི། །ཡང་དག་ཚིམ་མཛད་ཟླ་འོད་བཟང་། །ཐོག་མ་བར་དང་མཐའ་མེད་པ། །དུས་གསུམ་རྫོགས་སངས་ རྒྱས་ཉི་མ། །ཉོན་མོངས་བུད་ཤིང་ངེས་བསྲེགས་པའི། །མེ་ཆེན་སྡིག་པ་ཕམ་མཛད་པའི། །ཉི་ཟླ་མེ་ཡི་འོད་ཟེར་གྱི། །ཞལ་རེ་ཞིང་ནི་སྤྱན་གསུམ་པ། །སྤྱན་ནི་ཉི་ཤུ་རྩ་བཞིའི་ཚོགས། །རྨོངས་པའི་དབྱེ་བ་རྣམ་གསུམ་འཇོམས། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཆགས་པ་ ཆེན་པོས་རབ་གྲོལ་མཛད། །རང་རིག་གྲུབ་པ་མཆོག་ལྡན་པའི། །བདེ་བའི་ཐབས་ནི་ཉེ་བར་སྟོན། །སྲིད་དང་མྱ་ངན་འདས་ལས་རྒལ། །སྲིད་དང་མྱ་ངན་འདས་ནང་བཞུགས། །ཕྱག་རྒྱ་ཆེན་པོའི་མཆུ་མྱང་ཞིང་། །ཕྱག་རྒྱ་ལྔས་ལེགས་རྒྱས་བཏབ་ལ། །ཤིན་ཏུ་འཁྱུད་པའི་ལོངས་སྤྱོད་ ཀྱིས། །རབ་བསྒྲུབ་དགའ་བས་རོལ་པར་མཛད། །རོ་ཡི་ཐལ་བས་ཡང་དག་བྱུགས། །རུས་པའི་རྒྱན་གྱིས་རྣམ་པར་བརྒྱན། །མཚན་མོའི་དུས་སུ་རོལ་པ་ཆེ། །དཔལ་ལྡན་ཧེ་རུ་ཀ་ལ་འདུད། །གང་ཞིག་གཙོ་བོ་སྤངས་ནས་ནི། །སྐད་ཅིག་ཙམ་ཡང་རོལ་མི་མཛད། །སྐལ་བཟང་ཡིད་ འོང་སྐལ་བ་བཟང་། །བདག་མེད་རྣལ་འབྱོར་མ་ལ་འདུད། །དབང་པོའི་ཕྱོགས་སུ་ཚངས་པ་ནི། །ཞབས་བརྡབས་གནོན་པས་ཡང་དག་ཞུགས། །ཡིད་འོང་སྐུ་མདོག་སྔོན་པོར་ལྡན། །གཽ་རཱི་ལ་ནི་སྤྱི་བོས་འདུད། །གཡས་ཀྱི་ཕྱོགས་སུ་དབང་པོ་ནི། །རྣམ་པར་ཉེད་པས་སྟེང་བཞུགས་ཤིང་། ། ཅང་ཏེའུ་སྒྲ་སྒྲོགས་ཡན་ལག་ཀུན། །བཙོད་མདོག་ཙཽ་རཱི་དེ་ལ་འདུད། །ནུབ་ཀྱི་ཕྱོགས་སུ་ཉེ་དབང་གིས། །སྟེང་དུ་གར་གྱིས་བཞུགས་མཛད་པ། །བཙོ་མོའི་གསེར་མདོག་རྣལ་འབྱོར་མ། །མཆོག་གྱུར་པེ་ཏཱ་ལཱི་ལ་འདུད། །བྱང་ཕྱོགས་དྲག་པོའི་སྟེང་བཞུགས་ཤིང་། །འཇིགས་པའི་སྦྲུལ་ནི་ཕྱག་ན་ བསྣམས། །རིན་ཆེན་མར་ཀཏ་མདོག་འདྲ་བའི། །དྲག་གསོལ་གྷསྨ་རཱི་ལ་འདུད། །དབང་ལྡན་ཕྱོགས་སུ་གཤིན་རྗེ་ཡི། །རྒྱལ་པོ་ཡང་དག་གནོན་པས་བཞུགས། །ཨིནྡྲ་ནཱི་ལ་འབར་འདྲ་བའི། །སྐལ་ལྡན་པུཀྐ་སཱི་ལ་འདུད། །མེ་ཡི་ཕྱོགས་སུ་གནོད་སྦྱིན་གྱི། །སྟེང་དུ་གར་གྱིས་བཞུགས་ མཛད་ཅིང་། །སྟོན་ཟླ་ལྟར་དཀར་དབང་ཕྱུག་མ། །མཆོག་གྱུར་ཤ་བ་རཱི་ལ་འདུད། །བདེན་བྲལ་ཕྱོགས་སུ་བདེན་བྲལ་ལྷ། །གནོན་ཅིང་ཕྱག་མཆོག་འཁོར་ལོས་མཚན། །སྤྲིན་མེད་ནམ་མཁའ་ལྟ་བུ་ཡི། །སྐུར་ལྡན་ཙཎྜ་ལཱི་ལ་འདུད། །རླུང་ཕྱོགས་ཐགས་བཟངས་རིས་སྟེང་དུ། །སྐྱིལ་ཀྲུང་ཕྱེད་ པའི་གར་གྱིས་བཞུགས། །ཡིད་འོང་སྣ་ཚོགས་སྐུ་མདོག་ལྡན། །ཌོམྦི་ནཱི་ལའང་གུས་པས་འདུད། །གང་ཞིག་མཆོག་ཏུ་ཟབ་འདི་ལ། །གང་དུ་བདག་གི་འདི་འདྲའི་ཚིག །གང་ཞིག་མགོན་མཆོག་རྒྱ་ཆེན་ལ། །གང་དུ་ཉུང་སྦྱར་འདི་ཡིས་བསྟོད། །འོན་ཀྱང་གང་ཕྱིར་བདག་གི་བུ། །གཞོན་ནུ་སོ་ཐར་ཞེས་ བྱ་བས། །གསོལ་བ་བཏབ་པ་དེ་ཡི་ཕྱིར། །འདི་འདྲའི་བསྟོད་པ་བྱས་པ་ཡིན། །མགོན་པོ་ལྷ་མོ་བརྒྱད་བཅས་ལ། །བདག་གིས་མདོར་བསྡུས་བསྟོད་པ་ཡིས། །དགེ་བ་གང་ཞིག་ཐོབ་གྱུར་པ། །དེ་ཡིས་བདག་ཀྱང་དེ་འདྲར་ཤོག །དཔལ་རྗེ་བཙུན་དགྱེས་པའི་རྡོ་རྗེ་ལ་བསྟོད་པ་རིག་པའི་གནས་ མ་ལུས་པ་ལ་མཁས་པ་གྲུབ་པའི་སློབ་དཔོན་ཁ་ཆེའི་ཡུལ་དུ་འཁྲུངས་པ་དཔལ་རིན་ཆེན་རྡོ་རྗེའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང་། ལོ་ཙཱ་བ་དགེ་སློང་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅༅། །རྒྱ་གར་སྐད་དུ། ནཻ་རཱཏྨ་ཡོ་གི་ནི་སཱ་དྷ་ནཾ། བོད་སྐད་དུ། བདག་མེད་རྣལ་འབྱོར་མའི་སྒྲུབ་ཐབས། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཌོམྦི་ཧེ་རུ་ཀའི་ཞལ་སྔ་ནས། ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་མ་རྒྱུད་ལས། །དེ་ཉིད་ཐམས་ཅད་ཡང་དག་བསྡུས་པ་ཡི། །ལྷ་མོའི་འཁོར་ལོ་ བསྒོམ་པ་གསུངས་པའོ། །ནམ་མཁར་རྗེ་བཙུན་བླ་མ་དང་། །མི་བསྐྱོད་པ་ཡི་སྐུ་ལྟ་བུའི། །མངའ་བདག་རྡོ་རྗེ་དབང་དམིགས་ཏེ། །བློ་དང་ལྡན་པས་ཕྱག་འཚལ་མཆོད། །སྙིང་གར་རང་གི་ས་བོན་བསམ། །མཆོད་པའི་སྤྲིན་ནི་རབ་ཏུ་དབུལ། །རྟག་ཏུ་ལྷ་མོ་བརྒྱད་ རྣམས་ཀྱིས། །བདུད་རྩི་ལྔ་ཡི་སྦྱོར་བ་ལས། །རྣལ་འབྱོར་མ་ལྔ་དཀར་མོ་སྩོགས། །བདུད་རྩི་ལྔ་ནི་འཛིན་པར་བརྗོད། །སྔོན་མོ་གཏུམ་མོ་ཌོམྦི་ནཱི། །རོ་དང་བཅས་ཏེ་འཁྱུད་པར་ལྡན། །རྟག་ཏུ་སྡིག་པ་བཤགས་པ་དང་། །བསོད་ནམས་ཉིད་ལ་རྗེས་ཡི་རང་། །དཀོན་མཆོག་གསུམ་ ལ་སྐྱབས་སུ་འགྲོ། །བྱང་ཆུབ་སེམས་ནི་རྣམ་པར་གཟུང་། །དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པ་སྙིང་རྗེ་རྣམ་པར་བསྒོམ། །གསུམ་པ་དགའ་བ་བསྒོམ་པར་བྱ། །ཀུན་གྱི་མཐའ་ནས་བཏང་སྙོམས་སོ། །དེ་རྗེས་རྒྱལ་བའི་སྔགས་བརྗོད་དེ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ ཨཱཏྨ་ཀོ྅ཧཾ། །རང་བཞིན་སྟོང་པ་ཉིད་དུ་རྣམ་བསྒོམས་སྔོན་གྱི་ནི། །རྣལ་འབྱོར་པས་ནི་སྨོན་ལམ་རྗེས་སུ་དྲན་པར་བྱ། །དང་པོར་རེ་ཕ་ལས་ནི་ཉི་མ་རྣམ་པར་བསྒོམ། །ཉི་མ་དེར་ནི་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་རྣམ་པར་བསྒོམ་བྱ་བ། །ར་བ་དང་ནི་གུར་ཡང་རབ་ཏུ་བཅིང་བར་ བྱ། །ཤེས་རབ་ཨེ་ཡི་གཟུགས་ཅན་མ། །བློ་ལྡན་ནམ་མཁའི་ཁམས་བསམ་བྱ། །དེར་ནི་ས་གཞི་གྲུ་བཞི་པ། །ལྗང་གུ་རྣམ་པར་བསྒོམ་པར་བྱ། །ས་ཡི་དཀྱིལ་འཁོར་ནང་གནས་པར། །ཆུ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །ཆུ་ཡི་དཀྱིལ་འཁོར་དབུས་གནས་པར། །མེ་ཡི་ དཀྱིལ་འཁོར་བསྒོམ་པར་བྱ། །དེ་ལ་རླུང་གི་དཀྱིལ་འཁོར་ལོ། །རླུང་གི་དཀྱིལ་འཁོར་ནང་གནས་པར། །བདག་ཀྱང་བསམ་པར་བྱ་བ་སྟེ། །ཨེ་ཝཾ་ཉིད་དུ་བདག་དང་ནི། །འདྲེས་པར་གྱུར་པ་འཁོར་ལོ་ཡིན། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན། །དྲ་བ་དྲ་ཕྱེད་ཡང་ དག་ལྡན། །རྡོ་རྗེ་ཐིག་གིས་རྣམ་པར་བརྒྱན། །འཁོར་ལོ་དེར་ནི་སྲོག་སོང་བ། །བཅོ་ལྔ་རྣམ་པར་བསྒོམ་པར་བྱ། །རྣལ་འབྱོར་མ་ཡི་ཕྱོགས་མཚམས་ལས། །གདན་ནི་བཅོ་ལྔ་ཉིད་དུ་བརྗོད། །གདན་གྱི་སྟེང་དུ་ཟླ་བ་ཡིན། །ཟླ་སྟེང་རྣམ་འབྱེད་བློ་ལྡན་པས། །དེ་དག་ནང་སོང་ས་བོན་ནི། ། རྩ་བའི་དབྱངས་ཡིག་ལ་སོགས་བསམ། །མེ་ལོང་མཉམ་ཉིད་ཡེ་ཤེས་དག །ཟླ་བ་ཉི་མ་རབ་ཏུ་གྲགས། །ཨཾ་ལས་བྱུང་བའི་གྲི་གུག་ནི། །སོ་སོར་རྟོག་པ་ཉིད་དུ་བརྗོད། །འདི་རྣམས་གཅིག་གྱུར་ནན་ཏན་ཏེ། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །རྣལ་འབྱོར་མ་ནི་རྣམས་ཀྱི་ལུས། ། ཡེ་ཤེས་ལྔ་ཡི་བདག་ཉིད་གྲགས། །ཉི་ཟླ་དག་དང་གྲི་གུག་གིས། །ཇི་ལྟར་ཆུ་ནི་འདྲེས་འགྱུར་བ། །ཡང་ནི་འདྲེས་པར་གྱུར་ནས་ཕྱིས། །བདག་མེད་རྣལ་འབྱོར་མ་བསྐྱེད་དེ། །ཁ་དོག་ནག་མོ་གྲགས་ཆེན་མོ། །ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །གཡས་ན་གྲི་གུག་འཇིགས་ཆེན་མ། །གཡོན་ པ་ཉིད་ནི་པདྨའི་སྣོད། །གཡས་མིན་པར་ནི་ཁ་ཊྭཱཾ་ག །སྟག་གི་པགས་པས་སྨད་དཀྲིས་སོ། །ཨ་ཨཱ་ཨི་ཨཱི་ཨུ། བདག་མེད་རྣལ་འབྱོར་མ་ལ་སོགས་པ་རྣམས་ཀྱི་བརྗོད་དོ། །ཨཱུ་རྀ་རཱྀ་ལྀ། པུཀྐ་སཱི་ལ་སོགས་པ་རྣམས་ཀྱིའོ། །ལཱྀ་ཨེ་ཨཻ་ཨོ། །ས་བོན་རྣམས་ནི་དཀར་མོ་ལ་སོགས་པ་ རྣམས་ཀྱི་བརྗོད་དོ། །ཨཽ་ཨཾ་ས་བོན་དག་ན་འོག་དང་སྟེང་གི་གནས་པ་དག་གིར་ཡང་བརྗོད་དོ། །སེམས་དང་ཕན་པ་རིན་ཆེན་བདག །ཚེ་དཔག་མེད་དང་དོན་གྲུབ་ཀྱིས། །བདག་མེད་ལ་སོགས་ཕྱག་རྒྱ་གདབ། །ཤེས་རབ་འཕར་མར་རྣམ་པར་གནས། །སེམས་དང་ཕན་པའི་རིན་ཆེན་བདག ། ཚེ་དཔག་མེད་པ་བདེ་གཤེགས་ཀྱིས། །མཚམས་ནས་པུཀྐ་སཱི་ལ་སོགས། །རིམ་པའི་རྗེས་ལ་ཕྱག་རྒྱས་གདབ། །རྣལ་འབྱོར་མ་ནི་བཞི་རྣམས་ཀྱིས། །རྟག་ཏུ་བསྒོམས་གནས་ཉིད་ལ་ནི། །ཞེ་སྡང་གཏི་མུག་སེར་སྣ་དང་། །འདོད་ཆགས་རྡོ་རྗེ་ཕྱག་རྒྱས་གདབ། །འོག་དང་སྟེང་དང་སྐུ་གསུང་ གི །ཕྱག་རྒྱས་བྱེད་པས་རྫོགས་པའོ། །ཕྱག་རྒྱས་གདབ་དང་རྟག་པ་འདིས། །དེ་ནས་ཕྱག་རྒྱ་ཉི་ཤུ་བརྗོད། །དབང་པོར་རྡོ་རྗེ་གཤིན་གཽ་རཱི། །ཆུ་བདག་ཆུ་ཡི་རྣལ་འབྱོར་མ། །ལུས་ངན་རྡོ་རྗེ་མཁའ་འགྲོ་མ། །དབུས་སུ་བདག་མེད་རྣལ་འབྱོར་མ། །དབང་ལྡན་དུ་ནི་པུཀྐ་སཱི། །དེ་བཞིན་ འཚེད་མེར་རི་ཁྲོད་མ། །བདེན་བྲལ་དུ་ནི་གཏུམ་མོ་སྟེ། །རླུང་དུ་ཌོམྦིར་བརྗོད་པའོ། །ཡང་ནི་ཤར་སྒོར་དཀར་མོ་སྟེ། །དེ་བཞིན་ལྷོར་ནི་ཆོམ་རྐུན་མ། །ནུབ་ཀྱི་སྒོ་ལ་རོ་ལངས་མ། །དེ་བཞིན་བྱང་དུ་གྷསྨ་རཱི། །འོག་ཏུ་ས་སྤྱོད་མར་བཤད་དེ། །སྟེང་དུ་མཁའ་སྤྱོད་མར་བརྗོད་དོ། །ཇི་ལྟར་ བདག་མེད་རྣལ་འབྱོར་མ། །ཐམས་ཅད་དམ་པར་དགའ་བའོ། །སྙིང་གར་རང་གི་ས་བོན་བསམ། །འོད་ཟེར་ཕྱུང་སྟེ་དེ་ནས་ནི། །སངས་རྒྱས་རྣམས་ནི་སྤྱན་དྲངས་ཏེ། །ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱ། །ཕྱི་ནས་གསོལ་བ་གདབ་པ་ནི། །བཅོམ་ལྡན་བདག་ཉིད་ཆེན་པོ་ རྣམས། །བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བདག་ལ་དབང་བསྐུར་ལ་སོགས་གསོལ། །བུམ་པ་བདུད་རྩི་ལྔས་གང་བ། །མཁས་པས་སངས་རྒྱས་ཀྱིས་དབང་བསྐུར། །སངས་རྒྱས་ཀུན་གྱིས་བསྐུར་ནས་ནི། །དབུ་རྒྱན་ལ་ནི་ཐུགས་བདག་ཡིན། །དང་པོར་ནག་པོ་བསྒོམ་པར་བྱ། ། གཉིས་པ་དམར་པོ་བསྒོམ་པར་བྱ། །གསུམ་པ་ལ་ནི་སེར་པོར་བསྒོམ། །དེ་བཞིན་བཞི་པར་ལྗང་གུ་སྟེ། །ལྔ་པ་ཁ་དོག་སྔོན་པོ་ཉིད། །དྲུག་པ་དཀར་པོའི་ཚུལ་ཅན་དེ། །ཡན་ལག་དྲུག་སྒོམ་རྣལ་འབྱོར་པས། །ཕྱི་ནས་ཁ་དོག་རྣམ་པར་སྤངས། །གཟུགས་ཕུང་ལ་ནི་རྡོ་རྗེ་མ། །ཚོར་བ་ ལ་ནི་དཀར་མོར་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་རང་བཞིན་གྱིས། །བདག་མེད་རྣལ་འབྱོར་མ་རྣམས་སོ། །དཀྱིལ་འཁོར་བདག་མོ་འཇིགས་གཟུགས་གནས། །འཇིགས་པ་དང་ནི་འཇིགས་པ་མཛད། །ས་ནི་པུཀྐ་སཱི་རུ་ བཤད། །དེ་བཞིན་ཆུ་ཁམས་རི་ཁྲོད་མ། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །གཟུགས་ལ་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རཱི་རབ་བརྗོད། །རེག་བྱ་ས་སྤྱོད་མར་བཤད་དེ། །ཆོས་ཀྱི་ དབྱིངས་ལ་མཁའ་སྤྱོད་མ། །རྟག་ཏུ་འདི་དག་རྣམ་དག་པས། །དེ་ཉིད་རྣལ་འབྱོར་པ་ཡིས་འགྲུབ། །མིག་དག་གཏི་མུག་རྡོ་རྗེ་ཡིན། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་མར་བཤད་དེ། །ཁལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །གོ་ ཆ་འདི་རྣམས་ཆེས་དག་པས། །དབང་པོ་རྣམས་ཀྱི་རྣམ་པར་སྦྱོར། །སྐྱེས་པའི་ཐོད་པའི་ཕྲེང་བས་བསྐོར། །གྲི་གུག་ལྟ་ནི་གཅོད་པ་སྟེ། །ཐོད་པ་ཉོན་མོངས་མགོ་བོ་ཡི། །ཕྲེང་བའི་སྟེང་དུ་གནས་པའོ། །བླ་མ་སློབ་དཔོན་འདོད་ལྷ་ལ། །ཕྱག་འཚལ་དོན་དུ་འཁོར་ལོ་གཟུང་། །བླ་མ་ རྡོ་རྗེ་འཛིན་པ་ལ། །སྨོད་ཚིག་མི་མཉན་པ་ཡི་ཕྱིར། །ཉན་པ་དག་ཏུ་རྣ་ཆ་འཛིན། །སྔགས་ཟློས་ཕྱིར་ནི་མགུལ་དོ་སྟེ། །ལག་གདུབ་སྲོག་ཆགས་གསོད་པ་སྤངས། །ཕྱག་རྒྱ་བསྟེན་ཕྱིར་སྐ་རགས་ཏེ། །སངས་རྒྱས་ལྔ་ཡི་ཕྱག་རྒྱ་ཡིས། །རྟག་ཏུ་ལུས་ལ་གདབ་པར་བྱ། །སྔགས་ནི། ཨོཾ་ཨ་ཨཱ་ ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཱཾ་སྭཱ་ཧཱ། ཕྱག་རྒྱའི་རྣམ་དག་བཤད་བྱ་བ། །འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །འོད་དཔག་མེད་པ་རྣ་ཆའི་བདག །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་པ་ལ་ནི་རྣམ་སྣང་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །འདི་རྣམས་དག་ལ་ ཕྱག་རྒྱ་ལྔ། །སྐྱོན་ནི་ཡོངས་འཇོམས་འཛིན་པ་ནི། །རྣལ་འབྱོར་མས་ནི་རབ་ཏུ་བཟུང་། །ནང་གི་རྣལ་འབྱོར་བཤད་པར་བྱ། །མོ་གཟུགས་འཇིག་རྟེན་དབང་དུ་བྱེད། །ཁྲོ་བོའི་གཟུགས་ཀྱིས་སྲེག་པར་བྱེད། །ཨཱ་ལི་ཀཱ་ལི་སྙོམས་ཞུགས་པས། །ཕྱི་རོལ་གྱི་ནི་གཉིས་གཉིས་བཀབ། །གྲོང་ཁྱེར་ དཀྲུག་པའི་སྔགས་ནི། །ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ། འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་ནི། །ཨོཾ་ཨཱ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱཱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། རྣལ་འབྱོར་མ་ནི་བདག་མེད་མའི། །སྡོམ་པའི་དབྱེ་བ་བཤད་པར་བྱ། །ལྟེ་བར་ཕྱག་རྒྱ་ཆེན་པོ་གནས། །རྟག་ ཏུ་བདེ་བ་ཆེན་པོ་འཛག །རྣོ་ཕྱིར་མེ་ཡི་གཟུགས་སུ་ནི། །དེ་ཡང་མ་མོ་རྣམས་ཀྱིས་བརྟགས། །དང་པོར་དབྱངས་ཡིག་རང་བཞིན་ཏེ། །གློར་ནི་སངས་རྒྱས་རྣམས་ཀྱིས་བརྟགས། །འཇིག་རྟེན་གསུམ་དུ་ཁྱབ་གནས་ཀྱང་། །སོ་སོའི་སྐྱེ་བོས་མི་ཤེས་སོ། །བདག་མེད་ལུས་ཀྱི་ནང་ན་གནས། ། གཞོམ་མེད་པ་ནི་ཁ་འོག་ཏུ། །རྒྱུན་མི་འཆད་པར་བྱང་ཆུབ་སེམས། །སྦྱོར་བས་རྟག་པར་འཛིན་པ་ཉིད། །དེ་ཕྱིར་ལུས་ལ་རྩ་གསུམ་གནས། །རྐྱང་མ་རོ་མ་ཀུན་འདར་མ། །སྐུ་གསུང་ཐུགས་ཀྱི་གཟུགས་ཀྱི་ནི། །ལས་ཀྱི་ཕྱག་རྒྱ་ཉིད་དུ་བཅས། །རྐྱང་མ་ཤེས་རབ་རང་བཞིན་དང་། །རོ་མ་ ཐབས་ཀྱི་ཡན་ལག་གནས། །ཨ་བ་དྷཱུ་ཏཱི་དབུས་གནས་སུ། །གཟུང་དང་འཛིན་པ་སྤངས་པ་སྟེ། །བདེ་ཆེན་བྱེད་པའི་གཟུགས་ཅན་མ། །མི་བསྐྱོད་འབབ་པ་རྐྱང་མ་སྟེ། །རོ་མ་ཁྲག་ནི་འབབ་པའོ། །ཀུན་འདར་མགོན་པོ་དཔག་མེད་ཀྱི། །རྟག་ཏུ་གནས་ཀྱི་དངོས་པོ་མ། །ལས་ཀྱི་ཕྱག་ རྒྱ་བདེ་བ་ཅན། །རང་གི་ལུས་ལ་རྩ་རྣམ་གསུམ། །རྡོ་རྗེ་རིན་ཆེན་ཆུ་སྐྱེས་ཀྱིས། །སྐུ་གསུང་ཐུགས་ནི་འཛག་པ་སྟེ། །གཅིག་པའི་དུས་ནི་རྡོ་རྗེ་ཡི། །རིན་ཆེན་འཛིན་པས་དཔྱིད་ཉིད་དོ། །དཔག་མེད་མགོན་གྱི་མངོན་རྫོགས་པའི། །སངས་རྒྱས་རང་བཞིན་བརྗོད་པ་སྟེ། ། མཚན་མོའང་ཉིན་པར་དག་ཏུ་ཡང་། །རྟག་ཏུ་ཡེ་ཤེས་སྐྱེ་བ་ཉིད། །ལྷན་ཅིག་སྐྱེས་པ་མཆོག་དགའ་བ། །ཕ་ཡི་བདེ་བ་བཟང་པོ་འབབ། །དཔེར་ན་གང་ཡང་མཚན་མོའི་ཁྱིམ་ནང་དུ། །ཟས་ཟ་ལུས་ཀྱིས་ཡོངས་སུ་བྱེད་འདོད་པ། །སྦར་བ་མར་མེ་ཡིས་ནི་མུན་རུམ་ལྟས། །དེ་བཞིན་གཏི་མུག་ མུན་པས་བདེ་བ་ཡིན། །འདི་ལྟར་ཤེས་བྱ་སྲིད་པའི་མཚོ་དུག་ཆུ། །འདོད་ཆགས་ལ་སོགས་སྣ་འཐུང་ཁྱབ། །བཀྲེས་པས་གདུངས་པ་རླབས་དང་འཁྲིལ་ཤིང་རྣམ་འཁྲིལ་མྱ་ངམ་གཅིག་པུ་འགྲམ་ཆེན་པོ། །གང་ཕྱིར་བྱང་ཆུབ་བློ་ལྡན་སྐྱེ་བོ་སྐད་ཅིག་ཀྱང་ནི་རང་དོན་གཅིག་གཉེར་བ། །གཏི་མུག་ ཞགས་པའི་གོས་ནི་སྤངས་ནས་ཕ་རོལ་མི་འགྲོ་བདག་གིས་ངོ་མཚར་ཆེ། །བློ་བཟངས་དང་པོ་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་དང་ཕན་པའི་ཕྱག་རྒྱ་དང་། །སྔགས་ནི་རྣམ་དག་གུག་སྐྱེད་གོ་ཆ་ཐམས་ཅད་ངེས་པར་དྲན་པ་བྲལ་མི་བྱ། །ཕྱི་ནས་བློ་བཟངས་རངས་ཤིང་སྐད་ཅིག་རྒྱུན་དུ་དེ་ཉིད་ གཅིག་གིས་སེམས་དང་ལྡན། །རྫོགས་པའི་རིམ་པ་བསྒོམ་པ་སྲིད་པ་ལས་བྱུང་ལྷན་ཅིག་སྐྱེས་པ་རྟག་ཏུ་བསམ། །ར་དྷ་ལོངས་སྤྱོད་ཚོང་འདུས་སྣ་ཚོགས་སྦྲང་ལྡན་ཀང་ཁའི་ཁབ་ཅེས་བྱ་མིང་དུ། །སྟག་ཞོན་སྣ་ཚོགས་སྦྲུལ་མགོ་གདེངས་པས་བརྒྱན་ཅིང་གང་ཞིག་བཟོད་ལྡན་སྤྱོད་པ་ གང་། །དེ་ནས་གཞན་ཕན་འདོད་ཕྱིར་འཇིག་རྟེན་དོན་དུ་གང་བཤད་སྒྲུབ་ཐབས་དབང་པོ་འདི། །གསང་བའི་ཤེས་རབ་ཡན་ལག་འདུ་བ་བདག་གིས་གང་བཤད་རྒྱལ་སྲས་བཟོད་པར་མཛོད། །བདུད་རྩི་འོད་ཀྱི་སྒྲུབ་པའི་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་ དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ནཻ་ར་ཨཱཏྨ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། བདག་མེད་མ་ཞེས་བྱ་བའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་བདག་མེད་མ་ལ་ཕྱག་འཚལ་ལོ། །འཁོར་བ་བུད་མེད་གདུལ་ གཟིགས་ནས། །བདག་མེད་རྣལ་འབྱོར་མར་བསྒྱུར་གང་། །ཐུབ་པས་ཕ་རོལ་ཕྱིན་ཕྱག་འཚལ། །སྒྱུ་མའི་ཕྱག་རྒྱ་ཕྱག་འཚལ་འདུད། །རྣལ་འབྱོར་དང་པོ་སློབ་དུས་ན། །ངེས་པའི་གནས་བཟང་བརྟག་བྱས་ཏེ། །གར་གནས་སྔགས་པས་སྒྲུབ་པ་ཡི། །སེམས་ནི་གཅིག་པུ་མཉམ་གཞག་ པའི། །རི་དང་ཚང་ཚིང་བྱ་སྐྱིབས་ནི། །མེ་ཏོག་འབྲས་བུ་སོགས་བརྒྱན་པའི། །རྡོ་རྗེ་སྐྱིལ་ཀྲུང་བཅས་བྱས་ལ། །སྙིང་གར་པཾ་ལས་པདྨ་སྟེ། །དེ་སྟེང་རཾ་ལས་ཉི་དཀྱིལ་འཁོར། །དེར་ནི་གསལ་བར་ཨ་བསམས་ཏེ། །དེ་ལས་འོད་ཟེར་རབ་འཕྲོས་པས། །རྡོ་རྗེ་ལས་བྱུང་ཐུགས་རྗེ་ཆེ། ། ནམ་མཁར་རྗེ་བཙུན་དམིགས་བྱས་ལ། །རྒྱན་རྣམས་ཐམས་ཅད་འཛིན་པ་ཡི། །ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱ། །གཽ་རཱི་རི་བོང་ཅན་འཛིན་ཅིང་། །ཆོམ་རྐུན་མ་ནི་ཉི་མའི་སྣོད། །རོ་ལངས་མ་ནི་ལག་ན་ཆུ། །ཟ་ཕོད་མ་ནི་སྨན་འཛིན་ཅིང་། །པུཀྐ་སཱི་ལག་རྡོ་རྗེ་སྟེ། །དེ་བཞིན་རི་ཁྲོད་ མ་རོ་འཛིན། །གཏུམ་མོ་ཅང་ཏེའུ་བརྡུང་བྱས་ཏེ། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །འདོད་ཆགས་ཆེན་པོའི་རྗེས་ཆགས་པས། །གཡུང་མོས་ཕྲག་ནས་འཁྱུད་པ་ཉིད། །བླ་མས་སངས་རྒྱས་རབ་ཏུ་མཆོད། །བླ་མ་རྡོ་རྗེ་མཆོད་ནས་ནི། །བདུན་པོ་ཡོངས་སུ་དག་པ་བྱ། །སྡིག་པ་བྱས་པ་ བཤགས་པ་དང་། །བྱེད་པ་ཡང་ནི་སྡོམ་པ་དང་། །བསོད་ནམས་དག་ལ་རྗེས་ཡི་རང་། །དེ་ནས་ཡོངས་སུ་བསྔོ་བར་གྱིས། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །བྱང་ཆུབ་མཆོག་སེམས་བསྐྱེད་པ་དང་། །ལམ་ལ་གནས་ཤིང་བདག་ཀྱང་ནི། །གཞན་གྱི་དོན་དུ་འབུལ་བ་དང་། ། གནང་ནོད་ཡང་ནི་ཚངས་པ་ཡི། །གནས་བཞིས་སེམས་ནི་དབུགས་ཕྱུང་སྟེ། །དང་པོ་བྱམས་པ་བསྒོམ་པར་བྱ། །གཉིས་པ་སྙིང་རྗེའི་བྱེ་བྲག་བསྒོམ། །གསུམ་པ་དགའ་བ་བསྒོམ་པར་བྱ། །ཐམས་ཅད་ཐ་མ་བཏང་སྙོམས་སོ། །ཕྱིས་ནི་བྱང་ཆུབ་སེམས་བརྟན་བྱ། །དེ་ནས་བསྲུང་ བའི་དམ་ཚིག་གོ། །དད་པོ་བདེན་བརྫུན་རྣམ་དཔྱད་ནས། །རྟོག་པ་བྱ་ན་བསྒོམ་མི་ནུས། །བསྐྱེད་པ་མེད་པར་རབ་སྦྱོར་བས། །བསྐྱེད་པ་འདི་ནི་རབ་བཤད་དོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །སྟོང་པར་རབ་བསྐྱེད་ཧཱུཾ་སྔོན་ལས། །སྣ་ཚོགས་རྡོ་རྗེའི་བསམ་གཏན་བྱ། ། འགྲོ་བའི་བདུད་རྣམས་སེལ་བྱེད་པ། །ཧཱུཾ་ལས་གསལ་བར་སྤྲོ་བར་བྱ། །ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཞེས་བརྗོད་དོ། །འདི་ལས་རྡོ་རྗེས་བསྐོར་བའི་གུར། །བླ་རེ་ཡང་ནི་བསྒོམ་པར་བྱ། །ནམ་མཁའི་ཁམས་སུ་བྷ་ག་བསམ། །དེ་ཡི་དབུས་སུ་བསྒོམ་པ་ནི། །ཡཾ་བྱུང་རླུང་གི་ དཀྱིལ་འཁོར་ཏེ། །སྔོན་པོ་གཞུ་བདུངས་བ་དན་མཚན། །རཾ་བྱུང་མེ་ཡི་དཀྱིལ་འཁོར་ནི། །རྡོ་རྗེའི་ཕྲེང་བསྐོར་གྲུ་གསུམ་དམར། །བཾ་ལས་བྱུང་བའི་དཀྱིལ་འཁོར་ཟླུམ། །དཀར་པོ་བུམ་པས་བསྐོར་བ་མཚན། །ལཾ་བྱུང་དཀྱིལ་འཁོར་གྲུ་བཞི་སྟེ། །སེར་པོ་རྡོ་རྗེའི་ཕྲེང་བས་བསྐོར། །བྷྲཱུཾ་ལས་འཁོར་ ལོའི་སྟེང་དུ་བདག །སྲིད་པ་བར་མ་བསམ་བྱས་ནས། །ཨེ་ཝཾ་ཉིད་དུ་རབ་ཏུ་འདྲེས། །འདྲེས་གྱུར་དེ་ལས་བྱུང་བ་ནི། །སངས་རྒྱས་ཕོ་བྲང་ཐུན་མོང་ཡིན། །ངོས་བཞི་པ་དང་སྒོ་བཞི་དང་། །རྟ་བབས་བཞི་ཡིས་བརྒྱན་བྱས་ཏེ། །དྲ་བ་དྲ་ཕྱེད་ཡང་དག་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། ། ཆོས་འབྱུང་ལས་སྐྱེས་འཁོར་ལོ་ནི། །ཁ་སྦྱོར་གཉིས་དང་སྐྱོན་མེད་པར། །ཟེ་འབྲུ་ལ་ནི་གཅིག་ཉིད་དེ། །གྲུ་གསུམ་ལས་ནི་གཞན་དུ་བརྗོད། །དེ་ཡི་དབུས་སུ་རོ་བསམས་ལ། །བཅོ་ལྔའི་གདན་ནི་བདག་ཉིད་དོ། །དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཏེ། །ཕྱིས་ནི་ཉི་མས་མནན་ པས་སོ། །གཉིས་སུ་འདུས་པའི་བདེ་ཆེན་པོ། །ཨཱ་ལི་ཟླ་བའི་གཟུགས་སུ་གནས། །ཀཱ་ལི་ཉི་མའི་གཟུགས་གནས་ཏེ། །ཟླ་བ་ཉི་མ་གཉིས་འདུས་ལས། །གཽ་རཱི་ལ་སོགས་ས་བོན་ནི། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ། ཨཱ་ལི་དང་པོ་བདག་མེད་མ། །ཨཱ་ལི་ གཉིས་པ་རྡོ་རྗེ་སྟེ། །ཨཱ་ལི་གསུམ་པ་གཽ་རཱི་སྟེ། །བཞི་པ་ཆུ་ཡི་རྣལ་འབྱོར་མ། །ལྔ་པ་རྡོ་རྗེ་མཁའ་འགྲོ་མ། །དྲུག་པ་པུཀྐ་སཱི་ཞེས་བརྗོད། །རི་ཁྲོད་མ་ནི་བདུན་པ་སྟེ། །གཏུམ་མོ་བརྒྱད་པར་ཤེས་པར་བྱ། །དགུ་པ་དང་ནི་གཡུང་མོ་ཉིད། །ཡང་ནི་གཽ་རཱི་ལྔ་གཉིས་པ། །ཆོམ་རྐུན་མ་ ནི་བཅུ་གཅིག་སྟེ། །བཅུ་གཉིས་རོ་ལངས་མ་ཞེས་བྱ། །བཅུ་གསུམ་པ་ནི་ཟ་ཕོད་མ། །བཅུ་བཞི་ས་སྤྱོད་མ་ཞེས་བྱ། །བཅོ་ལྔ་པ་ནི་མཁའ་སྤྱོད་མ། །རྣལ་འབྱོར་མ་རྣམས་ས་བོན་ནོ། །ཟླ་བ་མེ་ལོང་ཡེ་ཤེས་ལྡན། །མཉམ་ཉིད་ལྡན་པ་རྟ་བདུན་པ། །རང་ལྷའི་ས་བོན་ཕྱག་ མཚན་ནི། །སོ་སོར་རྟོག་པ་ཡིན་ཞེས་བརྗོད། །ཐམས་ཅད་གཅིག་གྱུར་ནན་ཏན་ཏེ། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །འདི་དག་ཐམས་ཅད་རྫོགས་པ་ནི། །ཤེས་རབ་ཐབས་ཀྱི་རང་བཞིན་ཏེ། །ཟླ་བ་ཉི་མ་རབ་ཕྱེ་བས། །ཨཱ་ལི་ཤེས་རབ་ཀཱ་ལི་ཐབས། །གཽ་རཱི་ལ་སོགས་འདི་ ལས་བྱུང་། །དང་པོ་ནང་གི་ཁ་སྦྱར་བ། །ངེས་པར་རྣལ་འབྱོར་མ་ལྔ་གནས། །དབང་པོ་རྡོ་རྗེ་གཤིན་གཽ་རཱི། །ཆུ་བདག་ཆུ་ཡི་རྣལ་འབྱོར་མ། །ལུས་ངན་རྡོ་རྗེ་མཁའ་འགྲོ་མ། །དབུས་སུ་བདག་མེད་རྣལ་འབྱོར་མའོ། །ཕྱི་རོལ་གྱི་ནི་ཁ་སྦྱོར་ལ། །དབང་ལྡན་དུ་ནི་པུཀྐ་སཱི། །བྱིན་ཟའི་གྲྭར་ནི་ རི་ཁྲོད་མ། །བདེན་བྲལ་དུ་ནི་གཏུམ་མོ་སྟེ། །རླུང་གི་མཚམས་སུ་གཡུང་མོ་ཉིད། །འདི་དག་མཚམས་ཀྱི་རྣལ་འབྱོར་མ། །ཤར་གྱི་ཕྱོགས་སུ་གཽ་རཱི་སྟེ། །ལྷོ་དང་ནུབ་དང་བྱང་དུ་ནི། །ཆོམ་རྐུན་རོ་ལངས་ཟ་ཕོད་མའོ། །འདི་དག་ཕྱོགས་ཀྱི་རྣལ་འབྱོར་མའོ། །སྟེང་ཞལ་མ་དང་འོག་ ཞལ་མ། །ལྷ་མོ་ས་སྤྱོད་མཁའ་སྤྱོད་མའོ། །ཁ་དོག་ནག་མོ་དྲག་ཆེན་མོ། །འཁོར་ལོ་བདག་པོ་བདག་མེད་མ། །ཞལ་གཅིག་མ་ལ་སྤྱན་གསུམ་དམར། །ཕྱག་གཉིས་སྐྲ་སེར་གྱེན་དུ་འགྲེང་། །གཡོན་པ་ཐོད་པ་ཁ་ཊྭཱཾ་ག །གཡས་པའི་ཕྱག་གིས་གྲི་གུག་འཛིན། །འཁོར་ལོ་རྣ་ཆ་མགུར་ ཆུ་དང་། །ལག་གདུབ་དང་ནི་སྐ་རགས་འཛིན། །སྐྱིལ་ཀྲུང་ཕྱེད་པས་རོ་མནན་ནས། །སྟག་གི་པགས་པས་སྨད་དཀྲིས་ཤིང་། །བདག་མེད་རྣལ་འབྱོར་ཇི་བཞིན་དུ། །འདི་དག་ཐམས་ཅད་མཚུངས་པར་བཤད། །རང་སྙིང་པད་སྙིང་ས་བོན་བསམ། །ཡེ་ཤེས་སྙིང་གར་ཡེ་ཤེས་བསྒོམ། །དགུག་ པར་བྱས་ཏེ་ཡང་དག་མཆོད། །ཡེ་ཤེས་འཁོར་ལོ་བསྒོམ་པར་བྱ། །མིག་ལ་སོགས་པར་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །གཏི་མུག་རྡོ་རྗེ་མིག་གཉིས་ལ། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་མ་ཞེས་བརྗོད། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །རེག་ལ་ ཕྲག་དོག་རྡོ་རྗེ་མ། །ཡིད་ལ་རྣལ་འབྱོར་བདག་མེད་མ། །སྐུ་གསུང་དེ་བཞིན་ཐུགས་ཀྱི་ནི། །ཨོཾ་དང་ཨཱཿཧཱུཾ་སྔགས་འདི་ལས། །མཁའ་སྤྱོད་མ་དང་ས་སྤྱོད་མ། །ས་འོག་གནས་པའི་བསམ་གཏན་བྱ། །སྣ་ཚོགས་གཟུགས་སུ་ཡང་དག་བརྗོད། །འདི་ལྟར་རྣམ་པར་སྣང་མཛད་ སོགས། །སྙིང་གའི་ས་བོན་འོད་ཟེར་ནི། །ལྕགས་ཀྱུའི་རྣམ་པས་བདེ་གཤེགས་བཀུག །ལྷ་མོ་བརྒྱད་ཀྱིས་མཆོད་བྱས་ན། །དབང་བསྐུར་བ་ནི་བླང་བའོ། །བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བདག་ལ་དབང་བསྐུར་ལ་སོགས་གསོལ། །དེ་ནས་ཧེ་རུ་ ཀ་ཡི་གཟུགས། །དེ་ནས་བདག་ལ་དབང་བསྐུར་བསམ། །སེམས་དང་རྟག་པ་རིན་ཆེན་བདག །སྣང་བ་མཐའ་ཡས་དོན་གྲུབ་རྣམས། །བདག་མེད་ཤར་གྱི་རྡོ་རྗེ་སོགས། །རྣལ་འབྱོར་མ་ལྔས་རྒྱ་ཡིས་གདབ། །སེམས་དང་རྟག་པ་རིན་ཆེན་བདག །སྣང་མཐའ་མཚམས་ཀྱི་རྣལ་ འབྱོར་མ། །ཞེ་སྡང་གཏི་མུག་ང་རྒྱལ་ཆེ། །འདོད་ཆགས་རྡོ་རྗེ་ཕྱོགས་གནས་མ། །རྒྱས་གདབ་སྐུ་དང་གསུང་ཉིད་ཀྱིས། །མཁའ་སྤྱོད་མ་དང་ས་སྤྱོད་མ། །དང་པོ་ནག་པོ་བསྒོམ་པར་བྱ། །གཉིས་པ་དམར་པོ་བསྒོམ་པ་སྟེ། །གསུམ་པ་སེར་པོ་བསྒོམ་པའོ། །དེ་བཞིན་བཞི་པ་ ལྗང་གུའོ། །ལྔ་པ་ཁ་དོག་སྔོན་པོའོ། །དྲུག་པ་དཀར་པོར་རྣམ་པར་བསྒོམ། །རྣལ་འབྱོར་ཡན་ལག་དྲུག་བསྒོམ་བྱ། །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་པས། །བསྲེག་པས་ཧཾ་ལས་རི་བོང་འཛག །བསམ་ གཏན་གྱིས་དུབ་རྣལ་འབྱོར་གང་། །དེ་ནི་དག་པ་རྗེས་དྲན་བྱ། །གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་གསང་བ་གཽ་རཱི་སྟེ། །དེ་བཞིན་ཆུ་ལྷ་འདུ་ཤེས་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོ་གཟུགས་སུ་ནི། །བདག་མེད་རྡོ་རྗེ་མ་གནས་སོ། །ས་ཁམས་པུཀྐ་སཱི་རུ་བརྗོད། ། ཆུ་ཁམས་རི་ཁྲོད་མ་རུ་བརྗོད། །དྲོད་ནི་གཏུམ་མོ་རབ་ཏུ་བརྗོད། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །གཟུགས་ལ་གཽ་རཱི་རབ་ཏུ་གྲགས། །སྒྲ་ལ་ཆོམ་རྐུན་རབ་ཏུ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་དེ་བཞིན་ཟ་ཕོད་མ། །རེག་བྱ་ལ་ནི་ས་སྤྱོད་དེ། །ཆོས་ཀྱི་ཁམས་ལ་མཁའ་སྤྱོད་ མ། །ཞེ་སྡང་རྡོ་རྗེ་མར་བཤད་དོ། །འདོད་ཆགས་ཆུ་ཡི་རྣལ་འབྱོར་མ། །ཕྲག་དོག་རྡོ་རྗེ་མཁའ་འགྲོ་སྟེ། །སེར་སྣ་གསང་བའི་གཽ་རཱི་མ། །དེ་བཞིན་གཏི་མུག་རྡོ་རྗེ་སྟེ། །ཡིད་ལ་རྡོ་རྗེ་མཁའ་འགྲོ་མ། །ཞེ་སྡང་ལ་སོགས་དག་པའོ། །སྐྱེས་པའི་བདུད་ནི་མགོ་བོ་འཛིན། །གྲི་གུག་ ལྷ་ནི་གཅོད་པའོ། །ཐོད་པ་ཉོན་མོངས་མགོ་བོ་ཡི། །ཕུང་པོའི་བདུད་ནི་རོར་བརྗོད་དོ། །མི་བསྐྱོད་པ་ནི་འཁོར་ལོའི་གཟུགས། །སྣང་བ་མཐའ་ཡས་རྣ་ཆའི་བདག །མགུར་ཆུ་ལ་ནི་རིན་ཆེན་བདག །ལག་གདུབ་ལ་ནི་རྟག་པར་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །ཕྱག་རྒྱ་ལྔ་ནི་ རྣམ་པར་དག །བསམ་གཏན་གྱིས་དུབ་གསང་སྔགས་བཟླས། །ཨཱ་ལི་མཐའ་ཡི་ཨ་སྤངས་པ། །ཨོཾ་ཡིག་ཧཱུཾ་ཕཊ་དང་ལྡན་པའི། །སྭཱ་ཧཱ་མཐར་གཞག་གསང་སྔགས་སོ། །ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཧཱུཾ་ཕཊ་སྭཱ་ཧཱ། འདོད་པའི་དོན་ཀུན་སྒྲུབ་པ་དང་། ། བགེགས་ནི་ཟད་ཅིང་ཞི་བའི་ཕྱིར། །འོག་ནས་བཤད་པའི་ཆོ་ག་ཡིས། །མི་གཡོ་བས་ནི་གཏོར་མ་སྦྱིན། །རླུང་མེ་ཐོད་པ་ལ་གནས་པ། །འབར་བས་བསྲོ་བ་ལ་སོགས་པས། །ཤ་ཆེན་བདུད་རྩི་ལྔ་བསྒྲུབ་པོ། །ཡི་གེ་གསུམ་གྱིས་བྱིན་བརླབས་པའི། །ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ། བྷཱུ་ཏ། བཧྣི། བ་ཨུ། རཀྑ། ཙནྡ། སཱུཛྫ། མཱ་ད། པཔྤ། ཏ་ལ་པ་ཏཱ་ལཱ། ཨཥྚཱ། སཔྤ་སྭཱ་ཧཱ། ཨི་དཾ། བ་ལིཾ། བྷུཉྫ། ཛིཾ་གྷ། ཕུལླ། དྷཱུཔྤ། པུཥྤ། མཱཾ་ས། པིང་གྷ། ཨམྦ། སརྦྦ། ཀཛྫ། སཱ་དྷ། ཁནྟི། ཁུ་ཎི། ཕེ་ཌ། ག་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། མཁས་པ་ཆེན་པོ་དཔལ་མི་ཐུབ་ཟླ་བས་མཛད་པའི་བདག་མེད་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ནཻ་རཱཏྨ་དེ་བི་པཉྩ་ད་ཤ་སྟོ་ཏྲ། བོད་སྐད་དུ། བདག་ མེད་མ་ལྷ་མོ་བཅོ་ལྔ་ལ་བསྟོད་པ། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །མོས་པ་སྣ་ཚོགས་གདུལ་དཀའ་འདུལ་བའི་ཕྱིར། །ཆོས་དབྱིངས་མི་བསྐྱོད་འགག་པ་མེད་པ་ལས། །ཐབས་ཀྱིས་སྤྲུལ་པ་སྣ་ཚོགས་སྟོན་མཛད་པ། །ཡེ་ཤེས་ཐུགས་རྗེ་ཅན་ལ་ཕྱག་ འཚལ་ལོ། །འཁོར་ལོ་བཞི་ཡི་བདག་ཉིད་ཨ་ལས་སྐྱེས། །བདུད་བཞི་ཟིལ་གྱིས་གནོན་པ་འཇིགས་པའི་སྐུ། །མི་བསྐྱོད་དབུ་བརྒྱན་བདེ་བ་ཆེན་པོའི་ངང་། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨཱ་ལས་སྐྱེས་པའི་མཛེས་མ་རྡོ་རྗེ་མ། །རྟག་ཏུ་དགྱེས་པས་ཁ་ཊྭཱཾ་ ག་ལ་གཟིགས། །གདུག་པ་རྣམ་སྐྲག་རྣམ་སྣང་ཅོད་པན་ཐོགས། །དུར་ཁྲོད་རྒྱན་དང་ལྡན་ལ་ཕྱག་འཚལ་ལོ། །ཨི་ལས་བྱུང་བའི་གསང་བའི་གཽ་རཱི་མ། །གཟི་བརྗིད་མི་མཚུངས་གར་ལྡན་རོ་མཆོག་མྱང་། །དོན་དམ་ཐུགས་ཆུད་དབུ་རྒྱན་རིན་ཆེན་ཏོག །སྤྱན་གསུམ་ཐོད་ རློན་ཅན་ལ་ཕྱག་འཚལ་ལོ། །ཨཱ་ལི་ཀཱ་ལིའི་སྙོམས་འཇུག་རྣལ་འབྱོར་མ། །བདེ་ལ་རྟག་དགྱེས་བྱང་ཆུབ་སེམས་ཀྱི་ངང་། །འོད་དཔག་མེད་ཀྱིས་དབུ་བརྒྱན་ཨཱི་ལས་སྐྱེས། །གར་གྱིས་དགྱེས་པ་དེ་ལ་ཕྱག་འཚལ་ལོ། །ཨུ་ལས་བྱུང་བའི་རྡོ་རྗེ་མཁའ་འགྲོ་མ། །ཁམས་གསུམ་དག་ བྱེད་སྒྲོལ་མ་ལས་ཀྱི་མཆོག །དོན་གྲུབ་དབུ་བརྒྱན་ཆགས་པའི་སྤྱན་དང་ལྡན། །མཚུངས་མེད་ཆགས་པར་ལྡན་ལ་ཕྱག་འཚལ་ལོ། །སྐྱེ་མེད་ཆོས་དབྱིངས་རྣམ་དག་པུཀྐ་སཱི། །མི་བསྐྱོད་དབུ་བརྒྱན་དྲི་མ་དག་མཛད་ཅིང་། །ཨུ་ལས་སྐྱེས་པ་བརྒྱ་ཕྱེད་ཕྲེང་བ་འཛིན། །འཇིག་རྟེན་ཞི་མཛད་ དེ་ལ་ཕྱག་འཚལ་ལོ། །དུས་གསུམ་འདུས་མ་བྱས་པའི་རི་ཁྲོད་མ། །སྤྲོས་བྲལ་དྲི་མེད་རྣམ་སྣང་དབུ་ལ་བཞུགས། །རྀ་ལས་འཁྲུངས་པ་གར་གྱིས་ཕྱོགས་བཅུར་གཟིགས། །ཆུ་ཟླ་དང་མཚུངས་ཁྱོད་ལ་ཕྱག་འཚལ་ལོ། །གནས་དང་ཉེ་གནས་ལ་སོགས་བགྲོད་མཛད་ཅིང་། །འདུ་བྱེད་ མ་ལུས་སྲེག་མཛད་ཙཎྜ་ལཱི། །རིན་ཆེན་དབུ་བརྒྱན་བརྗིད་པས་རཱྀ་ལས་སྐྱེས། །འཛག་པ་གསལ་མཛད་མ་ལ་ཕྱག་འཚལ་ལོ། །མི་གནས་མྱ་ངན་འདས་པའི་བདག་ཉིད་ལས། །ཐུགས་རྗེ་སྐྱེད་མཛད་གཡོ་བའི་ཌོམྦི་ནཱི། །སྒེག་མོ་སྣང་མཐས་དབུ་བརྒྱན་ལྀ་ལས་བྱུང་། །མཁའ་ ལྟར་དྲི་མེད་སྐུ་ལ་ཕྱག་འཚལ་ལོ། །ཤིན་ཏུ་གྲག་པའི་བརྡ་ཡི་སྐད་སྦྱོར་ཞིང་། །རུ་དྷི་ར་དང་ཨནྟྲ་ལ་རྟག་དགྱེས། །ཞེ་སྡང་རྡོ་རྗེས་དབུ་བརྒྱན་ལཱྀ་ལས་སྐྱེས། །གཽ་རཱི་ཕྱོགས་བཅུར་གཟིགས་ལ་ཕྱག་འཚལ་ལོ། །ཆོས་ཉིད་གསལ་བའི་ཡུམ་གྱུར་ཆོམ་རྐུན་མ། །མི་རྟོག་མཉམ་ ཉིད་འགྲོ་བའི་དོན་ལ་བརྩོན། །དབུ་རྒྱན་གཏི་མུག་རྡོ་རྗེ་མི་འགྱུར་རྟགས། །ཨེ་ལས་བསྐྱེད་པ་དེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་མ་ལུས་ཆགས་ལས་དབང་དུ་མཛད། །དཔལ་ལྡན་གཟི་བརྗིད་སྐྱེད་མཛད་བེ་ཏཱ་ལཱི། །ང་རྒྱལ་རྡོ་རྗེས་དབུ་བརྒྱན་ཨཻ་ལས་སྐྱེས། །སྙོམས་འཇུག་མི་གནས་ ངང་ལ་ཕྱག་འཚལ་ལོ། །ཤེས་རབ་ཐབས་སུ་ལྡན་པའི་གྷསྨ་རཱི། །དེ་ཉིད་ལས་སྐྱེས་འདོད་ཆགས་རྡོ་རྗེས་བརྒྱན། །ཨོ་ལས་བྱུང་བ་དྲག་པོ་ལས་ལས་སྐྱེས། །སྐྱེ་མེད་སྐྱེ་བར་བསྟན་ལ་ཕྱག་འཚལ་ལོ། །སྒྱུ་མ་སྨིག་རྒྱུ་བཞིན་དུ་མཁའ་ལ་སྤྱོད། །བར་སྣང་མངའ་མཛད་ཧེ་རུ་ཀ་ཡི་ ངང་། །ཅོད་པན་སྣང་བ་མཐའ་ཡས་ཨཽ་ལས་སྐྱེས། །ཐམས་ཅད་མཁྱེན་ཅིང་གཟིགས་ལ་ཕྱག་འཚལ་ལོ། །རྣམ་སྣང་མཛད་ཀྱིས་དབུ་བརྒྱན་ས་འོག་སྤྱོད། །འོག་གི་འཇིག་རྟེན་མ་ལུས་སྒྲོལ་མཛད་མ། །ཨཾ་ལས་བྱུང་བའི་དུར་ཁྲོད་འཇིགས་པས་བརྒྱན། །ཐབས་མཁས་ཐུགས་རྗེ་ཅན་ ལ་ཕྱག་འཚལ་ལོ། །ཨཱ་ལི་ཀཱ་ལི་ཟླ་བ་ཉི་མ་ཁ་སྦྱོར་ས་འོག་རྣམ་པར་དག་པ་ལས། །གྲི་གུག་ཐོད་པ་ལ་སོགས་ཕྱག་རྒྱ་ལྔ་ཡིས་བརྒྱན་པ་མཛེས་མཛད་ཅིང་། །སྐྱིལ་ཀྲུང་ཕྱེད་པའི་གར་ལྡན་གཅེར་བུ་སྤྱན་གསུམ་སྟག་ལྤགས་ཤམ་ཐབས་ཅན། །ཕྱག་རྒྱ་ཆེན་པོའི་སྐུ་ལ་རྩ་གསུམ་སྤྲུལ་ མཛད་དེ་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་ཆེན་པོ་ལས་བྱུང་སྐུ་ལྔ་ཡེ་ཤེས་ལྔར་ལྡན་འཇིགས་པའི་གཟུགས་ཅན་མ། །བདག་ཉིད་དད་པའི་མཐུ་ཡིས་རྒྱུ་ཡི་ཡོན་ཏན་ཤས་ཙམ་མཐོང་ནས་དད་པའི་དབྱངས་ཀྱིས་བསྟོད་པ་ཡིས། །ཁམས་གསུམ་འཁོར་བའི་རྒྱ་མཚོར་ གནས་པའི་རྣམ་རྟོག་རླུང་གིས་རྒྱ་མཚོ་ཕྱོགས་བཅུར་གཡེང་བ་རྣམས། །སྐྱེ་རྒ་ན་འཆི་སྤངས་ནས་འཁོར་བའི་རྒྱ་མཚོ་ལས་བརྒལ་བླ་མེད་བྱང་ཆུབ་ཐོབ་པར་ཤོག །སློབ་དཔོན་མི་ཐུབ་ཟླ་བས་མཛད་པའོ།། ༄༅༅། །རྒྱ་གར་སྐད་དུ། ནཻ་རཱཏྨ་པྲཱ་ཀཱ་ས། བོད་སྐད་དུ། བདག་མེད་མའི་རབ་ཏུ་གསལ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀུན་དུ་རྟོག་པ་ཡོངས་སྤངས་ཆོས་སྐུར་གང་བརྗོད་པ། །དཔེ་མེད་བདེ་བ་ཙམ་མཛེས་ལོངས་སྤྱོད་རྫོགས་པའི་སྐུ། །ས་ཡི་ཕན་པའི་རྒྱུར་གྱུར་གང་གི་སྤྲུལ་པའི་སྐུ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ ཁྱོད་དེས་དགེ་བར་ཤོག །གཅིག་ཏུ་གསལ་ལ་རྒྱས་པ་ཡིས། །མི་རྟོག་ཉུང་ལ་རྒྱས་པ་དག །ཇི་ལྟར་བློ་བཞིན་ལུང་ཇི་བཞིན། །བདག་མེད་མ་ཡི་སྒྲུབ་ཐབས་བཤད། །རྣལ་འབྱོར་པས་ཡང་དུར་ཁྲོད་ལ་སོགས་པ་ཡིད་དུ་འོང་བའི་གནས་སུ་བདུད་རྩི་ལ་སོགས་པའི་དམ་ཚིག་བསྟེན་ ནས་བདེ་བའི་སྟན་ལ་ཉེ་བར་འདུག་སྟེ། ཞེན་པ་མེད་ཅིང་དོགས་པ་དང་བྲལ་བས་སེམས་ཅན་གྱི་དོན་དུ་བློ་བསྐྱེད་དེ་བདག་མེད་མའི་ང་རྒྱལ་བསྐྱེད་པར་བྱའོ། །སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་སྔོན་པོ་བསྒོམས་ཏེ། དེ་ནས་དེའི་གསལ་བའི་འོད་ཟེར་རྣམས་ཀྱིས་ཁམས་གསུམ་ སྣང་བར་བྱས་ནས་འོག་མིན་གྱི་གནས་ན་བཞུགས་པ་རྣམས་བཀུག་སྟེ། རྣལ་འབྱོར་མ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་ཕྱག་བཅུ་དྲུག་པ་ཞལ་བརྒྱད་པ། ཐོད་པའི་ཕྲེང་བས་རྣམ་པར་སྤྲས་པའི་ཐོད་ཅན་ཞབས་བཞི་ཡིས་བདུད་བཞི་མཉམ་པར་མནན་པ་ཁ་དོག་སྔོན་པོ། གཡས་པའི་ཕྱག་ གི་ཚོགས་རྣམས་ཀྱིས་བསྣམས་པའི་ཐོད་པ་རྣམས་སུ་གནས་པ་ནི་གླང་པོ་ཆེ་དང་། རྟ་དང་། བོང་བུ་དང་། གླང་དང་། རྔ་མོ་དང་། སྐྱེས་པ་དང་། སེང་གེ་དང་། བྱི་ལ་རྣམས་སོ། །ཅིག་ཤོས་ཀྱི་ཕྱག་གི་ཚོགས་རྣམས་སུ་སོན་པའི་པདྨའི་སྣོད་རྣམས་སུ་གནས་པ་ནི། །འཛིན་པ་དང་། ཆུ་དང་། སྐུལ་བྱེད་དང་། འབར་བ་དང་། མཚན་མོའི་མགོ་དང་། ཉི་མ་དང་། གཤིན་རྗེ་དང་། གནོད་སྦྱིན་རྣམས་སོ། །ཞལ་གྱི་གཙོ་བོ་ནི་ནག་པོའོ། །གཡས་པའི་ཞལ་ནི་ཟླ་བ་དང་། ཀུན་ད་ལྟ་བུའོ། །གཡོན་པའི་ཞལ་ཤིན་ཏུ་དམར་བའོ། །སྟེང་གི་ཞལ་དུབ་ལྟ་བུ་ཤིན་ཏུ་གཙིགས་པའོ། །ཞལ་གཞན་ མཐའ་དག་ནི་ཤིན་ཏུ་གནག་པའོ། །བརྒྱ་ཕྱེད་ཀྱི་ཐོད་པའི་ཕྲེང་བས་བརྒྱན་པའོ། །བདག་མེད་མས་མགུལ་ནས་འཁྱུད་པ། ནམ་མཁའི་དཀྱིལ་ན་བཞུགས་པ་མདུན་དུ་བསྒོམ་པར་བྱའོ། །དེའི་རྗེས་སུ་ཕྱི་དང་། གསང་བ་དང་། དེ་ཁོ་ན་ཉིད་རྣམས་ཀྱིས་མཆོད་པ་ལྷ་མོ་བརྒྱད་པོ་རྣམས་ཀྱིས་ མཆོད་པར་བྱའོ། །འདི་ལ་ཡང་ཐབས་དང་ཤེས་རབ་དག་གིས་དེའི་བདག་ཉིད་རྟོགས་པར་བྱ་བའི་ཕྱིར་པི་ཙུ་བཛྲའི་མཆོད་པའོ། །དེ་ནས་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། སྡིག་པ་སླན་ཆད་སྡོམ་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་ བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བདག་ཉིད་ཀྱི་དངོས་པོ་དབུལ་བ་དང་། གསོལ་བ་གདབ་པ་བྱས་ཏེ། ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དངོས་པོ་མཐའ་དག་གི་དེ་ཁོ་ན་ཉིད་ཀྱི་དངོས་པོ་བསྡུས་པ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ ཨཱཏྨ་ཀོ྅ཧཾ། སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་རང་བཞིན་གྱི་བདག་ཉིད་ལ་ཆོས་ཐམས་ཅད་ཅེས་བྱ་བའི་སྔགས་ཀྱི་དོན་བསྒོམས་པས་རབ་ཏུ་མི་གནས་པའི་ངོ་བོར་གནས་སོ། །དེ་ནས་སྨོན་ལམ་གྱིས་དྲན་པས་ལངས་ཏེ། རཾ་ལས་མདུན་དུ་ཉི་མའི་དཀྱིལ་འཁོར་བལྟའོ། །དེ་ལ་ཡི་གེ་ཧཱུཾ་ལས་སྣ་ ཚོགས་རྡོ་རྗེ་བསམ་མོ། །དེ་ནས་དེའི་སྣ་ཚོགས་རྡོ་རྗེའི་འོད་ཟེར་གྱི་རྡུལ་ཕྲ་རབ་ཀྱི་ཚོགས་འཕྲོས་པ་དེས་རྡོ་རྗེ་ར་བ་དང་དྲ་བ་བཅིང་ངོ་། །འོག་ཏུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། འོབས་བསམ་པར་བྱའོ། །ཉི་མ་དང་སྣ་ཚོགས་རྡོ་རྗེ་དག་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་བས་དེ་ལྟར་དེ་དག་ཐམས་ ཅད་བརྟན་པར་བྱའོ། །དེའི་རྗེས་སུ་ནམ་མཁའི་དབྱིངས་ཆོས་འབྱུང་གི་རྣམ་པ་ནང་ཁོང་སྟོང་ཤིན་ཏུ་དཀར་པོ་སྟེང་ཡངས་པའི་ཤེས་རབ་བལྟ་བར་བྱའོ། །དེ་ནས་དེའི་སྟེང་དུ་ཁ་དོག་སྣ་ཚོགས་པའི་པདྨ་འདབ་མ་བརྒྱད་པ་བསྒོམ་པར་བྱའོ། །དེ་ནས་དེའི་སྟེང་དུ་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་ འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་བསམ་པར་བྱའོ། །སྣ་ཚོགས་རྡོ་རྗེའི་དབུས་སུ་ཡང་རླུང་དང་། མེ་དང་། ཆུ་དང་། ས་རྣམས་ནི་དུ་བ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུ་རྣམས། གཞུ་དང་། ཟུར་གསུམ་པ་དང་། ཟླུམ་པོ་དང་། གྲུ་བཞི་རྣམས། ཡཾ་རཾ་བཾ་ལཾ་རྣམས་ཡོངས་སུ་གྱུར་པ་ལས་སྟེང་ནས་སྟེང་དུ་བལྟའོ། །དེ་དག་ཐམས་ཅད་ཡེ་ཤེས་ཙམ་དུ་བཏགས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས། གྲུ་བཞི་པ། སྒོ་བཞི་པ། རྟ་བབས་བཞི་པ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ། དྲ་བ་དང་དྲ་བ་ཕྱེད་པས་བརྒྱན་པའི་གཞལ་ཡས་ ཁང་བལྟ་བར་བྱའོ། །དེ་ནས་རྡོ་རྗེ་ར་བའི་ནང་རོལ་དུ་དུར་ཁྲོད་བརྒྱད་བསམ་པར་བྱའོ། །ཤར་ཕྱོགས་སུ་དབང་པོ་དང་། ཨ་རུ་རའི་ཤིང་དང་། གླང་པོ་ཆེའི་གདོང་ཅན་སེར་པོའོ། །ལྷོ་ཕྱོགས་སུ་གཤིན་རྗེ་དང་། ཙུ་ཏའི་ཤིང་དང་། མ་ཧེའི་གདོང་ཅན་ཁ་དོག་དཀར་པོའོ། །ནུབ་ཕྱོགས་སུ་ཨ་ ཤོ་ཀའི་ཤིང་དང་། ཆུ་ལྷ་ཁ་དོག་དམར་བ་དང་། སེང་གེའི་གདོང་ཅན་ནོ། །བྱང་ཕྱོགས་སུ་བྱང་ཆུབ་ཀྱི་ཤིང་དང་། ལུས་ངན་སེར་པོ་དང་། །མིའི་གདོང་ཅན་ནོ། །མེའི་མཚམས་སུ་ཤིང་ཀ་རཉྫ་དང་། མེ་ལྷ་དཀར་པོ་རའི་གདོང་པ་ཅན་ནོ། །བདེན་བྲལ་དུལ་ད་ཛ་བ་ཌུའི་ཤིང་དང་། མིའི་གདོང་ ཅན་དང་། བདེན་བྲལ་དཀར་པོའོ། །རླུང་གི་མཚམས་སུ་ཀ་ཀུ་པའི་ཤིང་དང་། རླུང་ལྷ་དང་། རི་དགས་ཀྱི་གདོང་ཅན་སེར་པོའོ། །དབང་ལྡན་གྱི་མཚམས་སུ་འབྱུང་པོ་དང་། ཁྱུ་མཆོག་གི་གདོང་ཅན་ནོ། །ནྱ་གྲོ་དྷ་སྣ་ཚོགས་པ་བསྒོམ་མོ། །འདི་དག་ཐམས་ཅད་ལག་པ་ གཡོན་པར་ཐོད་པ་འཛིན་པ། ཕྱག་གཡས་པར་རང་རང་གི་མཚོན་ཆ་སྣ་ཚོགས་འཛིན་པའོ། །ལུས་ཀྱི་སྟོད་བསྟན་པའོ། །དེ་བཞིན་དུ་ཤར་ཕྱོགས་ལ་སོགས་པ་ཚོགས་བརྒྱད་དུ་གོ་རིམས་ཇི་ལྟ་བ་བཞིན་དུ། མཐའ་ཡས་དང་། པདྨ་དང་། ནོར་རྒྱས་དང་། པདྨ་ཆེན་པོ་དང་། འཇོག་པོ་ དང་། དུང་སྐྱོང་དང་། ཀརྐོ་ཊ་དང་། རིགས་ལྡན་རྣམས་སོ། །སྤྲིན་བརྒྱད་ནི། སེར་པོ་དང་། སྐྱ་བོ་དང་། དཀར་པོ་དང་། སྐྱ་སེར་དང་། དམར་པོ་དང་། སེར་པོ་དང་། ལྗང་གུ་དང་། ཁ་དོག་སྣ་ཚོགས་པ་རྣམས་སོ། །དེ་ལྟར་ཕྱོགས་སྐྱོང་བརྒྱད་ཀྱི་ཁ་དོག་ནི་གྲགས་པར་ཟད་དོ། །མཆོད་རྟེན་ བརྒྱད་ཀྱི་ཁ་དོག་ཀྱང་རྟོགས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོའི་ནང་དུ་པདྨ་འདབ་མ་བརྒྱད་པ་དམར་པོ་བསམས་ཏེ། པདྨའི་ནང་ཤར་ཕྱོགས་ལ་སོགས་པའི་འདབ་མ་བཞི་དང་། དེ་བཞིན་དུ་གཞལ་ཡས་ཁང་གི་ཟུར་བཞི་དང་། སྒོ་བཞི་དང་། སྟེང་དང་འོག་རྣམས་སུ་རོ་བཅོ་ལྔ་དང་ ལྡན་པར་བལྟ་བར་བྱའོ། །དེའི་རྗེས་སུ་རོ་མནན་པའི་ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པ་ལས། ཟླ་བ་དང་ཉི་མའི་ནང་དུ་སོན་པའི་ཨ་ལ་སོགས་པའི་དབྱངས་བཅོ་ལྔ་བསྒོམ་པར་བྱའོ། །དེ་ནས་ཨ་ལ་སོགས་པའི་ཡི་གེ་ཡོངས་སུ་གྱུར་པ་ལས་ཐམས་ཅད་ལས་ས་བོན་དང་བཅས་པའི་གྲི་གུག་གོ། །དེ་ནས་ ཟླ་བ་དང་། ཉི་མ་དང་། གྲི་གུག་ཡོངས་སུ་གྱུར་པ་ལས་བདག་མེད་མ་ལ་སོགས་པ་རྣལ་འབྱོར་མ་བཅོ་ལྔ་བསྒོམ་པར་བྱའོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པ་ནི་ཟླ་བའོ། །མཉམ་པ་ཉིད་དང་ལྡན་པ་ནི་ཉི་མའོ། །དེ་དག་གི་ནང་དུ་སོན་པ་ནི་སོ་སོར་རྟོག་པའོ། །ཐམས་ཅད་གཅིག་པ་ནི་བྱ་བ་ནན་ ཏན་ནོ། །གཟུགས་བརྙན་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའོ། །དེ་ལ་ལྟེ་བའི་ནང་དུ་དབྱངས་ཀྱི་ཡི་གེ་ཨ་ལས་བྱུང་བའི་མི་བསྐྱོད་པས་རྒྱས་བཏབ་པ། ཞེ་སྡང་དང་། རྣམ་པར་ཤེས་པའི་ཕུང་པོའི་བདག་ཉིད་ཐབས་དང་ཤེས་རབ་ཀྱི་ངོ་བོའི་གཟུགས་ཁ་ཊྭཱཾ་གས་གཟུགས་ འཁྱུད་པའོ། །ཤར་ལ་སོགས་པའི་འདབ་མ་རྣམས་ལ། ཨ་ཨི་ཨཱི་ཨཱུའི་དབྱངས་ལས་བྱུང་བ། གཏི་མུག་དང་། ཕྲ་མ་དང་། འདོད་ཆགས་དང་། ཕྲག་དོག་གི་རང་བཞིན། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་ཀྱིས་རྒྱས་བཏབ་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོའི་བདག་ཉིད། རྡོ་རྗེ་མ་དང་། གཽ་རཱི་མ་དང་། ཆུ་མ་དང་། རྡོ་རྗེ་མཁའ་འགྲོ་མ་རྣམས་བསྒོམ་པར་བྱའོ། །དེ་ནས་ཕྱི་རོལ་གྱི་རིམ་པ་ལ་དབང་པོ་ལ་སོགས་པའི་མཚམས་རྣམས་སུ་ཨཱུ་རྀ་རཱྀ་ལྀ་དབྱངས་ལ་སོགས་པའི་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་པས་རྒྱས་བཏབ་པ། ས་དང་། ཆུ་དང་། མེ་དང་། རླུང་རྣམས་ཀྱི་རང་བཞིན། པུཀྐ་སཱི་དང་། ཤ་བ་རཱི་དང་། ཙཎྜ་ལཱི་དང་། ཌོམྦི་མ་རྣམས་བསྒོམ་པར་བྱའོ། །དེ་ནས་ཤར་ཕྱོགས་ལ་སོགས་པའི་སྒོ་རྣམས་སུ། ལཱྀ་ཨེ་ཨཻ་ཨོའི་དབྱངས་ ལས་བྱུང་བ་པུཀྐ་སཱི་ལ་སོགས་པའི་རང་བཞིན་དུ་རྒྱས་བཏབ་པ། གཟུགས་དང་། སྒྲ་དང་། དྲི་དང་། རོ་རྣམས་ཀྱི་རང་བཞིན། གཽ་རཱི་དང་། ཙཽ་རཱི་དང་། བེ་ཏཱ་ལཱི་དང་། གྷསྨ་རཱི་རྣམས་བསྒོམ་པར་བྱའོ། །དེའི་རྗེས་སུ་སྟེང་དང་འོག་ཏུ་གཏི་མུག་དང་འདོད་ཆགས་ཀྱིས་རྒྱས་བཏབ་པ། ཨཽ་ཨཾ་ལས་བྱུང་བ། རེག་བྱ་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་རང་བཞིན་ས་སྤྱོད་དང་། མཁའ་སྤྱོད་དག་བསྒོམ་པར་བྱའོ། །འདིར་ཡང་ལྷ་མོ་རྣམས་བསྐྱེད་པའི་རྗེས་སུ་རང་གི་རིགས་དང་བཅས་པའི་དབང་བསྐུར་ཏེ། རང་གི་རིགས་ཀྱིས་རྒྱས་བཏབ་པར་རྟོགས་པར་ བྱའོ། །དེ་དག་ནི་རྣལ་འབྱོར་མ་བཅོ་ལྔའོ། །ལོ་བཅུ་དྲུག་པའི་ཚུལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་དབྱེར་མེད་པའི་མིག་སྨན་ནག་པོའི་མདོག་ལྟ་བུ་སྟེ། བྱང་ཆུབ་སེམས་ཀྱི་རང་བཞིན་སྐྲ་འབར་བ་གྱེན་དུ་བརྫེས་པ། སྤྱི་བོར་རྡོ་རྗེ་སེམས་དཔའི་རང་བཞིན་ཐོད་པ་དུམ་བུ་སོར་བཞི་པ་འཛིན་པ། མགོ་ལ་ཡང་སངས་རྒྱས་ལྔའི་རང་བཞིན་ཐོད་པ་སྐམ་པོ་ལྔ་འཛིན་པའོ། །སྤྱན་ཟླུམ་པོ་དམར་པོ་གསུམ་པ་ཞལ་མཆེ་བ་གཙིགས་པ། མ་མོ་བཅོ་ལྔའི་བདག་ཉིད་ཀྱི་མགོ་བོ་སྐམ་པོ་བཅོ་ལྔའི་ཕྲེང་བས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ བཞུགས་པ་རོ་ལ་བཅིབས་པ། ཕྱག་རྒྱ་ལྔ་འཛིན་པའོ། །དེ་ལ། འཁོར་ལོར་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་པའི་ཕྲེང་བར་རིན་ཆེན་བདག །ལག་རྒྱན་རྣམ་པར་སྣང་མཛད་བརྗོད། །སྐེ་རགས་ལ་ནི་དོན་ཡོད་གནས། ། ལུས་ཀུན་རྡོ་རྗེ་འཛིན་བཞིན་ནོ། །བླ་མ་སློབ་དཔོན་འདོད་ལྷ་ལ། །ཕྱག་འཚལ་སྤྱི་བོར་འཁོར་ལོ་འཛིན། །བླ་མ་རྡོ་རྗེ་འཛིན་པ་ལའང་། །སྨོད་ཚིག་མི་ཉན་པ་ཡི་ཕྱིར། །རྣ་བ་དག་ལ་རྣ་ཆ་འཛིན། །སྔགས་བཟླས་ཕྱིར་ནི་མགུལ་བའི་ཕྲེང་། །ཕྱག་རྒྱ་བསྟེན་པ་སྐེ་རགས་ཏེ། །སྲོག་ གཅོད་སྤངས་པ་གདུ་བུ་སྟེ། །རྐང་རྒྱན་དང་ནི་དཔུང་རྒྱན་འཛིན། །བྱམས་པའི་ཐུགས་ནི་ཡན་ལག་གནག །དམར་སེར་གྱི་ནི་སྐྲ་དག་ནི། །འདོད་ཆགས་ཆེན་པོར་སྟོན་པ་དང་། །ཁྲོ་བོར་རྟོགས་ཕྱིར་སྟེང་དུ་བརྫིས། །སྐུ་དང་གསུང་དང་ཐུགས་ཤིན་ཏུ་ཆགས་པའི་རང་བཞིན་གྱི་ཕྱིར། རང་བཞིན་ གྱིས་སྤྱན་དམར་པོ་ཆེན་པོའོ། །སྲིད་པ་དང་མྱ་ངན་ལས་འདས་པའི་རང་བཞིན་དག་ནི་ཕྱག་དག་གོ། །ང་རྒྱལ་ལ་སོགས་པའི་སྐྱོན་གཅོད་པ་ནི་གྲི་གུག་གོ། །ཁམས་གསུམ་པ་རྣམ་པར་དག་པ་ཕུང་པོ་ལ་སོགས་པའི་བདུད་བཞི་ལ་སོགས་པའི་ཁྲག་གིས་བཀང་བ་རྣམ་པར་རྟོག་པ་མཐའ་ དག་གིས་ལུས་ཐོད་པ་དུམ་བུ་གསུམ་མོ། །ཆོས་དང་ལོངས་སྤྱོད་དང་སྤྲུལ་པ་རྣམ་པར་དག་པ་ན