Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 9

Văn bản gốc(Tây Tạng)

Trang 16 / 22 (50.000 ký tự/trang)
ི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་། །བེ་ཅོན་ཆེན་པོ་ཧུ་ཡིན་དང་། །དགའ་བོ་དང་ནི་ཉེར་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། །ཚ་བ་ཚ་བ་ཆེན་པོ་དང་། །དཔལ་གྱི་འོད་
དང་འོད་ཆེན་པོ། །རྗེས་སུ་འོད་དང་མཛེས་པ་དང་། །མཛེས་ཆེན་པོ་དང་སྦྲུལ་བཟངས་དང་། །སྟོབས་པོ་ཆེ་དང་ཚི་ལི་དང་། །ཚི་ལི་ཆེན་པོ་པ་རྣམས་དག །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་མ་ཧཱ་ནཱ་གཱ་དྷི་པ་ཏི་སརྦ་བྷུ་ར་བྷུ་ཕྲུ་ཕུ་སྭཱ་ཧཱ།
རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། །མཐེ་བོང་མཐེ་ཆུང་བསྒྲེང་བར་བྱ། །ལག་པ་གཡས་ནི་བར་ཕྱེ་སྟེ། །སྦྲུལ་གྱི་གདུགས་ཀྱི་ཚུལ་དུ་སྦྱར། །ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཛྲཱུཾ་ཧཱུྃ་ཕཊ་སྭཱ་ཧཱ། །ཀླུ་རྣམས་དགའ་བྱེད་སྔགས་ཕྱག་རྒྱ། །སེ་གོལ་གསུམ་གཏོགས་གཏོར་བར་བྱ། །
དེ་དག་ནི་ཀླུའི་གཏོར་མའི་ཆོ་གའོ། །བྱང་དུ་དཀྱིལ་འཁོར་གྲུ་གསུམ་པ། །ཙནྡན་དམར་པོ་ལ་སོགས་བྱ། །མེ་ཏོག་དམར་སོགས་ཉེ་བར་བརྒྱན། །སཱ་ལུའི་འབྲས་ཆན་སྦྲང་རྩི་ཞོ། །བདུད་རྩི་ལྔ་ལྡན་སྣོད་བདུན་གཞག །འདོད་རྒྱལ་ཕྱག་རྒྱ་སྔགས་འདིས་དགུག །ཨོཾ་ནོར་
བུ་བཟང་དང་གང་བ་བཟང་། །བདེ་བ་བཟང་དང་རྒྱལ་བ་བཟང་། །དགའ་བའི་ཕུར་བུ་ཕུར་བུ་ཆེ། །ཕུར་བུ་བཟང་དང་པདྨའི་གཙུག །དུང་གི་གཙུག་ཕུད་གར་དང་ནི། །གར་ཆེན་དང་ནི་འབིགས་བྱེད་མ། །གཅོད་བྱེད་མ་དང་རྫོགས་བྱེད་མ། །ནོར་དང་ནོར་ཀུན་ནོར་བཟང་མོ། །གཟུགས་
བཟང་རོལ་དང་རོལ་ཆེན་མོ། །བཞད་དང་རྩེ་དང་རྣམ་པར་བསྐྱོད། །དཔལ་བཟང་དང་ནི་གཟུགས་མཛེས་མ། །རྡོ་རྗེ་དབང་ཕྱུག་བཀའ་འདི་ཡིས། །ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་པུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ད་ན་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཨོཾ་བི་ཛི་ཀུཎྜ་ལི་ནེ་སྭཱ་ཧཱ། ཨོཾ་ཀི་
ལི་མི་ལི་ནི་ཡ་སྭཱ་ཧཱ། ཨོཾ་མུན་ཀེ་ཏྲ་ཡ་སྭཱ་ཧཱ། ཨོཾ་ཛ་ལེ་ནྡྲཱ་ཡེ་སྭཱ་ཧཱ། ནོར་བུ་བཟང་དང་གང་བ་བཟང་། །ནོར་སྦྱིན་བདག་དང་རྣམ་ཐོས་སྲས། །རྒྱལ་བ་བཟང་པོ་རོལ་མོའི་ཕྲེང་། །བཞིན་གྱི་དབང་པོ་འགྲོ་བའི་དབང་། །དེ་དག་ལ་སོགས་འཁོར་དང་བཅས། །གཏོར་མ་སྦྱིན་པའི་

གནས་འདིར་གཤེགས། །གནོད་སྦྱིན་གནོད་སྦྱིན་མོ་སྤྱན་འདྲེན། །ཧཱུྃ་ཧེ་ཧོཿཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་ས་མ་ཡ་ཏི་བེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རྡོ་རྗེ་བཅིངས་བསྐོར་སྙིང་གར་གཞག །སྔགས་འདིས་མཉེས་པར་བྱས་ལ་བཏང་། །ཨོཾ་ད་ན་ཏི་བ་ཏི་བ་ཏི་ལ་ཕྲུཾ་སྭཱ་ཧཱ། དེ་ལ་གནོད་སྦྱིན་གྱི་གཏོར་
མའི་ཆོ་གའོ། །རྡོ་རྗེ་སྟབས་ཀྱིས་ལྷོར་གནས་ཏེ། །ཙནྡན་དམར་པོ་ལ་སོགས་པས། །ཕྱི་རོལ་དཀྱིལ་འཁོར་གྲུ་གསུམ་བྱས། །དེར་ནི་མེ་ཏོག་དམར་པོ་དགྲམ། །ཉ་སྐམ་དང་ནི་ཤ་སྐམ་དང་། །སྒོག་པའི་བི་ཁུ་ཁྲག་གི་སྣོད། །ཏིལ་གྱི་ཚྭ་མིག་ཁུ་བ་རྣམས། །ཁྱད་པར་དུ་ནི་བདུད་རྩི་ལྔ། །
རྣམ་པ་སྣ་ཚོགས་བཟའ་བ་དང་། །སྲན་མ་ལྔ་དང་སྲན་ཆན་གྱིས། །གང་བའི་སྣོད་ནི་མདུན་དུ་གཞག །འདོད་རྒྱལ་ཕྱག་རྒྱ་སྔགས་འདིས་དགུག །ཨོཾ་བ་ཏ་ལི་མ་ཧཱ་བ་ཏ་ལི། ཧཱུྃ་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང་། །རི་དང་བྲག་དང་ཕུག་གི་ས། །ཡུལ་གྱི་འདབ་དང་ལམ་དང་
ཞིང་། །ཁྱད་པར་དུ་ནི་ཁྱིམ་སྟོང་དང་། །སྣོད་དང་ཐང་དང་ས་སྟེང་དང་། །ཁྱད་པར་གདོལ་པའི་ཁྱིམ་གནས་པ། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བསྟེན་པ་དང་། །ནག་པོ་འཇིགས་བྱེད་འཇིགས་བྱེད་པ། །དགའ་བ་ལས་འདས་བགེགས་རྒྱལ་པོ། །རྒན་བྱེད་མ་དང་དྲག་མོ་
དང་། །འཇིགས་བྱེད་མ་དང་དབུ་མར་བསྟོད། །རྒྱལ་མོ་རྣམ་པར་རྒྱལ་མོ་དང་། །ཐུབ་མེད་གཞན་གྱིས་མི་ཐུབ་མའོ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་མོ་སྡང་བ་ལམ་བ་ཀི། །འཕྲོག་བྱེད་མ་དང་མར་མེ་མ། །འཇིགས་བྱེད་
ཡུལ་གནས་རྣལ་འབྱོར་མ། །དྲག་མོ་གཟུགས་ཆེན་མ་དང་ནི། །མཆེ་བ་གཙིགས་པ་ཐོད་ཆེན་མའོ། །ཐོད་ཕྲེང་བ་དང་ཁ་ཊྭཱཾ་མ། །སྦྲུལ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ་ལག་དང་། །ལྷ་ཡི་དབང་ཕྱུག་མ་རྣམས་དང་། །མཁའ་འགྲོ་ལྔ་ཡི་དེ་ཉིད་དང་། །ལས་ཀུན་རྗེས་སྒྲུབ་
བྱེད་པ་ཡི། །སྦྱོར་བའི་དཀྱིལ་འཁོར་རྒྱ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་པོ། །རྡུལ་མེད་སྦྱོར་བ་སྐྱེ་མེད་མ། །རྡོ་རྗེ་དབང་ཕྱུག་མ་བཀའ་ཡིས། །ཐམས་ཅད་ཐམས་ཅད་འོང་བར་བྱོས། །ཨོཾ་ཀཀྐ་ཌྷ་ན་བྷནྡྷ་ན། ཁ་ཁཱ་ད་ན་སརྦ་དུཥྚཾ། ཧ་ན་ཧ་ན་གྷཱ་ཏ་

ཡ་ཆེ་གེ་མོ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཛཿསྭཱ་ཧཱ། ཁམས་གསུམ་རྣམ་རྒྱལ་རྒྱ་བཅིངས་ཏེ། །མཛུབ་གཉིས་ལུ་གུ་རྒྱུད་བྱས་ལ། །ཨོཾ་ཏིཥྛ་ཧཱུྃ་ཧཱུྃ་བྷཀྵ་བྷཀྵ་ཕཊ་ཛཿསྭཱ་ཧཱ། །སྔགས་དང་ཕྱག་རྒྱ་འདི་ཡིས་བྱ། །སེ་གོལ་གསུམ་གྱིས་གཏང་བར་བྱའོ། །དེ་དག་ནི་འབྱུང་པོའི་གཏོར་མའི་ཆོ་གའོ། །འབྱུང་པོ་
ཆེན་པོའི་གཏོར་མ་ནི། །ལུང་གིས་རིམ་པར་བཤད་པར་བྱ། །ནམ་མཁའི་ཁམས་ཀྱི་ནང་གནས་པ། །པདྨ་འདབ་བརྒྱད་བསྒོམ་པར་བྱ། །ཤར་གྱི་འདབ་མར་བརྒྱ་བྱིན་བསམ། །ལྷོར་ནི་མཐར་བྱེད་དགོད་པར་བྱ། །ཆུ་བདག་ནུབ་ཀྱི་འདབ་མ་ལ། །དེ་བཞིན་བྱང་དུ་ནོར་སྦྱིན་དགོད། །མེ་ཡི་མཚམས་
ལ་མེ་ཆེན་པོ། །བདེན་བྲལ་དུ་ནི་སྲིན་པོའོ། །ནུབ་བྱང་མཚམས་སུ་རླུང་ལྷ་སྟེ། །དབང་ལྡན་མཚམས་སུ་འབྱུང་པོའི་བདག །ཟླ་བ་ཉི་མ་ཚངས་ལ་སོགས། །དམ་པ་ཚངས་རིས་རྣམས་དང་ནི། །ཚངས་པ་མདུན་ན་འདོན་པ་དང་། །དགའ་ལྡན་དང་ནི་འཚེ་མ་དང་། །ཡང་དག་པར་བྱུང་རྒྱལ་ཆེན་དང་། །
གཞན་འཕྲུལ་དབང་ནི་བྱེད་པ་དང་། །འཕྲུལ་དགའ་ཡི་ནི་ལྷ་རྣམས་དང་། །གཙང་མའི་གནས་ལ་གནས་པ་དང་། །བདེ་ཆེན་ཡང་དག་གནས་པ་དང་། །མི་ཆུང་བར་ནི་གནས་པ་དང་། །འོད་ཟེར་ཅན་གྱི་འཇིག་རྟེན་ཁམས། །སུམ་ཅུ་རྩ་གསུམ་གནས་པ་རྣམས། །དེ་དག་ཐམས་ཅད་སྟེང་དུ་
དགོད། །ཆོས་ཀྱི་འབྱུང་གནས་ནང་གནས་པ། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་། །མཐའ་ཡས་ནོར་རྒྱས་དེ་བཞིན་ཏེ། །འཇོག་པོ་དང་ནི་རིགས་ལྡན་དང་། །པད་ཆེན་ཤིན་དུ་པདྨ་དང་། །ལྷ་མིན་དམྱལ་བ་སེམས་ཅན་རྣམས། །ཆོས་འབྱུང་སྨད་དུ་བསམ་པར་བྱ། །ཡི་གེ་ཨོཾ་ལས་ཚངས་ལ་
སོགས། །བརྒྱ་བྱིན་ལ་སོགས་ཧཱུྃ་ཡིག་ལས། །སྟོབས་ཀྱི་རྒྱུ་སོགས་ཨ་ཡིག་སྟེ། །ཕྱག་གཉིས་ཞལ་ནི་གཅིག་པའོ། །སྟེང་གི་ལྷ་རྣམས་དཀར་པོ་སྟེ། །དབང་པོ་ལ་སོགས་ནག་པོའི་མདོག །སྟོབས་ཀྱི་རྒྱུ་སོགས་དམར་པོ་ཆེ། །རང་མདོག་རིག་མས་ཡན་ལག་འཁྱུད། །ལག་
ན་རྡོ་རྗེ་དྲིལ་བུ་བཅས། །སྟན་ལ་གཡས་བརྐྱང་ཡང་དག་གནས། །ཚངས་སོགས་རྟག་པའི་ཕྱག་རྒྱས་གདབ། །བརྒྱ་བྱིན་ལ་སོགས་རྡོ་རྗེ་ཡིས། །གར་དབང་གིས་ནི་སྟོབས་རྒྱུ་སོགས། །ཐམས་ཅད་རིགས་གསུམ་ལས་སྐྱེས་པ། །གཽ་རཱི་ཡིས་ནི་དགུག་བྱས་ལ། །ཆོམ་རྐུན་མས་ནི་

ཞགས་པས་བཅིང་། །རོ་ལངས་མས་ནི་ལྕགས་སྒྲོག་སྡོམ། །ཟ་ཕོད་མས་ནི་དྲིལ་བུས་དབང་། །དེ་ནས་མཆོད་ཡོན་ཞབས་བསིལ་སྦྱིན། །ཆོ་གས་གཏོར་མ་བསྒྲུབ་པར་བྱ། །རླུང་དང་མེ་ཡི་དཀྱིལ་འཁོར་ལ། །ཨ་ལས་བྱུང་བའི་པད་སྣོད་བསམ། །འབར་བ་དང་ནི་
ཁྲོས་པ་ཡིས། །བདུད་རྩི་ལྔ་ནི་བསྒྲུབ་པར་བྱ། །ཆུ་ཡི་རང་བཞིན་འདི་བསྒོམས་ནས། །ཨོཾ་གྱིས་བྱིན་གྱིས་བརླབས་ལ་བཏང་། ཨོཾ་ཨནྡ་ཛ་མ་ཛ་ལ་ཛཀྵ་བྷཱུ་ཏ་བ་ཧྣི། བ་ཨུ་རཀྵ། ཙནྡ་སུཛྫ་མཱ་ད་པཔྤ་ཏ་ལ་བཱ་ཏཱ་ལ་ཨཥྚ་ས་པ་སྭཱ་ཧཱ། ཨི་དཾ་བ་ལིཾ་བྷུ་ཛ་ཛིཾ་གྷ་ཕུལླ་དྷུཔྤ་མཱཾ་ས་པིཾ་
གྷ་ཨམྦྷ་སཔྤ་ཀཛྫ་སཱ་དྷ་ཁནྟི་ཁུ་ཎི་ཕེ་ཌ་གྷ་ཏ་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། རབ་ཏུ་མཆོད་དེ་བསྟོད་ནས་ནི། །འདོད་པའི་དོན་ཀུན་སྒོ་ནས་ཀྱང་། །དེ་ནས་དགྱེས་བྱས་གཤེགས་གསོལ་བ། །ཡི་གེ་བརྒྱ་པ་བྱ་བ་སྟེ། །ཨོཾ་བཛྲ་སཏྭ་ས་མ་
ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཤ་ཤྭ་ཏོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏ་ཏཾ་ཤྲི་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ། །བྷ་ག་ཝཱན་མཱ་མེ་མུཉྩ་བཛྲི་བྷ་བ་མ་ཧཱ་ས་མ་ཡ་
སཏྭ་ཨཱཿམུཿམཁས་པས་གཏོར་མས་མཆོད་བྱས་ནས། །ལྷ་མཉེས་འབྱུང་པོ་ཀུན་ལེགས་བྱེད། །འཁོར་བ་ལེགས་འགྱུར་བདེ་རྙོག་མེད། །ཞི་རྒྱས་དབང་སོགས་ལས་རྣམས་འགྲུབ། །དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས། གཏོར་མའི་བྱ་བ་སྟེ་བཅུ་གཉིས་
པའོ།། །།མཁས་པས་གོང་དུ་གསུངས་པ་ཡི། །གཏོར་མ་ལ་སོགས་དུས་དག་ཏུ། །ཕྱི་ནང་གསང་བའི་མཆོད་པ་ཡི། །རྒྱལ་བ་འཁོར་བཅས་མཆོད་པར་བྱ། །མེ་ཏོག་སྤོས་དང་མར་མེ་དང་། །དྲི་ཡི་དུང་སོགས་གཡས་སུ་གཞག །གཡོན་དུ་མཆོད་ཡོན་མདུན་དུ་སྣོད།
བཞག་སྟེ་བྱིན་གྱིས་བརླབས་ལ་དབུལ། །དང་པོར་ཆུ་གཙང་ཉིད་ཀྱིས་ནི། །བསང་གཏོར་རབ་ཏུ་དབུལ་བར་བྱ། །ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུྃ། །གཉིས་པ་དྲི་ཡི་ཆུ་ཡིས་ནི། །ཞབས་བསིལ་དག་ནི་དབུལ་བར་བྱ། །ཨོཾ་ནི་རི་ཏི་ཧཱུྃ་ཁཾ། །གསུམ་པ་ལ་ནི་འོ་མ་མངར། །ཞལ་བསིལ་དུ་ནི་

དབུལ་བར་བྱ། །ཨོཾ་བཛྲ་ནཻ་བིདྱེ་ཨཱཿཧཱུྃ་སྭཱ་ཧཱ། བཞི་པར་མཐེབ་མཛུབ་གཉིས་ཀྱིས་ནི། །མེ་ཏོག་དག་ནི་དབུལ་བར་བྱ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དྲི་མེད་དག་ཅིང་ཡིད་འོང་བར། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་ནི་དད་པས་དབུལ་ལགས་ཀྱིས། །བཞེས་ནས་བདག་
ལ་དགྱེས་པར་མཛོད། །ཨོཾ་མ་ཧཱ་ཨཱ་མྲི་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། །མེ་ཏོག་འདི་རྣམས་བཟང་ཞིང་དགེ །དག་པའི་སྐྱེ་གནས་ལས་དག་པ། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་
མ་ཡེ་ཧཱུྃ། ཚལ་དག་རོ་ནི་ཕན་པ་དང་། །གང་ཞིག་དྲི་ཡི་བདུག་སྤོས་རྣམས། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྲིན་པོ་འཇོམས་ཤིང་དག་བྱེད་པ། །དགེ་ཞིང་
མུན་སེལ་མར་མེ་འདི། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ལོ་ཀེ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། འདི་ནི་དྲི་བཟང་དགེ་བ་སྟེ། །དག་པའི་སྐྱེ་གནས་ལས་དག་པ། །བདག་ནི་དད་པས་འབུལ་
ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། བཟའ་དང་བཅའ་བར་ཡང་དག་ལྡན། །ཁ་དོག་དྲི་དང་རོ་ལྡན་ནི། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་
མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུ་ཏྤནྣ་ཏྭཱཏ། སིལ་སྙན་ལ་སོགས་རོལ་མོའི་ཚོགས། །དབྱངས་ཀྱི་ང་རོ་ལྡན་པ་འདི། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་
ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲཛྙ་པཱ་ར་མི་ཏཱ་ནཱ་ད་སྭ་བྷཱ་བེ་དེ་བཛྲ་དྷརྨཱ། ཧྲྀ་ད་ཡ་ནི་སནྟོ་ཥ་ནི་ཕྲིཾ་ཧཱུྃ་ཧཱུྃ་ཧཱུྃ། ཐོད་པ་རྫས་ཀྱིས་རབ་བཀང་བ། །རླུང་མེའི་དཀྱིལ་འཁོར་ལ་གནས་པ། །ཐབས་དང་ཤེས་རབ་ཡེ་ཤེས་ལྔ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། །ཡེ་ཤེས་བདུད་རྩི་རབ་

བསྒྲུབས་ཏེ། །སྦོམ་པོ་མཐའ་ལྟག་རྩེ་སྦྱར་ལ། །རྣལ་འབྱོར་རྣལ་འབྱོར་མ་ཀུན་ལ། །མཐེ་བོའི་ཐོར་མས་སོ་སོར་དབུལ། །དེ་ཡི་དབུས་ནས་བླངས་ནས་ནི། །རང་གིས་བདུད་རྩིའི་རོ་མྱང་བྱ། །ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་
ཀོ྅ཧཾ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྐེད་པའི་མཚམས་སུ་གཞག་པར་བྱ། །ཁྲོ་བོ་སྒེག་དང་བཞད་པ་དང་། །ལུས་ནི་དགུག་པ་གསུམ་ལྟར་གཞག །མེ་ཏོག་བསྐྱུར་བའི་ཚུལ་གྱིས་དང་། །སྤོས་ལ་ཡལ་གའི་སྦྱོར་བ་དང་། །སྡོང་བུས་མར་མེ་མཆོད་པ་དང་། །བྱུག་
པའི་ལུས་ཀྱིས་རྗེས་སུ་དྲིས། །སྒེག་མོ་ལག་པས་སྒེག་མོས་ཏེ། །ཕྲེང་བ་ཕྲེང་བའི་མཁའ་འགྲོ་མ། །གླུ་ཡི་ཧཱུྃ་གི་དམ་ཚིག་ཧཱུྃ། །བརླ་བསྐུམ་པས་ནི་གར་ཉིད་དོ། །པི་ཝང་ཚུལ་གྱིས་སྦྲེང་བ་དང་། །གླིང་བུའི་ཚུལ་གྱིས་བུད་པ་དང་། །བུད་པའི་ཚུལ་གྱིས་བུད་པ་དང་། །སིལ་
སྙན་ཚུལ་གྱིས་དཀྲོལ་བ་དང་། །བརྡབ་པའི་ཚུལ་གྱིས་རྡེབ་པ་དང་། །གར་གྱི་ཚུལ་གྱིས་ཡན་ལག་བསྐྱོད། །རླུང་ཡབ་ཚུལ་གྱིས་གཡོབ་པ་དང་། །རྒྱལ་མཚན་ཚུལ་གྱིས་བསྒྲེང་པ་དང་། །བླ་རེའི་ཚུལ་གྱིས་བྲེ་བ་དང་། །བ་དན་ཚུལ་གྱིས་འཕྱར་བ་དང་། །གདུགས་ཀྱི་ཚུལ་གྱིས་དགབ་
པ་དང་། །ཅང་ཏེའུ་ཚུལ་གྱིས་དཀྲོལ་བ་དང་། །འཁར་རྔའི་ཚུལ་གྱིས་བརྡུང་བ་དང་། །བཞད་པའི་ཚུལ་གྱིས་འཛུམ་པ་དང་། །ཁྲོ་བའི་ཚུལ་གྱིས་ཁྲོ་བ་དང་། །སྒེག་པའི་ཚུལ་གྱིས་སྒེག་པ་དང་། །བསྒྱིང་བའི་ཚུལ་གྱིས་བསྒྱིངས་པ་དང་། །འདའ་འདྲེན་ནུ་མ་འཁྱུད་པ་དང་། །
རྡོ་རྗེ་གསོར་བའི་ཚུལ་དང་ནི། །ཕྱག་འཚལ་ཚུལ་གྱིས་འདུད་པའོ། །གཽ་རཱི་རི་བོང་ཅན་འཛིན་ཅིང་། །ཆོམ་རྐུན་མ་ནི་ཉི་མའི་སྣོད། །རོ་ལངས་མ་ནི་ལག་ན་ཆུ། །ཟ་ཕོད་མ་ནི་སྨན་འཛིན་ཅིང་། །པུཀྐ་སཱི་ནི་རྡོ་རྗེ་སྟེ། །རི་ཁྲོད་མ་ནི་རོ་ཡི་སྣོད། །གཏུམ་མོས་ཅང་ཏེའུ་
བརྡུང་བར་བྱ། །འདོད་ཆགས་ཆེན་པོ་རྗེས་ཆགས་པས། །གཡུང་མོ་ཕྲག་ནས་འཁྱུད་པའོ། །དེ་རྣམས་ཀྱིས་ནི་གཙོ་བོ་མཆོད། །དེ་ལྟར་རྒྱ་ཆེར་མཆོད་ནས་ནི། །བློ་དང་ལྡན་པས་བསྟོད་པ་བྱ། །བཅོམ་ལྡན་ཡོན་ཏན་རབ་བརྗོད་པས། །འདིའང་མཆོད་པའི་ཡན་ལག་ཡིན། །མཆོད་

པ་འདི་རྣམས་བླ་ན་མེད། །སངས་རྒྱས་ཐམས་ཅད་མཉེས་པར་བྱེད། །སངས་རྒྱས་རྣམས་ནི་མཆོད་པས་མཆོད། །འདོད་པའི་དངོས་གྲུབ་བྱེད་པར་འགྱུར། །སྒྲ་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་གྲགས་
ཆེན་པོ། །གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྒྱལ་པོ་ནི། །རྡོ་རྗེ་རྣམ་སྣང་མངའ་བདག་ཉིད། །དྲི་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སངས་རྒྱས་ནི། །རིན་ཆེན་ཆེན་པོར་རབ་
ཏུ་གྲགས། །རོ་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་པར་བྱ། །དེ་ཉིད་བཅོམ་ལྡན་འདོད་ཆགས་ཉིད། །རྡོ་རྗེ་ཆོས་ནི་དེ་བཞིན་གཤེགས། །རེག་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །དོན་ཡོད་འབྲས་
བུ་སྩོལ་པའོ། །གླུ་ནི་རྡོ་རྗེ་ཅན་ལ་དབུལ། །གར་ནི་སངས་རྒྱས་རྣམས་ལ་དབུལ། །ཧི་ར་མཆོག་ལ་དེ་བཞིན་དྲི། །འཇིག་རྟེན་མཆོག་ལ་བཟའ་དང་བཅའ། །གོས་ཀྱི་མཆོད་པ་རྟ་མཆོག་ལ། །འདི་རྣམས་མཆོད་པ་དམ་པ་སྟེ། །རྡོ་རྗེ་མཆོད་པ་བྱས་པ་ཡིས། །རྡོ་རྗེ་ཅན་ཀུན་
མཉེས་པར་བྱེད། །ཨ་ཀ་རུ་ནག་ཀྱེ་རྡོ་རྗེ། །ཕན་པ་ལ་ནི་ཙནྡན་དཀར། །དམར་པོ་འཇིག་རྟེན་རྗེ་ལ་དབུལ། །གུར་ཀུམ་རྡོ་རྗེ་སྣང་བ་ལ། །བདུན་གྱི་རྒྱལ་པོ་ཐམས་ཅད་དེ། །ཧཱུྃ་རྡོ་རྗེ་ལས་བྱུང་བའི་དྲི། །འདི་རྣམས་དྲི་ཡིས་རབ་སྦྱོར་བས། །དམ་པའི་སངས་རྒྱས་ཉིད་ཐོབ་པོ། །ཁ་དང་
ཚ་བ་རྡོ་རྗེར་དབུལ། །མངར་བ་རྡོ་རྗེ་རྟག་ལ་དབུལ། །སྐྱུར་བ་རྡོ་རྗེ་ཉི་མ་ལ། །དེ་བཞིན་ལན་ཚྭ་འཇིག་རྟེན་དབང་། །རྟ་ཡི་རྒྱལ་པོ་ཐམས་ཅད་དམ། །བསྐ་བ་ཡང་ནི་རབ་བརྟག་བྱ། །ཀྱེ་ཡི་རྡོ་རྗེ་རྡོར་ཅན་གྱིས། །མེ་ཏོག་མདོག་ནག་རྐང་ཐུང་འབྱུང་། །མལླི་ཀ་དང་མི་ལ་ཏི། །ཀུན་ད་
སངས་རྒྱས་རྟག་ཏུ་དབུལ། །ཤིང་གི་དབང་མཆོག་དྲི་མེད་མཆོག །སྣང་བྱེད་ལ་ནི་སྦྱོར་བར་བྱ། །དབང་མཆོག་དམར་པོའི་ཆུ་སྐྱེས་དང་། །བནྡུ་དམར་པོ་བ་ཏ་ལཾ། །པདྨ་གར་གྱི་དབང་ལ་དབུལ། །རྟ་མཆོག་རྡོ་རྗེ་ཅན་ལ་དབུལ། །རྡོ་རྗེ་ཐེག་པས་མཉེས་བྱེད་པ། །འདི་ནི་དོན་དམ་

མཆོད་པ་ཡིན། །གང་གི་རྣམ་རྟོག་རྣམ་སྤངས་ཏེ། །བྱང་ཆུབ་སེམས་ནི་རྣམ་བསྒོམས་ཤིང་། །ལུས་དང་སེམས་ནི་རྣམ་དག་པ། །དེ་ཡི་མཆོད་པ་བླ་ན་མེད། །སེམས་ཅན་གང་གིས་དབུ་མ་ཡི། །ཐེག་པ་བསྒོམ་པ་མ་བསྒོམས་ན། །ཐེག་པ་དམན་ལ་ལྷག་མོས་པས། །
དེ་ཡི་མཆོད་པ་ཀུན་རྫོབ་ཡིན། །རྡོ་རྗེ་མཁའ་འགྲོའི་བཀའ་བཞིན་དུ། །བཟླས་དང་བསྒོམ་ལ་མངོན་དགའ་ཞིང་། །རྟག་ཏུ་འཁོར་ལོའི་ཕ་རོལ་འགྲོ། །སངས་རྒྱས་ཐམས་ཅད་མཉེས་བྱེད་པས། །འདོད་པའི་དངོས་གྲུབ་ཐོབ་པར་འགྱུར། །དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས། །
མཆོད་པའི་བྱ་བ་སྟེ་བཅུ་གསུམ་པའོ།། །།ས་གསུམ་གང་ཡིན་དྲི་བཅས་དེ་ཡི་ཕྱིར། །དེ་ལས་འདས་པ་དམ་པའི་ཡིད་བརྟན་ནས། །ཤེས་རབ་ཐབས་ལྡན་རྒྱལ་བའི་ལམ་གཅིག་ཉིད། །ཟབ་ཅིང་རྒྱ་ཆེ་རྟོག་གེའི་ཡུལ་མ་ཡིན། །དེ་ཕྱིར་བླ་མའི་མན་ངག་བརྒྱུད་རིམ་གྱིས། །རྒྱལ་
བའི་དབང་པོ་བདུད་རྩི་བཅུད་ཀྱི་མཛོད། །སྔགས་ཚུལ་རྒྱ་མཚོའི་ལམ་ནི་མདོར་བསྡུས་པ། །ཀྱེ་ཡི་རྡོ་རྗེའི་བྱ་བའི་རིམ་པའི་ལམ། །གང་ཞིག་རྟེན་ཅིང་འབྲེལ་པའི་ཆོས་འདི་དག །རྒྱུ་རྐྱེན་ཚོགས་ལས་འབྲས་བུ་ཐ་དད་པ། །ཆོས་ཉིད་ཀྱིས་ཐོབ་ནུས་པ་བསམ་ལས་འདས། །དེ་འདྲའི་
ཀུན་རྫོབ་ཆུད་སོན་མི་བྱེད་ཅིང་། །དེ་ལྟར་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར། །དམ་པའི་དོན་དུ་རང་བཞིན་མེད་རྟོགས་པའི། །ཤེས་རབ་ནོར་གྱིས་མ་ཕམ་དེ་དག་ལ། །རིན་ཆེན་འབར་འདིས་བརྒྱན་པ་མཛེས་འགྱུར་གྱི། །གང་ཞིག་ཀུན་རྫོབ་རྒྱུ་འབྲས་ཆུད་སོན་ཅིང་། །དོན་དམ་ཚུལ་ལ་མི་
མཁས་རྨོངས་གྱུར་པ། །ཤེས་རབ་ནོར་མེད་དབུལ་པོ་དེ་དག་ལ། །མཛེས་པར་མི་འགྱུར་མི་རོ་བརྒྱན་པ་འདྲ། །མཁས་པ་བདག་འཛིན་ཞེན་པའི་མདུད་བཀྲོལ་ཏེ། །བདག་གཞན་བླ་མེད་བྱང་ཆུབ་བསྒྲལ་བའི་ཕྱིར། །སྙིང་རྗེའི་གོ་བགོས་ཤེས་རབ་ཐབས་ལྡན་པས། །ལུས་ངག་ཡིད་
ཀྱིས་མི་བྱ་ཡོད་མ་ཡིན། །དེ་ཕྱིར་དམ་པའི་གྲོགས་ཀྱིས་གསོལ་བཏབ་པས། །མཁས་པ་རྣམས་ཀྱི་ལམ་སྲོལ་རྙིལ་པ་ནས། །ཤེས་རབ་མིག་དང་རིགས་པའི་རྐང་པ་ཡིས། །ལེགས་བརྟགས་བགྲོད་ལ་ཉེས་པའི་འཇིགས་བྲལ་འདི། །བྱས་ལ་བསོད་ནམས་ཐོབ་པ་གང་ཡོད་

དེས། །རིན་ཆེན་འབར་བའི་སྒྲུབ་ཐབས་ལམ་འདི་ནས། །འགྲོ་ཀུན་འཁོར་བའི་རྒྱ་མཚོ་མྱུར་བརྒལ་ཏེ། །ཀྱེ་ཡི་རྡོ་རྗེའི་གོ་འཕང་མྱུར་ཐོབ་ཤོག །དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་རིན་ཆེན་འབར་བ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།སློབ་དཔོན་མཁས་པ་ཆེན་པོ་
པྲཛྙཱ་ཨིནྟྲ་རུ་ཙིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། དགེ་སློང་ཤཱཀྱ་ཡེ་ཤེས་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ཨེ་ཀ་བྲྀ་ཏྟི་བཱི་ར་སཱ་དྷ་ནཾ། བོད་སྐད་དུ། དཔལ་དགྱེས་པ་
རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་པའི་ཐབས། ཐུགས་རྗེ་ཆེན་པོའི་མངའ་བདག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གོམས་རོ་ནི་མྱངས་ཙམ་གྱིས། །སྲིད་པ་ཡི་ནི་འཆིང་བ་འདི། །རབ་ཏུ་སྤོང་བའི་ཡོན་ཏན་རྣམས། །འགུགས་བྱེད་ཧེ་རུ་ཀ་
ལ་འདུད། །སྔ་དྲོའི་དུས་སུ་མལ་ནས་ལངས་ཏེ། སྙིང་གར་རཾ་ལས་ཉི་མའི་དཀྱིལ་འཁོར་བལྟས་ལ། །དེའི་འོད་ཀྱིས་བདག་ཉིད་དྲི་མ་མེད་པར་བྱས་ལ། །ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་དེ། བདག་དང་གནས་དང་རྣལ་འབྱོར་བསྲུངས་ལ། བསམ་
གཏན་གྱི་ཁང་པར་ཞུགས་ཏེ། ཨོཾ་བཛྲ་རེ་ཁེ་ཧཱུྃ་ཞེས་པས་མཎྜལ་དེར་ལག་པ་གཞག་ལ། ཨོཾ་བཛྲ་མེ་དི་ནི་བཛྲི་བྷ་བ་བནྡྷ་ཧཱུྃ་ཞེས་བྱ་བས་བྱིན་གྱིས་བརླབ་བོ། །ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དེ་དབུས་སུ་མེ་ཏོག་གཏོར་རོ། །ཤར་དུ་གཾ་གཽ་རཱི་ན་མཿཞེས་པས་མེ་ཏོག་གཏོར་རོ། །ལྷོ་རུ་
ཙཾ་ཙཽ་རཱི་ན་མཿ། ནུབ་ཏུ་བཾ་བེཏྟཱ་ལིན་མཿ། བྱང་དུ་གྷཾ་གྷསྨ་རཱི་ན་མཿ། དབང་ལྡན་དུ་པཾ་པུཀྐ་སཱི་ནཱ་མཿ། བྱིན་ཟར་ཤཾ་ཤ་བ་རཱི་ནཱ་མཿ། བདེན་བྲལ་དུ་ལཾ་ཙཎྜ་ལཱི་ནཱ་མཿ། རླུང་དུ་ཌཾ་ཌོམྦི་ནཱི་ནཱ་མཿ། ཞེས་བྱ་བ་དེ་རྣམས་ཀྱིས་མེ་ཏོག་གཏོར་རོ། །དེ་ནས་ཡང་ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ཞེས་
བྱ་བས་བཅོམ་ལྡན་འདས་མཆོད་ལ། ཨོཾ་ཨ་ཨཱ་ཨི་ཨཱིཾ། ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿསྭཱ་ཧཱ། ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་དོ། །དེ་ནས་རྐང་པ་བརྒྱད་ཀྱིས་ཀྱང་མཆོད་དེ། ཨོཾ་ཨཥྟཱ་ན་ནཱ་ཡ་ན་མཿ། ཨོཾ་བིཾ་གོརྡྷཱ་ཀེ་ཤ་ཝརྟྨ་ནེ་ན་མཿ། ཨོཾ་ཙ་ཏུ་རྦིཾ་ཤ་ཏི་ནེ་

ཏྲཱ་ཡ་ན་མཿ། ཨོཾ་ཥོ་ཌ་ཤ་བྷུ་ཛཱ་ཡ་ན་མཿ། ཨོཾ་ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ་ན་མཿ། ཨོཾ་ཀ་པཱ་ལ་མཱ་ལཱ་ནེ། ཀ་དྷ་རི་ཎེ་ན་མཿ། ཨོཾ་ཨདྷྨ་ཏ་ཀྲཱུ་ར་ཙིཏྟཱ་ཡ་ན་མཿ། ཨོཾ་ཨརྡྡྷཻནྡུ་དཾཥྚྲ་ཎེ་ན་མཿ། དེ་ནས་ཡང་། ཨོཾ་བཛྲ་པུཥྤེ་ཨཱ་ཧཱུྃ། ཨོཾ་བཛྲ་དྷཱུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུྃ། ཨོཾ་
བཛྲ་གནྡྷེ་ཨཱ་ཧཱུྃ། ཨོཾ་བཛྲ་ནཻ་ཝི་ཏི་ཨཱཿཧཱུྃ། ཞེས་པས་མངོན་པར་བསྔགས་པའི་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་ཡན་ལག་བདུན་པ་ལན་གསུམ་བརྗོད་དོ། །དེ་ནས་ཕྱག་བྱས་ཏེ་གཏོར་མ་ཕུལ་ལ། ཨོཾ་བཛྲ་མུཿ
ཞེས་བྱ་བས་གཤེགས་སུ་གསོལ་ལོ། །དེ་ནས་བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་ཅུང་ཟད་བསྒོམས་ནས། ཆོས་ཐམས་ཅད་བློས་དམིགས་ཏེ། སོ་སོར་བརྟགས་ནས་རང་བཞིན་མེད་ཅིང་། འོད་གསལ་བར་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ།
ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེའི་མཐར་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ། ཨ་དང་ཧཱུྃ་གཉིས་བལྟས་ནས། དེའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་རབ་འབྱམས་མཐའ་གཏུགས་པ་ན་གནས་པའི་སེམས་ཅན་རྣམས་བྱང་ཆུབ་ལ་བཀོད་དེ། དེ་དག་འདྲེས་ཤིང་
བཀུག་ནས་ས་བོན་གཉིས་ལ་བསྟིམ་སྟེ། སྐད་ཅིག་ཙམ་གྱིས་བཅོམ་ལྡན་འདས་མ་དང་བཅས་པའི་བཅོམ་ལྡན་འདས་སུ་བསྒོམ་མོ། །ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་བདུད་བཞིའི་སྟེང་ན་ཕྱེད་ཀྲུང་དང་བཅས་པའི་གར་གྱིས་བཞུགས་པའི་ཕྱག་རྒྱ་ལྔའི་མི་
མགོའི་ཕྲེང་བ་ཅན། བསྐལ་པའི་མེ་ལྟར་འབར་བའི་སྐུ་མདོག་ཁྲོ་བ་དང་བཅས་ཤིང་དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། སྤྱན་ཉི་ཤུ་རྩ་བཞི་པ། ཕྱག་བཅུ་དྲུག་པ། ལག་པ་གཡས་ཀྱི་ཐོད་པ་བརྒྱད་ན། གླང་པོ་ཆེ་དང་། རྟ་དང་། བོང་བུ་དང་། གླང་དང་། རྔ་མོ་དང་། སེང་གེ་
དང་། མི་དང་། བྱི་ལའོ། །གཡོན་པའི་ཐོད་པ་བརྒྱད་ན། ས་དང་། ཆུ་དང་། མེ་དང་། རླུང་དང་། ཟླ་བ་དང་། ཉི་མ་དང་། གཤིན་རྗེ་དང་། ནོར་སྦྱིན་རྣམས་སོ། །སྤྱི་བོར་སྣ་ཚོགས་རྡོ་རྗེ་འཛིན་ཅིང་། འཁོར་བའི་སྡུག་བསྔལ་འཕྲོག་པ། གྲི་གུག་དང་ཐོད་པ་བསྣམས་པའི་ལྷ་མོ་

བདག་མེད་མས་འཁྱུད་པ་བསྒོམ་མོ། །དེའི་འོག་ཏུ་བདག་ཉིད་ཀྱི་སྙིང་གར་ཉི་མ་ལ་ཧཱུྃ་བལྟའོ། །བདག་མེད་མའི་སྙིང་གར་ཟླ་བ་ལ་ཨཾ་བལྟའོ། །ཡང་མགོ་བོར་ནི་ཨོཾ། མགྲིན་པར་ནི་ཨཱཿསྙིང་གར་ཧཱུྃ་བཀོད་ལ། མིག་ལ་གཏི་མུག་རྡོ་རྗེ་མ། རྣ་བ་ལ་ཞེ་སྡང་རྡོ་རྗེ་མ། སྣ་ལ་
སེར་སྣ་རྡོ་རྗེ་མ། ཁ་ལ་འདོད་ཆགས་རྡོ་རྗེ་མ། ལུས་ལ་ཕྲག་དོག་རྡོ་རྗེ་མ། ཡིད་ལ་བདག་མེད་རྣལ་འབྱོར་མ་རྣམས་བཀོད་ལ། སྙིང་གའི་ས་བོན་གྱི་འོད་རྣམས་ཀྱིས་སངས་རྒྱས་རྣམས་སྤྱན་དྲངས་ཏེ། ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་བྱ་བས་དབང་བསྐུར་བར་གསོལ་
བ་བཏབ་པས། སངས་རྒྱས་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་སྟེ་བཀུག་པ་དང་། ལྷ་མོ་བརྒྱད་ཀྱིས་བསྟོད་པ་དང་། །མཆོད་པ་བྱེད་པར་བསྒོམ་མོ། །བསྒོམ་པས་དུབ་ན་སྔགས་བཟླས་པ་བྱ་སྟེ། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལྡང་བ་ན་རང་གི་སྙིང་གའི་ས་བོན་ལ་ལྷ་
མོ་བསྡུས་ཏེ། ལྷའི་གཟུགས་ཀྱིས་རྒྱུ་བར་བྱའོ། །བསྒོམ་པའི་དུས་སུ་ཐོག་མ་དང་ཐ་མར་གཏོར་མ་དབུལ་བར་བྱའོ། །དེ་ལ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་བསྒོམས་ལ། དེར་ཨ་ལས་བྱུང་བའི་ཐོད་པའི་ནང་དུ།
གོ་ཀུ་ད་ཧ་ན་དང་། བི་མུ་མ་ར་ཤུའི་ས་བོན་ལས་བྱུང་བའི་རྫས་རྣམས་ལ། ཨོཾ་གྱིས་བྱིན་གྱིས་བརླབ་པར་བྱའོ། །དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་བསྒོམས་ཏེ། རྡོ་རྗེ་དང་པདྨ་སྦྱར་བའི་མེ་འབར་བའི་རྣམ་པར་བསྒོམས་ལ། དེའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་
བལྟས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས་བདུད་རྩི་བཀུག་སྟེ། དེར་བསྟིམས་ལ། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབ་པ་འདི་ནི། གཏོར་མ་དང་ཁ་ཟས་ལ་སོགས་པ་སྦྱང་བའི་ཆོ་གའོ། །དེ་ནས་སྐད་ཅིག་ཙམ་གྱིས། །
ནམ་མཁའ་ནས་ཆོས་འབྱུང་བར་ཆུད་པའི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་བསམ། དཔའ་བོ་གཅིག་པུ་བལྟས་ལ། འདབ་མ་རྣམས་ལ་ནི་ཕྱོགས་སྐྱོང་རྣམས་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་སོ་སོའི་བཙུན་མོས་འཁྱུད་

ཅིང་། གཡས་བརྐྱང་གིས་བཞུགས་པ་མི་བསྐྱོད་པས་དབུ་བརྒྱན་པར་བསྒོམ་མོ། །དེ་ལྟར་དེའི་སྟེང་དུ་ཚངས་པ་ལ་སོགས་པའི་ལྷ་རྣམས་མདོག་དཀར་པོ་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན་དུ་བསམ་མོ། །འོག་ཏུ་ནི་སའི་འོག་ཏུ་རྒྱུ་བའི་འགྲོ་བ་རྣམས་མདོག་དམར་
པོ་སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་ཅན་དུ་བསྒོམ་མོ། །ཐམས་ཅད་ཀྱི་ལྕེ་ལ་ཧཱུྃ་དཀར་པོ་བསམས་ཏེ། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་གཽ་རཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བདུད་རྩི་ཕུལ་བས་ཚིམ་པར་བྱའོ། །སྔགས་ནི་འདི་ཡིན་ཏེ། ཨོཾ་ཨིནྡ་ཛ་མ་ཛ་ལ་ཛཀྵ་བྷཱུ་ཏ་བཧྣི་བ་ཨུ་
རཀྑ་ཙནྡ་སུཛྫ་མཱ་ད་པཔྤ་ཏ་ལཱ་པཱ་ཏ་ལ་ཨཥྚ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ་བྷུཾ་ཛ་ཛཱིཾ་གྷ་ཕུལླ་དྷུ་པ་མཱཾ་ས་པིཾ་གྷ་ཨམྦྷ་སཔྤ་ཀཛྫ་སཏྭ་ཁནྟི་ཁུ་ཎི་ཕེ་ཊ་གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་བརྗོད་ལ་ཞལ་བསིལ་དབུལ་ལོ། །སྔགས་ནི་
ཨོཾ་ཧྲཱིཿབི་ཤུདྡྷ་ན་ཡ་སརྦ་བི་ཀལྤཱན་ཡ་ཧཱུྃ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཡིད་ལས་བྱུང་བའི་མཆོད་པས་མཆོད་པར་བྱ་སྟེ། ཨོཾ་བཛྲ་མུཿས་གཤེགས་སུ་གསོལ་བར་བྱའོ། །ཁ་ཟས་ཀྱི་དུས་སུ་སྔ་མ་ལྟར་སྦྱངས་ལ་བདག་ཉིད་ཀྱི་ལྕེ་ལ་རྡོ་རྗེ་དཀར་པོ་བསམས་ལ། སྙིང་གར་བཅོམ་ལྡན་
འདས་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་བསྟིམས་ཏེ། ཡེ་ཤེས་སེམས་དཔའི་ས་བོན་གྱིས་མེ་སྦར་བར་བྱའོ། །ཆགས་པ་སྤྱོད་པའི་དུས་སུ་ནི། ཤེས་རབ་མ་བདག་མེད་མར་བསྒོམས་ལ། དེའི་མགོ་བོར་ནི་ཨོཾ། ལྐོག་མར་ནི་ཨཱཿ། སྙིང་གར་ཧཱུྃ། པདྨའི་གེ་སར་ལ་ཨ་
བསྒོམས་ལ། ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་ར་ག་སུ་ཁཾ་དཏྡ་ཙ་ཏུ་རཱ་ནནྡ་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ། ཀརྱཾ་ཀུ་རུ་ཥྭ་མེ། ཞེས་བྱ་བ་འདིས་པདྨ་བྱིན་གྱིས་བརླབ་བོ། །རྡོ་རྗེ་ཧཱུྃ་གིས་བསྐྱེད་ནས། ཨོཾ་གྱིས་ནོར་བུ་བྱིན་གྱིས་བརླབས་ནས། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་ད་ཡ་ཀ་ཁ་ག་མུ་ཁ་ཨེ་ཀ་ར་སོ་ནཱ་ཐ་
ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ་ཞེས་བྱ་བས་བྱིན་གྱིས་བརླབ་བོ། །སིཾ་སིཾ་སིཾ། ཧ་ཧ་ཧ་ཞེས་བྱ་བས་དགའ་བ་བརྩམ་པར་བྱ་སྟེ། བླ་མའི་མན་ངག་གིས་དེའི་སྐད་ཅིག་མ་རྣམས་མཚོན་པར་བྱས་ལ། དེའི་བདུད་རྩི་དྲངས་ནས་བདག་ཚིམ་པར་བྱའོ། །ཉལ་བའི་དུས་སུ་ནི། ཆོས་ཐམས་ཅད་

ལྷན་ཅིག་སྐྱེས་པའི་རང་བཞིན་དུ་བསམས་ལ་ཉལ་བར་བྱའོ། །དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་པའི་ཐབས་དཔའ་བོ་གཅིག་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ནག་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ནག་པོ་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་
བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་སཱ་དྷ་ནཾ་ཏཏྟྭ་ཨོ་ཏྱོཏ་ཏ་ཀ་ར་ནཱ་མ། བོད་སྐད་དུ། དགྱེས་པའི་རྡོ་རྗེ་སྒྲུབ་པའི་ཐབས་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་
འཚལ་ལོ། །ཨོཾ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གཅིག་དང་དུ་མས་དཔྱད་པའི་སྙིང་པོས་སྤྲུལ་པའི་སྒྱུ་མའི་དངོས། །འཇིག་པའི་དུས་གྱི་སྤྲིན་འདྲའི་སྐུ་འཆང་ཤེས་རབ་དམ་པས་འཁྱུད། །རྡོ་རྗེ་ལས་བྱུང་དག་པའི་དེ་ཉིད་ཀྱིས་སྤྲུལ་ལྷ་མོས་བསྐོར། །སྙིང་རྗེས་ཁྲོས་
པའི་གཟུགས་ཅན་དགྱེས་པའི་རྡོ་རྗེ་རྟག་ཕྱག་འཚལ། །རྡོ་རྗེ་འཆང་བ་གང་ཞིག་གིས། །འབྲས་བུ་དཔལ་ལྡན་ཁྲག་འཐུང་ཐུགས། །དེ་གསལ་བྱེད་པའི་བླ་མ་ནི། །དམ་ཚིག་རྡོ་རྗེ་ལ་ཕྱག་འཚལ། །དང་པོར་རེ་ཞིག་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་གནོད་པས་སྐྱོ་བར་གྱུར་པའི་
སེམས་ཅན་གྱི་ཁམས་ལ་དམིགས་ལ། སྙིང་རྗེ་ཕུལ་དུ་བྱུང་བའི་རོས་གང་བའི་དབང་དུ་གྱུར་པའི་སེམས་ཀྱིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་གོམས་པར་བྱས་པས། དག་པར་གྱུར་པའི་སེམས་ཀྱི་རྒྱུན་དང་ལྡན་པ། དཔལ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་
དུ་དབང་བསྐུར་ཞིང་རྗེས་སུ་གནང་བ་ཐོབ་པ། དམ་ཚིག་དང་སྤྱོད་པ་ལ་མཁས་པའི་རྣལ་འབྱོར་པས། །ཐོ་རངས་ལངས་ལ་རང་གི་སྙིང་གར་རེ་ཕ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མཆོག་དང་པོའི་ཡི་གེ་ཧཱུྃ་བསམ་ཞིང་། དུར་ཁྲོད་ལ་སོགས་པའི་ཡིད་དུ་འོང་བའི་གནས་
འགའ་ཞིག་ཏུ་གནས་ལ་བདེ་བའི་སྟན་ལ་འདུག་སྟེ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པས་ཡི་གེ་ཧཱུྃ་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུས། བཅོམ་ལྡན་འདས་འཆད་པར་འགྱུར་བའི་ཁ་དོག་དང་ཕྱག་དང་མཚོན་ཆ་ཅན་བཀུག་ལ་ནམ་མཁའི་ཕྱོགས་སུ་བལྟས་ཏེ། ཡིད་ལས་བྱུང་བའི་མེ་

ཏོག་ལ་སོགས་པའི་མཆོད་པས་མཆོད་ནས། སྙིང་གའི་ས་བོན་ལས་བྱུང་བའི་གཽ་རཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་འདོད་པའི་ཡོན་ཏན་ལྔ་ཡིས་མཆོད་པར་བྱའོ། །དེ་ལ་གཽ་རཱི་ནི་རི་དགས་ཀྱིས་མཚན་པའི་ཐོད་པ་ཕྱག་ན་བསྣམས་པའོ། །ཙཽ་རཱི་ནི་རང་བྱུང་
གི་མེ་ཏོག་གིས་གང་བའི་སྣོད་ཀྱིས་ལག་པ་བྲེལ་བའོ། །བེ་ཏཱ་ལི་ནི་ཆུའི་སྣོད་ཀྱིས་ལག་གཉིས་པ་བྲེལ་བར་གྱུར་པའོ། །གྷསྨ་རཱི་ནི་ཤས་གང་བའི་སྣོད་ཐོགས་པའོ། །པུཀྐ་སཱི་ནི་ལག་ན་ཙནྡན་གྱིས་གང་བའི་སྣོད་ཐོགས་པའོ། །ཤ་བ་རཱི་ནི་སྣོད་ནས་སྦྲང་རྩི་ལྡུགས་པར་བྱེད་པའོ། །
ཙཎྜ་ལཱི་ནི་ཅང་ཏེའུ་བརྡུང་ཞིང་མཆོད་པར་བྱེད་པའོ། །ཌོམྦིས་ནི་མགུལ་ནས་འཁྱུད་ཅིང་སྙོམས་པར་འཇུག་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། བདག་གི་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་ངོ་། །བདག་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་རྡོ་རྗེ་འཆང་དང་། ཐེག་པ་ཆེན་པོའི་ཆོས་མ་ལུས་པ་དང་། བྱང་ཆུབ་
སེམས་དཔའ་ཕྱིར་མི་ལྡོག་པ་དང་ལྷ་མོའི་ཚོགས་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པ་དང་། འདི་དག་ཇི་སྲིད་དུ་མཐར་ཐུག་
པའི་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་དགོད་པའི་ཕྱིར་རོ། །འདི་ལྟ་སྟེ། བླ་ན་མེད་པའི་ཐེག་པ་ཆེན་པོའི་ལམ་འདི་ཉིད་ལ་ཡང་བརྟེན་པར་བགྱིའོ། །བདག་ཉིད་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དབུལ་ལོ། །དགེ་བའི་རྩ་
འདི་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ་ཞེས་བརྗོད་ཅིང་ཕྱག་འཚལ་ནས་གཏོར་མ་ཡང་བྱིན་ལ་ཡི་གེ་བརྒྱ་པ་བརྗོད་པས་མཉེས་པར་ཡང་བྱ་སྟེ། །ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་

མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦྦ་སིདྡྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨྨ་སུ་ཙ་མེ་ཙི་ཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་བཱན་ཧེ་རུ་ཀ །མ་མེ་མུ་ཉྩ་ཧེ་རུ་ཀྭ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ་བཛྲ་མུཿཞེས་བྱ་བས་གཤེགས་སུ་གསོལ་ལོ། །དེ་ནས་སེམས་
ཅན་ཐམས་ཅད་ལ་བུ་གཅིག་པ་སྡུག་པ་ལྟར་མཉམ་པའི་མཚན་ཉིད་ཅན་གྱི་བྱམས་པ་དང་། དེ་ཉིད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་བཟློག་པར་འདོད་པའི་མཚན་ཉིད་ཅན་གྱི་སྙིང་རྗེ་དང་། དེ་དག་ཉིད་ལ་ལྷའི་བདེ་བ་བསྒྲུབ་ཅིང་བསྐྱེད་པ་ལ་དགའ་བའི་དགའ་བ་
དང་། དེ་ནས་དེ་དག་ཉིད་ལ་བླ་ན་མེད་པའི་བདེ་བའི་རྣམ་པའི་ལམ་སྒྲུབ་པར་འདོད་པའི་རྣམ་པ་ཅན་གྱི་བཏང་སྙོམས་བསྒོམ་པར་བྱའོ། །འགྲོ་བ་ངོ་བོ་ཉིད་ཀྱིས་སྟོང་། །མཚན་མ་མེད་ཅིང་རྒྱུ་མེད་དེ། །ཐམས་ཅད་རྣམ་པར་རྟོག་བྲལ་བས། །སྨོན་ལམ་དག་ཀྱང་རྣམ་པར་
སྤངས། །མ་ལུས་དེ་ལྟར་ཤེས་བྱ་ཞིང་། །བདག་གི་སྒྱུ་འདྲའི་སེམས་ཉིད་དེ། །རྣམ་པ་མ་རིག་པ་ཡིས་བསྐྱེད། །དེ་འགགས་པ་ཡིས་འགག་པར་འགྱུར། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་རྒྱས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བསྲུང་
བའི་དོན་དུ། །རེ་ཕས་ཉི་མ་སྔོན་དུ་རྣམ་བསྒོམས་ནས། །ཉི་དེར་ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་ར་བ་དང་། །གུར་བཅིང་བ་ཡང་རྣམ་པར་བསྒོམ་པར་བྱ། །འདི་ཡི་དོན་ནི་འདི་ཡིན་ཏེ། །ཉི་མ་དང་སྣ་ཚོགས་རྡོ་རྗེ་དག་ལས་སྤྲོས་པས་ཞུ་ཞིང་གཅིག་དུ་གྱུར་པ་
ལས་རྣམ་པར་སྤྲོས་པས། འོག་ཏུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། སྟེང་དུ་རྡོ་རྗེ་གུར་དང་། ཐད་ཀར་རྡོ་རྗེ་ར་བ་དང་། དེ་ཡི་ཕྱིར་རོལ་དུ་རྡོ་རྗེ་མེ་འབར་བ་བསྒོམ་པར་བྱ་ཞིང་སྔགས་ཀྱིས་ཀྱང་བརྟན་པར་བྱ་སྟེ། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱའོ། །དེའི་དཀྱིལ་དུ་ཆོས་
ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་སྟོན་ཀའི་ཟླ་བ་ལྟར་དཀར་བའི་ཆོས་འབྱུང་ཞེས་བྱ་བ་གྲུ་གསུམ་ནམ་མཁའི་ཁམས་བསྒོམ་པར་བྱའོ། །དེའི་དཀྱིལ་དུ་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གཡོ་བའི་བ་དན་གཉིས་ཀྱིས་

མཚན་པའོ། །དེའི་སྟེང་དུ་རེ་ཕ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་གྲུ་རྣམས་སུ་ཡི་གེ་རཾ་གྱིས་མཚན་པའོ། །དེའི་སྟེང་དུ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོ་བུམ་པས་མཚན་པའོ། །དེའི་སྟེང་དུ་ལཾ་ལས་བྱུང་བའི་སའི་
དཀྱིལ་འཁོར་གྲུ་བཞི་པ་སེར་པོ་ཟུར་རྣམས་སུ་རྡོ་རྗེས་མཚན་པ་བསྒོམ་པར་བྱའོ། །དེ་ཉིད་དུ་བསྒོམ་པ་པོ་དེ་ཉིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཁྱད་པར་བྱེད་པ་ཉིད་དུ་ངེས་པར་གནས་སོ། །དེ་ནས་ཆོས་འབྱུང་གི་ནང་དུ་འབྱུང་བ་ཆེན་པོ་བཞི་ཡོངས་སུ་གྱུར་པ་ལས་
བྱུང་བའི་སྣ་ཚོགས་པདྨའི་སྟེང་གི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཐར་པ་ཆེན་པོའི་གྲོང་ཁྱེར་རྣམ་པར་སྣང་མཛད་ཀྱི་ངོ་བོ་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་གྱི་གཞལ་ཡས་ཁང་ངོ་། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན། །ཕྲེང་བ་རྔ་ཡབ་སྣ་ཚོགས་ལྡན། །
རྡོ་རྗེ་ཐིག་གིས་རྣམ་པར་བརྒྱན། །བ་དན་སྣ་ཚོགས་གཡོ་བའི་སྣ། །དྲིལ་བུ་གཡེར་ཁའི་སྒྲ་དང་ལྡན། །འདོད་པའི་ཡོན་ཏན་མཆོག་མངའ་བའི། །ཉེ་བར་མཁོ་བས་རྣམ་པར་བརྒྱན། །དོ་ཤལ་དོ་ཤལ་ཕྱེད་པ་དང་། །རྟ་བབས་བཞི་ཡིས་མཛེས་པར་བྱས། །རིན་པོ་ཆེ་
དང་རྣམ་ལྡན་ཞིང་། །མདའ་ཡབ་ཕྲེང་བས་རྣམ་པར་བརྒྱན། །གཟུགས་ཀྱི་སྣམ་བུར་བརྒྱད་གཉིས་ཀྱི། །མཆོད་པའི་ལྷ་མོས་མཆོད་པར་བྱེད། །པི་ཝང་བསྒྱིང་མ་སྔོན་མོ་སྟེ། །གླུ་མ་གླིང་བུ་སེར་མོ་ཉིད། །གར་མ་རྫ་མ་ལྗང་གུ་ཉིད། །དགོད་མ་རྫ་རྔ་དཀར་ཞིང་དམར། །
གར་མ་ལག་པ་བསྐོར་བ་སྟེ། །གླུ་མ་ཏིང་ཏིང་ཤག་དང་བཅས། །བདུག་པ་མ་སྔོན་མེ་ཏོག་དཀར། །མར་མེ་མར་མེའི་འོད་དང་འདྲ། །དྲི་མ་རོ་མ་ཁ་དོག་དམར། །རེག་མ་མེ་ལོང་ལྗང་དང་ལྡན། །ཆོས་མ་དཀར་ཞིང་རང་རྟགས་ཀྱིས། །ཀུན་ཀྱང་ལག་པ་གཉིས་པའོ། །
ཕྱི་རོལ་དུར་ཁྲོད་འཇིགས་པ་སྟེ། །རྡོ་རྗེ་ར་བའི་ནང་ཉིད་དུ། །གདུག་ཅིང་དྲག་དང་ཐུག་པ་དང་། །དེ་བཞིན་འབར་བའི་ཕྲེང་བ་དང་། །འཇིགས་པར་བྱེད་པའི་ཐོད་པ་ཅན། །གཡོན་ནས་ཤར་སོགས་རིམ་པ་བཞིན། །དྲག་ཏུ་དགོད་པ་དབང་ལྡན་དུ། །དབང་ཕྱུག་ནགས་ཚལ་

མེ་ཡི་མཚམས། །འཇིགས་བྱེད་མུན་པ་བདེན་བྲལ་དུ། །རླུང་དུ་ཀཱི་ལི་ཀཱི་ལ་སྒྲོགས། །ཤིར་ཤ་ཨ་ཤྭ་ཀང་ཀ་ལི། །ཙཱུ་ཏའི་ཤིང་ནི་ཤར་སོགས་རིམ། །ཤིང་ཆེན་ཀ་རཉྫ་ཉིད་དང་། །འཁྲི་ཤིང་ཅན་དང་ཨ་རྫུ་ན། །དབང་པོ་ནོར་སྦྱིན་ཞགས་པ་ཅན། །གཤིན་རྗེའི་རྒྱལ་པོའི་ཕྱོགས་སུ་
འདོད། །དབང་ལྡན་མཚམས་དང་བྱིན་ཟ་དང་། །སྲིན་པོའི་དབང་པོ་རླུང་དག་ཏུའོ། །ནོར་རྒྱས་བུ་དང་ཏཀྴ་ཀ །ཀྐརྐོ་ཊ་དང་པདྨ་དང་། །པདྨ་ཆེན་པོ་ཧུ་ལུནྟ། །རིགས་ལྡན་དང་ནི་དུང་སྐྱོང་ཉིད། །སྒྲོགས་བྱེད་འཁོར་བྱེད་འཇིགས་པ་དང་། །ལྡོག་བྱེད་དང་ནི་མཐུག་པོ་ཉིད། །འགེངས་
བྱེད་དང་ནི་ཆར་འབེབས་དང་། །གཏུམ་པ་རིམ་བཞིན་སྤྲིན་གྱི་བདག །དེ་ལ་བརྒྱ་བྱིན་ནི་གླང་པོ་ཆེ་ལ་ཞོན་པ་མདོག་སེར་པོ་ལག་པ་གཡོན་ན་རྡོ་རྗེས་མཚན་པའི་ཐོད་པ་ཐོགས་པའོ། །ནོར་སྦྱིན་ནི་གནོད་སྦྱིན་ལ་ཞོན་པ་མདོག་སེར་པོ་གསུས་པ་འཕྱང་བ་མིའུ་ཐུང་གཡོན་ན་ཐོད་པ་དང་
དབྱུག་པ་ཐོགས་པའོ། །ཆུ་ལྷ་ནི་ཆུ་སྲིན་ལ་ཞོན་པ་མདོག་དཀར་པོ་སྦྲུལ་གྱི་རྒྱན་གྱིས་བརྒྱན་པའི་གཡོན་ན་ཐོད་པ་དང་ཞགས་པ་ཐོགས་པའོ། །གཤིན་རྗེ་ནི་མ་ཧེ་ལ་ཞོན་པ་མདོག་སྔོན་པོ་ལྟོ་འཕྱོང་བ་སྐྲ་སེར་པོ་གྱེན་དུ་བརྫེས་པ་མིའུ་ཐུང་གི་གཟུགས་ཅན་གཡོན་ན་ཐོད་པ་དང་དབྱུག་
པ་ཐོགས་པའོ། །དབང་ལྡན་ནི་གླང་པོ་ལ་ཞོན་པ་མིག་གསུམ་པ་མདོག་དཀར་པོ་གཡོན་ན་ཐོད་པ་དང་མདུང་ཐོགས་པའོ། །བྱིན་ཟ་ནི་ར་སྐྱེས་ལ་ཞོན་པ་མདོག་དམར་སེར་ཕྱག་བཞི་པ་སྐྲ་སེར་པོ་དབྱུ་གུ་གསུམ་པ་དང་ཐོད་པ་དང་ཕྲེང་བ་འཛིན་པའོ། །སྲིན་པོའི་བདག་པོ་ནི་རོ་ལ་
ཞོན་པ་མིའུ་ཐུང་གི་གཟུགས་ཅན་མདོག་སྔོན་པོ་སྐྲ་སེར་པོ་གྱེན་དུ་འབར་བ་གསུས་པ་འཕྱང་བ་གཡོན་ན་རལ་གྲི་དང་ཐོད་པ་ཐོགས་པའོ། །རླུང་གི་བདག་པོ་ནི་མདོག་སྔོན་པོ་རི་དགས་ལ་ཞོན་པ་ཞི་བའི་གདོང་ཅན་བ་དན་ཐོགས་པའོ། །འཇིག་རྟེན་སྐྱོང་བ་འདི་དག་ཀུན་རང་གི་མདོག་
དང་གདན་དང་ཕྱག་མཚན་དང་ལྡན་ཞིང་ཀུན་ཀྱང་གཡས་ཀྱིས་ནི་བཅོམ་ལྡན་འདས་ལ་ཕྱག་འཚལ་བའོ། །སྤྲིན་རྣམས་ཀྱི་ཁ་དོག་ནི་འཇིག་རྟེན་སྐྱོང་བ་རྣམས་ལྟ་བུའོ། །ཀླུ་རྣམས་ནི་དེ་དག་ལ་གནས་པ་སྟེ། ཀུན་ཀྱང་ཐལ་མོ་སྦྱར་བའོ། །ཤིང་བརྒྱད་ལ་གནས་པའི་ཞིང་སྐྱོང་

བ་རྣམས་ནི་ཕྱོགས་སྐྱོང་བ་བརྒྱད་ཀྱི་བཞོན་པ་རྣམས་ཀྱི་གདོང་ལྟ་བུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་བཞིན་གྱུར་པ་སྟེ། ཤི་རི་ཥ་ལ་གནས་པ་ནི་ལྷའི་དགེ་འདུན་ཞེས་བྱ་བ་མདོག་དཀར་པོའོ། །ཤིང་ཙཱུ་ཏ་ལ་གནས་པ་ནི་གཤིན་རྗེ་ཞེས་བྱ་བ་སྟེ་མདོག་སྔོན་པོའོ། །
ཨ་ཤྭ་ཀ་ལ་གནས་པ་ནི་སྤྲིན་གྱི་རྒྱལ་པོ་ཞེས་བྱ་བ་སྟེ་མདོག་དམར་པོའོ། །བྱང་ཆུབ་ཀྱི་ཤིང་ལ་གནས་པ་ནི་གནོད་སྦྱིན་གྱི་སྡེ་དཔོན་ཞེས་བྱ་བ་སྟེ། མདོག་སེར་པོའོ། །ཀ་རཉྫའི་ཤིང་ལ་གནས་པ་ནི་དྲང་སྲོང་འདུས་པ་ཞེས་བྱ་བ་སྟེ་དམར་པོའོ། །འཁྲི་ཤིང་ཅན་ལ་གནས་པ་ནི་སྲིན་
པོའི་ཚོགས་ཅན་ཏེ་ཁ་དོག་སྔོན་པོའོ། །ཨརྫུ་ན་ལ་གནས་པ་ནི་རླུང་གི་རྒྱལ་པོ་ཞེས་བྱ་བ་སྟེ་ཁ་དོག་ལྗང་གུའོ། །ཤིང་ཆེན་པོ་ལ་གནས་པ་ནི་ཡི་དགས་འདུས་པ་ཞེས་བྱ་བ་སྟེ་དུ་བའི་མདོག་ཅན་དུ་བལྟ་བར་བྱའོ། །ཕྱོགས་བརྒྱད་ཀྱི་དུར་ཁྲོད་རྣམས་ནི་མགོ་བཅད་པ་དང་། དབྱངས་
པ་དང་། བསྙལ་བ་དང་། གསལ་ཤིང་གིས་ཕུག་པ་དང་། མགོ་བོ་དང་། ཀེང་རུས་དང་། བ་གླང་གི་ཚེ་དང་། ཁྭ་ད་ར་འུག་པ་དང་། བྱ་རྒོད་དང་རོ་ལངས་རྣམས་ཕཊ་ཅེས་བྱ་བའི་སྒྲ་སྒྲོགས་པར་བྱེད་དེ། མ་ལུས་པ་ཀུན་ཀྱང་སྔོན་གྱི་གྲུབ་པ་ཐོབ་པ་རྣམས་ཀྱིས་མངོན་པར་བརྟགས་
པའོ། །གནོད་སྦྱིན་དང་སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་སྨྱོ་བྱེད་དང་། བརྗེད་བྱེད་དང་གདོན་དང་། མཁའ་འགྲོ་དང་། མཁའ་འགྲོ་རྣམས་ཀྱིས་རྣམ་པར་བརྒྱན་ཅིང་སྒྲུབ་པ་པོ་རྣམས་དང་བཅས་པར་བལྟ་བར་བྱའོ། །དེའི་སྙིང་པོའི་པདྨ་ནི། འདབ་མ་སྣ་ཚོགས་གེ་སར་བཅས།
སྒོ་བཞི་དང་ནི་མཚམས་བཞི་རུ། །སྣ་ཚོགས་པདྨའི་རི་བོང་ཅན། །ཚངས་པ་དབང་པོ་ཉེ་དབང་དྲག །གཤིན་རྗེ་དེ་བཞིན་གནོད་སྦྱིན་བདག །བདེན་བྲལ་དང་ནི་ཐགས་བཟངས་རིས། །དབུས་སུ་བདུད་ནི་བཞི་པོ་དག །ཉི་མའི་དཀྱིལ་འཁོར་དཀྱིལ་གནས་པ། །འཇིགས་སུ་རུང་བའི་
སྙིང་ག་མནན། །དེ་ལ་གདན་དབུས་མའི་སྟེང་དུ་དབྱངས་ཀྱི་ཡི་གེ་བཅོ་ལྔ་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེའི་སྟེང་དུ་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་རྩ་བཞི་ལས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེའི་དབུས་སུ་

ཡི་གེ་ཨཾ་དང་ཧཱུྃ་ཡོངས་སུ་གྱུར་པ་ལས་གྲི་གུག་དང་ཐོད་པ་ཁ་སྦྱོར་རང་གི་ས་བོན་གྱི་སྙིང་པོ་ཅན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་དང་དེ་ལས་རྣལ་འབྱོར་མའི་རིགས་དཔག་ཏུ་མེད་པའི་སྤྲུལ་པའི་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་སྤྲོས་ལ། འགྲོ་བ་
རྣམས་སངས་རྒྱས་ཀྱི་རང་བཞིན་དུ་བྱས་ནས་དེ་ཉིད་དུ་འདུས་ཤིང་གཅིག་ཏུ་གྱུར་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་ནས་ཟླ་བ་དང་ཉི་མ་དང་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཆད་པར་གྱུར་པའི་ཁ་དོག་
དང་དབྱིབས་དང་། ཕྱག་དང་མཚོན་ཆ་ཅན་རང་སྣང་བའི་རིག་མས་འཁྱུད་པ་ཉིད་དུ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་བསྒོམ་པར་བྱ་སྟེ། འདི་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའོ། །དེ་ནས་བར་སྣང་ལ་ཡི་གེ་ཧོཿགཉིས་ཀྱིས་བརྟེན་པའི་ཡི་གེ་ཨཾ་དང་
ཧཱུྃ་བལྟས་ལ། ཤིན་ཏུ་དགའ་བའི་སྒྲས་ཡང་དག་པར་བཀུག་ནས། བཅོམ་ལྡན་འདས་ཀྱི་ཞལ་ནས་ཞུགས་ཤིང་བཅོམ་ལྡན་འདས་མའི་པདྨར་ལྷུང་བར་བསྒོམ་པར་བྱའོ། །དེ་ནས་འདོད་ཆགས་ཆེན་པོའི་མེས་བཅོམ་ལྡན་འདས་མ་དང་བཅས་པའི་བཅོམ་ལྡན་འདས་ཞུ་བར་
གྱུར་པ་ལ་བྱང་ཆུབ་ཀྱི་སེམས་ཞུ་བའི་གཟུགས་ཀྱི་དཀྱིལ་འཁོར་དུ་བལྟ་བར་བྱའོ། །དེ་ནས་དེ་བསླང་བར་བྱ་བའི་ཕྱིར་རང་རང་གི་ཕྱོགས་ནས་འོངས་པའི་པུཀྐ་སཱི་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་རང་རང་གི་ཕྱོགས་སུ་སྟན་ལ་འདུག་ནས་ཚིགས་སུ་བཅད་པ་བཞིས་སྐུལ་བར་བྱེད་པ་
ནི། །བཞེངས་ཤིག་དང་སྒྲོལ་ཐུགས་རྗེའི་ཐུགས། །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། །ཁྱོད་མི་བཞུགས་ན་བདག་འགུམ་པས། །དགྱེས་པའི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །
རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་ནས། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་མི་འཚལ་བས་ན། །ཙཎྜ་ལཱི་བདག་གསོལ་བ་འདེབས། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག།།

ཌོམྦི་མོ་བདག་སྒྲིན་མོ་ལགས། །ཐུགས་རྗེ་རྒྱུན་བཅད་མ་མཛད་ཅིག །དེ་ནས་བསྐུལ་བའི་དེ་མ་ཐག་ཟླ་བར་ཞུ་བར་གྱུར་པ་ལས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ཀྱི་སྟེང་གི་གྲི་གུག་དང་ཐོད་པའི་དཀྱིལ་ན་ས་བོན་གཉིས་པོ་དེ་ཉིད་དོ། །དེ་དག་ལས་སྤྲོ་བའི་སྦྱོར་
བར་རྣལ་འབྱོར་མའི་འཁོར་ལོའི་རྣམ་པས་འགྲོ་བ་རྣམས་ཀྱི་དོན་བྱས་ནས་དེ་དག་ཉིད་དུ་བསྡུས་པ་ལས་ཟླ་བ་དང་ཉི་མ་དང་ས་བོན་དང་ཕྱག་མཚན་ཡོངས་སུ་གྱུར་པ་ལས་བྱུང་བའི་དཔལ་ཧེ་རུ་ཀའི་གཟུགས་གཉིས་པར་བདག་ཉིད་བསྒོམ་པར་བྱའོ། །ཞབས་རྣམས་ས་ལ་བརྡེབ་
མཛད་ཅིང་། །ལྷ་དང་ལྷ་མིན་རྣམས་ལ་བསྡིགས། །ཁྲོས་ཤིང་སྤྱན་ནི་དམར་ལ་ཟླུམ། །གཞོན་ཤིང་ལང་ཚོ་ལྡན་པའི་གཟུགས། །ཞལ་བརྒྱད་ཕྱག་ནི་བཅུ་དྲུག་པ། །ཞབས་རྣམས་བཞི་ཡིས་གཤེགས་མཛད་ཅིང་། །བདུད་རྣམས་བཞི་ནི་མཉམ་པར་མནན། །ཐོད་པའི་
ཕྲེང་བས་དབུ་ལ་བརྒྱན། །འཇིགས་པའི་ལུས་ཅན་ཐལ་བས་བསྐུས། །སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། །རྩ་བའི་ཞལ་ནི་ནག་པོ་ཆེ། །གཡས་པ་ཀུནྡ་ལྟ་བུ་སྟེ། །གཡོན་པ་དམར་པོ་ཆེར་འཇིགས་པ། །སྟེང་གི་དུད་མདོག་རྣམ་པར་འགྱུར། །ལྷག་མ་བུང་བ་ལྟ་བུ་
སྟེ། །རེ་རེ་ལ་ཡང་སྤྱན་གསུམ་མོ། །ཞལ་ནས་ཧཱུྃ་ཞེས་སྤྲོ་མཛད་ཅིང་། །ཕྱག་རྒྱ་ལྔ་ཡིས་རྒྱན་དུ་བྱས། །ཁ་དོག་ནག་པོ་འཇིགས་ཆེན་པོ། །སྣ་ཚོགས་རྡོ་རྗེས་སྤྱི་བོར་བརྒྱན། །སྒེག་དང་དཔའ་བྱད་འཇིགས་སུ་རུང་། །དྲག་དང་རྒོད་དང་འཇིགས་པར་བྱེད། །སྙིང་རྗེ་རྔམ་
དང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །སྐྲ་ནི་དམར་སེར་གྱེན་དུ་འབར། །འཇིགས་པ་པོ་ཡང་འཇིགས་པར་བྱེད། །མགོ་བོའི་ཕྲེང་བའི་དོ་ཤལ་ཅན། །འཇིག་པའི་དུས་ཀྱི་མེ་འདྲའི་མདངས། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་ར་བྷ་བྱི་ལ། །གཡས་པའི་
ཐོད་པ་བརྒྱད་རྣམས་ལ། །གཉིས་འཐུང་ལ་སོགས་རིམ་ཤེས་བྱ། །ས་དང་ཆུ་དང་རླུང་དང་ནི། །མེ་དང་ཟླ་བ་ཉི་མ་དང་། །མཐར་བྱེད་དང་ནི་ནོར་སྦྱིན་ཉིད། །གཡོན་པའི་ཐོད་པ་བརྒྱད་ནའོ། །སྙོམས་པར་འཇུག་པའི་བདག་མེད་མ། །རང་སྣང་བ་ནི་ཕྱག་རྒྱ་ལྔ། །ཕྱག་གཉིས་ཞལ་

གཅིག་ཞབས་གཉིས་པ། །དེ་ནི་གྲི་གུག་ཐོད་པ་འཛིན། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཉི་མ་ལ་ཐོད་པའི་སྟེང་དུ་ཡི་གེ་ཧཱུྃ་དང་། བཅོམ་ལྡན་འདས་མའི་ཐུགས་ཀའི་ཟླ་བའི་སྟེང་གི་གྲི་གུག་ལ་ཡི་གེ་ཨཾ་བལྟའོ། །དབུ་ལ་པདྨ་དཀར་པོ་དང་ཟླ་བ་ལ་ཨོཾ་མོ། །མགུར་ལ་པདྨ་
དམར་པོ་དང་ཆོས་འབྱུང་ལ་ཡི་གེ་ཨཱཿའོ། །ཐུགས་ཀར་སྣ་ཚོགས་པདྨ་དང་། ཉི་མ་ལ་ཡི་གེ་ཧཱུྃ་བསྒོམ་པར་བྱའོ། །མིག་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་འཁོར་ལོ་ལ་ཡི་གེ་ཨ་ལས་བྱུང་བའི་རྡོ་རྗེ་མ་དཀར་མོའོ། །རྣ་བ་ལ་ཉི་མ་དང་རྡོ་རྗེའི་སྟེང་དུ་ཨཾ་ལས་བྱུང་བའི་བདག་མེད་མ་
སྔན་མོའོ། །སྣ་ལ་ནི་ཉི་མ་དང་རིན་པོ་ཆེའི་སྟེང་དུ་ཡི་གེ་ཨི་ལས་བྱུང་བའི་གཽ་རཱི་མ་སེར་མོའོ། །ལྕེ་ལ་པདྨ་དང་ཉི་མའི་སྟེང་དུ་ཡི་གེ་ཨཱི་ལས་བྱུང་བ་ཆུའི་རྣལ་འབྱོར་མ་དམར་མོའོ། །སྤྱི་གཙུག་ཏུ་སྣ་ཚོགས་རྡོ་རྗེ་དང་ཉི་མའི་སྟེང་དུ་ཡི་གེ་ཨུ་ལས་བྱུང་བའི་རྡོ་རྗེ་མཁའ་འགྲོ་མ་ལྗང་གུའོ། །
སྙིང་གར་སྣ་ཚོགས་པདྨ་དང་། རྡོ་རྗེའི་སྟེང་དུ་ཡི་གེ་ཨཾ་ལས་བྱུང་བའི་བདག་མེད་མ་དཀར་མོ་བསམ་པར་བྱའོ། །ལྷ་མོ་འདི་དག་ཐམས་ཅད་ཀྱང་གཡོན་ན་ཐོད་པ་དང་། ཁ་ཊྭཱཾ་ག་གཡས་ན་གྲི་གུག་ཐོགས་པའོ། །དེའི་རྗེས་ལ་ལྟེ་བར་པདྨ་དཀར་པོ་འདབ་མ་དྲུག་ཅུ་རྩ་བཞི་པ་དང་ཟླ་བ་
ལ་ཨོཾ་དཀར་པོའོ། །དབུས་ཀྱི་འདབ་མ་བརྒྱད་ལ་གཡོན་སྐོར་དུ་ཨ་ཀ་ཙ་ཊ་ཏ་བ་ཡ་ཤ་རྣམས་སོ། །སྙིང་གའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཁ་ཐུར་དུ་བལྟས་པའི་མཚམས་ཀྱི་འདབ་མ་བཞི་ལ་ཡ་ར་ལ་ཝ་རྣམས་སོ། །ཕྱོགས་ཀྱི་འདབ་མ་བཞི་ལ་ཨ་ཨི་ཨེ་ཨོ་བཞིའོ། །
ལྟེ་བ་ལ་ནི་ཡི་གེ་ཧཱུྃ་ཁ་ཐུར་དུ་བལྟས་པའོ། །མགྲིན་པའི་པདྨ་དམར་པོ་འདབ་མ་བཅུ་དྲུག་པ་ཁ་གྱེན་དུ་བལྟས་པའི་དཀྱིལ་དུ་གནས་པའི་ཕྱོགས་ཀྱི་འདབ་མ་བཞི་ལ་གཡོན་སྐོར་དུ་ཨཱ་ཨཱི་ཨཱུ་ཨཻ་བཞིའོ། །ལྟེ་བ་ལ་ནི་ཡི་གེ་ཨྃ་མོ། །མགོ་བོར་པདྨ་དཀར་པོ་འདབ་མ་སུམ་ཅུ་རྩ་
གཉིས་པའི་ལྟེ་བ་ལ་ཡི་གེ་ཧཾ་ཁ་ཐུར་དུ་བལྟས་པའོ། །དེའི་རྗེས་ལ་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ས་བོན་སྤྲོས་པའི་འོད་ཟེར་ཁ་དོག་ནག་པོ་ལྕགས་ཀྱུའི་རྣམ་པ་ལྟ་བུས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ནས་ནམ་མཁའི་ཕྱོགས་སུ་བལྟས་ཏེ། མ་མོ་བརྒྱད་ཀྱིས་ཡང་

དག་པར་མཆོད་ནས། དབང་བསྐུར་བར་གསོལ་བ་བཏབ་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་བྱ་བས་སོ། །དེ་ནས་སངས་རྒྱས་བདག་ཉིད་ཆེན་པོ་ཧེ་རུ་ཀའི་གཟུགས་ཅན་དེ་དག་ལས་དཔག་ཏུ་མེད་པའི་རྣལ་
འབྱོར་མ་བསྒྲུབས་ནས། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གྱིས་བུམ་པས་དབང་བསྐུར་བས་མེ་ཏོག་གི་ཆར་དང་གུར་གུམ་གྱི་ཆར་ཡང་འབབ་པར་འགྱུར་རོ། །གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པས་བསྟོད་པར་བྱེད་ཅིང་སངས་རྒྱས་སྤྱན་ལ་སོགས་པས་རྡོ་རྗེའི་གླུ་ལེན་པར་བྱེད་དོ། །དབང་
བསྐུར་མ་ཐག་ཏུ་རྒྱལ་བ་མི་བསྐྱོད་པས་དབུ་ལ་བརྒྱན་པར་བསམ་མོ། །འདི་ནི་དང་པོའི་རྣལ་འབྱོར་ཞེས་བྱ་བ་སྟེ། ཏིང་ངེ་འཛིན་དང་པོ་ངོ་བོ་ཉིད་ཀྱི་སྐུའོ། །དེའི་རྗེས་ལ་སྔ་མ་བཞིན་དུ་བཅོམ་ལྡན་འདས་མའི་དབུ་ལ་ཨོཾ་མོ། །ཐུགས་ཀར་ཧཱུྃ་ངོ་། །ཟེ་འབྲུ་ལ་ཡི་གེ་ཨཱཿབལྟས་ལ། ཨོཾ་པདྨ་
སུ་ཁ་དྷ་ར། མ་ཧཱ་རཱ་ག །སུ་ཁཾ་དཏྟ། ཙ་ཏུ་ར་ཨཱ་ནནྡ། བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ། ཀརྱཾ་ཀུ་རུ་ཥྭ་མེ། ཡི་གེ་ཧཱུྃ་ལས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་བསྒོམས་ལ། ཨོཾ་ལས་ནོར་བུ་ཕཊ་ལས་བུག་པ་བསམས་ཏེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུར་ཨཱ་ནནྡ། དཱ་ཡ་ཀ་ཁ་ག་མུ་ཁ་ཨེ་ཀ་ར་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་
ཀརྱཾ་ཀུ་རུ་ཥྭ་མེ། སིཾ་སིཾ་སིཾ་ཧ་ཧ་ཧ་ཞེས་བྱ་བས་དགའ་བ་བརྩམ་པར་བྱའོ། །དེ་ནས་སྙོམས་པར་འཇུག་པའི་སྒྲས་བསྐུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཞལ་གྱི་ལམ་ནས་ཞུགས་ནས་ཐུགས་ཀར་ཞུ་བར་གྱུར་ཅིང་རྡོ་རྗེའི་ལམ་ནས་པདྨའི་ནང་དུ་ཟླ་བ་ཞུ་བར་གྱུར་པའི་ཡི་གེ་གཾ་
ཡོངས་སུ་གྱུར་པ་ལས། གཽ་རཱི་ཁ་དོག་ནག་མོ་གྲི་གུག་དང་རོ་ཧི་ཏའི་ཉ་ཐོགས་པ་སྤྲུལ་ནས། ཤེས་རབ་ཀྱི་ཐུགས་ཀ་ནས་བྱུང་ནས་འགྲོ་བ་རྣམས་ཀྱི་དོན་བྱས་ཏེ། ཤར་ཕྱོགས་ཀྱི་སྒོའི་སྟན་ལ་གནས་པར་བལྟ་བར་བྱའོ། །དེ་བཞིན་དུ་ཙཾ་ལས་ཙཽ་རཱི་བཙོད་ཀྱི་མདོག་ཅན་ཅང་ཏེའུ་དང་
ཕག་བསྣམས་པ་ལྷོ་ཕྱོགས་ཀྱི་སྒོའི་སྟན་ལའོ། །དེ་བཞིན་དུ་བཾ་ལས་བྱུང་བའི་རོ་ལངས་མ་ཁ་དོག་སེར་མོ་རུས་སྦལ་དང་ཐོད་པ་ཐོགས་པ་ནུབ་ཕྱོགས་ཀྱི་སྒོར་རོ། །དེ་བཞིན་དུ་གྷཾ་ལས་བྱུང་བའི་གྷསྨ་རཱི་མདོག་ལྗང་གུ་སྦྲུལ་དང་རྣལ་འབྱོར་གྱི་སྣོད་ཐོགས་པ་བྱང་ཕྱོགས་ཀྱི་

སྒོར་རོ། །དེ་བཞིན་དུ་པཾ་ལས་བྱུང་བའི་པུཀྐ་སཱི་ཨིནྡྲ་ནཱི་ལ་ལྟ་བུ་སེང་གེ་དང་དགྲ་སྟ་འཛིན་པ་ནི་དབང་ལྡན་གྱི་མཚམས་སུའོ། །དེ་བཞིན་དུ་ཤཾ་ལས་བྱུང་བའི་ཤ་བ་རཱི་མདོག་དཀར་མོ་དགེ་སློང་དང་འཁར་གསིལ་ཐོགས་པ་ནི་མེའི་མཚམས་ཀྱི་སྟན་ལའོ། །དེ་བཞིན་དུ་ཙཾ་ལས་བྱུང་བའི་
ཙཎྜ་ལཱི་ནམ་མཁའ་ལྟར་སྔོ་བསངས་འཁོར་ལོ་དང་བཤོལ་མདའ་ཐོགས་པ་ནི་བདེན་བྲལ་མཚམས་ཀྱི་སྟན་ལའོ། །དེ་བཞིན་དུ་ཌཾ་ལས་བྱུང་བའི་ཌོམྦི་ནཱི་སྣ་ཚོགས་མདོག་ཅན་རྡོ་རྗེ་དང་སྡིགས་མཛུབ་ཀྱི་ཕྱག་རྒྱ་ཅན་རླུང་གི་མཚམས་ཀྱི་སྟན་ལ་བལྟའོ། །དེ་ལྟར་ཡོངས་སུ་རྫོགས་པའི་
དཀྱིལ་འཁོར་བལྟས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ལ་མདུན་གྱི་ནམ་མཁའི་ཕྱོགས་སུ་བལྟས་ནས་ཞལ་བརྒྱད་པའི་སྔགས་ཀྱིས་བགེགས་བསྐྲད་ལ། ཨོཾ་ཤྲཱི་ཧེ་རུ་ཀ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། །ཞེས་བྱ་བས་ཡོན་ཆབ་དབུལ་ལོ། །ཨོཾ་ཤྲཱི་ཧེ་རུ་ཀ་པཱ་དྱཾ་པྲ་
ཏཱིཙྪ་སྭཱ་ཧཱ། །ཞེས་བྱ་བས་ཞབས་བསིལ་དབུལ་ལོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨཉྩ་མཱ་ནཾ། །ཞེས་བྱ་བས་ཞལ་བསིལ་དབུལ་ལོ། །ཨོཾ་གཽ་རཱི་ཨཱ་ཀཪྵ་ཡ་ཛཿཨོཾ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཨོཾ་བེ་ཏཱ་ལཱི་བནྡྷ་བཾ། ཨོཾ་གྷསྨ་རཱི་ཏོ་ཥ་ཡ་ཧོཿ། ཞེས་བྱ་བས་དགུག་པ་དང་གཞུག་པ་བཅིང་བ་དང་དབང་དུ་བྱས་ནས་
ཡེ་ཤེས་ཀྱི་འཁོར་ལོ་དང་། དམ་ཚིག་གི་དཀྱིལ་འཁོར་གཅིག་ཏུ་རོ་མཉམ་པར་བསྒོམས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ནས་མཆོད་པ་བྱས་ནས། དབང་བསྐུར་བར་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་དག་གིས་བདག་ཉིད་
དབང་བསྐུར་བར་བསྒོམ་མོ། །དབང་བསྐུར་བར་གྱུར་པ་རྣམས་ཀྱི་དབུ་ལ་ནི་རྒྱལ་བ་རྣམས་སོ། །དེ་ལ་པུཀྐ་སཱི་དང་གཽ་རཱི་ལ་ནི་མི་བསྐྱོད་པས་སོ། །ཤ་བ་རཱི་དང་ཙཽ་རཱི་ལ་ནི་རྣམ་པར་སྣང་མཛད་ཀྱིས་སོ། །ཙཎྜ་ལཱི་དང་བེ་ཏཱ་ལི་ལ་ནི་རིན་ཆེན་འབྱུང་གནས་ཀྱིས་སོ། །ཌོམྦྀ་ནཱི་དང་གྷསྨ་རཱི་ལ་ནི་
འོད་དཔག་མེད་གྱིས་རྒྱས་གདབ་པར་བྱའོ། །དེ་ནས་ཡོངས་སུ་རྫོགས་པར་གྱུར་པའི་དཀྱིལ་འཁོར་ལ་བལྟས་ལ། སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུར་མོས་པར་བྱས་ནས། སྙིང་གའི་ས་བོན་ལས་མཆོད་པའི་ལྷ་མོ་བརྒྱད་སྤྲོས་པ་དེ་དག་ལས་སྤྲོས་པའི་སྤྲིན་གྱིས་གཙོ་བོ་དང་བཅས་པའི་

དཀྱིལ་འཁོར་ལ་མཆོད་པར་བྱའོ། །དེ་ནས་དེ་དག་ལ་མངོན་སུམ་དུ་བདག་ཉིད་ཀྱིས་བསྟོད་པར་བྱ་སྟེ། འཇིགས་ཆེན་མཆེ་བ་གཙིགས་པ་པོ། །རྒྱུ་མའི་ཕྲེང་བས་རྣམ་པར་བརྒྱན། །ཤ་ཆེན་དག་ནི་གསོལ་མཛད་པ། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་བྱ་བས་
སོ། །དེ་ནས་ཡི་གེ་ཡཾ་ལས་བྱུང་གི་དཀྱིལ་འཁོར་དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེ་ལ་ཨ་ལས་བྱུང་བའི་ཐོད་པ་དེའི་དཀྱིལ་དུ་ཨོཾ་གྱིས་མཚན་པའི་རྫས་རྣམས་སོ། །དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེའོ། །རྡོ་རྗེ་དང་པདྨ་སྦྱོར་བ་ལས་མེ་འབར་བར་གྱུར་པ་དེས་དེ་དག་བསྐོལ་བར་གྱུར་པས།
སྨིན་ཅིང་ཞུ་བར་གྱུར་པ་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་གྱི་བདུད་རྩི་བླངས་ནས་དེ་དག་གཅིག་ཏུ་བྱས་ནས། ཨོཾ་ཨཱཿཧཱུྃ་ཞེས་བྱ་བས་མངོན་པར་བསྔགས་ལ། ཡི་གེ་ཧཱུྃ་ལས་ལྕེ་རྡོ་རྗེ་དཀར་པོར་གྱུར་པར་བསྒོམས་ཏེ། སྙིང་གར་ཉི་མ་ལ་དཀྱིལ་
འཁོར་གྱི་འཁོར་ལོ་མོས་པ་བྱས་ལ། བདུད་རྩི་དེས་བདག་ཉིད་དང་དཀྱིལ་འཁོར་གྱི་འཁོར་ལོའི་ཚིམ་པར་བྱའོ། །མ་མོའི་གྲོང་ཁྱེར་ཉམས་དགའ་བར། །གཙོ་བོ་འདི་འདྲ་བསྒོམ་པར་བྱའོ། །དབའ་རླབས་མེད་པའི་བདེ་བ་འཐོབ། །རླབས་མེད་པ་ཡིས་བདེ་བ་ཉིད། །ཅེས་བྱ་བ་ནི། གཉིས་པ་
དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་དེ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དཔག་ཏུ་མེད་ཅིང་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དཔལ་ཧེ་རུ་ཀའི་གཟུགས་སུ་སྦྱངས་ནས་ཡང་དག་པར་བཀུག་སྟེ། དཀྱིལ་འཁོར་དུ་
ཆུད་པར་བྱས་ལ། དཀྱིལ་འཁོར་ནི་བདག་ཉིད་དུ། བདག་ཉིད་ནི་ཡེ་ཤེས་སེམས་དཔར། ཡེ་ཤེས་སེམས་དཔའ་ནི་ཕྱག་མཚན་དུ། ཕྱག་མཚན་ནི་ས་བོན་དུ། ས་བོན་ཐིག་ལེར། ཐིག་ལེ་ལས་ཀྱང་ཡུད་ཙམ་གྱིས་གསལ་བ་ཉིད་དུ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བསམས་
ལ། དེ་ལྟར་ཡང་དང་ཡང་དུ་སྤྲོ་ཞིང་བསྡུ་བར་བྱའོ། །འདི་ནི་སེམས་སྐྱོ་བ་རྣམས་ཀྱི་ཐིག་ལེའི་རྣལ་འབྱོར་རོ། །བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ལ་ཤེས་རབ་ཀྱི་པདྨའི་ཟེ་འབྲུའི་མཐར་རང་གི་ས་བོན་གྱི་དཀྱིལ་དུ་ཡུངས་ཀར་ཙམ་གྱི་རིན་

པོ་ཆེའི་ནང་དུ་ཆུད་པར་དཀྱིལ་འཁོར་གྱི་འཁོར་ལོ་གཟུང་བར་བྱ་ཞིང་བསམ་པར་བྱས་ནས། དེ་ལ་མཚན་མ་ལྔ་འབྱུང་བར་འགྱུར་རོ། །ཕྱི་ནས་རྗེས་སུ་དྲན་པའི་རྣལ་འབྱོར་གྱིས་སྤྲོ་བར་བྱའོ་ཞེས་བྱ་བ་ནི་ཕྲ་མོའི་རྣལ་འབྱོར་རོ། །དེ་ལྟར་ཡུད་ཙམ་གྱིས་ཡེ་ཤེས་ལས་རབ་ཏུ་གྲུབ་པའི་དཔག་ཏུ་མེད་
པའི་འོད་ཟེར་གྱི་ཚོགས་སྤྲོས་པས་བདག་དང་གཞན་མཐོང་བར་སྦྱོར་བ་ཉིད་ཀྱིས་རྗེས་སུ་དྲན་པའི་རྣལ་འབྱོར་གྱི་བདག་ཉིད་ཀྱིས་མ་ལུས་པ་ཡོངས་སུ་རྫོགས་པར་བསྒོམ་པར་བྱའོ། །བསྒོམ་པས་སྐྱོ་བར་གྱུར་ན་སྔགས་བཟླ་བར་བྱ་བ་སྟེ། སྔགས་ལ་ཡང་ཆགས་པར་མི་བྱའོ། །དེ་ལ་
འདིར་ཁམས་ཕྲ་བ་ལ་སེམས་སྦྱར་ལ་སྣའི་རྩེ་མོར་སེམས་བརྟན་པར་བྱས་ནས། འཇུག་པ་དང་གནས་པ་དང་འབྱུང་བའི་རིམ་པ་དང་ཡི་གེ་གསུམ་གྱིས་སྦྱར་ལ་བཟླ་བར་བྱའོ། །ཡང་ན་སྙིང་གའི་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་བཅུ་གསུམ་མར་མེའི་ཕྲེང་བ་བཞིན་དུ་འབར་བ་སེམས་
ཀྱིས་བྲིས་ལ། སེམས་ཀྱིས་བྲིས་པ་བཞིན་དུ་ངེས་པར་བཟླ་བར་བྱ་སྟེ། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱའོ། །འདི་ནི་ལས་རྒྱལ་མཆོག་ཅེས་བྱ་སྟེ། ཏིང་ངེ་འཛིན་གསུམ་པ་སྤྲུལ་པའི་སྐུའོ། །དེ་ནས་ལས་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་ཕྲེང་བའི་སྔགས་བཟླ་བར་
བྱའོ། །དེ་ཡང་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་གནས་པ་ཐུགས་ཀའི་ས་བོན་ལས་ཕྲེང་བའི་སྔགས་བྱུང་བར་བསམ་ཞིང་ཞལ་ཐམས་ཅད་དང་ལྷ་མོ་ཐམས་ཅད་ཀྱི་ཞལ་ནས་སྔགས་བརྗོད་པར་བསམ་པར་བྱའོ། །གལ་ཏེ་ལངས་པར་འདོད་ན་དེས་ལྷ་མོའི་འཁོར་ལོའི་ཐུགས་
ཀའི་ས་བོན་གྱི་ནང་དུ་ཆུད་པར་བསྒོམས་ལ། རྟེན་གྱི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེན་པོར་བསྒོམ་པར་བྱ་ཞིང་། ཚིགས་སུ་བཅད་པ་འདིས་བསོད་ནམས་ཡོངས་སུ་བསྔོ་བར་བྱ་སྟེ། བསོད་ནམས་འདིས་ནི་ཐམས་ཅད་མཁྱེན་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ལས་རྒྱལ་ཏེ། །
རྒ་ནད་མཆི་བའི་དབའ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །ཅེས་བྱའོ། །སྨོན་ལམ་ཡང་དག་གདབ་པར་བྱ་སྟེ། །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་དགྱེས་པའི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེ་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་

བར་ཤོག །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་འདི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །དེ་ནས་འཁོར་བའི་སེམས་ཅན་རྣམས་ཧེ་རུ་ཀའི་གཟུགས་སུ་མོས་པར་བྱ་ཞིང་འབྱུང་བ་ཆེན་པོ་བཞི་ནི་པུཀྐ་སཱི་ལ་
སོགས་པ་བཞིའི་ངོ་བོར་ངེས་པར་བྱས་ནས། དེ་ལྟར་དགྱེས་པའི་རྡོ་རྗེའི་ང་རྒྱལ་གྱིས་ཐམས་ཅད་བྱའོ། །གུང་གི་ཐུན་དང་ཕྱི་དྲོའི་ཐུན་ལ་ཡང་དེ་བཞིན་དུ་སྟན་བདེ་བ་ལ་འདུག་སྟེ། ཡུད་ཙམ་གྱིས་དགྱེས་པའི་རྡོ་རྗེའི་གཟུགས་སུ་བདག་ཉིད་ལྷག་པར་མོས་པར་བྱས་ནས། སྙིང་གའི་
ས་བོན་ལས་བྱུང་བའི་ལྷ་མོ་རྣམས་གནས་ཇི་ལྟ་བ་བཞིན་དུ་བལྟས་ལ། ཡེ་ཤེས་སེམས་དཔའ་གཞུག་པ་དང་། དབང་བསྐུར་བ་དང་། མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་དང་། བཟླས་པ་ལ་སོགས་པ་བྱའོ། །གཉིད་ལོག་པའི་དུས་སུ་ཡེ་ཤེས་སེམས་དཔའ་སྙིང་གའི་
ས་བོན་ལས་བྱུང་ནས་ནམ་མཁའི་ཕྱོགས་སུ་བལྟས་ཏེ། མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ། ཡི་གེ་བརྒྱ་པ་བརྗོད་ཅིང་མཐར་མུཿཞེས་བྱ་བ་དང་ལྡན་པས་གཤེགས་སུ་གསོལ་ལོ། །དཀྱིལ་འཁོར་གྱི་འཁོར་ལོ་ནི་ཐུགས་ཀར་བསྡུས་ལ་ཡན་ལག་གི་སྦྱོར་བ་བྱས་ནས་སྣ་
ཚོགས་འདི་དག་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོར་མོས་པར་བྱས་ནས་གཉིད་ལོག་པར་བྱའོ། །ལྷ་མོ་བཞིའི་གླུས་བསྐུལ་བས་སད་པར་བྱས་ལ། ལངས་ནས་ཐམས་ཅད་སྔ་མ་བཞིན་དུ་བྱའོ། །དེ་ལྟར་རྟག་ཏུ་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་མ་བྱུང་གི་བར་དུ་བྱའོ། །དེ་མཐོང་
ནས་རྒྱུད་ཇི་ལྟ་བ་བཞིན་དུ་ཉམས་སུ་བླང་བར་བྱའོ། །ཕྱག་དྲུག་པ་ཡང་དེ་བཞིན་དེ། །ཕྱག་གཡོན་གྱི་དང་པོ་ན་རྩེ་གསུམ་པ། གཡས་ཀྱི་དང་པོ་ན་རྡོ་རྗེ། གཡོན་གྱི་གཉིས་པ་ན་དྲིལ་བུ། གཡས་ཀྱི་གཉིས་པ་ན་གྲི་གུག །ཕྱག་ལྷག་མ་གཉིས་ཀྱིས་ཤེས་རབ་མ་ལ་འཁྱུད་
པའོ། །དེ་བཞིན་དུ་ཕྱག་བཞི་པའི་ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཡོན་ན་ཐོད་པ། ལྷག་མ་གཉིས་ཀྱིས་ཤེས་རབ་མ་ལ་འཁྱུད་པའོ། །དེ་བཞིན་དུ་ཕྱག་གཉིས་པའི་གཡས་ན་རྡོ་རྗེ། གཡོན་ན་ཐོད་པ་འཛིན་པས་ཤེས་རབ་མ་ལ་འཁྱུད་པ་སྟེ། དཀྱིལ་འཁོར་གྱི་གཙོ་

བོའི་གཟུགས་སུ་བསྒོམ་པར་བྱའོ། །འདི་དག་ཀྱང་ཕྱག་བཅུ་དྲུག་པ་བཞིན་དུ་ཐམས་ཅད་བསྒོམ་པར་བྱའོ། །བཟླས་པ་དང་བསྒོམ་པས་སྐྱོ་བར་གྱུར་ན་ཐམས་ཅད་རྣམ་པར་དག་པར་ལྷག་པར་མོས་པར་བྱའོ། །ཕྱག་བཅུ་དྲུག་ནི་སྟོང་པ་ཉིད་དེ་གང་དག་ཅེ་ན། ནང་སྟོང་པ་ཉིད་དང་།
ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་།
དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདི་དག་ནི་
ཕྱག་བཅུ་དྲུག་གོ། །བསྡུ་བའི་དངོས་པོ་བཞི་ནི་ཞབས་བཞི་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ། །པགས་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ་གང་དག་ཅེ་ན། དྲན་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་།
ཏིང་ངེ་འཛིན་དང་། བཏང་སྙོམས་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་སྟེ། འདི་དག་ནི་པགས་པའོ། །ཤ་ནི་པུཀྐ་སཱིའོ། །ཁྲག་ནི་ཤ་བ་རཱིའོ། །ཁུ་བ་ནི་ཙཎྜ་ལཱིའོ། །ཚིལ་དང་རྐང་ནི་ཌོམྦི་ནཱིའོ། །རུས་པ་ནི་བདེན་པ་བཞིའོ། །སྡུག་
བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་དང་ལམ་མོ། །ཞལ་བརྒྱད་ནི་རྣམ་པར་ཐར་པ་བརྒྱད་དེ་གང་དག་ཅེ་ན། གཟུགས་སྟོང་པ་ཉིད་དུ་མཐོང་བ་དང་། ནང་གི་གཟུགས་སྟོང་པ་ཉིད་དུ་མཐོང་བ་དང་། སྡུག་པ་དང་མི་སྡུག་པས་བྱས་པའི་ལྟ་བ་སྟོང་པ་ཉིད་དུ་མཐོང་བ་དང་།
ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟོང་པ་ཉིད་དུ་མཐོང་བ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོང་པ་ཉིད་དུ་མཐོང་བ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་སྟོང་པ་ཉིད་དུ་མཐོང་བ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟོང་པ་ཉིད་དུ་མཐོང་བ་དང་། འདུ་ཤེས་དང་ཚོར་

བ་འགོག་པ་སྟོང་པ་ཉིད་དུ་མཐོང་བའོ། །འདོད་ཆགས་ཆེན་པོ་ལས་བྱུང་བས། །གཡོན་པའི་ཞལ་ནི་ལེགས་པར་འཛིན། །གཏི་མུག་ཆེན་པོ་དག་པའི་བདག །ཞལ་ནི་གཡས་པ་དག་ཏུ་གནས། །བདུད་རྣམས་བཞི་པོ་ཞི་ཕྱིར་དང་། །ཉོན་མོངས་ཐམས་ཅད་ཞི་
བྱའི་ཕྱིར། །གཡས་དང་གཡོན་པའི་ཞལ་གཉིས་གཉིས། །གནག་ཅིང་འགྱུར་བར་ཤེས་པར་བྱ། །ཞེ་སྡང་ཆེན་པོ་རྨོངས་ཆེན་དང་། །འདོད་ཆགས་ཆེ་ལས་ཀུན་འབྱུང་བར། །རྩ་བའི་ཞལ་ནི་ཤེས་བྱ་སྟེ། །ཉམས་དགུ་ཡི་ནི་ཚུལ་གྱིས་གནས། །མཁའ་དང་གཉིས་མེད་
མཚོན་བྱེད་པར། །སྟེང་གི་ཞལ་ནི་ཤེས་པར་བྱ། །རོ་དགུའི་ཉམས་དང་ལྡན་པ་ནི། །སྒེག་དང་དཔའ་བྱད་འཇིགས་རུང་དང་། །དྲག་དང་དགོད་དང་འཇིགས་པར་བྱེད། །སྙིང་རྗེ་རྔམ་དང་ཞི་བ་ཡི། །རོ་དགུའི་ཉམས་ཞེས་བརྗོད་པ་ཡིན། །འཚོ་བ་ལོག་པ་སྤོང་བའི་ཕྱིར། །མཆེ་བ་
ཅུང་ཞིག་གཙིགས་པར་བྱེད། །སྨིན་མ་ཁྲོ་གཉེར་གཡོ་བ་དང་། །ལྟ་བ་ལོག་པ་སྤོང་བའོ། །སྤྱན་གསུམ་ནི་རྣམ་པར་ཐར་པའི་སྒོ་གསུམ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའོ། །རིམ་པ་འདི་ཉིད་ཀྱིས་ཞལ་བརྒྱད་དང་སྤྱན་ཉི་ཤུ་རྩ་བཞི་འབྱུང་བར་འགྱུར་
བ་ཡིན་ཏེ། དེ་ཡང་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོས་ཁྱབ་པའི་ཕྱིར་ཀུན་ཀྱང་དམར་པོར་གྱུར་པ་ཡིན་ནོ། །བྱམས་པའི་ཐུགས་ཀྱིས་སྐུ་མདོག་ནག་པོར་གྱུར་པ་ཡིན་ནོ། །མཚན་མ་རྣམས་ནི་རྒྱལ་བ་ལྔ་སྟེ། མི་བསྐྱོད་པ་ནི་འཁོར་ལོའི་གཟུགས་ཀྱིས་མགོ་ལ་འཆང་ངོ་། །
སྣང་བ་མཐའ་ཡས་ནི་རྣ་ཆའི་གཟུགས་ཀྱིས་འཛིན་ཏོ། །རིན་ཆེན་འབྱུང་ལྡན་ནི་མགུལ་བའི་ནོར་བུའི་ཚུལ་གྱིས་གནས་སོ། །རྣམ་པར་སྣང་མཛད་ནི་ལག་གདུབ་གྱི་གཟུགས་ཀྱིས་འཛིན་ཏོ། །དོན་ཡོད་གྲུབ་པ་ནི་འོག་པག་གི་གཟུགས་ཀྱིས་འཛིན་ཏོ། །བདུད་བཞི་ནི་ཕུང་
པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་རྣམས་ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། དྲག་པོའི་གཟུགས་སུ་ཞབས་ཀྱིས་མནན་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཕྲག་དོག་གི་ངོ་བོ་ཉིད་ཅེས་བྱ་བའི་

དོན་ཏོ། །མི་དགེ་བ་བཅུ་བྱས་པ་ནི་མགོ་བོའི་ཕྲེང་བའོ། །དེ་ཡང་གང་ཞེ་ན། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཁོང་ཁྲོ་དང་། ངག་འཁྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་
ལྟ་བ་ཞེས་བྱའོ། །དཔུང་རྒྱན་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། དཔྱོད་པ་ཞེས་བྱའོ། །རྐང་པའི་གདུ་བུ་ནི་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་སྟེ། ཚུལ་ཁྲིམས་དང་། ཤེས་རབ་དང་། ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བ་དང་།
རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །རྩ་བའི་མཐོན་དམན་བསྟན་པའི་ཕྱིར། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །བརྫུན་པའི་འདོད་ཆགས་སྤང་བའི་ཕྱིར། །རྣལ་འབྱོར་མ་ཡི་དྲ་བའི་སྟན། །འཇིགས་པ་ཡང་དག་སྤང་བའི་ཕྱིར། །སྐུ་ལ་ཐལ་བའི་རྡུལ་གྱིས་བགོས། །
དངོས་པོ་མེད་པའི་སྲིད་པའི་ངོ་བོ་ཉིད་མེད་པའི་གཟུགས་ཅན་དུ་བསྟན་པའི་ཕྱིར། བདག་མེད་མ་ཡིས་མགུལ་ནས་འཁྱུད་པའོ། །དེའི་གྲི་གུག་དང་ཐོད་པ་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །ཕྱག་གཡས་པའི་ཐོད་པ་བརྒྱད་ན་གནས་པའི་གླང་པོ་ལ་སོགས་པའི་དམ་ཚིག་ནི་
འདུས་པའི་ནད་དང་། རིམས་དང་གག་པ་དང་དུག་དང་གཟེར་དང་སྐྲན་དང་ཕོ་སྲན་དང་འགོ་བ་དང་རིམ་པ་བཞིན་ནོ། །གཡོན་གྱི་ཐོད་པ་བརྒྱད་ན་གནས་པའི་ས་ལ་སོགས་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཕྲ་མ་དང་། ཕྲག་དོག་དང་། རྒྱགས་པ་དང་། ང་རྒྱལ་
དང་། འདོད་པ་དང་། རིམ་བཞིན་ཤེས་པར་བྱའོ། །དབང་བསྐུར་ནས་ནི་ཐམས་ཅད་ཀྱིས། །ཡེ་ཤེས་བླ་མེད་ཐོབ་གྱུར་ནས། །བླ་མ་དམ་པ་མི་བསྐྱོད་པ། །དེ་དག་ཅོད་པན་དག་ལ་འཆང་། །ཡེ་ཤེས་སྣང་བ་བསྐྱེད་པའི་ཕྱིར། །འོད་ཀྱིས་དྲ་བས་རབ་གསལ་བྱེད། །དཀྱིལ་འཁོར་གྱི་
གཙོ་བོའི་རྣམ་པར་དག་པའོ། །ད་ནི་ལྷ་མོ་རྣམས་ཀྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། གཽ་རཱི་ནི་གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་དོ། །ཙཽ་རཱི་ནི་ཚོར་བའི་ཕུང་པོའི་ངོ་བོ་ཉིད་དོ། །བེཏྟཱ་ལཱི་ནི་འདུ་ཤེས་ཀྱི་ཕུང་པོའི་ངོ་བོ་ཉིད་དོ། །གྷསྨ་རཱི་ནི་འདུ་བྱེད་ཀྱི་ཕུང་པོའི་ངོ་བོ་ཉིད་དོ། །པུཀྐ་སཱི་ནི་

བྱམས་པའི་ངོ་བོ་ཉིད་དོ། །ཤ་བ་རཱི་ནི་སྙིང་རྗེའི་ངོ་བོ་ཉིད་དོ། ཙཎྜ་ལཱི་ནི་དགའ་བའི་ངོ་བོ་ཉིད་དོ། །ཌོམྦི་ནཱི་ནི་བཏང་སྙོམས་ཀྱི་ངོ་བོ་ཉིད་དོ། །གཽ་རཱིའི་གཡས་ཀྱི་གྲི་གུག་ནི་བརྫུན་པའི་རྣམ་པར་རྟོག་པ་གཅོད་པར་བྱེད་པ་ཉིད་དོ། །གཡོན་གྱི་རོ་ཧཱི་ཏའི་ཉ་ནི་འཁོར་བའི་
བག་ཆགས་ཀྱི་ཚོགས་སོ། །རྩཽ་རཱིའི་གཡས་ཀྱི་ཅང་ཏེའུ་ནི་ཐབས་དང་ཤེས་རབ་རབ་ཏུ་སྒྲུབ་པར་བྱེད་པ་ཉིད་དོ། །གཡོན་པའི་ཕག་ནི་གཏི་མུག་གི་ངོ་བོ་ཉིད་དོ། །བེ་ཏཱ་ལཱིའི་གཡས་ཀྱི་རུས་སྦལ་ནི་སྟོང་པ་ཉིད་ཀྱི་ངོ་བོའོ། །གཡོན་གྱི་པདྨའི་སྣོད་ནི་སྙིང་རྗེའི་ངོ་བོ་ཉིད་དོ། །གྷསྨ་རཱིའི་
གཡས་ཀྱི་སྦྲུལ་ནི་ཞེ་སྡང་གི་བདག་ཉིད་དོ། །གཡོན་གྱི་རྣལ་འབྱོར་གྱི་སྣོད་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །པུཀྐ་སཱིའི་གཡས་ཀྱི་སེང་གེ་ནི་བདུད་ཀྱི་སྡེའི་གླང་པོ་ཆེ་འཇིགས་པར་བྱེད་དོ། །གཡོན་གྱི་དགྲ་སྟ་ནི་ཞེ་སྡང་གི་ལྗོན་ཤིང་གཅོད་པའི་དོན་ཏོ། །ཤ་བ་རཱིའི་གཡས་
ཀྱི་དགེ་སློང་ནི་ལན་རྣམ་པ་ལྔ་བསྒོམ་པར་བྱ་བར་བསྒྲུབ་པའོ། །གཡོན་གྱི་འཁར་གསིལ་ནི་གཉིས་སུ་མེད་པའི་ཡེ་ཤེས་སྒྲུབ་པར་བྱེད་པའི་དོན་ཏོ། །ཙནྜ་ལཱིའི་གཡས་ཀྱི་འཁོར་ལོ་ནི་ལོག་པར་ལྟ་བ་གཅོད་པའི་དོན་ཏོ། །གཡོན་གྱི་གཤོལ་མདའ་ནི་མི་ཤེས་པའི་ཉོན་
མོངས་པ་རྩ་བ་ནས་འབྱིན་པའི་དོན་ཏོ། །ཌོམྦི་ནཱིའི་གཡས་ཀྱི་རྡོ་རྗེ་ནི་མི་ཕྱེད་པའི་ཡེ་ཤེས་རྟོགས་པའི་དོན་ཏོ། །གཡོན་གྱི་སྡིགས་མཛུབ་ནི་གདུག་པ་ཅན་རྣམས་ཚར་གཅོད་པའོ། །འདི་དག་ཀུན་གྱི་སྤྱན་གསུམ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་ལ་བལྟའོ། །
ཕྱག་གཉིས་ནི་གཟུགས་མེད་པ་གཉིས་ཀྱི་ངོ་བོའོ། །གཟུགས་མེད་པ་གཉིས་གང་ཞེ་ན། ནམ་མཁའ་དང་རྣམ་པར་ཤེས་པ་ཞེས་བྱའོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཕྲ་མ་དང་། ཁོང་ཁྲོ་དང་། ཕྲག་དོག་དང་། ཆགས་པ་དང་། ང་རྒྱལ་རྣམས་ནི་
ཚངས་པ་ལ་སོགས་པའི་གདན་རྣམས་སོ། །ཕྱག་རྒྱ་ལྔ་ནི་ལྟ་བ་ལྔ་སྟེ། གང་དག་ཅེ་ན། འཇིག་ཚོགས་ལ་ལྟ་བ་དང་། ལོག་པར་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཁྲོ་

བའི་སེམས་སྤོང་བར་བྱེད་པའི་དོན་དུ་ཞལ་རྣམ་པར་འགྱུར་ཞིང་། དབུ་སྐྲ་གྱེན་དུ་བརྫེས་པའོ། །ད་ནི་དཀྱིལ་འཁོར་གྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། ལུས་དང་ངག་དང་ཡིད་འདུས་པ་ནི་དཀྱིལ་འཁོར་རོ། །བདེན་བཞིའི་རྣམ་པའི་ཚུལ་གྱིས་གྲུ་བཞིའོ། །བདུད་བཞི་སྐྲག་
པར་མཛད་པའི་དོན་གྱིས་སྒོ་བཞི་བརྟགས་པ་ཉིད་དོ། །ཚངས་པའི་གནས་བཞིའི་ངོ་བོ་ཉིད་ཀྱིས་ཟུར་བཞིར་བརྟགས་པ་ཉིད་དོ། །རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ཉིད་ཀྱི་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་ཉིད་དོ། །རྣམ་པར་ཤེས་པ་དེ་ཡང་གང་ཞེ་ན། མིག་གི་རྣམ་པར་
ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་ལུས་དང་། ཡིད་དང་། ཉོན་མོངས་པ་ཅན་གྱིས་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཀུན་གཞི་རྣམ་པར་ཤེས་པའོ། །བུམ་པ་བརྒྱད་ནི་གཟུགས་བརྒྱད་དེ། གང་དག་ཅེ་ན། ས་དང་ཆུ་དང་མེ་དང་རླུང་དང་། ཁ་དོག་དང་དྲི་དང་རོ་དང་རེག་བྱ་
ཞེས་བྱའོ། །ཁ་རྒྱན་གྱི་ཡལ་ག་ནི་ལམ་ཡན་ལག་བརྒྱད་པ་སྟེ། དེ་དག་གང་ཞེ་ན། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོགས་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་
དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱའོ། །རིན་པོ་ཆེ་ལྔ་ནི་སྟོབས་ལྔ་སྟེ། །དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །དཀྱིལ་འཁོར་གྱི་དོ་ཤལ་རྣམས་ནི་འདོད་ཆགས་དང་།
ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ཞེས་བྱ་བའི་ཉོན་མོངས་པ་རྣམས་འཇོམས་པའི་དོན་ཏོ། །དོ་ཤལ་ཕྱེད་པ་ནི་ཉེ་བའི་ཉོན་མོངས་པ་རྣམས་འཇོམས་པའོ། །དངོས་དང་དངོས་མེད་བྱེ་བྲག་གིས། །སེམས་ནི་གང་ཞིག་རྣམ་རྒྱས་པས། །སེམས་ནི་བླ་རེ་ཞེས་བྱ་བར། །དོན་
དམ་ཉིད་དུ་གསུངས་པ་ཡིན། ཏིང་ངེ་འཛིན་གྱི་ཡན་ལག་ནི་རྟ་བབས་སོ། །དེ་གང་དག་ཅེ་ན། བསྙེན་པ་དང་། ཉེ་བར་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའོ། །རྒྱལ་མཚན་ཡང་དེ་དག་ཉིད་དོ། །ཡན་ལག་བརྒྱད་པའི་ལམ་གྱི་ཡེ་ཤེས་ནི་རྔ་ཡབ་ཀྱི་ཕྲེང་བས་བརྒྱན་པའོ། །

ཆོས་ཀྱི་གནས་བཞི་ནི་རྡོ་རྗེའི་ཐིག་དང་ལྡན་པའོ། །དེ་དག་གང་ཞེ་ན། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྡུག་བསྔལ་བ། འདུས་བྱས་ཐམས་ཅད་ནི་མི་རྟག་པ། ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བ་ཞེས་བྱའོ། །
བྱམས་དང་སྙིང་རྗེ་ལ་སོགས་པ་ནི་མེ་ཏོག་དང་སྤོས་དང་མར་མེ་དང་དྲིའོ། །དེ་ལྟ་བུ་ནང་གི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཕྱིའི་ལའང་ཤེས་པར་བྱའོ། །ད་ནི་དུར་ཁྲོད་བརྗོད་པར་བྱ་སྟེ། དབུགས་རྒྱུ་ཞེས་བྱའི་རིགས་པ་འདིས། །དུར་ཁྲོད་ཅེས་ནི་མངོན་པར་བརྗོད། །ཅེས་བྱ་བར་
དུར་ཁྲོད་ཅེས་བྱ་བ་ནི་ལུས་ཏེ་སའི་ཁམས་སོ། །དེས་ཞིང་ས