Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 9

Văn bản gốc(Tây Tạng)

Trang 15 / 22 (50.000 ký tự/trang)
ས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །
སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཞེས་ལན་གསུམ་བཟླས་ལ། སླར་ཡང་། སངས་རྒྱས་སྲས་བཅས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །
བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་
བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་སོ་སོར་བརྟན་པོར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །དེང་

ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་
དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་
དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་
བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཞེས་ལན་གསུམ་བཟླས་སོ། །དེ་ནས་སློབ་མས་གོས་དམར་པོས། །གདོང་གཡོགས་མེ་ཏོག་ཕྲེང་གཟུང་ལ། །བདུད་རྩི་འཁྱིལ་པའི་བུམ་པའི་ཆུས། །བསྲུང་ཞིང་སྐུ་གསུང་
ཐུགས་སྦྱངས་ལ། །བུ་སྡུག་ཁྱོད་སུ་ཅི་ལ་དགའ། །སློབ་དཔོན་གྱིས་ནི་གཞུག་ཕྱིར་དྲི། །སྐལ་བཟང་བདེ་ཆེན་བདག་དགའ་ཞེས། །སློབ་མ་བློ་ཆེན་གྱིས་སྨྲའོ། །དེ་ནས་བྱང་ཆུབ་སེམས་བསྐྱེད་ཕྱིར། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡཱ་མི། །བརྗོད་ནས་དེ་ཡི་སྙིང་གར་ནི། །རྡོ་རྗེ་
བཞག་ཅིང་བསམས་ནས་ཀྱང་། །སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། །སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབ་པར་འགྱུར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་དུ་གསང་བ་འདི། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་
རྣམས་ལ་སྨྲ་བར་མ་བྱེད་ཅིག །དད་པ་དང་མི་ལྡན་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །གཽ་རཱི་ལ་སོགས་རང་སྔགས་ཀྱིས། །དམ་པས་དགུག་དང་གཞུག་པར་བྱ། །ཡི་གེ་ལྔ་ཡང་དེ་བཞིན་དུ། །བརྗོད་དེ་དམ་ཚིག་མཆོག་འཛིན་གཞུག །དེང་ཁྱོད་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ནས། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་པར་འགྱུར་བ་དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་
ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །དམ་ཚིག་ཉམས་པར་གྱུར་ཏ་རེ། དེའི་སྙིང་གར་རྡོ་རྗེ་བཞག་ལ། །ཨོཾ་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །པད་གནས་ཡི་གེ་
གསུམ་གྱིས་སྦར། །མི་འཆི་ལྔ་པ་འཐུང་དུ་གཞུག །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་འགྱུར། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཨོཾ་བཛྲོ་ད་ད་ཀ། ཋ་ཋ་ཋ། དམ་བཅས་བརྟན་པར་བྱ་བའི་ཕྱིར། །འདི་སྐད་
བརྗོད་དོ། །དེང་ཕྱིན་ཆད་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་ལ། དེ་ནས་སློབ་
མ་ལ་འདི་སྐད་ཅེས་བརྗོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། དཔལ་ཧེ་རུ་ཀ་བདག་ལ་འབབ་པར་གྱུར་ཅིག །ཅེས་སྨྲོས་ཤིག་ཅེས་བསྒོའོ། །དེ་སྐད་བརྗོད་ནས་དེའི་སྙིང་གར། །དབང་ཆེན་དཀྱིལ་འཁོར་མཚམས་སུ་ནི། །རྡོ་རྗེས་མཚན་པ་ཁ་
དོག་སེར། །ལྃ་ལས་བྱུང་བར་ཧཱུྃ་བསྒོམ་བྱ། །བྃ་བྱུང་ཆུ་ནི་ཁ་དོག་དཀར། །བུམ་པས་མཚན་ཅིང་ཡོངས་སུ་ཟླུམ། །ཡྃ་ལས་བྱུང་བ་གཡོ་བའི་རླུང་། །བ་དན་སྔོན་པོས་མཚན་གཞུའི་དབྱིབས། །དེ་ལ་སྐུ་གསུམ་ཧ་ཨ་བསྒོམ། རྐང་འོག་ཛྙཱཻཾ་ནི་རབ་འབར་བ། །རླུང་ལས་རྃ་
བྱུང་གྲུ་གསུམ་པར། །གནས་པར་སྦར་ལ་སློབ་མ་དབབ། །དེ་ནས་འཇིགས་སུ་རུང་བ་ཡི། །རྡོ་རྗེ་གླུ་དང་གར་བྱའོ། །ཨཱ་བེ་ཤ་ཡ་སྟྭཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ། ཧཱུྃ་ཨ་ཧེ་ཛྷཻཾཿལྕེ་ལ་ཨ་ནི་དམར་པོ་ཞིག །བསམས་ཏེ་བབས་ལ་སླར་ཡང་བསྒོ། །འདོད་ཆགས་རྡོ་རྗེ་

དེ་གནས་པ། །སྨྲོས་ཤིག་རྡོ་རྗེ་དགེ་མི་དགེ །བསམ་པ་དེ་ནི་བརྟན་བྱ་བ། །དེ་ལ་ཏིཥྛ་བཛྲ་བརྗོད། །མེ་ཏོག་ཕྲེང་བ་འཁོར་ལོ་དོར། །པྲ་ཏི་ཙྪ་བཛྲ་ཧོཿཞེས་བརྗོད་དོ། །གལ་ཏེ་བཟང་པོར་མི་ལྟུང་ན། །ལན་གཉིས་བར་དུ་དོར་བར་བྱ། །དེ་ནི་སྤྱི་བོར་བཅིང་བར་བྱ། །པྲ་ཏི་
གྲྀཧྞ་ཏྭཱཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། །བླངས་པ་འམ་མ་བླངས་པ་གཉིས་ནི། །མཚན་མ་འམ་མཚན་མ་ཉེ་བར་ནི། །བབས་སམ་དད་ཀྱང་དེའི་སྦྱོར་བ། །མིག་ཏུ་འབར་བཅས་ཨོཾ་བསམས་ལ། །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་
པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །དེ་ལ་བླ་མས་འདི་སྐད་བརྗོད། །དཀྱིལ་འཁོར་འདི་ལ་ད་ལྟ་ཉིད། །དད་པའི་ཤུགས་ཀྱིས་བལྟ་བར་བྱ། །ཁྱོད་ཀྱང་སངས་རྒྱས་རིགས་ལས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །སྔོན་མ་བྱུང་བ་མཐོང་བའོ། །སློབ་མ་ཡོན་
དང་བཅས་པ་ཡིས། །བླ་མའི་ཞབས་ལ་ཕྱག་བྱས་ཏེ། །དེ་ནས་འདི་སྐད་བརྗོད་པར་བྱ། །ཨོཾ་རྡོ་རྗེ་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་བདག་གིས་དེ་རིང་མཐོང་། །ཨོཾ་གསང་བའི་དཀྱིལ་འཁོར་
ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །དེ་ནས་གཙོ་བོ་ནས་བརྩམས་ནས། །དཀྱིལ་འཁོར་མཐའ་ཡི་བར་དུ་བསྟན། །དཀྱིལ་འཁོར་ཤར་དུ་ཁྲུ་གཉིས་དོར། །ནང་གི་དཀྱིལ་འཁོར་ཕྱེད་ཚད་ཙམ། །མཚན་ཉིད་ལྡན་པའི་དཀྱིལ་འཁོར་ནི། །དཀྱིལ་འཁོར་དེ་ལ་ཁྲུ་དོ་བར། །
དཀྱིལ་འཁོར་གཉིས་པར་སློབ་མ་གཞག །མཆོད་ཡོན་ཞབས་བསིལ་ལ་སོགས་སྦྱིན། །བག་ཆགས་སྦྱང་བའི་ཆོ་ག་བྱ། །སློབ་མ་ཤིས་པར་འདོད་པ་ཡིས། །བླ་མས་བཀྲ་ཤིས་གླུ་བླང་བྱ། །ཕུན་སུམ་ཚོགས་འཛིན་གསེར་གྱི་རི་བོ་ལྟ་བུའི་མདོག །འཇིག་རྟེན་གསུམ་མགོན་དྲི་མ་
གསུམ་ནི་རབ་ཏུ་སྤངས། །སངས་རྒྱས་ཆུ་སྐྱེས་འདབ་རྒྱས་ལྟ་བུའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །དེ་ཡིས་ཉེ་བར་བསྟན་པ་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་དུ་གྲགས་པ་ལྷ་དང་མིས་མཆོད་པ། །དམ་ཆོས་རབ་མཆོག་སྐྱེ་དགུ་རྣམས་ལ་

ཞི་བྱེད་པ། །འཇིག་རྟེན་བཀྲ་ཤིས་གཉིས་པ་དེང་འདིར་ཁྱོད་ལ་ཤོག །དམ་པའི་ཆོས་དང་ལྡན་ཞིང་ཐོས་པའི་བཀྲ་ཤིས་ཕྱུག །དགེ་འདུན་ལྷ་དང་ལྷ་མ་ཡིན་དང་མིས་མཆོད་པ། །ངོ་ཚ་དཔལ་གནས་ཚོགས་ཀྱི་ནང་ན་རབ་ཀྱི་མཆོག །འཇིག་རྟེན་བཀྲ་ཤིས་གསུམ་པ་དེང་འདིར་ཁྱོད་ལ་ཤོག །
དགའ་ལྡན་ལྷ་ཡི་གནས་ཀྱི་དཀྱིལ་ནས་འགྲོ་དོན་དུ། །སྔོན་གྱི་དུས་སུ་བརྒྱ་བྱིན་ལྷ་དང་བཅས་པ་ཡི། །འཁོར་གྱི་ཚོགས་བཅས་གཤེགས་པའི་བཀྲ་ཤིས་གང་ཡིན་པའི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །ལུམ་པའི་ཚལ་དུ་མགོན་པོ་སྐུ་ནི་འཁྲུངས་གྱུར་ཅིང་། །སྲིད་
མཐར་མཛད་ཚེ་མེ་ཏོག་གེ་སར་བཅས་པ་དག །རབ་འབར་འབབ་པ་ལྷ་མང་གིས་མཐོང་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །ཉེས་པ་སྣ་ཚོགས་རྣམ་པར་གཞོམ་པར་བྱ་བའི་ཕྱིར། །མཚན་ཕྱེད་དཀའ་ཐུབ་ཚལ་དུ་མངོན་པར་དགྱེས་བཅས་པས། །བརྒྱ་བྱིན་
ལྟར་བཅས་རྗེས་འབྲང་གཤེགས་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །ཆུ་བོའི་འགྲམ་དུ་ཡོན་ཆབ་མར་མེས་ཡོངས་བསྐོར་ཏེ། །ཞི་ཕྱིར་ངོ་མཚར་རབ་བསྐྱེད་སྲིད་པ་དག་བྱེད་པ། །ལྟོ་འཕྱེའི་རྒྱལ་པོས་ལེགས་པར་བསྟོད་པའི་བཀྲ་ཤིས་གང་། །
བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །གྲོང་ཁྱེར་རབ་མཆོག་སེར་སྐྱ་ཞེས་ནི་བྱ་བ་དེར། །ལྷ་ཆེན་ཁྱབ་འཇུག་ལ་སོགས་རྣམས་ཀྱིས་སྟོང་བྱེད་པ། །བདེ་གཤེགས་ཐོག་མཐའ་མེད་པར་དགེ་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །
སེམས་ཅན་ཐམས་ཅད་ལ་ནི་ཕན་ཕྱིར་བྱང་ཆུབ་པ། །རིན་ཆེན་ཆོས་མཛོད་ཐུབ་པ་ལས་ནི་གང་བྱུང་བ། །སེམས་ཅན་དོན་གྲུབ་ནུས་པ་རྒྱས་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །གསེར་གྱི་འོད་ལྟར་ཤིན་ཏུ་འབར་བའི་སྐུ་མངའ་བ། །བཻ་དཱུརྱ་མདོག་
འདྲ་བའི་རྩྭ་བཀྲམ་པ་ལ་བཞུགས། །སྐྱིལ་ཀྲུང་ལེགས་བཅས་མི་གཡོའི་སྐུ་མངའི་བཀྲ་ཤིང་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །ས་དང་མཁའ་ལས་སྣ་ཚོགས་དབྱེ་བ་ཀུན་འབྱུང་བ། །བྱམས་པའི་སྟོབས་ཀྱིས་བདུད་ཀྱི་བདེ་ལས་རྣམ་པར་རྒྱལ། །ཤིང་གི་

རྒྱལ་པོའི་རྩ་བར་བཅོམ་ལྡན་བཀྲ་ཤིས་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །བཱ་རཱ་ཎ་སཱིར་བཞུགས་ནས་བདེ་བར་གཤེགས་སྟོན་པས། །ས་དང་མཁའ་ལ་ཤིན་ཏུ་ངོ་མཚར་གསལ་བྱུང་བའི། །ཆོས་ཀྱི་འཁོར་ལོ་དམ་པ་རབ་བསྐོར་བཀྲ་ཤིས་
གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །བསོད་ནམས་ལས་བྱེད་འཕགས་པའི་སྐྱེ་བོས་མངོན་བརྟེན་པ། །བཅོམ་ལྡན་ཤཱཀྱ་སེང་གེས་མ་ལུས་གསུངས་པ་ཡི། །ཕན་བྱེད་དམ་པ་བཟང་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་
ཤོག །དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་གསོར། །གླུ་དང་ལྡན་པའི་བཀྲ་ཤིས་སོ། །གསེར་ལ་སོགས་པའི་སྟན་གནས་པ། །དེར་ནི་དེ་ནི་དབང་བསྐུར་བྱ། །སློབ་མ་ངེས་པར་བྱེད་དུ་གཞུག །དེ་བཞིན་དེ་བཞིན་དབང་བསྐུར་ལ། །ལྷ་ཡི་སྦྱོར་བ་གང་ཡིན་པ། །དེ་ཡི་ཕྱག་རྒྱས་འཕྲག་
ནས་འཁྱུད། །དང་པོ་ཆུ་ཡི་དབང་ཡིན་ཏེ། །གཉིས་པ་དབུ་རྒྱན་དབང་ཡིན་ནོ། །གསུམ་པ་རྡོ་རྗེའི་དབང་ཡིན་ནོ། །བཞི་པ་རང་བཞིན་དབང་ཡིན་ཏེ། །ལྔ་པ་མིང་གི་དབང་བསྐུར་བྱ། །དྲུག་པ་ཡང་དག་སངས་རྒྱས་བརྗོད། །བདུན་པ་བུམ་པའི་དབང་ཡིན་ཏེ། །བརྒྱད་པ་གསང་
བའི་དབང་ཉིད་དོ། །དགུ་པ་ཤེས་རབ་དབང་གིས་ཏེ། །དེ་ཉིད་རྡོ་རྗེ་རབ་སྦྱོར་བས། །བརྟུལ་ཞུགས་དང་ནི་ལུང་བསྟན་པ། །འདི་དག་རིམ་པར་སྦྱིན་པར་བྱ། །རང་གི་རིག་མ་སྐྱེས་བུའི་ཆུས། །བུམ་པ་བརྒྱད་པོ་ཐམས་ཅད་ཀྱིས། །རྡོ་རྗེ་འཆང་བསམས་དབང་བསྐུར་བྱ། །རྡོ་རྗེ་ཐུགས་
སུ་བསྒོམས་པས་སོ། །ཨོཾ་བཛྲ་ཨ་བྷི་ཤིཉྩ་མི་ཏྭཾ། རྡོ་རྗེ་ཉི་མ་རྣམ་བསམས་ནས། །དེ་ལ་དབུ་རྒྱན་སྦྱིན་པར་བྱ། །ཨོཾ་བཛྲ་རཏྣ་ཀ་བཛྲ་ཤ་ལི་ཧོ། །ཐམས་ཅད་སྔ་མ་བཞིན་བསྒོམས་ལ། །རྡོ་རྗེའི་ཚིགས་བཅད་རབ་ཏུ་སྦྱོར། །རྡོ་རྗེ་ཆེན་པོ་རྩེ་དགུ་པ། །རང་གི་ལག་པས་སྙིང་གར་བྱ། །
སློབ་མ་འཇིག་རྟེན་དབང་ཕྱུག་གཟུགས། །རྡོ་རྗེ་སེམས་ཞེས་དབང་བསྐུར་བྱ། །སངས་རྒྱས་རྡོ་རྗེ་དབང་གིས་ནི། །དི་རིང་ཁྱོད་ལ་དབང་བསྐུར་རོ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཤིན་ཏུ་འགྲུབ་ཕྱིར་རྡོ་རྗེ་ལོང་། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་ཏྭཱཾ། །ཨ་བྷི་ཥིཉྩ་མི་ཏིཥྛ་བཱི་ར་ས་མ་ཡ་

སྟྭཾ། སློབ་མ་རྟ་མཆོག་བསམ་བྱས་ལ། །ལྷ་མོ་སྒྲོལ་མས་སྐུ་ལ་འཁྱུད། །རྡོ་རྗེའི་བདག་པོས་དབང་བསྐུར་བྱ། །ལག་པས་རྡོ་རྗེ་དྲིལ་བུ་དཀྲོལ། །ཨོཾ་བཛྲཱ་དྷི་བ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། སློབ་མ་རྣམ་པར་སྣང་མཛད་བསམ། །མིང་གི་དབང་ནི་བསྐུར་བར་བྱ། །
ཨོཾ་བཛྲ་སཏྭ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ། །གང་གང་སྣང་བ་དེ་ཀུན་དང་། །རང་འདོད་ལྷ་ལ་སོགས་པ་དེ། །རང་བཞིན་དག་པའི་དྲི་མེད་ཆོས། །སངས་རྒྱས་ཡེ་ཤེས་བལྟ་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་
བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །རྡོ་རྗེ་སྙིང་པོ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ས་མ་ཡ་སྟྭཾ། དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ། །བདག་གིས་བཅོམ་ལྡན་ཚིགས་བཅད་ནི། །རིམ་པ་བཞིན་དུ་བསྡུ་བར་བྱ། །བདེ་བ་ཅན་ན་བཅོམ་ལྡན་འདས། །
ཉིད་ཀྱིས་གང་ཚེ་ཆོས་བསྟན་པ། །དེ་ཚེ་གསང་བའི་དབང་པོས་ཞུས། །མི་རྣམས་ཇི་ལྟར་དབང་བསྐུར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དགོད་པ་དག་ལ་སློབ་དཔོན་ཏེ། །དེ་བཞིན་བལྟ་བ་གསང་བའི་དབང་། །ལག་པས་རེག་པ་ཤེས་རབ་སྟེ། །དེ་ཉིད་གཉིས་
གཉིས་འཁྱུད་པ་ཡི། །དབང་བསྐུར་མ་འོངས་པ་ཡིན་ནོ། །བླ་མའི་ཞལ་ནས་གསལ་བར་འགྱུར། །འདི་ནི་དབང་བསྐུར་དྲུག་ཡིན་ནོ། །ཐལ་མོ་སྦྱར་བ་བྱས་ནས་ནི། །ཕྱག་འཚལ་ནས་ནི་མདུན་འདུག་སྟེ། །འོག་ནས་འབྱུང་བའི་ཚིགས་བཅད་འདིས། །སློབ་མ་བླ་མ་ལ་གསོལ་གདབ། །
མི་ལྡོག་འཁོར་ལོའི་དབང་སྩོལ་ཅིག །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དག །མགོན་པོས་བདག་ལ་བཀའ་སྩོལ་ཅིག །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །གསང་བའི་སྡོམ་པའི་མཆོག་རྣམས་དང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་
ནི་རྟག་ཏུ་སློབ་དཔོན་གྱི། །དེ་ལྟར་སློབ་མས་གསོལ་བཏབ་ནས། །བླ་མས་སྐད་ཅིག་ཏིང་འཛིན་ལ། །གནས་ནས་དེ་དབང་བསྐུར་བའི་ཕྱིར། །སངས་རྒྱས་དཀྱིལ་འཁོར་མཆོག་སྤྲོ་བྱ། །ཉེ་འཁོར་བ་དན་རྒྱལ་མཚན་སོགས། །གླུ་དང་རྔ་སོགས་ས་རུ་ནི། །གདུགས་དང་བླ་རེ་

བྲེས་ནས་སུ། །འདུག་སྟེ་འདི་ལྟར་བརྗོད་པར་བྱ། །རིན་པོ་ཆེ་ཡི་དབང་འདི་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་ང་ཡིས་སྦྱིན། །དང་པོ་བུམ་པའི་དབང་ཡིན་ཏེ། །གཉིས་པ་གསང་བའི་
དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་བཞིན་གཤེགས་པའོ། །ཐམས་ཅད་ཐབས་ཀྱི་ཆོ་ག་དང་། །བླ་མེད་མཆོད་པས་མཆོད་པར་བྱ། །དེ་ནས་ལག་ནས་ལག་ཏུ་ནི། །སློབ་མ་རྡོ་རྗེ་བརྟུལ་ཞུགས་སྦྱིན། །སེམས་དཔའ་ཐོག་མ་ཐ་མ་མེད། །རྡོ་རྗེ་སེམས་
དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོ་བདག །ཤེས་རབ་ཕ་རོལ་ཕྱིན་མ་ལས། །བྱུང་བའི་དྲིལ་བུའང་དེ་ལ་སྦྱིན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྡོ་རྗེ་དྲིལ་བུའི་མིང་ཉིད་དོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་
དབྱངས་ཀྱི་རྗེས་འགྲོར་བསྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། །འདིའི་དོན་ནི། །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཅིག་རྡོ་རྗེ་རབ་གནས་པ། །དེང་ཁྱོད་རྡོ་རྗེ་སློབ་དཔོན་ཏེ། །ཁྱོད་ཀྱིས་སློབ་མ་གཟུང་བར་གྱིས། །མཁའ་
འགྲོ་ལྔ་དང་ཡང་དག་ལྡན། །དམ་ཚིག་ལྔ་རྣམས་ཡོངས་གང་བའི། །མཁའ་འགྲོ་མ་ཡི་ཚོགས་དང་ལྡན། །སློབ་མ་རྡོ་རྗེ་འཆང་དབང་བསྐུར། །དཀྱིལ་འཁོར་པདྨ་ཞེས་སུ་བརྗོད། །ཡིད་ཀྱི་དཀྱིལ་འཁོར་མཆོག་ཡིན་ཏེ། །གཞལ་མེད་ཁང་ཞེས་བཤད་པ་སྟེ། །སེམས་ནི་
གཞལ་མེད་ཁང་བརྩེགས་འཕགས། །དེ་ཡི་ཕྱི་རོལ་གྲུ་བཞི་སྟེ། །ཚད་མ་མཉམ་པོར་གྱུར་པའོ། །བྱམས་པ་ལ་སོགས་སེམས་ནི་གང་། །ཐིག་སྐུད་བཞིར་ནི་བརྗོད་པའོ། །ཐིག་གདབ་ཡང་དག་གང་བཤད་པ། །ཆོས་ཀྱི་དྲན་པའི་རྣལ་འབྱོར་རོ། །ལྟ་བ་ཐམས་ཅད་རྣམ་
གྲོལ་བ། །ཡེ་ཤེས་ཐིག་སྐུད་དག་ཏུ་བརྗོད། །རྒྱན་རྣམས་ཡང་དག་གང་བཤད་པ། །ཚུལ་ཁྲིམས་སོགས་ཀྱི་སྡོམ་པ་མཆོག །དད་དབང་ལ་སོགས་སེམས་གཉིས་ན། །རྭ་བ་ལྔར་ནི་བྱུང་བ་ཉིད། །གང་ཞིག་སྒོ་ཞེས་བཤད་པ་ནི། །རྣམ་ཐར་བཞི་ཡི་དབྱེ་བའོ། །རྟ་བབས་ཀ་བ་བཞི་

པོ་ན། །ཡང་དག་སྤོང་བ་བཞི་ཞེས་བརྗོད། །ཡ་ཕུབས་བཞི་པོ་གང་ཡིན་པ། །དྲན་པ་ཉེ་བར་གཞག་པ་བཞི། །སྒོ་ཁྱུད་བཞི་ནི་གང་ཡིན་པ། །རྫུ་འཕྲུལ་རྐང་པ་བཞི་ཞེས་བྱ། །མེ་ཏོག་ཕྲེང་བས་བརྒྱན་བྱས་པ། །བྱང་ཆུབ་སེམས་ནི་ཡན་ལག་བདུན། །ཀ་བ་རྣམ་པ་བརྒྱད་པོ་ནི། །
འཕགས་པའི་ལམ་ནི་ཡན་ལག་བརྒྱད། །རྔ་ཡབ་ཅེས་ནི་གང་གྲགས་པ། །ལམ་གྱི་བྱེ་བྲག་ཡེ་ཤེས་བརྗོད། །དྲན་པར་ཡང་དག་གང་བཤད་པ། །ཉོན་མོངས་འཇོམས་པས་དྲ་བ་སྟེ། །ཡང་དག་འགོག་པའི་རང་བཞིན་གྱིའོ། །འཁོར་ལོ་བསྐོར་བ་གང་ཡིན་པ། །ཚོགས་གཉིས་
ཀྱི་ནི་རྣལ་འབྱོར་རོ། །ཉོན་མོངས་བྱེད་ནི་འཇོམས་པས་ན། །དྲ་བ་ཕྱེད་པར་བརྗོད་པའོ། །འདི་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ། །ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ངེས་པར་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་
སྤྱན་ཞེས་ཀུན་དུ་བརྗོད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་དཀར་མོ་དང་སྒྲོལ་མ་ནི། །དྲོད་དང་རླུང་དུ་རབ་ཏུ་གྲགས། །གཏི་མུག་གཏི་མུག་ལོངས་སྤྱོད་པས། །གཏི་མུག་ཟད་པ་གཤིན་རྗེ་གཤེད། །དེས་ན་ཕུང་པོ་མཐར་བྱེད་དང་། །དེ་བཞིན་ཤེས་རབ་མཐར་བྱེད་པའོ། །ཉེས་པས་ཉེས་པ་
ལོངས་སྤྱོད་པ། །ཉེས་ཟད་ཤེས་རབ་མཐར་བྱེད་དེ། །དེས་ན་སེམས་ནི་མཐར་བྱེད་དང་། །དེས་ན་ཉོན་མོངས་མཐར་བྱེད་ཡིན། །འདོད་ཆགས་འདོད་ཆགས་ལོངས་སྤྱོད་པས། །པདྨ་མཐར་བྱེད་འདོད་ཆགས་ཟད། །དེས་ན་གསུང་གི་མཐར་བྱེད་ཡིན། །དེ་བཞིན་སྦྱོར་བ་མཐར་བྱེད་དོ། །ཉོན་
མོངས་ཐམས་ཅད་ཟད་པ་དང་། །དེ་བཞིན་ལས་ཀུན་ཟད་པ་དང་། །སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི། །བགེགས་ནི་མཐར་བྱེད་ཅེས་བརྗོད་དོ། །འདི་ནི་ལྷའི་དེ་ཁོ་ན་ཉིད་དོ། །ཕྱིར་མི་ལྡོག་པ་སློབ་དཔོན་གྱི་དབང་ངོ་། །དེ་ནས་སློབ་མས་བླ་མ་ལ། །ལེགས་བསླབས་བཞིན་བཟངས་མིག་དཀྱུས་
རིང་། །གཟུགས་དང་ལང་ཚོས་རྒྱན་བྱས་མ། །ཕུལ་ལ་འདི་སྐད་བརྗོད་པར་བྱ། །བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་རབ་སྒྲུབ་བྱེད། །རྡོ་རྗེ་རྣལ་འབྱོར་ཡང་དག་འབྱུང་། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །གཙོ་བོ་བདག་ལ་ཡང་དེ་

མཛོད། །འཁོར་བ་འདམ་གྱི་ཚོགས་སུ་ནི། །བྱིང་བ་སྐྱབས་མེད་བདག་སྐྱོབ་མཛོད། །མི་བསྐྱོད་སྦྱོར་བ་བཏང་བྱས་ཏེ། །རྟག་པའི་སྦྱོར་བས་རྗེས་དྲན་བྱ། །སློབ་མ་དྲུང་དུ་གཞག་བྱས་ལ། །དེ་ཡི་རྗེས་སུ་བླ་མ་ཡིས། །གོས་ལ་སོགས་པས་མིག་བཀབ་ནས། །
བརྟགས་པའི་སྟན་ལ་གཞག་པར་བྱ། །ཤེས་རབ་ལྡན་པ་རབ་ཏུ་འཇུག །རྡོ་རྗེ་ས་བོན་རབ་སྦྱོར་བས། །རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །སློབ་མ་རྟག་པར་བསམས་བྱས་ལ། །འཛག་པའི་རིགས་ཞེས་བྱ་བ་ནི། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སེམས་རྣམས་
དབང་བསྐུར་ལྟར། །ང་ཡིས་གསང་བའི་དབང་གིས་ནི། །རྒྱུན་གྱིས་ཁྱོད་ལ་དབང་བསྐུར་རོ། །ཟད་མེད་དེ་ནི་ཟད་དོགས་ན། །ཉ་ཕྱིས་ལ་སོགས་ཞེན་པ་སྤངས། །དག་པའི་ལྕེ་ཡི་རྩེ་མོ་ཡིས། །གཉིས་ཀ་ལས་བྱུང་བླང་བར་བྱ། །འདི་ནི་དེ་ཉིད་བླ་ན་མེད། །གཉིས་མེད་ཡེ་ཤེས་
བརྗོད་མི་ནུས། །ཆོས་དབྱིངས་རྣམ་པ་ལྟ་བུར་ནི། །ཞི་བའི་བདེ་བས་ཡང་དག་མྱང་། །གཡས་པ་མཆོག་སྦྱིན་ཁུ་ཚུར་གྱིས། །སྙིང་གར་ཆོས་གོས་གྲྭ་ནས་གཟུང་། །ལག་པས་དྲིལ་བུ་མགུལ་དུ་བསྡམ། །བླ་མ་རྡོ་རྗེ་འཆང་བ་ཡིས། །དབུགས་འབྱུང་ཐམས་ཅད་ཡང་དག་
བླངས། །ཤཱཀྱ་ཐུབ་པ་ཉིད་གྱུར་པས། །སློབ་མ་ཆེན་པོ་ལུང་བསྟན་བྱེད། །ཁྱོད་ནི་སངས་རྒྱས་ཐེ་ཚོམ་མེད། །སྐྱེ་དང་རྒས་དང་འཆི་མི་འགྱུར། །འཇིགས་དང་མྱ་ངན་ནད་མི་འབྱུང་། །བདེ་ཆེན་ཐེག་པ་འདི་ལ་ནི། །བུ་ཁྱོད་ང་ཡིས་ལུང་བསྟན་ཏེ། །འདི་ལྟར་ང་ཡིས་ལུང་བསྟན་
ཁྱོད། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཀྱེ་རང་འདོད་ལྷ་མི་དེ་བཞིན་གཤེགས། །ས་བླ་ས་འོག་ས་སྟེང་འགྲུབ། །འདི་ནི་གསང་བའི་དབང་ལས་ལུང་བསྟན་པའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ཀྱིས། །
ཆེན་པོའི་ཆེན་པོས་ཇི་ལྟར་བྱིན། །བདག་ཀྱང་བསྒྲལ་བའི་དོན་དུ་ནི། །ནམ་མཁའི་རྡོ་རྗེས་བདག་ལ་སྩོལ། །རིག་མ་དང་པོ་འམ་ཡང་ན་གཞན། །རྒྱུད་གཞན་ལས་གསུངས་རིམ་པ་ཡིས། །ཚེ་དཔག་མེད་ཀྱི་རྣལ་འབྱོར་སྦྱིན། །ཕྱག་རྒྱ་བཟང་མོ་རབ་བརྟགས་པ། །ལྷ་མོ་ཐར་བྱེད་

དགའ་སྟེར་མ། །སྣ་ཚོགས་གཟུགས་ཅན་བརྩེར་ལྡན་མ། །ཟུང་ཤིག་ཟུང་ཤིག་སེམས་དཔའ་ཆེ། །བཟུང་བར་བྱས་ནས་མཆོད་པར་གྱིས། །དེ་ནས་ཆོས་དབྱིངས་རྡོ་རྗེ་མ། །དམ་ཚིག་སྡོམ་པ་འདི་སྐད་སྟོན། །ནུས་སམ་ཁྱོད་ཅི་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུ་བཟའ་བཏུང་ཡིན། །རཀྟ་མཱཾ་ས་
ག་བུར་དང་། །བུད་མེད་མོས་པར་དད་ནུས་སམ། །བྷ་ག་འོ་བྱེད་མི་རྟོག་གམ། །ལྟོས་ཤིག་རྡོ་རྗེ་བདེ་བ་ཅན། །དེ་ནས་དེ་ཡིས་རྡོ་རྗེ་ཅན། །རབ་ཏུ་དགོད་ཅིང་འདི་སྐད་སྨྲ། །ལྷ་མོ་ཅི་ཕྱིར་བདག་མི་ཐིག །ག་བུར་མཱཾ་ས་བདག་འཚལ་གྱིས། །ཤེས་རབ་ཡང་དག་དད་པར་བགྱི། །དེ་ནས་
ལྷ་མོ་གཅེར་ཕྱུང་ནས། །བདག་ཉིད་པདྨ་ལྟར་གཞུག་གོ། །རྨད་བྱུང་ང་ཡི་པདྨ་ཡིན། །བདེ་བ་ཐམས་ཅད་ཡང་དག་ལྡན། །རྟག་ཏུ་རིམ་བཞིན་འདི་ལ་སྤྱོད། །འདི་དག་ནམ་ཡང་མི་འབྲལ་ལོ། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་རྣམ་པར་གྲོལ། །
བདེ་ཆེན་རྒྱལ་པོ་འདི་ཉིད་ནི། །རང་བཞིན་ཐམས་ཅད་ལ་མདུན་ནས། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ལ་བཞུགས་བར་དུ་གསུངས། །བྷ་ག་ནང་དུ་ནམ་མཁའ་བཞིན། །འབྱུང་བ་ལྔ་པོ་རྒྱན་བཞིན་འཆང་། །ལྟེ་བ་ལ་ནི་གེ་སར་བཅས། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །
དེར་གནས་ནས་ནི་བསྒོམ་པར་བྱ། །མི་འཆི་ལྷ་ཡི་གཟུགས་སུ་ནི། །འདི་ལ་རྟག་ཏུ་འཇོམས་པ་ཡིན། །ཤེས་རབ་ཀྱིས་ནི་དེ་ལྟར་གསུངས། །བཛྲ་མོཀྵ་ཧོཿ། དེ་ནས་སྔགས་པ་རྡོ་རྗེ་ཅན། །དེ་ཡི་རྒྱུ་ཡི་ས་དབང་ལ། །བྷ་གའི་ནང་གི་རྩ་ལས་ནི། །འབད་པ་ལས་ནི་རྙེད་པ་ལ། །བསླབ་
པ་བླ་མའི་དམ་ཚིག་གིས། །མཛུབ་མོས་རབ་ཏུ་བྲུད་ནས་ནི། །ལྕེ་ཡི་ཡང་ཡང་རོལ་མོ་མཛད། །དེས་ནི་རབ་ཏུ་རྒྱས་པར་འོང་། །དེ་ལྟར་རོལ་མོ་མཛད་ཙམ་ན། །དེ་བས་ཀྱང་ནི་ཤིན་ཏུ་རྒྱས། །རྟག་པའི་བདེ་བ་རབ་ཏུ་བྱུང་། །ཕ་རོལ་ཕྱིན་བཅུ་རྫོགས་པ་དང་། །སྟོབས་རྣམས་དང་ནི་དབང་
རྣམས་དང་། །ས་བཅུ་པོ་ནི་ལས་འདས་པས། །རྡོ་རྗེ་མཚན་མར་དེ་འགྱུར་རོ། །རྡོ་རྗེ་བཅིང་བའི་སྦྱོར་བ་ཡིས། །རྡོ་རྗེ་མཆོད་པ་ཡང་དག་བརྩམ། །རྡོ་རྗེ་སེམས་ནི་དེས་ཕྱུང་ནས། །རྡོ་རྗེ་ལྕེ་ཡིས་བཟའ་བར་བྱ། །མཉམ་པར་འབྱུང་པའི་ཆོ་ག་ཡིས། །དཀྱིལ་འཁོར་དམ་པ་བྲི་བར་བྱ། །

ཏིང་འཛིན་ལས་སྐྱེས་སྦྱིན་སྲེག་སྟེ། །དེ་ནས་དབུགས་དབྱུང་སྦྱིན་པར་བྱ། །གསང་བ་མཆོག་གི་དཀྱིལ་འཁོར་ལ། །རབ་ཞུགས་དམ་པ་མཐོང་བ་ཡིས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །དེང་ཁྱོད་ཡང་དག་གནས་པར་འགྱུར། །བདེ་ཆེན་ཐེག་པ་འདི་
ལ་ནི། །ཕྱིས་ནི་འཆི་བར་འགྱུར་མ་ཡིན། །མི་ཐུབ་པ་དང་མི་འཆི་བས། །སུས་ཀྱང་མི་ཚུགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །ཤིན་ཏུ་སྲིད་པ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་གྱུར་པ་ཡིན། །འདི་ནི་ཁྱོད་ཀྱིས་རྟག་
ཏུ་བསྲུང་། །གྲུབ་པའི་དམ་ཚིག་སྡོམ་པའོ། །སངས་རྒྱས་ཀུན་གྱིས་མཉམ་པར་གསུངས། །དམ་པ་རྟག་པའི་བཀའ་ལུང་ཡིན། །སློབ་དཔོན་སྨད་པར་མི་བྱ་ཞིང་། །བདེ་གཤེགས་བཀའ་ལ་འགོམ་མི་བྱ། །རྡོ་རྗེ་སྤུན་ལ་སྨད་པ་ནི། །ནམ་ཡང་སྨྲ་བར་མི་བྱའོ། །སེམས་ཅན་
རྣམས་ལ་བྱམས་དམན་མིན། །སྐལ་མིན་དེ་ཁོ་ན་གཏམ་མིན། །སྐལ་ལྡན་སེམས་ཅན་སྤང་མི་བྱ། །བདག་གི་ལུས་འདི་མི་སྨད་ཅིང་། །དམ་པའི་ཆོས་ནི་ཚད་མི་གཟུང་། །གཞན་གྱི་ཆོས་ལ་འང་བརྙས་མི་བྱ། །བྱང་ཆུབ་སྙིང་པོའི་མཐར་ཐུག་ཏུ། །དཀོན་མཆོག་གསུམ་ནི་སྤང་
མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་གཟུང་བྱ་ཞིང་། །དབུ་རྒྱན་རྟག་ཏུ་གཟུང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །དཀྱིལ་འཁོར་རྟག་ཏུ་བྲི་བ་སྟེ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེན་པོའི་གཏོར་མ་བྱིན། །དེ་ལ་སོགས་པ་
དབུགས་དབྱུང་རྒྱས། །ཤེས་རབ་ཀྱི་དབང་ལ་བརྗོད་པར་བྱའོ། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །ཡང་དག་དམ་པར་དགའ་ཐོབ་པ། །སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །བདེ་བ་ཆེན་པོ་གཟུང་བར་བྱ། །དེ་ནི་ཐོག་མ་དབུས་མཐའ་མེད། །སྲིད་དང་མྱ་ངན་
འདས་པ་མིན། །འདི་ནི་དམ་པའི་བདེ་ཆེན་ཏེ། །གཞན་མེད་བདག་ཀྱང་མེད་པའོ། །ཡེ་ཤེས་འདི་ནི་ཆེས་ཕྲ་སྟེ། །སྙིང་པོ་རྡོ་རྗེ་མཁའ་ལྟ་བུ། །རྡུལ་བྲལ་ཞི་བ་ཐར་པ་སྟེ། །ཁྱོད་རང་ཡང་ནི་ཕ་དེའོ། །འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྣམ་པར་

གནས། །གཉིས་སུ་མེད་དང་གཉིས་ཀྱི་གཟུགས། །དངོས་དང་དངོས་མེད་བདག་ཉིད་གཙོ། །གཡོ་དང་མི་གཡོ་ངེས་ཐོབ་ནས། །སྒྱུ་མའི་གཟུགས་དང་མཚུངས་པར་སྤང་། །དཀྱིལ་འཁོར་འཁོར་ལོའི་ཐབས་གང་གིས། །རྟག་ཏུ་ངེས་པར་འགྱུར་བ་ཉིད། །ཤེས་རབ་
ཡེ་ཤེས་ཀྱི་དབང་གི་རྗེས་ལ་དེ་སྐད་བརྗོད་དོ། །བླ་མ་དམ་པའི་ཞལ་ནས་ནི། །བཞི་པ་ཤེས་པར་བྱ་བ་ཡིན། །སློབ་མའི་བྱ་བ་རྫོགས་རྗེས་སུ། །དཀྱིལ་འཁོར་མཆོད་བསྟོད་ལེགས་བྱས་ལ། །ཨོཾ་ཁྱེད་གྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་
སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བརྗོད་དེ་ལྷ་ཡི་འཁོར་ལོ་གཤེགས། །དམན་པ་ཆུ་བོ་ཆེན་པོར་དོར། །ཨོཾ་གི་ལི་གི་ལི་ཧཱུྃ་ཛཿསྭཱ་ཧཱ། །རྡུལ་ཚོན་བསྡུ་བ་དང་དོར་བའི་སྔགས་སོ། །དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་
པའི་ལམ་ལས། །སློབ་མ་དབང་བསྐུར་བར་བྱ་བའི་རིམ་པ་སྟེ་ལྔ་པའོ།། །།དེ་ནས་སློབ་ལྡན་རྣལ་འབྱོར་པས། །བསྐྱེད་པའི་རིམ་ལ་ལེགས་གནས་ཕྱིར། །ས་ཕྱོགས་ཉམས་དགའ་ཡིད་འོང་བར། །དྲི་ཞིམ་བྱུག་ཅིང་མེ་ཏོག་དགྲམ། །བདེ་བའི་སྟན་ལ་རབ་གནས་ལ། །
པཾ་པད་རཾ་སྐྱེས་གཞོམ་མེད་ལས། །ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས། །རྒྱལ་བ་སྤྱན་དྲངས་མཁའ་ལ་བཞུགས། །ཕྱི་ནང་གསང་བའི་མཆོད་པ་ཡིས། །བླ་མ་རྡོ་རྗེ་མཆོད་པར་བྱ། །བཤགས་དང་ཡི་རང་བསྔོ་བ་དང་། །སྐྱབས་འགྲོ་མཆོག་སེམས་ལམ་གནས་བྱ། །བྱམས་
དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་ཚངས་པའི་གནས་བཞི་བསྒོམ། །གདོལ་པའི་ཁང་པ་མེས་བསྲེགས་ལ། །བྲམ་ཟེ་རྒྱལ་རིགས་སོགས་གནས་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །པཾ་པད་རེ་ཕ་གསལ་བྱེད་དེ། །སྣ་ཚོགས་རྡོ་རྗེ་ཧཱུྃ་དེ་ལས། །ར་བ་བླ་རེ་
གུར་ནང་དུ། །ཁྲོ་བོ་བཅུས་ཀྱང་བསྲུང་བར་བྱ། །ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ནམ་མཁར་ཡཾ་རཾ་བཾ་ལཾ་ལས། །རླུང་མེ་ཆུ་ས་དཀྱིལ་འཁོར་དུ། །བྷྲཱུཾ་ལས་འཁོར་ལོ་དེ་སྟེང་དུ། །སྲིད་པ་བར་མའི་བག་ཆགས་བསམ། །དེ་དག་ལས་གྱུར་ཕོ་བྲང་ནི། །ཟུར་བཞི་སྒོ་བཞི་རྟ་

བབས་བཞི། །དྲ་བ་དྲ་ཕྱེད་ཀ་བ་བརྒྱད། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེར་ནི་མཚོ་སྐྱེས་སྣང་བྱེད་ཀྱི། །སྟེང་དུ་བདུད་བཞིའི་གདན་བསམ་མོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནི་ལ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །ཨཱ་ལི་ཟླ་བ་མེ་ལོང་དང་། །ཀཱ་ལི་ཉི་མ་མཉམ་ཉིད་
ལྡན། །ཨོཾ་ཧཱུྃ་རྡོ་རྗེ་གྲི་གུག་དང་། །སོ་སོར་རྟོག་པའི་ཡེ་ཤེས་ཏེ། །ཐམས་ཅད་གཅིག་གྱུར་བྱ་ནན་ཏན། །གཟུགས་བརྙན་རྫོགས་པ་ཆོས་དབྱིངས་སོ། །དེ་ལས་བྱུང་བས་ཀུན་དུ་བཟང་། །ཞལ་བརྒྱད་ཞབས་བཞི་བཅུ་དྲུག་ཕྱག །རྩ་ཞལ་ཟླ་འདྲ་གཡས་དང་གཡོན། །སྔོན་པོ་དམར་
པོ་ལྷག་མ་གནག །གླང་པོ་རྟ་བོང་གླང་རྔ་མོ། །སྐྱེས་པ་སེང་གེ་བྱི་ལ་གཡས། །ས་ཆུ་རླུང་མེ་ཟླ་ཉི་དང་། །མཐར་བྱེད་ནོར་སྦྱིན་གཡོན་ནའོ། །ལྷ་མོ་ཞལ་གཅིག་ཕྱག་གཉིས་གནག །གྲི་གུག་ཐོད་པ་གཡས་གཡོན་ནའོ། །ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་ར་ཁ་སུ་ཁཾ་ད་དྷ་ཙ་ཏུར། ཨཱ་ནན་ད་
བྷ་ག་བི་སྭ་ཧཱུྃ་ཧཱུྃ་ཧཱུྃ་ཀཱརྱཾ་ཀུ་རུ་ཥྚ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུར་ཨཱ་ནན་ད་དཱ་ཡ། ཀ་ཁ་ག་མུ་ཁ་ཨེ་ཀ་ར་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། གཉིས་གཉིས་སྒྲས་བསྐུལ་ས་བོན་ལས། །གཟུགས་སྒྲ་དྲི་རོའི་རང་བཞིན་དང་། །ས་ཆུ་མེ་
རླུང་རྣམ་དག་པ། །ལྷ་མོ་བརྒྱད་རྣམས་རིམ་པས་བཀོད། །དབང་པོ་ཚངས་སྟེང་གཽ་རི་གནག །ཕྱག་གཉིས་གྲི་གུག་རོ་ཧི་ཏ། །གཤིན་རྗེར་རྐུན་མ་དབང་པོའི་སྟེང་། །དམར་པོ་ཅང་ཏེའུ་ཕག་པ་ཅན། །ཆུ་བདག་ཉེ་དབང་རོ་ལངས་མ། །དམར་སེར་རུས་སྦལ་ཐོད་པ་བསྣམས། །ལུས་
ངན་དྲག་པོར་ཟ་ཕོད་མོ། །ལྗང་གུ་སྦྲུལ་དང་པད་སྣོད་ཅན། །དབང་ལྡན་གཤིན་རྗེ་པུཀྐ་སཱི། །དབང་སྔོན་སེང་གཡས་དགྲ་སྟ་གཡོན། །བྱིན་ཟར་རི་ཁྲོད་ནོར་སྦྱིན་སྟེང་། །དཀར་མོ་དགེ་སློང་འཁར་གསིལ་འཛིན། །བདེན་བྲལ་དེ་སྟེང་གཏུམ་མོ་སྔོ། །གཡས་ན་འཁོར་ལོ་ཐོད་པ་
གཡོན། །རླུང་མཚམས་གཡུང་མོ་ལྷ་མིན་ཏེ། །རྡོ་རྗེ་སྡིགས་མཛུབ་སྣ་ཚོགས་མདོག །ཡང་ན་སྦྱོར་སྒྲས་ཨོཾ་ཨཱཿཧཱུྃ། ཧོཿགཉིས་དབུས་གནས་སྦྱོར་བ་ཡིས། །རིག་མ་དང་བཅས་ཞུ་བ་ལས། །པུཀྐ་སཱི་སོགས་གླུ་ཡིས་བསྐུལ། །སྙིང་རྗེའི་ཐུགས་ཀྱིས་རྗེ་བཙུན་བཞེངས། །པུཀྐ་

སཱི་བདག་སྐྱབས་མཛོད་ཅིག །སྟོང་པའི་རང་བཞིན་སྤངས་ནས་ནི། །བདག་ལ་བདེ་ཆེན་རྣལ་འབྱོར་མཛོད། །ཁྱོད་དང་བྲལ་ན་བདག་འགུམ་མོ། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་སྤོངས་མཛོད་ལ། །རི་ཁྲོད་མ་ནི་བདག་དོན་སྒྲུབས། །འཇིག་རྟེན་མགྲོན་གཉེར་འདོད་པའི་
གཙོ། །སྟོང་པ་ཉིད་ལ་ཅི་ཕྱིར་བཞུགས། །གཏུམ་མོ་བདག་ནི་ཞུ་བར་བགྱིད། །ཁྱོད་མ་ལགས་ན་ཕྱོགས་མ་འཚལ། །བདག་གིས་ཉིད་ཀྱི་ཐུགས་འཚལ་གྱིས། །དབང་པོའི་དྲི་ལྡན་ཁྱོད་བཞེངས་ཤིག །གཡུང་མོ་བདག་ནི་དྲན་ཉམས་པས། །ཐུགས་རྗེ་རྒྱུན་ཆད་མ་མཛད་ཅིག །བསྐུལ་
བས་སྨོན་ལམ་རྗེས་དྲན་ནས། །ཧཱུྃ་དང་ཨོཾ་ལས་རབ་བཞེངས་པ། །རྣམ་ཐར་བསྡུ་དངོས་སྟོང་རྣམས་དག །ཞལ་བརྒྱད་ཞབས་བཞི་བཅུ་དྲུག་ཕྱག །གཡས་དཀར་གཡོན་དམར་དབུས་མཐིང་སྤྱན། །གསུམ་གསུམ་ལྷག་མ་བུང་བ་མཚུངས། །ཉི་མར་ཞབས་གཡས་བརྐྱང་གཡོན་
བསྐུམ། །ལྷག་མར་གར་གྱི་ཚུལ་གྱིས་བཞེངས། །གཡས་པར་གླང་སོགས་ནད་རྣམས་སྡུད། །གཡོན་པས་ས་སོགས་དབང་ཕྱུག་བརྒྱད། །ཐོད་པ་སྐམ་རློན་དོ་ཤལ་ཐོད། །ཕྱག་རྒྱ་ལྔས་བརྒྱན་བདུད་བཞི་མནན། །རྣམ་ཤེས་དག་པ་བདག་མེད་གནག །གཡས་ན་གྲི་གུག་ཐོད་པ་
གཡོན། །སྐྲ་སེར་སྤྱན་གསུམ་རྒྱན་རྣམས་རྫོགས། །ཡབ་ཡུམ་འཁོར་བཅས་ཐུགས་ཀར་ནི། །པད་ཉིར་ས་བོན་ཕྱག་མཚན་ལས། །ཡེ་ཤེས་སེམས་དཔའ་བསྐྱེད་པར་བྱ། །སངས་རྒྱས་བྱང་ཆུབ་འགྲུབ་འགྱུར་བས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་བྱ། །གཱཽ་རཱི་ལ་སོགས་ལྷ་མོ་བཞི། །
དགུག་གཞུག་བཅིང་དང་དགྱེས་པ་བསྐྱེད། །ཨོཾ་བཛྲ་གཽ་རཱི་ཨཱ་ཀཪྵ་ཡ་ཛཿཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཧཱུྃ། ཨོཾ་བཛྲ་བེ་ཏཱ་ལཱི་སྥོ་ཊ་ཡ་བཾ། ཨོཾ་བཛྲ་གྷསྨ་རཱི་བ་ཤིཾ་ཀུ་རུ་ཧོཿ། མིག་དང་རྣ་བ་སྣ་ལྕེ་ལུས། །ཡིད་ཀྱི་སྐྱེ་མཆེད་རྣམ་དག་པ། །གཏི་མུག་ཞེ་སྡང་སེར་སྣ་དང་། །འདོད་ཆགས་ཕྲག་དོག་
རྡོ་རྗེ་མ། །བདག་མེད་མ་རྣམས་རང་གནས་དགོད། །ལུས་ངག་ཡིད་གསུམ་རྣམ་དག་པ། །མཁའ་སྤྱོད་ས་སྤྱོད་ས་འོག་མ། །སྐུ་གསུང་ཐུགས་ཀྱི་གནས་སུའོ། །འོད་ཟེར་གྱིས་བསྐུལ་དཔའ་བོའི་ཚོགས། །མཆོད་བྱས་གསོལ་བཏབ་དབང་བསྐུར་མཐའ། །རིགས་ཀྱི་

བདག་པོས་དབུ་ལ་བརྒྱན། །ཞེ་སྡང་གཏི་མུག་སེར་སྣ་དང་། །འདོད་ཆགས་རྡོ་རྗེ་གཽ་རཱི་སོགས། །གཉིས་གཉིས་རིམ་བཞིན་ཕྱག་རྒྱས་གདབ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རླུང་མེའི་སྟེང་དུ་ཐོད་པར་ནི། །བྷཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུྃ་དང་ནི། །
གོ་ཀུ་ད་ཧ་ན་ལས་ནི། །བདུད་རྩི་རྡོ་རྗེ་ལྕེ་ཡིས་མྱང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་མཁའ་འགྲོའི་ཚོགས་སྤྲོས་པས། །ཟླ་ཉི་ཆུས་སྨིན་རྡོ་རྗེ་རོ། །ཅང་ཏེའུ་སྒྲ་དང་འཁྱུད་པ་སྟེ། །གཙོ་བོ་ནས་བརྩམས་རིམ་བཞིན་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་
བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། འགྲོ་བ་དུག་ཅན་མི་བཟད་པས། །ཁྱབ་པར་བཞུགས་ནས་ཧེ་རུ་ཀས། །སྣ་ཚོགས་ཚུལ་གྱིས་བདུད་རྩིར་བསྒྱུར། །སྨན་མཆོག་དཔའ་བོ་ཁྱོད་ལ་འདུད། །ཨོཾ་སརྦ་ཏཱ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ལྟར་བདེ་བར་གཤེགས་དྲུག་གིས། །བསམ་
གཏན་རབ་ཏུ་འབད་པས་བྱ། །བསམ་གཏན་མི་ནུས་རྣལ་འབྱོར་གང་། །དེ་ནི་དག་པ་རྗེས་སུ་དྲན། །དེ་ནས་མཁས་པས་སྔགས་བཟླས་ཏེ། །ཡབ་ཡུམ་ཞལ་ནས་མགལ་མེ་ཡི། །འཁོར་ལོ་བཞིན་དུ་བསྐོར་བར་བྱ། །ཁ་དོག་ལས་ཀྱི་དབྱེ་བས་དབྱེ། །ཨོཾ་ཨཥྚ་ན་ནཱ་ཡ། པིཾ་གོར་
དྷྭ་ཀེ་ཤ་ཝརྟྨ་ནེ། ཙ་ཏུར་བིཾ་ཤ་ཏི་ནཻ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀ་དྷ་རི་ཎེ། ཨཱདྷྨ་ཏ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷནྡུ་དཾཥྚྀ་ཎེ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གརྫ་ཡ། ཏརྫ་ཡ་ཏརྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ།སཔྟ་སཱ་ག་རཱན།
བྷནྡྷ་བྷནྡྷ། ནཱ་ག་ཨཥྚ་ཀ་ནཱ། གྲྀཧྞ་གྲྀཧྣ། ཤ་ཏྲཱུཾ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཕཊ་སྭཱ་ཧཱ། རྡོ་རྗེའི་གླུ་དང་སྨོན་ལམ་དང་། །ལངས་ནས་དངོས་གྲུབ་ལྷར་བསམ་སྤྱད། །དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས་བསྐྱེད་པའི་རིམ་པའི་བྱ་བ་སྟེ་དྲུག་པའོ།། །།བསྐྱེད་པས་
བློ་སྦྱངས་རྣལ་འབྱོར་པས། །རྫོགས་པའི་རིམ་ལ་གནས་པས་བྱ། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ནས། །སྤྱན་ལ་སོགས་པ་ཡང་བསྲེགས་པས། །བསྲེགས་པས་ཧཾ་ལས་རི་བོང་འཛག །སྒོང་སྐྱེས་གནས་སུ་ཆུ་སྐྱེས་ནི། །

འདབ་བརྒྱད་གེ་སར་བཅས་དེ་ལ། །ཡབ་ལྔ་ཡུམ་བཞི་ཀུན་གྱི་དངོས། །ཀུན་ནས་མི་འཆི་རྒྱུན་གྱིས་མཆོད། །སྙིང་དབུས་ཟླ་བར་གཞོམ་མེད་ནི། །སྣ་ཚོགས་འོད་ལྡན་དེ་རྡོ་རྗེ། །རྡོ་རྗེ་བདག་མེད་མཁའ་འགྲོ་མ། །ཆོ་གས་བསྐུལ་བ་བསྒོམ་པར་བྱ། །མཁའ་འགྲོ་སྣ་རྩེར་ཡུངས་
ཀར་ཙམ། །མཆོག་དགའི་ཚུལ་དུ་ཐམས་ཅད་བསྡུ། །རང་འདོད་ལྷ་ཡི་རིམ་རྫོགས་ནས། །སྙིང་གའི་ས་བོན་འོད་ཟེར་ལས། །ཨཱ་ལི་ཀཱ་ལིའི་དཀྱིལ་འཁོར་དག །སྤྲོས་པས་ཕྱོགས་བཅུའི་འཇིག་རྟེན་དག །གཉིས་གཉིས་སྒྲ་ཡིས་རིམ་བཞིན་དུ། །ལྷན་ཅིག་སྐྱེས་པའི་ཉི་ཟླར་
གྱུར། །འོད་ཟེར་བྱེ་བ་བརྒྱ་སྟོང་ནས། །མ་ལུས་བཞུགས་པས་བྱིན་གྱིས་རློབ། །དེ་ནས་ཟླ་ཉི་ཉི་རང་ལ། །ཟེར་ཡང་སྤུ་རྩ་དེ་འབུམ་ཆ། །འབུམ་ཆའང་མི་དམིགས་ཚུལ་དེ་ཉིད། །དགའ་བ་ཆེན་པོ་བསྒོམ་པར་བྱ། །རྡོར་དྲིལ་ཡིད་འོང་མཚན་ལྡན་པ། །གཡས་ཀྱིས་གསོར་ཞིང་
གཡོན་གྱིས་དཀྲོལ། །བཅུ་དྲུག་ཆ་ལ་ཡང་དག་རྫོགས། །ཐམས་ཅད་ཐམས་ཅད་བདག་ཉིད་ལ། །ཆུ་བོ་རྒྱུན་དུ་འབབ་པ་དང་། །མར་མེ་རྒྱུན་དུ་འབར་བ་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་པས། །ཉིན་དང་མཚན་དུ་གནས་པར་བྱ། །རྡོ་རྗེ་པདྨའི་རྣལ་འབྱོར་གྱིས། །དེར་ནི་ས་
ནི་སྐྱེ་བར་འགྱུར། །གཤེར་བའི་རྣམ་པ་བྱང་ཆུབ་སེམས། །ཆུ་ཡི་ཁམས་ནི་འབྱུང་བའོ། །བསྲུབས་པས་མེ་ནི་སྐྱེ་བ་སྟེ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། །བདེ་བ་ནམ་མཁའ་ཡི་ནི་ཁམས། །གང་ཕྱིར་འབྱུང་ཆེན་བདེ་བ་ཡིས། །ལྔ་རྣམས་ཡོངས་སུ་བསྐོར་བ་སྟེ། །དེ་ཕྱིར་
བདེ་བ་དེ་ཉིད་མིན། །ལྷ་གཅིག་སྐྱེས་གཉིས་གང་སྐྱེས་པ། །དེ་ནི་ལྷན་སྐྱེས་ཞེས་སུ་བརྗོད། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བྱ། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཐུགས་རྗེ་ཐབས་ཡིན་རྣལ་འབྱོར་པའི། །ཕྱག་རྒྱ་རྒྱུ་དང་བྲལ་བ་ཉིད། །སྙིང་རྗེ་སྟོང་པ་ཐ་དད་མེད། །འདི་
ནི་བྱང་ཆུབ་སེམས་ཞེས་བརྗོད། །སྔགས་འཛབ་དཀའ་ཐུབ་སྦྱིན་སྲེག་བྱེད། །དཀྱིལ་འཁོར་ཅན་དང་དཀྱིལ་འཁོར་དེ། །སྔགས་བཟླས་དཀའ་ཐུབ་སྦྱིན་སྲེག་དེ། །དཀྱིལ་འཁོར་འཁོར་དང་དཀྱིལ་འཁོར་དེ། །མདོ་རུ་བསྡུས་ན་སེམས་ཉིད་དེ། །ཏིང་ངེ་འཛིན་གྱི་རང་

བཞིན་ནོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །ཉེ་བར་ཐོབ་པར་གྱུར་པའི་རྟགས། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཉིད། །གསུམ་པ་མེ་ཁྱེར་རྣམ་པ་དང་། །བཞི་པ་མར་མེ་ཉེ་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་
འདྲ་བ་ཉིད། །ཕྱི་ནས་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་རྣམ་པར་སྐད་ཅིག་འགྱུར། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས། རྫོགས་པའི་རིམ་པའི་བྱ་བ་སྟེ་བདུན་པའོ།། །།མཁས་པ་
སྔགས་ཀྱི་མཐར་ཕྱིན་ཅིང་། །བསྟན་བཅོས་ཀུན་ལ་འཇིགས་མེད་པས། །འཇིག་རྟེན་ཐ་སྙད་རྗེས་འབྲངས་ཏེ། །རབ་ཏུ་གནས་པའི་ཆོ་ག་བྱ། །ལུས་བཀྲུས་དྲིས་བསྒོས་གོས་གཙང་བགོས། །དོ་ཤལ་རྐང་གདུབ་དཔུང་རྒྱན་དང་། །རྣ་ཆ་གདུ་བུ་སོར་གདུབ་སོགས། །རྒྱན་
རྣམས་ཀུན་གྱིས་བརྒྱན་བྱས་ཏེ། །ཟླ་བ་དག་དང་ཚེས་གྲངས་དང་། །གཟའ་དང་སྐར་མ་བཟང་པོ་ལ། །གནས་ནི་ཡིད་འོང་འདུ་འཛི་སོགས། །སྐྱོན་སྤངས་རྣམ་མཛེས་བླ་གབ་ཅན། །བ་ཡི་རྣམ་ལྔ་དྲི་ཞིམ་བྱུགས། །མེ་ཏོག་སིལ་མ་སྣ་ཚོགས་དགྲམ། །གདུགས་དང་རྒྱལ་
མཚན་འཕན་ལ་སོགས། །བླ་རེ་མཆོག་ནི་བྲེ་བྱ་ཞིང་། །བཀྲ་ཤིས་རྣམས་ཀྱིས་བརྒྱན་པ་ཡི། །བུམ་པ་རིན་ཆེན་སོགས་གང་དང་། །པི་ཝང་གླིང་བུ་འཁར་རྔ་སོགས། །གླུ་གར་དགའ་སྟོན་ཆེར་བྱའི་ཕྱིར། །ཅི་འབྱོར་མཆོད་པ་ལེགས་བཤམས་ནས། །གོང་མའི་ཆོ་
གས་བསྲུང་བར་བྱ། །དེ་ནས་གཏོར་མ་ལེགས་བྱིན་ནས། །སྐུ་གསུང་ཐུགས་ཀྱི་མཚན་མ་གང་། །སྐུ་གཟུགས་གླེགས་བམ་མཆོད་རྟེན་སོགས། །དང་པོ་ཉེས་པ་བཀྲུ་བའི་ཕྱིར། །བ་ཡི་ལྕི་བ་ཆུ་དང་ཞོ། །འོ་མ་མར་གྱིས་བཀྲུས་འོག་ཏུ། །འབྲུ་མར་གྱིས་ཀྱང་བྱུག་
པར་བྱ། །འབྲུ་མར་ཤུན་ལྤགས་ལྔས་བསལ་བྱའོ། །ཨུ་དུམ་བཱ་ར་ཤི་རི་ཥ། །ཨ་ཤྭཏྠ་དང་ནྱ་གྲོ་དྷ། །བར་ཀ་ཏ་ཡི་ཤུན་པགས་ཏེ། །དེ་ནས་དྲི་ལྔས་ཁྲུས་གསོལ་བ། །ཙནྡན་གཉིས་དང་གུར་གུམ་དང་། །ལ་གུ་དྲན་ཏི་ཀ་ལྔའོ། །ཕྱི་དྲོ་སྐུ་གཟུགས་འདུ་བྱས་པ། །འོག་

ནས་འབྱུང་བའི་རིམ་ཉིད་ཀྱིས། །ལྷག་པར་གནས་བྱ་བུམ་པ་ཡང་། །སྔ་མའི་ཆོ་ག་བཞིན་དུའོ། །ལྷ་གནས་ཕྱོགས་ཆར་ཁྲུས་ས་ནི། །ཟུར་བཞི་ཁྲུ་བཞི་ཁྲུ་དོ་དཔངས། །ཡིད་འོང་མཛེས་བཅས་གདན་སྟེང་བཞུགས། །བཀྲ་ཤིས་རོལ་མོར་བཅས་ཁྲུས་གསོལ། །ཇི་ལྟར་བལྟམས་
པ་ཙམ་གྱིས་ཀྱང་། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་དེ། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཁྱོད་ནི་སྦྱིན་པའི་རང་བཞིན་ཆུས། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་རྗེས་བསྒོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཁྱོད་ནི་
ཚུལ་ཁྲིམས་རང་བཞིན་ཆུས། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཁྱོད་ནི་བཟོད་པའི་རང་བཞིན་ཆུས། །ཞེ་སྡང་དྲི་མ་སྦྱོང་མཛད་ཅིང་། །བྱམས་པའི་དྲི་ཡིས་ལེགས་བསྒོས་པ། །ཁྲུས་
ལེགས་མཛད་ལ་ཕྱག་འཚལ་འདུད། །ཁྱོད་ནི་བརྩོན་འགྲུས་རང་བཞིན་ཆུས། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཁྱོད་ནི་བསམ་གཏན་རང་བཞིན་ཆུས། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །
ཏིང་འཛིན་དྲི་ཡིས་ལེགས་བསྒོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཁྱོད་ནི་ཤེས་རབ་རང་བཞིན་ཆུས། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཡེ་ཤེས་དྲི་ཡིས་ལེགས་བསྒོས་ལ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཆུ་བོ་དྲུག་གིས་ཁྲུས་མཛད་ཅིང་། །
དྲི་མ་རྣམ་དྲུག་སྦྱོང་མཛད་པ། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །གང་ལ་ཉེས་པ་མི་མངའ་ཞིང་། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་དེ་ལ་ཐར་དོན་དུ། །དད་པས་བདག་ནི་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་
ནེ་སྭཱ་ཧཱ། །ཕའི་རྣམ་ལྔའི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿམར་ཁུའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཤེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུྃ་སྭཱ་ཧཱ། །སྐུ་ཁྲུས་གསོལ་བའི་སྔགས་སོ། །དེ་ནས་མཁས་པས་བཀྲ་ཤིས་ཀྱི། །ཚིགས་བཅད་འདི་ཡང་བརྗོད་པར་བྱ། །ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས། །ཉི་མའི་

གུང་ལ་གནས་བཀྲ་ཤིས། །ཉིན་མཚན་རྟག་ཏུ་བཀྲ་ཤིས་པ། །སངས་རྒྱས་རྣམས་ཀྱིས་དེང་འདིར་སྩོལ། །ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས། །ཉི་མའི་གུང་ལ་གནས་བཀྲ་ཤིས། །ཉིན་མཚན་རྟག་ཏུ་བཀྲ་ཤིས་པ། །དམ་ཆོས་རྣམས་ཀྱིས་དིང་འདིར་སྩོལ། །དེ་
ལྟར་ཀུན་ལ་སྦྱར། དགེ་འདུན་རྣམས་ཀྱིས་དེང་འདིར་སྩོལ། །རྒྱལ་སྲས་རྣམས་ཀྱིས་དེང་འདིར་སྩོལ། །ཕྱོགས་སྐྱོང་རྣམས་ཀྱིས་དེང་འདིར་སྩོལ། །སྲུང་མའི་ཚོགས་ཀྱིས་དེང་འདིར་སྩོལ། །དེ་ལྟར་ཁྲུས་གསོལ་དེ་འོག་ཏུ། །གོས་ཀྱི་ཕྱི་བཞིན་དྲི་ལྔས་བྱུག །སྐུ་ལ་སོགས་པའི་
མཚན་མ་ནི། །བདུད་རྩི་འཁྱིལ་བས་བསྲུང་བར་བྱ། །དེ་ནས་སྐུ་སོགས་མི་དམིགས་ལ། །རང་གི་སྔགས་དང་ཕྱག་རྒྱ་སྟེ། །དེ་ལ་སྐུ་སོགས་རྫོགས་པ་ལ། །སྤྱན་དྲངས་མཆོད་པ་ལ་སོགས་བྱ། །ཇི་ལྟར་སངས་རྒྱས་ཐམས་ཅད་དག །དགའ་ལྡན་དུ་ནི་གནས་ནས་སུ། །ལྷ་མོ་སྒྱུ་
འཕྲུལ་ལྷུམས་གཤེགས་པ། །དེ་བཞིན་འདིར་ནི་གཤེགས་སུ་གསོལ། །ཨོཾ་བཛྲ་གཽ་རཱི་ཨཱ་ཀཪྵ་ཡ་ཛཿ། ཨོཾ་བཛྲོ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཨོཾ་བཛྲ་བེ་ཏཱ་ལཱི་བནྡྷ་བཾ། ཨོཾ་བཛྲ་གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོཿ །འདིར་ནི་རྟག་ཏུ་བཞུགས་ནས་ཀྱང་། །བརྩེ་བས་རྗེས་སུ་གཟུང་བ་དང་། །བྱང་ཆུབ་སེམས་
ནི་རབ་འཕེལ་ཕྱིར། །བརྟན་པར་འདིར་ནི་བཞུགས་སུ་གསོལ། །ཨོཾ་བཛྲ་དྷ་ར་དྷ་ར། དྷ་ར་ཡ་དྷ་ར་ཡ། མརྡྷ་མརྡྷ། བཛྲ་དྷྲྀག་ཨ་དྷི་ཏིཥྛ། ཨོཾ་ས་ཤྭ་པ་ར་མ་ས་ཤྭ་ཏ། ཨེ་ཧྱེ་ཧི་ཛི་ན་ཛིཀ་ཨ་དྷི་ཏིཥྛ། ཨོཾ་བཛྲ་སཱུརྱ་ཏ་མོ་བི་དྷ་མ་ན་ས་མ་ཡ་སྟྭཾ་ཧཾ་རཏྣ་དྷྀཀ་ཨ་དྷི་ཏིཥྛ། ཨོཾ་བཛྲ་དྷརྨཱ་ས་མ་
ཡ་སྟྭཾ་ཧུ་ལུ་ཧུ་ལུ་ཨཱ་རོ་ལྀ་ཀ་ཨ་དྷི་ཏིཥྛ། ཕུ་ཕུཿཕུཿཧི་ཧི་ཧི། པྲཛྙཱ་ཌྷྀཀ་ཨ་དྷི་ཏིཥྛ། ཨོཾ་མོ་ཧ་ར་ཏི་ཨ་དྷི་ཏིཥྛ། ཨོཾ་དྭེ་ཥ་ར་ཏི་ཨ་དྷི་ཏིཥྛ། ཨོཾ་རཱ་ག་ར་ཏི་ཨ་དྷི་ཏིཥྛ། ཨོཾ་བཛྲ་ར་ཏི་ཨ་དྷི་ཏིཥྛ། དེ་ནས་མིག་སོགས་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །དབང་
ནི་རང་གི་རིགས་ཉིད་ཀྱིས། །རང་ཉིད་གནས་སུ་ཡེ་ཤེས་བསམ། །ཡེ་ཤེས་བདུད་རྩིའི་སྦྱོར་བ་ཡིས། །མཆོད་པའི་རིམ་པ་དབུལ་བར་བྱ། །འཆད་པར་འགྱུར་བའི་ཆོ་ག་ཡིས། །རྒྱ་ཆེར་རབ་ཏུ་མཆོད་ནས་ནི། །བློ་དང་ལྡན་པས་བསྟོད་པ་བྱ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །

རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་
རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་
རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རང་བཞིན་དག་པ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །དེར་ནི་ཚོགས་ཀྱི་འཁོར་ལོ་དང་། །སྦྱིན་སྲེག་གཏོར་མའང་རྒྱས་པར་བྱ། །མཐོང་དང་མ་མཐོང་འབྲས་བུ་དག །ཕུན་སུམ་ཚོགས་པ་ཐོབ་པར་འགྱུར། །
དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས་རབ་ཏུ་གནས་པའི་བྱ་བ་སྟེ་བརྒྱད་པའོ།། །།བློ་ལྡན་ཁྲུས་བྱས་རྒྱན་རྣམས་བརྒྱན། །དཀྱིལ་འཁོར་བསྒྲུབ་དུས་གནས་ནང་དུ། །སྦྱིན་སྲེག་དེ་ཉིད་ལ་གནས་ཏེ། །ལས་ཀུན་སྒྲུབ་བྱེད་སྦྱིན་སྲེག་བྱ། །སྔགས་པས་བྱང་དུ་མངོན་
བལྟས་ཏེ། །ཞི་བའི་ལས་ནི་ཡང་དག་བརྩམ། །ཤར་དུ་རྒྱས་པ་མངོན་སྤྱོད་ལྷོར། །དབང་དང་དགུག་པ་ནུབ་ཏུའོ། །ཞི་བ་དགོངས་ཀ་བྱ་བ་སྟེ། །རྒྱས་པ་ནང་པར་བྱ་བ་ཡིན། །དབང་དང་དགུག་པ་ཉི་ཕྱེད་ལ། །མཚན་ཕྱེད་གསད་དང་ཞེ་སྡང་ངོ་། །ཕན་པ་གཉིས་ཀྱིས་ཞི་བ་སྟེ། །
རྡོ་རྗེ་ཉི་མ་རྒྱས་པའོ། །རྡོ་རྗེ་ཆོས་ཀྱི་དབང་ཞེས་བྱ། །རྡོ་རྗེ་སེམས་དཔའ་གསད་པའོ། །ཞི་བའི་སེམས་ཀྱིས་ཞི་བ་སྟེ། །ནད་ལ་སོགས་པ་ཞི་བར་བྱ། །རྒྱས་པའི་སེམས་ཀྱིས་རྒྱས་པ་སྟེ། །རིན་ཆེན་ཆར་སྤྲིན་རབ་བསྐོར་བྱ། །རྗེས་སུ་ཆགས་པའི་སེམས་ཀྱིས་ནི། །དགུག་པའི་ལས་ནི་
ཡང་དག་བརྩམ། །གདུག་པའི་སེམས་ཀྱིས་གསད་པ་སྟེ། །མེ་ཡི་ཆར་སྤྲིན་དབབ་པར་བྱ། །ཞི་བའི་ཐབ་ཁུང་ཟླུམ་པོ་སྟེ། །རྒྱས་པ་ལ་ནི་གྲུ་བཞིའོ། །དབང་ནི་ཟླ་བ་ཕྱེད་པ་འདྲ། །དགུག་པ་ལ་ནི་ལྕགས་ཀྱུའི་དབྱིབས། །གསད་དང་ཞེ་སྡང་ལས་ལ་ནི། །ནམ་མཁའི་ཁམས་

དང་མཚུངས་པའོ། །ཁྲུ་གང་པ་དང་ཁྲུ་ཕྱེད་པར། །རྒྱ་དང་ཟབས་ནི་ཞི་བ་སྟེ། །ཁྲུ་དོ་པ་དང་ཁྲུ་གང་པ། །རྒྱ་དང་ཟབས་ནི་རྒྱས་པ་ཡིན། །དབང་དང་དགུག་པའང་ཁྲུ་གང་པ། །ཁྲུ་ཕྱེད་རྒྱ་དང་ཟབས་སུ་བསྟན། །སོར་མོ་ཉི་ཤུ་དེ་ཡི་ཕྱེད། །རྒྱ་ཟབས་གསད་དང་
ཞེ་སྡང་ལའོ། །ཞི་བའི་ཁ་ཁྱེར་སོར་བཞི་སྟེ། །རྒྱས་པ་ལ་ནི་སོར་མོ་བརྒྱད། །དབང་དང་དགུག་ལ་སོར་བཞི་བཞི། །གསད་དང་སྡང་ལ་སོར་གསུམ་གསུམ། །ཕྱེད་མ་དཀར་པོས་ཞི་བ་ལ། །དེ་བཞིན་རྒྱས་པ་སེར་པོ་སྟེ། །དབང་དང་དགུག་ལ་དམར་པོར་གྲགས། །གསོད་དང་ཞེ་
སྡང་ནག་པོའོ། །འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་རྡོ་རྗེ་ཅི་རིགས་དགོད། །རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །ལས་ཀུན་པ་ཡི་སྦྱིན་སྲེག་སྟེ། །ཚད་དང་དབྱིབས་དང་ཁ་དོག་དག །ཞི་བ་དང་མཐུན་ཤར་བལྟའོ། །དགང་གཟར་དབྱེ་བ་བཤད་པར་བྱ། །གསེར་
སོགས་ནིམ་པ་མཆོད་སྦྱིན་ཞིང་། །ཡུ་བ་ཁྲུ་དོ་མཆུ་སོར་བརྒྱད། །ཞེང་ཟབས་རྡོ་རྗེ་སོར་བཞིའོ། །ཁ་ནི་པདྨའི་རྣམ་པ་མཚུངས། །སྐ་རགས་གྲུ་བཞི་མཛེས་པ་སྟེ། །འོག་ཏུ་པདྨ་ལེགས་པར་བྱ། །རིན་ཆེན་སོར་གཉིས་ཡུ་བའི་མགོར། །ཐ་མར་རྡོ་རྗེ་སོར་དྲུག་པ། །དེ་ནི་དགང་
གཟར་མཚན་ཉིད་དོ། །བླུགས་གཟར་ཡུ་བ་ཁྲུ་གང་སྟེ། །མཆུར་ནི་སོར་དྲུག་ཞེང་དང་ཟབས། །རྡོ་རྗེ་སོར་གསུམ་པད་འདབ་མཚུངས། །རིན་ཆེན་སོར་གཅིག་གསུམ་རྡོ་རྗེ། །གཞན་ཡང་དགང་གཟར་བླུགས་གཟར་གྱི། །ཡུ་བ་ཁྲུ་གང་བྱ་བ་སྟེ། །འོག་ཏུ་རྡོ་རྗེ་རིན་ཆེན་བྱ། །
དེ་ཡི་དགང་གཟར་རྒྱར་སོར་བཞི། །ཟབས་སུ་སོར་བཞི་ནང་རྡོ་རྗེ། །སོར་བཞིའི་མཐར་ནི་རྡོ་རྗེ་སྟེ། །བར་དུ་པདྨའི་འདབ་མའི་དབྱིབས། །བླུགས་གཟར་པད་དབྱིབས་སོར་གཉིས་ཏེ། །ཟབས་སུ་སོར་གཅིག་ནང་རྡོ་རྗེ། །དགང་གཟར་བླུགས་གཟར་ཁ་རང་གི། །ལྷ་ཡི་ས་བོན་
རབ་འབར་བསམ། །རི་ཕའང་དེ་ཡི་ཁར་དགོད་བྱ། །ཡང་ན་སོར་མོ་ལྔ་དང་གསུམ། །བཅེར་བས་ཀྱང་ནི་བྱ་བར་གསུངས། །མེ་ཏོག་བདུག་སྤོས་མར་མེ་དང་། །དེ་བཞིན་དྲི་ཡི་དུང་སོགས་གཡས། །གཡོན་དུ་སྔགས་ཀྱི་མཆོད་ཡོན་སྣོད། །མདུན་དུ་སྣོད་ནི་གཞག་པར་བྱ། །

མཆོད་སྦྱིན་ཤིང་སོགས་ཡལ་ག་ལས། །རྩེ་མོ་མཆོག་ནི་མ་ཉམས་པ། །བཟང་པོ་ལོ་མ་གཉིས་ལྡན་པ། །ལས་ཀྱི་དབྱེ་བས་དབྱེ་བར་བྱ། །རྒྱས་པ་ལ་ནི་སོར་བཅུ་བཞི། །ཞི་བ་སོར་ནི་བཅུ་གཉིས་པ། །དབང་ལ་སོར་བཅུ་སྡང་བ་དང་། །གསད་པ་ལ་ཡང་སོར་མོ་བརྒྱད། །ཤ་ལྔ་དང་ནི་བདུད་རྩི་ལྔ། །
རྒུན་འབྲུམ་ཨ་མྲ་སྦྲུལ་འཇིགས་དང་། །ཁ་འཛག་སྐྱེ་མ་རྩེ་བ་ནི། །འབྲས་བུ་རྣམས་ཀྱིས་སྦྱིན་སྲེག་བྱ། །ཙམ་པ་ཨ་ཤྭ་ཀ་དང་གླུ། །ཀ་ཏང་པ་དང་སྲིད་སྒྲུབ་ཉིད། །ཇི་ལྟར་རྙེད་པ་བཟླས་བྱས་ནས། །མེ་ཏོག་འདིས་ནི་སྦྱིན་སྲེག་བྱ། །ཡིད་ཀྱིས་མར་ཁུ་བསམ་པ་དང་། །འབྲས་སོ་
ཆག་མེད་འབྲས་དང་ནི། །འབྲུ་དང་ཞོ་ཡི་ཟན་དང་ནི། །ཏིལ་དང་དེ་བཞིན་མཉམ་པའི་ཤིང་། །དཱུར་བ་རབ་ཏུ་གཞོན་པ་ཉིད། །བསམ་གཏན་རྡོ་རྗེས་སྦྱིན་སྲེག་བྱ། །མེ་ཏོག་ལ་སོགས་རྫས་རྣམས་ནི། །ལས་ཀྱི་དབྱེ་བས་ཁ་དོག་དབྱེ། །དཀར་པོ་ཞི་བར་བྱེད་པར་བརྗོད། །སེར་
པོ་རྒྱས་པ་སྒྲུབ་ཐབས་ལ། །དབང་དང་དགུག་པར་དམར་པོ་ཆེ། །ཐ་མའི་ལས་ལ་ནག་པོའོ། །ཏིལ་གྱི་ཞི་བ་རྒྱས་པ་ཞོ། །ཚེར་མས་དེ་བཞིན་གསད་པ་ལ། །ཞེ་སྡང་སོགས་ལའང་ཚེར་མར་བརྗོད། །དབང་དང་དགུག་ལ་ཨུཏྤལའོ། །བདུད་རྩི་འཁྱིལ་སྔགས་ཡུངས་ཀར་
བཟླ། །ཁུ་ཚུར་གཉིས་ཀྱིས་འདོད་ལྷ་ལ། །རང་གི་བསྐོར་བས་རབ་བསྐོར་བྱ། །གཉིས་ཀྱི་བར་དུ་སྦྱར་བར་བྱ། །ཅིག་ཅར་ཁུ་ཚུར་གཉིས་དག་གིས། །གཡས་སུ་བསྐོར་བར་ཡང་བྱའོ། །སྔོན་བཞིན་ཡུངས་ཀར་མེ་སྣོད་ལ། །སྦྱང་བར་བྱ་ཕྱིར་གཞུག་པར་བྱ། །ཨོཾ་སརྦ་པཱ་པཾ་
ད་ཧ་ན་བཛྲ་ཡ་བཛྲ་སཏྭཾ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། །སྦྱང་བའོ། །ཡེ་ཤེས་རྣམ་ཤེས་ནང་བཀུག་སྟེ། །སྙིམ་པས་ཆུ་ནི་བླང་བྱས་ནས། །བསྐོར་ཏེ་སྦྱང་ཕྱིར་མེ་རུ་ཡང་། །ཉུངས་ཀར་བཞིན་དུ་གཞུག་པར་བྱ། །ཨོཾ་ཧཱུྃ་ཏ་ཊི་ཕཊ་ཉེ་རེག་གོ། །དེ་ནས་ཡཾ་ཤིང་ལ་སོགས་རྫས། །གསང་
ལ་སྦྱང་ཕྱིར་སྔགས་འདི་འདོན། །ཨོཾ་ཤྲཱིཾ་སྭཱ་ཧཱ། མར་སྦྱང་བའི་སྔགས་སོ། །ཨོཾ་སྭཱ་ཧཱ། རྫས་བཀྲུ་བའི་སྔགས་སོ། །ཨོཾ་བཛྲ་སྭཱ་ཧཱ། འབྲུ་སྦྱང་བའི་སྔགས་སོ། །ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་གཞན་སྦྱང་བའི་སྔགས་སོ། །ཨོཾ་ཨ་སྭཱ་ཧཱ། ཡཾ་ཤིང་སྦྱང་བའི་སྔགས་སོ། །

སྦྱིན་སྲེག་ཡན་ལག་ལས་བྱུང་ཞིང་། །ཐབ་ཁུང་བས་ཐུང་ཐབ་ཁུང་གཞུག །ཏིང་ངེ་འཛིན་གྱིས་མེ་སྦར་ལ། །ཡིད་ཀྱིས་མར་གྱི་སྲེག་བླུགས་སྦྱིན། །དེ་ནི་སོ་སོར་སྣང་བ་སྟེ། །བསམ་གཏན་ལས་བྱུང་སྐུ་ལྔ་པ། །དེ་ལ་ཞབས་བསིལ་ཞལ་བསིལ་དང་། །མཆོད་
ཡོན་འཐོར་འཐུང་རིམ་བཞིན་དབུལ། །ཧ་ཅང་རིང་མིན་རྩེ་མ་ཉམས། །གཡས་སྐོར་ཤར་ནས་ཀུ་ཤ་དགྲམ། །རྩེ་མོ་ཕྱོགས་གཅིག་བསྟན་བྱ་ཏེ། །སྟེགས་བུའི་སྟེང་དུ་གཞག་པར་བྱ། །ཙནྡན་ཨ་ཀ་རུ་ཤིང་ངམ། །གཞན་ཡང་དྲི་ཡི་ཤིང་དག་གིས། །སྦྱིན་སྲེག་བྱ་ཕྱིར་རླུང་ཡབ་ཀྱིས། །མེ་
སྦར་གཟི་བསྐྱེད་མཚན་མ་བརྟག །ཁ་དོག་དྲི་དང་རྩེ་མོ་འཁྱིལ། །གཟུགས་དང་སྒྲ་ལ་སོགས་པ་ཡི། །དགེ་དང་མི་དགེ་བར་གྱུར་ཏེ། །ཞི་བ་ཁ་དོག་དཀར་འབར་བ། །རྒྱས་པ་སེར་པོའི་རྣམ་པ་སྟེ། །དབང་དང་མངོན་སྤྱོད་དག་ལ་ནི། །དམར་དང་གནག་པའི་མེ་ནི་བསྔགས། །བརྒྱ་བྱིན་བཟང་
པོའི་གཞུ་འདྲ་སྟེ། །གཡས་སུ་འཁྱིལ་བས་མཆོག་ཡིན་ནོ། །ངང་པའི་སྒྲ་ལྟར་སྙན་པ་དང་། །མེ་ལྕེ་སྣུན་ཞིང་རྩེ་མོ་ཅན། །སྲེག་བླུགས་བསྲེས་པས་ཡོན་བདག་ཕྱིར། །མེ་ནི་ཁོང་དུ་ཆུད་ཕྱིར་བརྟག །མེ་སྟག་རྣམ་འཕྲོ་དུ་བ་མང་། །རིམ་གྱིས་འབར་ཞིང་ཁད་ཀྱིས་འཕྲོ། །མཐའ་མར་རང་
འབར་གཟི་བྱིན་ཅན། །ཚ་ཞིང་འོད་ཟེར་འཕྲོ་བ་དང་། །རྩེ་གསུམ་ཞིབ་མ་འདྲ་ཉིད་དང་། །དེ་བཞིན་བ་ལང་འགྲོ་འདྲ་བ། །དེ་ལ་སོགས་པའི་མཚན་ངན་པ། །མི་དགེ་རྣམས་ཀྱང་བརྟག་པར་བྱ། །མེ་ཡི་དབུས་སུ་བསྒོམ་བྱ་བ། །པདྨ་ཉི་མའི་དཀྱིལ་འཁོར་ལ། །སྤྱན་གསུམ་ཞལ་བཞི་ཕྱག་
བཞིའི་ལྷ། །གསུས་ཆེན་རལ་པའི་ཐོར་ཚུགས་ཅན། །གཡས་པ་མཆོག་སྦྱིན་ཕྲེང་བ་སྟེ། །གཡོན་ན་དབྱུག་པ་སྤྱི་བླུགས་སོ། །ལས་དང་རྗེས་མཐུན་ཁ་དོག་ཅན། །ར་ཡི་སྐྱེ་གནས་ལས་བྱུང་བསྒོམ། །ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །སྲེག་
བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་སཏྭ་མ་གྲྀ་ཧི་ཏྭ་ཨ་ཧུ་ཏི་ཨ་ཧ་ར་

ཨསྨིཾ་སནྣི་ཧི་ཏོ་བྷ་བ། མཆོད་པའི་ཚོགས་མཆོད་བྱས་ལ། །སྤོས་ཁང་ཡོངས་སུ་བཟུང་བྱས་ཏེ། །འདོད་དོན་དངོས་གྲུབ་རྟོགས་བྱའི་ཕྱིར། །དམ་ཚིག་ཡང་དག་བརྗོད་པར་བྱ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭཱ་ལ་ཡ་སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚ་ཧཱུྃ་ཕཊ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ཨ་ཧཾ། དམ་
ཚིག་སྦྱིན་པའོ། །དགང་གཟར་བླུགས་གཟར་བཟང་པོ་ཡི། །རྡོ་རྗེས་མཚན་པར་ས་བོན་བསྒོམ། །ལག་པ་གཡས་པས་གཟུང་བྱས་ཏེ། །པུས་མོའི་བར་དུ་གནས་བྱས་ནས། །ཡེ་ཤེས་བདུད་རྩིར་བྱིན་བརླབས་རྫས། །མེ་ཡི་ལྷ་ལ་སྲེག་བླུགས་དབུལ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་
སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་སཏྭ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། །ཏིལ་ནག་གིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། །འབྲས་མ་ཆག་པའི་འོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། །ཞོ་དང་ཟས་མཆོག་གིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། །འབྲས་སོ་བའི་འོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། །ནས་ཀྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། །མོན་
སྲན་དྲེ་འུ་འི་འོ། །ཨོཾ་བཛྲ་གྷསྨ་རི་སྭཱ་ཧཱ། གྲོའི་འོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། །དཱུར་བ་གཞོན་ནུའི་འོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། །ཀུ་ཤའི་འོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། །ཨུ་དུམ་བཱ་རའི་འོ། །ཨཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ། །བྱང་ཆུབ་ཀྱི་ཤིང་གིའོ། །ཨོཾ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། །བ་ལཀྵའིའོ། །
ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། །ནྱ་གྲོ་དྷའི་འོ། །ཨོཾ་ས་ཧ་ཀ་རཱ་ཡ་སྭཱ་ཧཱ། །ཨ་མྲའི་འོ། །མཐར་ནི་སྭཱ་ཧཱ་ཞི་བ་སྟེ། རྒྱས་པའི་དུས་སུ་པཽ་ཥཊ། མཐར་ནི་ཧཱུྃ་ཕཊ་གསད་པ་ལ། །དགུག་དང་དབང་ལ་ཛཿདང་ཧྲཱིཿ། །ཅི་འབྱོར་མཆོད་ནས་མེ་ཡི་ལྷ། །རྡོ་རྗེ་འཛིན་པས་བསྟོད་པར་བྱ། །འཇིག་རྟེན་
དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱང་བའི་
ཕྱིར། །ཐུགས་རྗེ་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་བསྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་ཞིང་བགྲང་

ཕྲེང་འཛིན། །བདུད་རྩི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །དེ་ནས་ཡི་གེ་བརྒྱ་པ་
བཟླ། །བསང་གཏོར་བྱ་སྟེ་མེ་ལྷ་ཡི། །ཐུགས་ཀར་རང་ལྷ་བསྐྱེད་བྱས་ལ། །སྤྱན་དྲང་མཆོད་བསྟོད་ལ་སོགས་བྱ། །དམིགས་མེད་མཁའ་ལྟར་དག་པར་ཁྱབ་པ་ཡི། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང་། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པ། །བཅོམ་ལྡན་
འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་དོན་སླད་དུ། །བདུད་སྡེ་དཔུང་བཅས་མ་ལུས་འཇོམས་མཛད་ཅིང་། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་ནི་བྷ་ག་
ཏཾ་ས་མ་ཡེ་ན་ཙ་ཨརྒྷཾ་ཏཾ་སཾ་པྲ་ཏཱིཙྪ་པུ་ཛཱཾ་ཙརྱ་པྲ་སི་ད་མེ། མཆོད་ཡོན་ཕུལ་ཏེ་དགུག་སོགས་བྱ། །བྱིན་བརླབས་དབང་བསྐུར་ལེགས་རྫོགས་ནས། །མཆོད་དང་བསྟོད་པ་ཉེར་སྤྱོད་སོགས། །སྔར་བཞིན་ཕུལ་ནས་ཡེ་ཤེས་མེ། །མཉེས་བྱས་འདོད་པའི་དོན་བླངས་ཏེ། །ཡི་གེ་བརྒྱ་
པས་གཤེགས་སུ་གསོལ། །ལྷག་པའི་རྫས་ཀྱི་དགང་བླུགས་ཀྱིས། །མེ་ལྷ་མཆོད་དེ་གཤེགས་སུ་གསོལ། །བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུ་ནི་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་
སྒྲུབས། །ཨོཾ་ཀྲྀ་ཏྭཱ་ཝ་སརྦ་སཏྭཱ་རྠ་སིདྷི་ར་དཏྟ་ཡ་ཐཱ་ནུ་གཱཙྪ་ཏཱཾ་བུདྡྷ་བི་ཥ་ཡ་པུ་ན་ཡ་མུཿ། སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་པར་གྱུར་ནས་དངོས་གྲུབ་སྟེར། །གསང་སྔགས་ལྷག་ཆད་གང་ཡིན་པ། །ཐམས་ཅད་སྦྱིན་སྲེག་དག་གིས་བསྐོང་། །དེ་ཕྱིར་རྡོ་རྗེ་མཁའ་འགྲོ་
ཡིས། །སྦྱིན་སྲེག་རབ་ཏུ་བསྔགས་པར་མཛོད། །འདིས་ནི་རྡོ་རྗེ་མཉེས་པར་གྱུར། །ཡེ་ཤེས་མེ་ནི་རབ་དགྱེས་བྱ། །རྒྱལ་བ་ཕན་པ་མཉེས་པ་དང་། །གསེར་གྱི་མངའ་བདག་མཉེས་པ་དང་། །པདྨ་གར་དབང་མཉེས་པ་དང་། །ལྕགས་མཆོག་རྒྱལ་པོ་མཉེས་པ་དང་། །ཚངས་པ་

བརྒྱ་བྱིན་དབང་ཆེན་དང་། །ཁྱབ་འཇུག་རླུང་དང་མེ་ཆེན་དང་། །ཐོད་ལྡན་ཉིད་དང་འདོད་ལྷ་དང་། །ཟླ་བ་ཉི་མ་གདོན་གཞན་དང་། །ས་ནི་ཞགས་པས་འཛིན་པ་དང་། །ལུས་ངན་དེ་བཞིན་མཚམས་སྐྱོང་དང་། །ཆོས་རྒྱལ་དང་ནི་ཀླུ་དང་ནི། །དྲི་ཟ་ལྷ་མིན་མི་འམ་ཅི། །སུམ་ཅུ་རྩ་གསུམ་
གནས་པའི་ལྷ། །འོག་མིན་དུ་ནི་གནས་པ་དང་། །གང་ཞིག་རྒྱལ་ཆེན་གནས་པ་དང་། །གཞན་འཕྲུལ་དབང་བསྒྱུར་ཉིད་དང་ནི། །འཕྲུལ་དགའ་ཡི་ནི་ལྷ་རྣམས་དང་། །གང་ཞིག་དག་པའི་གནས་སོན་དང་། །འོད་ཟེར་འཇིག་རྟེན་ཁམས་གནས་དང་། །མི་མཇེད་ཁམས་སུ་གནས་
པ་དང་། །གླིང་བཞིར་གནས་པའི་སེམས་ཅན་དང་། །གང་ཞིག་ཁམས་གསུམ་གནས་པ་དང་། །སྣོད་ལྡན་སེམས་ཅན་འཇིག་རྟེན་དང་། །ལྕུག་མ་ཚོགས་དང་རྩྭ་སོགས་དང་། །གང་དག་རབ་དགའི་སར་གནས་དང་། །ཕ་རོལ་དྲི་མེད་གང་ཕྱིར་དང་། །འོད་འཕྲོ་ཅན་དུ་གནས་པ་དང་། །
མི་གཡོའི་གནས་སུ་བྱས་པ་དང་། །གང་ཞིག་ཆོས་སྤྲིན་རྗེས་སོན་པ། །གང་ཞིག་སྦྱང་དཀར་སོང་བ་དང་། །གང་ཞིག་རིང་སོང་ཐོབ་པ་དང་། །འོད་བྱེད་དུ་ནི་གནས་པ་སྟེ། །ས་བཅུའི་དབང་ཕྱུག་མགོན་པོ་དང་། །འཕགས་པའི་གང་ཟག་བརྒྱད་པོ་དང་། །རྫོགས་སངས་རྒྱས་དང་
ཉན་ཐོས་ཉིད། །རྭ་ནི་རལ་གྲི་གཟུགས་ཅན་དང་། །དམྱལ་བ་ཡི་དགས་བྱོལ་སོང་དང་། །ལྷ་དང་ལྷ་མིན་མི་རྣམས་ནི། །སྦྱིན་སྲེག་ཆོ་གས་དགྱེས་པ་ཉིད། །དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས། །སྦྱིན་སྲེག་གི་བྱ་བ་སྟེ་དགུ་པའོ།། །།སྔགས་ཚུལ་རིག་པའི་རྣལ་
འབྱོར་པས། །ཡིད་འོང་སྲོག་ཆགས་མེད་པའི་གནས། །ལེགས་སྦྱར་དྲི་ཞིམ་ཆུས་བྱུགས་ནས། །དུས་དང་སྦྱར་ཏེ་རོ་ཧོཾ་བརྩམ། །བདུད་རྩི་འཁྱིལ་པ་བཟླས་པ་ཡི། །དྲི་ཞིམ་ཆུ་ཡིས་དང་པོར་བཀྲུ། །དེ་ནས་རང་ལྷའི་རྣམ་འབྱོར་པས། །རྣམ་སྣང་མཛད་དུ་དེ་བསམས་ནས། །
རྡོ་རྗེ་སྡོམ་པ་བྱིན་ནས་ཀྱང་། །བུམ་པའི་དབང་ནི་སྦྱིན་པར་བྱ། །མིག་ལ་སོགས་ལ་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །རྡོ་རྗེ་ཐབ་ཁུང་རབ་སྦྱོར་བས། །སྦྱིན་སྲེག་རིམ་པས་སྦྱང་བར་བྱ། །ཉི་མ་དག་ནི་གསུམ་པ་ན། །རུས་པའི་ཕྲེང་བ་བསྡུ་བར་བྱ། །འོ་

མ་དྲི་བཟངས་བསང་གཏོར་ནས། །དེ་ཡི་མཆོད་རྟེན་ཡང་དག་བརྩམ། །དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས་རོ་ཧོམ་གྱི་བྱ་བ་སྟེ་བཅུ་པའོ།། །།བློ་དང་ལྡན་པའི་སྒྲུབ་པ་པོས། །རྣལ་འབྱོར་ཕོ་མོའི་དཀྱིལ་འཁོར་ལ། །ཁྱད་པར་ཅན་གྱི་ལོངས་སྤྱོད་
ཀྱིས། །ཚོགས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །བསོད་ནམས་འདོད་པའི་སྦྱིན་བདག་གིས། །དཀྱིལ་འཁོར་དྲི་དང་མེ་ཏོག་བཅས། །དྲི་ཡི་ཐིག་ལེའང་དབུལ་བར་བྱ། །ཕྱག་འཚལ་ནས་ནི་གསོལ་བ་གདབ། །དམ་ཚིག་གསོལ་བ་གཞན་གྱིས་ཀྱང་། །ཞི་བ་ལ་སོགས་རབ་ཏུ་བསྐུལ། །
སྔ་བར་དགེ་འདུན་ཆོས་སྟོན་བྱ། །བླ་མ་སངས་རྒྱས་ཡང་མཉེས་བྱ། །བླ་མ་ལ་ནི་ཡོན་དབུལ་བྱ། །དེ་ཡི་རྗེས་ལ་ཚོགས་ཀུན་ལའོ། །གནས་དེར་འཚོགས་པའི་རྣལ་འབྱོར་པས། །དབྱུག་སྔོན་ཅན་ལ་གསོལ་བཏབ་ནས། །སྐལ་ལྡན་སྐལ་མིན་ཤེས་འགྱུར་བས། །དང་པོར་
ལུང་དང་ངག་གི་བརྡ། །ལུང་གིས་འདིར་ནི་ཤེས་པར་བྱ། །གང་ཞིག་སྤུན་དང་སྲིང་མོ་ཡང་། །ཐེ་ཚོམ་མེད་པར་རྣམ་པར་ཤེས། །གང་གིས་སོར་མོ་གཅིག་སྟོན་པ། །འོངས་སམ་ཞེས་ནི་འདྲི་བ་ཡིན། །གཉིས་ནི་ལེགས་པར་འོངས་པ་ཡིན། །མཐེ་བོང་གཡོན་པ་བཅངས་པ་ནི། །
བདེ་བའི་ཕྱག་རྒྱར་ཤེས་པར་བྱ། །གང་ཞིག་མིང་མེད་སྟོན་པ་ལ། །དེ་ཡིས་མཐེ་ཆུང་སྦྱིན་པར་བྱ། །གང་ཞིག་དབུས་མ་སྟོན་པ་ལ། །དེ་ཡིས་མཛུབ་མོ་སྦྱིན་པར་བྱ། །གང་ཞིག་མིང་མེད་སྟོན་པ་ལ། །དེ་ལ་མགྲིན་པ་རབ་བསྟན་བྱ། །གང་ཞིག་གོས་ནི་སྟོན་པ་ལ། །དེ་ལ་རྩེ་
གསུམ་རབ་བསྟན་བྱ། །གང་ཞིག་ནུ་མ་སྟོན་པ་ལ། །དེ་ལ་མཚམས་ནི་རབ་བསྟན་བྱ། །གང་ཞིག་ས་ནི་སྟོན་པ་ལ། །དེ་ལ་འཁོར་ལོ་རབ་ཏུ་བསྟན། །གང་ཞིག་ཁྲོ་གཉེར་སྟོན་པ་ལ། །གཙུག་ཕུད་དགྲོལ་བར་མངོན་པར་བརྗོད། །གང་ཞིག་དཔྲལ་བ་སྟོན་པ་ལ། །དེ་ལ་རྒྱབ་ནི་
རབ་བསྟན་བྱ། །གང་ཞིག་རྐང་མཐིལ་སྟོན་པ་ལ། །ཕོ་ལོང་རྩེ་བར་རོལ་པར་བྱ། །ཕྱག་རྒྱ་སོ་སོའི་ཕྱག་རྒྱའོ། །དམ་ཚིག་ལ་ཡང་དབྱེ་བར་བྱ། །དེ་ཚེ་རྣལ་འབྱོར་མས་སྨྲས་པ། །ཨེ་མ་བུ་ནི་སྙིང་རྗེ་ཆེ། །གལ་ཏེ་ཕྲེང་བའི་ལག་སྟོན་ན། །འདུ་བར་བྱ་ཞེས་བརྗོད་པ་ཡིན། །ཕྲེང་བས་

མངོན་པར་གཤེགས་བྱས་ལ། །དམ་ཚིག་བརྟུལ་ཞུགས་ཤིན་ཏུ་མནོས། །མ་ད་ན་ཆང་བ་ལ་ཤ། །མ་ལ་ཡ་ཛ་དེ་བཞིན་དུ། །འགྲོ་བ་ཁེ་ཊ་རོ་ཤྲ་པ། །རུས་པའི་རྒྱན་ནི་ནི་རང་ཤུ། །བྲེ་ཁ་ན་ཤོག་ཅེས་རབ་ཅན། །ཀྲྀ་བི་ཏ་ནི་ཅང་ཏེའུ་འདོད། །དུ་དུ་ར་ནི་སྐལ་མེད་བརྗོད། །སྐལ་ལྡན་ཀ་ལིཾ་ཛ་རཾ་འདོད། །
རེག་མིན་དིན་ནི་མཾ་ཞེས་བྱ། །ཐོད་པ་པདྨ་བན་ཛ་ནམ། །ཟན་ནི་ཏྲི་པི་ཏྲི་ཀ་རཾ། །ཚོད་མ་མ་ལ་ཏི་དཾ་ནཾ། །བཤང་བ་ཙ་ཏུར་ས་མཾ་བརྗོད། །ཀསྟུ་རི་ནི་གཅི་བར་འདོད། །སིཧླ་རང་བྱུང་ཤེས་པར་བྱ། །ཀ་བུ་ར་ནི་ཁུ་བར་ཤེས། །ཤ་ཆེན་ཤ་ལི་ཛ་ཞེས་བརྗོད། །དབང་པོ་གཉིས་སྦྱོར་ཀུན་དུ་རུ། །བོ་ལ་
རྡོ་རྗེ་བཤད་པ་སྟེ། །ཀཀྐོ་ལ་ནི་པདྨར་ཤེས། །རིགས་ཀྱི་དབྱེ་བའི་དབྱེ་བ་ཡིས། །རིགས་ནི་རྣམ་པ་ལྔ་ཞེས་བཤད། །བརྡ་ཡི་སྐད་ནི་འདི་དག་ལ། །སངས་རྒྱས་ཞེས་བྱ་རིགས་ལྔ་ཡིན། །གཡུང་མོ་རྡོ་རྗེའི་རིགས་སུ་བཤད། །གར་མ་པདྨའི་རིགས་སུ་འདོད། །རིན་ཆེན་རིགས་ཉིད་རང་
འཚེད་མ། །སྐྱེ་གཉིས་དེ་བཞིན་གཤེགས་མར་ཤེས། །ལས་ཀྱི་རིགས་ཉིད་རང་འཚེད་མ། །ཕྱག་རྒྱ་འདི་དག་དངོས་གྲུབ་སྟེར། །དེ་ཡི་ཁུ་བ་རྡོ་རྗེ་ཡིན། །མཆོད་བྱས་བརྟུལ་ཞུགས་ཅན་གྱིས་བཏུད། །རྡོ་རྗེ་སྙིང་པོ་སེམས་དཔའ་ཆེ། །ཁྱོད་ལ་ང་ཡིས་བཤད་པ་གང་། །རྨད་དུ་བྱུང་བ་
བརྡ་ཡི་ཚིག །དེ་དག་ཐམས་ཅད་དད་པས་གཟུང་། །ཀྱེ་རྡོ་རྗེ་ལས་དབང་བསྐུར་གང་། །བརྡ་ཡི་སྐད་ནི་མི་སྨྲ་ན། །དེ་ཡི་དམ་ཚིག་ཉམས་པར་ནི། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཡམས་དང་འཚེ་བ་རྐུན་མ་དང་། །གདོན་དང་རིམས་དང་དུག་རྣམས་ཀྱང་། །བརྡ་ཡི་སྐད་ནི་མི་སྨྲ་ན། །
གལ་ཏེ་སངས་རྒྱས་ཡིན་ཡང་འཆི། །རང་གི་དམ་ཚིག་ཤེས་སྙེད་ལ། །གལ་ཏེ་ཚིག་འདི་མི་སྨྲ་ན། །དེ་ལ་གནས་བཞིར་སྐྱེས་པ་ཡིས། །རྣལ་འབྱོར་མ་ནི་ཁྲོ་བར་བྱེད། །སྒྲུབ་དུས་བཀྲ་ཤིས་དགའ་སྟོན་དང་། །དམ་ཚིག་གསོ་པའི་ཆོ་ག་སོགས། །ཡི་དགས་ཟླ་ཕྱེད་བཅུ་བཞི་དང་། །
ཚེས་བརྒྱད་ཀྱི་ནི་དུས་དག་ལ། །དུར་ཁྲོད་རི་ཡི་བྱ་སྐྱིབས་དང་། །དེ་བཞིན་མི་མ་ཡིན་གྱི་གནས། །ཡང་ན་དབེན་པ་འམ་རྒྱ་མཚོའི་མཐར། །སྟོན་མོ་འདི་དག་བརྩམ་པར་བྱ། །དེར་ནི་རྟག་ཏུ་བརྟག་པར་བྱ། །དུང་ཆེན་དགུ་དང་རོ་ཡི་གཟུགས། །ཡང་ན་སྟག་གི་པགས་པ་དང་། །དེ་བཞིན་

དུར་ཁྲོད་རས་དབུས་སུ། །རང་གི་ལྷག་པའི་ལྷ་དམིགས་ནས། །བཟང་པོ་རྒྱན་གྱིས་རྣམ་པར་བརྒྱན། །ཐམས་ཅད་འབྱོར་བའམ་དམིགས་ནས་ནི། །བེམས་པོའི་གནས་སུ་སྲེག་བླུགས་བྱ། །ཤར་ལྷོ་བྱང་དང་དག་ཕྱོགས་སུ། །ཕྱོགས་གནས་རྣམས་ནི་དགའ་བར་བྱ། །ཕྱོགས་
བྲལ་རྣམས་སུ་ལྷ་མོ་རྣམས། །དམ་པའི་ཚེ་ཡིས་མཆོད་པར་བྱ། །ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །རྒྱལ་མཚན་མཚོན་བསྣུན་བདུན་འཁོར་དང་། །རྒྱལ་པོ་ཤཱ་ལི་ལ་སོགས་རྫས། །ཇི་བཞིན་བྱིན་བརླབ་རིམ་པ་ནི། །ཕྱི་ནང་གསང་བའི་མཆོད་པ་ཡིས། །མཁའ་འགྲོའི་ཚོགས་བཅས་
མཆོད་པར་བྱ། །དེར་ནི་མ་དང་སྲིང་མོ་དང་། །སྲིང་མོའི་བུ་མོ་སྒྱུག་མོ་སྟེ། །དེ་ནས་རྒྱས་པར་མཆོད་བྱས་ནས། །ཚོགས་ཀྱི་འཁོར་ལོ་འགྲུབ་པར་འགྱུར། །ཐོད་པ་ཆེན་པོ་ཆ་གཅིག་པ། །ཆང་ནི་བཟང་པོས་བཀང་བྱས་ཏེ། །བླ་མ་ལ་དབུལ་སྐལ་ལྡན་མ། །ཕྱག་བཙལ་ནས་ནི་བདག་བཏུད་
བྱ། །པདྨའི་ལག་པས་བླང་བར་བྱ། །ལག་པ་དེ་ཉིད་ཀྱིས་ནི་དབུལ། །དེར་ནི་སྒྲུབ་པ་པོ་ཡིས་ཕྱག །ཡང་དང་ཡང་དུ་བྱ་བའོ། །གླུ་གར་དངོས་གྲུབ་རྒྱུར་གསུངས་པས། །དེ་དག་གིས་ཀྱང་མཆོད་པར་བྱ། །ཀཀྐོ་ལར་གནས་བོ་ལ་སྟེ། །མུམྨུ་ནི་ཀྱེ་ཀཀྐོ་ལ། །ཀྱེ་ཁྱོད་ཀྲི་པི་ཏ་བརྡུང་བ། །སྙིང་
རྗེ་ཀུ་ཅོ་མི་བྱེད་དོ། །དེར་ནི་བ་ལ་བཟའ་བར་བྱ། །བསྡམས་པར་མ་ད་ན་བཏུང་ངོ་། །ཀྱེ་ཀ་ལི་ཛ་ནི་གཞུག་པར་བྱ། །དུ་དུ་ར་ནི་སྤང་བར་བྱ། །ཙ་ཨུ་ས་མ་ཀ་སྠུ་རི། །ག་བུར་སིཧླས་བྱུག་པར་བྱ། །ཤཱ་ལི་མ་ལ་ཏི་དཾ་ནཾ། །དེར་ནི་རྐང་པ་བཟའ་བར་བྱ། །ཕྲེང་བ་ཁན་དང་ཁེ་ཏ་བྱེད། །དག་དང་
མ་དག་མི་བལྟའོ། །ནི་རཾ་སུ་ཡིས་ཡན་ལག་བརྒྱན། །དེར་ནི་ཤྲ་པ་རྣམ་པར་གཞུག །མ་ལ་ཛ་ནི་ཀུན་དུ་རུ། །དིན་དཾ་མཾ་ནི་དེར་མི་སྤང་། །ཧེ་རུ་ཀ་ཡི་གཟུགས་ཀྱིས་གར། །དྲན་པ་མ་ཡེངས་རྣལ་འབྱོར་བྱའོ། །བསྒོམ་པར་ཞེན་པའི་སེམས་ཀྱིས་བྱ། །ཆགས་དང་ལྡན་ཞིང་གོམས་པའི་
སེམས། །རྡོ་རྗེ་ཆོས་དང་སངས་རྒྱས་ཏེ། །རྣལ་འབྱོར་མ་ཡིས་མི་མོ་ཡི། །གླུ་དང་གར་ནི་འདི་དག་སྟེ། །མཆོག་ཏུ་གླུ་བླང་གར་བྱའོ། །འདི་ཉིད་ཀྱིས་ནི་འཁོར་བསྲུང་ཞིང་། །དེ་བཞིན་བདག་ཀྱང་བསྲུང་བ་སྟེ། །འདི་ཡིས་འཇིག་རྟེན་དབང་དུ་བྱེད། །འདི་ཉིད་སྔགས་ཀྱི་བཟླས་པ་སྟེ། །གང་དུ་དད་པས་གླུ་བླང་དང་། །

གང་དུ་དད་པས་གར་བྱ་བ། །ཚོགས་ཀྱི་བདག་པོས་སྔོན་བྱས་ཏེ། །དེ་ལ་དྲི་ནི་བརྟག་པར་བྱ། །དང་པོར་སྒོག་པ་ལ་སོགས་དྲི། །དེ་ནས་ཡང་ནི་བྱ་རྒོད་དྲི། །དེ་རྗེས་ག་པུར་མ་ལ་ཛ། །གླུ་ཡིས་བྱིན་རླབས་མཚན་ཉིད་དོ། །ངང་པའི་སྐད་དང་བུང་བའི་སྐད། །གླུ་ཡིས་རྗེས་སུ་ཐོས་འགྱུར་ཏེ། །
ཅེ་སྤྱང་གི་ནི་སྐད་དག་དང་། །ཕྱི་རོལ་ཚལ་དུ་བརྟག་པར་བྱ། །སྒྲུབ་པ་པོ་དང་རྣལ་འབྱོར་མས། །ཚོགས་ཀྱི་འཁོར་ལོའི་སྟོན་མོ་ནི། །གང་དུ་ཟོས་ན་དངོས་གྲུབ་ནི། །འདོད་པ་ཐམས་ཅད་འགྲུབ་བྱེད་པའོ། །དེ་ལྟར་གླུ་གར་བཀྲ་ཤིས་དང་། །སྨོན་ལམ་ཆོ་ག་ཀུན་རྫོགས་ནས། །ཡན་
ལག་རྒྱན་རྣམས་ཀྱིས་བརྒྱན་ཏེ། །རྡོ་རྗེ་དྲིལ་བུ་བླངས་ནས་ནི། །བདག་ཉིད་རྣལ་འབྱོར་ལེགས་ལྡན་པས། །ཕུད་དང་ལྷག་མ་ཀུན་བསྲེས་ལ། །ལམ་གྱི་བཞི་མདོར་གཏོར་མ་གཏང་། །དེ་རྗེས་སྤྱོར་ལྡན་བདེ་བར་གནས། །དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས། །ཚོགས་ཀྱི་
མཆོད་པའི་བྱ་བ་སྟེ་བཅུ་གཅིག་པའོ།། །།མཁས་པས་གནས་དང་དུས་ཀུན་དུ། །འདོད་པའི་དོན་ཀུན་སྒྲུབ་བྱེད་དང་། །བགེགས་ནི་ཟད་ཅིང་ཞི་བྱའི་ཕྱིར། །གཏོར་མ་རྒྱུན་དུ་སྦྱིན་པར་བྱ། །རླུང་མེ་ཐོད་པ་ལ་གནས་པ། །ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །འབར་དང་སྐྲོད་པ་ལ་སོགས་
བསྒྲུབ། །དེ་ནས་ཕྱོགས་གནས་རྣམས་དང་ནི། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །གཡས་པས་རྡོ་རྗེ་གསོར་བྱ་ཞིང་། །གཡོན་པས་དྲིལ་བུ་དཀྲོལ་བྱ་ཞིང་། །ཕྱག་རྒྱ་སྒྱུར་བའི་རིགས་པས་སྐྲོད། །ལྟ་སྟངས་དང་ནི་དགྲ་བགེགས་སྐྲོད། །སྔགས་དང་བཅས་པའི་སྟང་སྟབས་ཀྱིས། །
ཤར་གྱི་གནས་ནི་མནན་པར་བྱ། །རིམ་པ་འདི་ཉིད་ཀྱིས་ནི་གཞན། །སྒོ་ནས་དག་གིས་ཀྱང་ནི་མནན། །ལག་པ་གཡས་དང་གཡོན་དག་གིས། །རོལ་དང་བཅས་པས་མཐའ་སོགས་སྤྲོ། །ཅུང་ཟད་བསྐྱོད་པའི་སྡིགས་མིག་དང་། །བཅས་པས་སྨིན་མ་རྣམ་པར་བསྐྱོད། །འགྲོ་བ་དབང་
དུ་བྱེད་པའི་རྒྱ། །གཡས་བརྐྱང་བ་དང་གཡོན་བརྐྱང་བ། །གཡས་བསྐུམ་པ་དང་གཡོན་བསྐུམ་པའོ། །སློབ་དཔོན་གཙོ་བོ་རྡོར་འཆང་གིས། །སྦྱོར་བ་ཅན་སྔགས་ཕྱག་རྒྱ་སྟེ། །པུས་སྟབས་གཙོ་བོ་རྐང་སྟབས་དང་། །བསྐོར་བའི་སྟབས་དང་ཟློག་པའི་སྟབས། །ཨོཾ་ཧཱུྃ་ཕཊ། ཤར་སྒོའི་

འོ། །པུས་རེག་སྟབས་དང་གཡོན་འདེབས་སྟབས། །བསྐོར་སྟབས་སེང་གེའི་མཆོངས་སྟབས་སོ། །ཨོཾ་ཧཱུྃ་ཨཱཿཕཊ། ལྷོ་སྒོ་ཡིའོ། །གཡས་བརྐྱང་བ་དང་གཡོན་བརྐྱང་དང་། །ས་ག་ཟླུམ་པོའི་སྟང་སྟབས་སོ། །ཨོཾ་ཧཱུྃ་ཨཾ་ཨཾ་ཨཾ་ཕཊ། ནུབ་སྒོ་ཡིའོ། །མཐུན་
པའི་སྟབས་དང་མི་མཐུན་སྟབས། །གཅིག་བསྡུས་གཡོན་བཅང་རྐང་སྟབས་མཆོག །ཨོཾ་ཧ་ན་མཱ་ར་དུཥྚཾ་གྷྲཱ་ཏ་ཡ། ཨཱཿཧཱུྃ་ཧྲཱིཿཧཱུྃ་ཕཊ། བྱང་གི་སྒོ་ཡིའོ། །དྲི་ཡི་དཀྱིལ་འཁོར་གྲུ་བཞི་པ། །མེ་ཏོག་དཀར་སོགས་མཆོད་བྱས་ཏེ། །དྲི་དང་འབྲས་མར་ཁ་ར་ཞོ། །སྦྲང་རྩི་མར་ལྡན་ཤར་
སྒོར་སྦྱིན། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྒྱབ་དང་རྒྱབ་ཏུ་སྦྱར་བྱས་ཏེ། །མཐེ་ཆུང་ལུ་གུ་རྒྱུད་བཅིངས་ནས། །ཞགས་པའི་ཚུལ་སྦྱར་མཛུབ་གཉིས་སྦྲེལ། །འདོད་པའི་རྒྱལ་པོའི་ཕྱག་རྒྱ་འདི། །ལྷ་རྣམས་དགུག་པར་བྱེད་པའོ། །ཨོཾ་བ་ཏ་ལི་མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཧཱུྃ་ཛཿ
སྭཱ་ཧཱ། ཨོཾ་ཨཱ་རྒྱུ་མོ་དང་ནི་རྒྱུ་ཆེན་མོ། །ཉིན་དང་ཟླ་བ་དངོས་གྲུབ་བཞིན། །ལྟ་རྒྱལ་མོ་དང་ཟླ་རྒྱལ་མོ། །ལྷ་མོ་ཨུ་མ་གང་གཱ་དང་། །གཟུགས་མཛེས་སྐར་མ་འདུས་པ་དང་། །གཟའ་ཚོགས་ཀུན་དང་ཚོགས་ཀྱི་གཙོ། །ཀརྟི་ཀ་དང་དཔལ་ལྡན་མོ། །ལྷ་མོ་རི་བོང་ཅན་འཛིན་
མ། །ཨ་ཀ་ལ་དང་ཨུ་པ་གལ། །ལྷ་མིན་ལྷ་ཡི་རྒྱལ་པོ་རྣམས། །སྦོས་མོ་དང་ནི་སྦོས་ཆེན་མོ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཧཱུྃ་ཧེ་ཧོཿཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་ས་མ་ཡ་དྷི་བེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །དགུག་པའི་སྔགས་དང་ཕྱག་རྒྱའོ། །དེ་ཉིད་སྡིགས་
མཛུབ་གཉིས་དཀྲོལ་བ། །ཚིམ་པར་བྱེད་པའི་ཕྱག་རྒྱའོ། །སེ་གོལ་གསུམ་བརྡབས་སྔགས་འདིས་བཏང་། །ཨོཾ་བྷཀྵ་བྷཀྵ་ས་མ་ཡ་ཏིཥྛ་ཛྲུཾ་ཧཱུྃ་ཕཊ་སྭཱ་ཧཱ། །དེ་དག་ནི་ལྷའི་གཏོར་མའི་ཆོ་གའོ། །ནུབ་ཏུ་དྲི་ཡི་དཀྱིལ་འཁོར་ལ། །མེ་ཏོག་སེར་དང་དཀར་པོས་མཆོད། །འོ་མ་
ཁྲག་བསྲེས་མངར་གསུམ་དང་། །འོ་མས་བཀང་བའི་གསེར་སྣོད་དབུལ། །འདོད་པའི་རྒྱལ་པོའི་ཕྱག་རྒྱ་དང་། །སྔགས་འདི་ཡིས་ནི་དགུག་པར་བྱ། །ཨོཾ་བ་ཏ་ལ་མི་ཧཱ་ཏ་ལ་བ་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་

པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་མོ་དང་། །ཟླ་བའ