Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 9
Văn bản gốc(Tây Tạng)
Trang 9 / 22 (50.000 ký tự/trang)
ཀོ྅ཧཾ། །དང་པོར་ སྐྱེས་བུ་བསམ་དེ་ནས། །མཁའ་འགྲོ་མ་དེའི་འཁོར་ལོ་སྤྲོ། །རྡོ་རྗེ་རྗེས་སུ་ཆགས་བྱེད་པས། །རྒྱལ་བའི་ཁུ་བ་རྗེས་སུ་འགྱུར། །ས་བོན་བརྒྱད་དུ་གྱུར་པའོ། །དེ་བཞིན་གཤེགས་པའི་ཐིག་ལེ་དེ། །གཾ་ཙཾ་བཾ་གྷཾ་བཾ་སཾ་ལཾ་ཌཾ། །ལྷ་མོའི་ས་བོན་དབྱུང་བའོ། །གཽ་རཱི་དབང་གཤིན་ཆོམ་རྐུན་མ། །རོ་ ལངས་མ་ནི་ཆུ་བདག་གནས། །གྷསྨ་རཱི་ནི་གསུས་པོ་ཆེ། །དེ་བཞིན་པུཀྐ་སཱི་དབང་ལྡན། །རི་ཁྲོད་མ་ནི་བྱིན་ཟའི་གྲྭ། །གཏུམ་མོ་བདེན་བྲལ་ལ་གནས་ཏེ། །གཡུང་མོ་འདི་ནི་རླུང་གནས་ན། །ལྷ་མོའི་འཁོར་ལོ་རྫོགས་པའོ། །ཧོ་གཉིས་དབུས་སུ་གནས་པ་ནི། །སྐུ་གསུང་ཐུགས་ཀྱི་ཡི་གེ་སྟེ། ། འདི་ནི་བར་མའི་སེམས་ཅན་མིང་། །ལྷ་མོའི་པདྨར་བསམ་གཏན་བྱ། །བར་མ་མཉམ་པར་འཇུག་པ་ནི། །ཁུ་བའི་ངོ་བོས་རྗེས་སུ་དྲན། །མཚམས་ཀྱི་ལྷ་མོས་བསྐུལ་བ་སྟེ། །དེ་ནས་དབྱངས་ཀྱིས་བསྐུལ་བར་བྱ། །སྙིང་རྗེའི་ཡིད་ཀྱིས་བླ་མེད་བཞེངས། །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་ རང་བཞིན་སྤངས་ནས་ནི། །བདག་ལ་འདོད་པའི་བདེ་ཆེན་སྦྱོར། །ཁྱེད་མི་བཞུགས་ན་བདག་འགུམ་པས། །སྟོང་པའི་རང་བཞིན་ཉིད་སྤངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་ནི། །ཀྱེ་ཡི་རྡོ་རྗེ་ཁྱེད་བཞེངས་ཤིག །འཇིག་རྟེན་ཕྱིར་སྨོན་འདོད་པའི་གཙོ། །ཅི་ཕྱིར་སྟོང་པའི་ངང་ལས་ བཞུགས། །ཁྱོད་མི་བཞུགས་ན་ཕྱོགས་མི་ཁུམས། །གཏུམ་མོ་བདག་ནི་གསོལ་བ་འདེབས། །གཡུང་མོ་བདག་ནི་ཡིད་རྨོངས་པས། །སྙིང་རྗེ་རྒྱུན་ཆད་མ་མཛད་པར། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །ཁྱོད་ནི་མིག་འཕྲུལ་ལྟ་བུར་བཞེངས། །བསྐུལ་བའི་གླུའོ། །བསྐུལ་ བས་སྔོན་གྱི་བྱང་ཆུབ་ཀྱི། །སྨོན་ལམ་རྗེས་སུ་དྲན་པའོ། །ཁུ་བའི་གཟུགས་ལས་བཞེངས་པ་ནི། །ཨོཾ་དང་ཧཱུྃ་གཉིས་རྡོ་རྗེ་ཆེ། །ཞལ་བརྒྱད་ཞབས་ནི་བཞི་པ་སྟེ། །ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །བདུད་བཞི་མཉམ་པར་མནན་པ་སྟེ། །ཕྱེད་བཅས་པ་ཡིས་གར་ མཁན་ནི། །མགོ་བོའི་ཕྲེང་བས་དོ་ཤལ་བྱས། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །རྩ་བའི་ཞལ་ནི་ནག་པོ་ཆེ། །གཡས་པ་ཀུ་མུ་ད་དང་མཚུངས། །གཡོན་པ་དམར་པོ་ཆེན་པོ་འཇིགས། །ཕྱི་མའི་ཞལ་ནི་བུང་བ་མཚུངས། །སྤྱན་ནི་ཉི་ཤུ་རྩ་བཞིས་ཕྱུག །བདག་མེད་མ་ལ་བདེ་བ་སྟེར། ། གླང་པོ་རྟ་བོང་གླང་རྔ་མོང་། །མི་དང་སེང་གེ་དེ་བྱི་ལ། །གཡས་པའི་ཐོད་པ་བརྒྱད་པོ་ནི། །དང་པོ་གླང་པོ་རིམ་ཤེས་བྱ། །གཞི་དང་ཆུ་གནས་རླུང་དང་ནི། །མེ་ཟླ་དེ་ནས་སྣང་བྱེད་དང་། །ཕྱི་མཐར་བྱེད་དང་ནོར་སྦྱིན་ནི། །གཡོན་པའི་ཐོད་པ་བརྒྱད་ནའོ། །གཽ་རཱི་ཁ་དོག་ནག་མོའོ། །ཆོམ་རྐུན་ མ་ནི་བཙོད་དང་མཚུངས། །རོ་ལངས་མ་ནི་གསེར་བསྲེགས་མདོག །གྷསྨ་རཱི་ནི་མརྒཏ་མཚུངས། །པུཀྐ་སཱི་ནི་དབང་སྔོན་མོ། །རི་ཁྲོད་མ་ནི་ཟླ་ནོར་འོད། །གཏུམ་མོ་ནམ་མཁའི་སྔོ་བསངས་མ། །གཡུང་མོ་སྣ་ཚོགས་པ་རུ་འདོད། །གཽ་རཱི་གཡས་ན་གྲི་གུག་སྟེ། །གཡོན་ན་ཉ་ནི་དེ་བཞིན་ ནོ། །ཆོམ་རྐུན་མ་གཡས་ཅང་ཏེའུ་སྟེ། །གཡོན་ན་ཕག་པ་དེ་བཞིན་ནོ། །རོ་ལངས་མ་གཡས་རུས་སྦལ་ཏེ། །གཡོན་པའི་ལག་པ་ཐོད་པའོ། །ཟ་ཕོད་མ་ཡི་གཡས་ན་སྦྲུལ། །གཡོན་པའི་ལག་པ་ཐོད་པའོ། །པུཀྐ་སཱི་གཡས་སེང་གེ་སྟེ། །གཡོན་པའི་ཕྱག་ན་དགྲ་སྟ་འཛིན། ། རི་ཁྲོད་མ་གཡས་དགེ་སློང་སྟེ། །གཡོན་པ་ན་ནི་གསིལ་བྱེད་ཤེས། །གཏུམ་མོ་གཡས་ན་འཁོར་ལོ་སྟེ། །གཡོན་ན་ཐོད་པ་དེ་བཞིན་ནོ། །གཡུང་མོ་གཡས་ན་རྡོ་རྗེ་སྟེ། །གཡོན་ན་སྡིགས་མཛུབ་དེ་བཞིན་ནོ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །གཽ་རཱི་ལ་སོགས་ཕྱག་གཉིས་ ཤེས། །སྤྱན་གསུམ་སྐྲ་ནི་གྱེན་དུ་ཡིན། །ཕྱག་རྒྱ་ལྔ་ཡིས་ཤིན་ཏུ་མཛེས། །ཚངས་པ་དབང་པོ་ཉེ་དབང་དྲག །གཤིན་རྗེ་ནོར་གྱི་བདག་པོ་དང་། །བདེན་བྲལ་དང་ནི་ཐགས་བཟངས་རིས། །གཽ་རཱི་ལ་སོགས་པ་ཡི་གདན། །ཐམས་ཅད་རྡོ་རྗེ་འདི་ཡིས་ནི། །རང་སྔགས་ཡི་གེ་ རྫོགས་པ་དང་། །ཕྱག་རྒྱ་ཕྱག་མཚན་གྱུར་པ་ལས། །སྙིང་གར་ཡེ་ཤེས་བསམ་གཏན་བྱ། །རང་སྙིང་པད་ཉིར་ཧཱུྃ་རྡོ་རྗེ། །ཧཱུྃ་ཡེ་ཤེས་སེམས་དཔའ་བཞུགས་པའི་སྙིང་། །པད་ཉིར་གནས་པའི་ཧཱུྃ་རྡོ་རྗེ། །ཧཱུྃ་ཡེ་ཤེས་རྗེས་སུ་བསམ་པའོ། །དམ་ཚིག་འཁོར་ལོ་ལ་མཉམ་ཐིམ། ། ཡེ་ཤེས་འཁོར་ལོ་ཆེན་པོ་འབར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །བསྒྲུབས་ཏེ་གཞན་ཡང་དུ་མ་ཡིན། །ཛ་ཧཱུྃ་བཾ་ཧོཿབཀའ་ལུང་འདིས། །གཽ་རཱི་ལ་སོགས་བཞི་པོ་འདིས། །དགུག་དང་འདི་ནི་གཞུག་པ་དང་། །བཅིང་དང་རྗེས་སུ་དགྱེས་པར་བྱ། །མིག་ལ་སོགས་པ་ གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་བསམ། །མིག་གཉིས་རྡོ་རྗེ་གཏི་མུག་མ། །རྣ་གཉིས་ཞེ་སྡང་རྡོ་རྗེ་མ། །སྣ་ནི་སེར་སྣ་མ་ཞེས་བརྗོད། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །མིང་གི་ཡི་གེ་དང་པོས་ བསྐྱེད། །ཕྱག་གཉིས་ཞལ་གཅིག་བཟང་པོ་ཡི། །གྲི་གུག་ཐོད་པ་ལག་ན་བཅས། །སྣ་ཚོགས་མདོག་ཅན་རོ་ཡི་གདན། །སྐུ་གསུང་ཐུགས་ཀྱི་གནས་སུ་ནི། །ཨོཾ་ཨཱཿཧཱུྃ་ནི་འདི་ཡི་སྔགས། །འདི་ལས་མཁའ་སྤྱོད་ས་སྤྱོད་མ། །ཞབས་འོག་གནས་པའི་བསམ་གཏན་བྱ། །སྐུ་ གསུང་ཐུགས་ཀྱི་རྡོ་རྗེ་ནི། །རྣལ་འབྱོར་མ་ནི་རིགས་གསུམ་དངོས། །རང་སྙིང་ས་བོན་ཁྱད་པར་སྤྲོ། །ལྕགས་ཀྱུའི་གཟུགས་ཀྱི་འོད་ཟེར་གྱིས། །སངས་རྒྱས་སྤྱན་དྲངས་ཡང་དག་མཆོད། །དབང་བསྐུར་བ་ནི་བླང་བའོ། །མགོན་པོ་དེ་བཞིན་གཤེགས་ཐམས་ཅད། །ཁྱེད་ཀྱིས་ བདག་ལ་དབང་བསྐུར་ཅིག །དེ་ནས་དེ་བཞིན་གཤེགས་འདི་དག །ཧེ་རུ་ཀ་གཟུགས་བྱས་ནས་ནི། །བདུད་རྩི་ལྔ་ཡི་ཆུས་གང་བའི། །བུམ་པ་ཉིད་ཀྱི་ཕྱག་གིས་བསྣམས། །བླུགས་ཏེ་དབང་བསྐུར་མཐའ་རུ་འདིའི། །རྩ་བའི་མི་བསྐྱོད་ཕྱག་རྒྱའོ། །དེ་ནི་ཡང་ནི་གཽ་རཱི་དང་། །པུཀྐ་ སཱི་འདིའི་ཕྱག་རྒྱའོ། །སངས་རྒྱས་རིན་ཆེན་དཔག་མེད་ཡང་། །ཕྱི་མ་དྲུག་ལ་གཉིས་གཉིས་རིམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འབུད་པ་དང་། འབར་བ་དང་། ཐོད་པ་དང་། ལྕགས་ཀྱུ་ལྔ་དང་། ས་བོན་ལྔར་གྱུར་པའི་བདུད་རྩིའི་རོ་མྱོང་བར་བྱེད་ པ་ལ། །རྡོ་རྗེ་ནས་ཀྱི་འབྲུ་ཙམ་བསམས་ཏེ། དཔལ་ཀྱེ་རྡོ་རྗེ་བརྟག་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །ཡེ་ཤེས་མཆོད་པ་སྣ་ཚོགས་སོགས། །ལྷ་མོ་འདི་བརྒྱད་མཆོད་པ་ནི། །སྤྲོ་ཞིང་འཁོར་ལོའི་བདག་པོ་ནི། །འཁོར་ ལོའི་བདག་ཉིད་པས་སྔོན་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རྣལ་འབྱོར་མ་ནི་དེ་དག་གིས། །འཁོར་ལོའི་གཙོ་བོ་ལ་བསྟོད་པ། །ཁྱོད་ནི་རྣལ་འབྱོར་མ་རྣམས་བསྐོར། །ཉིད་ཀྱི་ཐུགས་ཀྱིས་ཁྱོད་དགོངས་གྲུབ། །རྒྱུ་དང་མི་རྒྱུ་འཁོར་བ་ཀུན་སྒྲུབ་ པ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་ཏུ། །ཀུན་རྫོབ་སྒྱུ་མས་བྱང་ཆུབ་སྒྲུབ་པའི་ཡིད། །དགྱེས་པའི་ཤྲཱི་ཧེ་རུ་ཀ་རྡོ་རྗེ་བསྟོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །རྡོ་རྗེ་རྗེས་སུ་ཆགས་བྱེད་དང་། །སངས་རྒྱས་གཞལ་མེད་བྱེ་བྲག་བསྒོམ། ། དབང་བསྐུར་བདུད་རྩི་མྱང་བ་དང་། །མཆོད་པ་བསྟོད་པ་ཡན་ལག་དྲུག །ཡན་ལག་དྲུག་བསྒོམ་རྣལ་འབྱོར་གང་། །དེ་ནི་མྱུར་དུ་དངོས་གྲུབ་ཐོབ། །ཕོ་བྲང་སངས་རྒྱས་རྣམ་སྣང་མཛད། །དབང་ནི་མི་བསྐྱོད་དེ་བཞིན་གཤེགས། །བདུད་རྩི་མྱང་བ་འོད་དཔག་མེད། །བསྟོད་ པ་རིན་ཆེན་འབྱུང་ལྡན་དཔལ། །མཆོད་པ་དོན་ཡོད་ཡང་དག་མཆོད། །རྗེས་ཆགས་རྡོ་རྗེ་སེམས་དཔའོ། །དངོས་གྲུབ་འདི་ནི་ཉེ་བ་ཡི། །ཡན་ལག་དྲུག་གིས་བསྐྱེད་པ་ནི། །དང་པོ་སྤྲིན་དང་འདྲ་བ་མཐོང་། །གཉིས་པ་དུ་བ་འདྲ་བ་སྟེ། །གསུམ་པ་གློག་གི་རྣམ་པའོ། །བཞི་པ་མར་མེ་ འབར་བ་དང་། །ལྔ་པ་ཐམས་ཅད་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བའོ། །ཕྱིས་ནི་སྒྱུ་མའི་རྣམ་པ་མཚུངས། །རྨི་ལམ་སྣང་བ་སྐད་ཅིག་གོ། །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་པ། །བསྲེགས་པས་ ཧཾ་ལས་རི་བོང་འབྱུང་། །བསམ་གཏན་མི་ནུས་རྣལ་འབྱོར་གང་། །དོན་ནི་དག་པ་རྗེས་སུ་དྲན། །སྙིང་རྗེ་སྤྱན་ནི་དམར་པོ་སྟེ། །ཡན་ལག་ནག་པོ་བྱམས་པའི་ཐུགས། །བསྡུ་བའི་དངོས་པོ་བཞི་པ་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་ཡིན། །བཅུ་དྲུག་ཕྱག་ ནི་སྟོང་པ་སྟེ། །ཕྱག་རྒྱ་ལྔ་ནི་སངས་རྒྱས་ཡིན། །ཁྲོ་བོ་གདུག་པ་འདུལ་བ་པོ། །སྤྱན་གསུམ་པོ་ནི་སྐུ་གསུམ་མོ། །རུས་པ་བདེན་པ་བཞི་པའོ། །གཟུགས་ནི་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་གསང་བའི་གཽ་རཱི་མ། །དེ་བཞིན་ཆུ་མ་འདུ་ཤེས་ཕུང་། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ འདི་ནི་བདག་མེད་མ། །དོན་དམ་ལ་ནི་ཕུང་པོ་མེད། །དེ་ནི་ཡན་ལག་དྲུག་ཏུ་འགྱུར། །སྐྱེ་མཆེད་དྲུག་ནི་དག་པ་ཡི། །ཞེ་སྡང་རྡོ་རྗེ་རྡོ་རྗེ་མ། །རྡོ་རྗེ་རོ་མ་འབབ་རི་ཡིན། །ཕྲག་དོག་རྡོ་རྗེ་མ་དེ་བཞིན། །གཏི་མུག་རྡོ་རྗེ་མ་ཡང་ནི། །ཡིན་ཏེ་རྡོ་རྗེ་མཁའ་འགྲོ་མ། །སེར་སྣ་གསང་བའི་གཽ་རཱི་མ། །ཡིད་ ལ་བདག་མེད་རྣལ་འབྱོར་མ། །ས་ནི་པུཀྐ་སཱི་རུ་བརྗོད། །ཆུ་རྣམས་རི་ཁྲོད་མ་ཞེས་ཟེར། །དྲོད་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་བརྗོད། །གཟུགས་ནི་གཽ་རཱིར་ཡང་དག་བཤད། །སྒྲ་ནི་ཆོམ་རྐུན་མ་རུ་བཤད། །སོ་སོའི་དྲི་ནི་རོ་ལངས་མ། །རོ་ཡི་ཚུལ་ནི་ཟ་ཕོད་མ། །རེག་ བྱ་ས་སྤྱོད་མ་ཞེས་བརྗོད། །ཆོས་ཀྱི་ཁམས་ནི་མཁའ་སྤྱོད་མ། །ས་ནི་དང་པོར་ནོར་སྦྱིན་མཐའ། །ཕྱུག་པོ་ཐམས་ཅད་ས་འགྲུབ་པོ། །གླང་པོ་ལ་སོགས་འཛིན་པ་ནི། །ནད་ནི་ཉེ་བར་ཞི་བའོ། །གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁྲག་སྐྱུགས་མཛེ་ནད་བིརྫི་ཀ །མཆེར་པ་མཆིན་པ་རང་ གཟུགས་ནི། །གླང་པོ་ལ་སོགས་རབ་ཏུ་བརྗོད། །ནི་རཾ་སུ་འམ་གཞན་ལས་ནི། །བསམ་གཏན་སྔགས་ཀྱི་བཟླས་པ་བྱ། །ཨོཾ་ཨཥྚཱ་ན་ནཱ་ཡ་བིཾ་གོརྡྷ་ཀེ་ཤ་ཝརྟྨ་ནེ། ཙ་ཏུརྦིཾ་ཤ་ཏི། ནེ་ཏྲཱ་ཡ། ཤོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཱ་དྷཱ་རི་ཎེ། ཨཱཏྷྨཱ་ཏ་ཀྲཱུ་ར་ཙིཏྟཱ་ཡ་ཨརྡྷེནྡུ་ དཾཥྚྲྀ་ཎེ། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫྫ་ཡ་གརྫྫ་ཡ། ཏརྫྫ་ཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ན། བནྡྷ་བནྡྷ། ནཱ་གཱཥྚ་ཀཱན། གྲྀཧྞ་གྲྀཧྞ་སརྦ་ཤ་ཏྲཱུཾ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཕཊ་སྭཱ་ཧཱ། བར་ཆད་ཐམས་ཅད་ཉེར་ཞིའི་ཕྱིར། །གཏོར་མ་རྒྱུན་དུ་སྦྱིན་པར་བྱ། །ཨོཾ་ ཨིནྡཾ་ཛ་མ་ཛ་ལ་ཛཀྑ་བྷཱུ་ཏ་བཧྣི་བཱ་ཨུ་རཱཀྑ་ཙནྡ་སུཛྫ་མ་ད་བཔྤ་ཏ་ལ་པཱ་ཏཱ་ལེ་ཨཥྚ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ་བྷུཾ་ཛ་ཛིཾ་གྷ་ཕུལླ་དྷཱུཔྤ་མཱཾ་ས་པིཾ་ག་ཨམྦྷ་སཔྤ་ཀཛྫ་སཱ་ད། ཁནྟི་ཁུ་ཎི། ཕེ་ཊ་གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། །ལྷ་མོའི་རྒྱུད་ཀྱི་པདྨ་མང་པོ་ནི། ། བླ་མ་ཞི་བས་ཉི་མའི་འོད་ཀྱིས་ཕྱེ། །མི་ཐུབ་ཟླ་བས་སྦྲང་རྩི་གཞི་བས་འཐུངས་བས། །སྒྲུབ་པའི་ཐབས་ནི་སྦྲང་རྩི་སྐྱུགས་པའོ། །དཔལ་གྱི་ཐུགས་རྗེའི་སྟོབས་ཀྱིས་སྒྲུབ་ཐབས་བྱས། །འདི་ལས་ངལ་བར་གྱུར་པའི་བསོད་ནམས་གང་། །དེས་ཐོབ་སྐྱེ་བའི་རྒྱ་ མཚོ་ལས་སྒྲོལ་བའི། །ཐེག་པ་འགྲོ་བ་སྒྲོལ་བའི་རྒྱུར་གྱུར་ཅིག །ཡན་ལག་དྲུག་པའི་སྒྲུབ་ཐབས་ཞེས་བྱ་བ། །སློབ་དཔོན་མི་ཐུབ་ཟླ་བས་མཛད་པ་རྫོགས་སོ།། །།བླ་མ་དམ་པས་བཀའ་སྩལ་པ། །དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས། །ཡན་ལག་དྲུག་པའི་སྒྲུབ་ཐབས་འདི། ། ཤཱཀྱ་དཀོན་མཆོག་བདག་མེད་ལ། །རྣལ་འབྱོར་མ་ནི་ཐམས་ཅད་ཕྱིར། །ནུས་པས་བསྒྱུར་བ་གང་ཡོད་པ། །ཀྱེ་ཡི་རྡོ་རྗེ་མྱུར་ཐོབ་ཤོག །རྒྱ་གར་གྱི་མཁན་པོ་རཏྣ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སུ་པ་རི་གྲ་ཧ་ནཱ་མ་མཎྜ་ལ་ནོ་པི་ཀ་པི་དྷི། བོད་སྐད་དུ། དཀྱིལ་འཁོར་གྱི་ཆོ་གའི་སྒྲུབ་ཐབས་བཟང་པོ་ཡོངས་སུ་གཟུང་བ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འཁོར་བ་འཇིག་པའི་མེ་འབྱུང་ནད་དང་མྱ་ངན་ཕྲེང་བའི་འོད་འཕྲོ་བར། །ལྷུང་བས་ ཆུ་བུར་ནད་འགྱུར་བཟློག་དཀས་འགྲོ་བ་ཉམ་ཐག་ཞི་བྱའི་ཕྱིར། །སྙིང་རྗེ་བདུད་རྩིའི་ཆར་གྱི་ཆུས་གང་འགྲོ་ལ་བྱམས་པའི་ཆུ་བོ་ནི། །གང་འདི་ཀུན་དུ་རབ་འབབ་སངས་རྒྱས་བཅོམ་ལྡན་དེ་ལ་ཕྱག་འཚལ་ལོ། །རྒྱུད་ཀུན་དོན་གྱི་ཆོ་ག་ནི། །རྒྱས་པར་རིག་པ་ཡོད་མིན་ཏེ། །རྒྱུད་ཀུན་ དོན་གྱི་ཆོ་ག་ནི། །བསྒྲུབ་པར་ནུས་པ་མ་ཡིན་ནོ། །དེ་ཕྱིར་ཐ་སྙད་ཙམ་གྱིས་ནི། །རྗེས་འཇུག་སྤྲོས་པ་མ་ཡིན་ནོ། །དཀྱིལ་འཁོར་ཆོ་ག་བདག་གིས་ནི། །ལེགས་པར་བསྡུ་བ་འདི་རྩོམ་མོ། །སློབ་དཔོན་རྙེད་དང་བཀུར་མ་ཕྲོགས། །བྱ་བ་མཁས་ཤིང་དཀྱིལ་འཁོར་མཐོང་། །སྒྲུབ་ སྤྲུལ་ལེགས་པར་བསྔགས་པ་ཡི། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། །ཞི་དང་རྒྱས་དང་རབ་གནས་སོགས། །འདོད་པའི་དོན་ནི་བྱེད་ནུས་པའི། སློབ་མ་གཉིས་སམ་གསུམ་གྱི་བར། །དཀྱིལ་འཁོར་བྲི་ཕྱིར་གསལ་བ་གདབ། །ཚོགས་འཕེལ་བར་དང་བགེགས་ཞིའི་ཕྱིར། ། ཐམས་ཅད་མཁྱེན་པའི་ལམ་ཤེས་པས། །སྔོན་དུ་བསྙེན་པ་བྱ་བ་ཡིན། །བསྙེན་པ་མེད་ན་འགྲུབ་མི་འགྱུར། །གནས་ཀྱི་བྱེ་བྲག་རིག་པ་ཡིས། །འཕྲལ་དུ་དབེན་པར་འདུག་ནས་ནི། །ལྷ་ཡི་འཁོར་ལོ་བསྒོམ་པར་བྱ། །དུབ་ན་དེ་ཡིས་གསང་སྔགས་བཟླས། །འཁོར་ལོ་ཅན་གྱི་ སྔགས་འབུམ་བཟླས། །རང་གི་ལྷག་པའི་ལྷ་ཡི་འབུམ། །གཞན་རྣམས་ཀྱི་ནི་ཁྲི་ཉིད་དེ། །དངོས་གྲུབ་མཚན་མ་མཆོག་ཐོབ་ནས། །རང་གི་ལུས་ལ་དཀྱིལ་འཁོར་བསྡུ། །འདི་ནི་སྔོན་དུ་བསྙེན་པར་བརྗོད། །སྔོན་དུ་བསྙེན་པའོ། །བསྙེན་པས་བགེགས་ཀྱི་ཚོགས་བཅོམ་སྟེ། །ས་ ནི་ཡོངས་སུ་གཟུང་བར་བྱ། །རི་བོ་གྲོང་དང་གྲོང་ཁྱེར་དང་། །ས་ཕྱོགས་ཡིད་ནི་དགའ་བ་རུ། །རུས་པ་ཐལ་བ་ཟུག་རྔུ་རྡོ། །བཤང་བས་མ་དག་གཞན་དུ་བགྲོད། །ཨུ་དུམ་ཝཱ་ར་ནྱ་གྲོ་ཨ་ཤྭཏ་ཐ། །བ་ལ་ཤ་དང་བ་ཀུ་ལཱརྫུ་ན། །ལྡན་པ་རུས་སྦལ་རྒྱབ་དང་འདྲ་བ་ཡི། །ས་ནི་དྲུག་པོ་ རྣམ་པར་སྤང་བར་བྱ། །ཆུ་ནི་གཡས་སུ་འཁོར་བ་དང་། །ཤར་དང་བྱང་དུ་གཞོལ་བའི་ས། །ཟུར་ནི་བཞི་སྟེ་དཀར་འདྲ་བ། །བརྐོས་ནས་དེས་བཀང་ལྷག་གྱུར་པའོ། །སྔགས་པ་རྡོ་རྗེ་དྲིལ་འཛིན་པས། །སྙིང་རྗེས་གང་བའི་ཡིད་དང་བཅས། །གཡོན་བརྐྱང་པ་ཡི་ཚུལ་གྱིས་ གནས། །བགེགས་རྣམས་ཐམས་ཅད་བསལ་བར་བྱ། །ཁྲུ་ཕྱེད་བརྐོས་ནས་ཆུ་ཡིས་དགང་། །གོམ་པ་བརྒྱ་རུ་འགྲོ་བར་བྱ། །མྱུར་དུ་འོངས་ནས་བལྟ་བྱ་སྟེ། །དེ་བཞིན་འདུག་ན་ལྷག་པར་བསྔགས། །དེར་ནི་ས་བདག་ཞིང་སྐྱོང་བ། །ལ་སོགས་པ་ནི་གཏོར་མ་སྦྱིན། །དེ་ནས་ སྔགས་དང་ཕྱག་རྒྱ་རུ། །བཅས་པས་ས་ནི་བསླང་བར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །གཉི་ག་མཚམས་ཀྱི་མཐའ་རུ་གཟུང་། །ས་བཟང་པོ་འདི་བདག་སྩོལ་ཅིག །ཅེས་པས་བསླང་བར་བྱ་བ་ཡིན། །ཨོཾ་ཧཱུྃ་ཛྲཾ་ཛྲཾ་སྭཱ་ཧཱ། ས་བསླང་བའི་སྔགས་དང་ཕྱག་རྒྱའོ། །དགེ་དང་ མི་དགེའི་མཚན་མ་དང་། །རྗེས་མཐུན་ཕྱི་དེའི་ཉི་མ་ལ། །ཞི་བའི་སྦྱིན་སྲེག་བྱ་བ་འམ། །ཡང་ན་བགེགས་རྣམས་གཞོམ་པར་བྱ། །ས་འཛིན་ལྟ་བུར་བརྟན་པའི་བློས། །སྲུང་བའི་འཁོར་ལོས་ས་ལེགས་བསྲུང་། །པུས་མོ་ལྟེ་བ་རྐེད་ཙམ་དུ། །དངོས་གྲུབ་རྗེས་མཐུན་བརྐོ་བར་ བྱ། །དགུན་ཟླ་ར་བ་ལ་སོགས་ནས། །བརྩམས་ཏེ་ཟླ་བ་གསུམ་གསུམ་དུ། །ལྟོ་འཕྱེ་ལྷོ་དང་ནུབ་དང་བྱང་། །ཤར་དུ་དེ་ཡི་མགོ་བོ་སྟེ། །གཡོན་པའི་ཟུར་གྱིས་ཉལ་བ་ཡིན། །འདི་ཡི་ལྟོ་བ་ཤེས་ནས་བརྐོ། །མགོ་བོ་རྒྱབ་སོགས་ནས་བརྐོས་པའི། །སྐྱོན་ ནི་རྒྱས་ལ་ལས་ཤེས་བྱ། །དཀྱིལ་འཁོར་ལ་སོགས་པའི་ས་བརྐོ་བའི་ཆོ་གའོ། །ཕུབ་མ་རྡོ་དང་གསེག་མ་དང་། །སོལ་བ་ལ་སོགས་དོར་བྱས་ཏེ། །རིན་ཆེན་འབྲུ་སྨན་ནང་དུ་གཞུག །ཤིན་ཏུ་འཐས་པར་བརྡུང་པར་བྱ། །ཟུག་རྔུའི་ཉས་པ་ཐམས་ཅད་ནི། །གལ་ཏེ་བསལ་ བར་མ་ནུས་ན། །ལག་པས་མནན་ཏེ་གསང་སྔགས་བཟླའོ། །དེ་ཉིད་སྟོབས་ལྡན་དག་པར་འགྱུར། །ཨོཾ་ཧ་ན་ཧ་ན་ཀྲོ་ཏ་ཧཱུྃ་ཕཊ། ས་སྦྱང་བའི་སྔགས་སོ། །དྲི་ཆུས་གཏོར་ཞིང་དག་པ་ཡི། །ས་འདི་ཡོངས་སུ་གཟུང་བར་བྱ། །མཚན་མོ་ལྔ་ནི་མ་ཆད་པར། །རྡོ་རྗེ་སློབ་དཔོན་ གྱིས་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །ནུ་མ་གཉིས་ཀྱི་མདུན་བཞག་ནས། །ཐམས་ཅད་ཀུན་ནི་བསྐྲད་བྱས་ཏེ། །དེ་རྗེས་སར་ནི་འཇུག་པར་བྱ། །ཨོཾ་ཨ་པ་ས་རནྟུ་བྷ་བནྟོ་ཡི་གེ་ཙི་ཏ་སྠ་ན་སྭ་མི་ན། དེ་བ་ནཱ་ག། ཡཀྵ་དི་གནྡྷ་རྦ་བྷཱུ་ཏ། བྷཱུ་ཏ་ནི། ཌཱ་ཀི་ནི། སཏྭ་ཨརྠ་ཀྲྀ་ཡ་ ཨ་པ་རཾ་བ་ག་ཚ་ཏྲཾ་སི་གྲཾ་མེ་ཝནྟུ། ཨོཾ་ཧཱུཾ་ཕཊ། བསྐྲད་པའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ས་གཞི་ར་བ་དང་། །དྲ་བ་དག་དང་བླ་རེ་དང་། །མདའ་ཡི་དྲ་བ་ཕྱི་རོལ་དུ། །མེ་རི་ཡང་ནི་བྱིན་གྱིས་བརླབས། །ཨོཾ་མེ་དཱི་ནཱི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུྃ། ཨོཾ་བཛྲ་པྲཱ་ཀ་ར་ཧཱུྃ་བཾ་ཧཱུྃ། ཨོཾ་བཛྲ་པཉྩ་ར་ཧཱུྃ་ཡཾ་ཧཱུྃ། ཨོཾ་བཛྲ་བི་དྷ་ན་ ཧཱུྃ་ཁཾ་ཧཱུྃ། ཨོཾ་བཛྲ་ས་ར་ཛྭ་ལ་ཏྲ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་རཱ་ཛཱ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷྲཱ་ཏ་ཡ། སརྦ་དུཥྚཱཾ་བིགྷཱ་ཧཱུྃ་ཕཊ། ཨོཾ་ཀཱི་ལ་ ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི། སརྦ་བིགྷྣཱཾ་ཀཱ་ཡ་བཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཧཱུྃ་མུངྒ་ར་བཛྲ་ཀཱ་ལ་ཡ། ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། སྔགས་ཚིག་གྲུབ་པ་འདི་རྣམས་ཀྱིས། །འབར་བའི་མེ་ཡི་ཕྱི་རོལ་དུ། །ཁྲོ་ བོའི་རྣམ་པའི་ཕུར་བུ་ནི། །ལུགས་སུ་འབྱུང་དང་ལུགས་མིན་པས། །བགེགས་རྣམས་ཀྱི་ནི་སྤྱི་བོར་གདབ། །ཕུར་པ་ལ་སོགས་ཆོ་གའོ། །རྡོ་རྗེ་དྲིལ་བུ་ལ་སོགས་ཀྱི། །དེ་ཉིད་རྣམས་དང་མཆོད་ཡོན་སོགས། །ཆོ་ག་རྒྱས་པའི་དམ་ཚིག་ནི། །སྒོ་སྐྱོང་ལས་ཀྱི་རྡོ་རྗེས་གདབ། །སོར་ མོ་བརྒྱད་པ་ནས་བརྩམས་ཏེ། །ཉི་ཤུའི་བར་དུ་གྲངས་མཉམ་བྱ། །གསེར་དང་འཇོན་དམར་སོགས་བྱུང་བའི། །རྡོ་རྗེ་རྣམ་པ་གསུམ་ནི་བཟུང་། །རྩེ་གསུམ་པ་དང་རྩེ་ལྔ་པ། །རྩེ་དགུ་པ་སྟེ་རྣམ་པ་གསུམ། །ཞི་དང་མ་ཞི་རབ་ཕྱེད་པས། །ཡང་ནི་རྣམ་པ་གཉིས་སུ་བརྗོད། །བཞི་པ་སྣ་ ཚོགས་རྡོ་རྗེ་ཉིད། །རྩེ་མོ་ལྔ་པ་གདོང་བཞི་ཡིན། །དབུས་མ་གཟུང་བའི་གནས་ཡིན་ཏེ། །མཐའ་མའི་རྩེ་མོ་དེ་ཡི་ཚད། །དབུས་མའི་རྭ་ནི་ནས་གཟུགས་མཚུངས། །ཕྱོགས་ཀྱི་ཆ་ལས་མ་འདས་པར། །ཐ་མ་ཆུ་སྲིན་མཆེ་བའི་རྩེ། །ཆུ་སྲིན་ཁ་ནས་བྱུང་བ་ཡིན། །རྩ་སྦོམ་རྩེ་མོ་བྱིན་ གྱིས་ཕྲ། །རྣོ་ཞིང་རིམ་གྱིས་མགོ་བོ་གུག །རྭ་རྣམས་ཀྱི་ནི་ནང་གི་ཆར། །དབུས་ཀྱི་རྭ་དང་བར་མཚམས་བྱ། །རྡོ་རྗེ་རྗེས་སུ་མཐུན་པ་རུ། །སོར་མོ་གཉིས་ཆ་བསྐྱེད་འབྲི་བྱ། །རྩེ་མོ་ཕན་ཚུན་མཉམ་བྱ་ཞིང་། །དབུ་མ་ལས་ནི་ཅུང་ཟད་ཐུང་། །ར་བརྒྱད་རྩ་བའི་ཡན་ལག་ཏུ། །པདྨ་ཁ་བྱེ་ པདྨ་བརྟག །དབུས་ཀྱི་ཆ་ལས་ཅུང་ཟད་ཙམ། །ལྷག་པར་སྐ་རགས་བྱ་བ་ཡིན། །ཕན་ཚུན་མཉམ་པའི་ལྷག་མ་ནི། །རིམ་གྱིས་ཉིས་འགྱུར་མཐོན་པོ་ཡིན། །ཆུ་སྐྱེས་འདབ་བརྒྱད་མཛེས་པ་ཡིས། །མགོ་དང་ཞབས་སུ་ཕྲེང་བ་གཉིས། །ཞེས་བྱ་བ་འདི་ནི་རྡོ་རྗེའི་མཚན་ཉིད་དོ། ། དབུས་སུ་རྣམ་སྣང་མི་བསྐྱོད་པ། །ཤར་ཡིན་དེ་བཞིན་རིན་ཆེན་ལྷོར། །ནུབ་དང་བྱང་གི་ར་དག་ལ། །འོད་དཔག་མེད་དང་དོན་ཡོད་གྲུབ། །འཕགས་པའི་ཡན་ལག་བརྒྱད་དག་པ། །པདྨ་འདབ་བརྒྱད་འདབ་མ་ལ། །བྱང་ཆུབ་སེམས་དཔའ་བརྒྱད་ཡིན་ཏེ། །མཚན་མ་གསལ་བར་བལྟ་ བར་བྱ། །ཕྱག་ན་པདྨ་བྱམས་པ་དང་། །ནམ་མཁའི་མཛོད་དང་བཟང་པོའི་གསུངས། །གནོད་སྦྱིན་བདག་པོ་འཇམ་པའི་དཔལ། །སྒྲིབ་པ་སེལ་དང་ས་སྙིང་ཉིད། །དབུ་མ་ཀུན་གྱི་གཞིར་གནས་ཏེ། །སངས་རྒྱས་སྙིང་པོ་ཟ་མ་ཏོག །རྡོ་རྗེ་ལྕགས་ཀྱུ་ཞགས་པ་མ། །རྡོ་རྗེ་ལྕགས་སྒྲོག་ སྒྲོལ་མའོ། །མཚམས་སུ་སྐུལ་བྱེད་རིན་ཆེན་གློག །ལུ་གུ་རྒྱུད་མ་གཞན་མི་ཐུབ། །པདྨའི་མཁའ་འགྲོ་མ་རུ་གསུངས། །རྭ་ལ་ཡང་དག་གནས་བརྗོད་པ། །ཤར་དུ་རྡོ་རྗེ་མཁའ་འགྲོ་མ། །བྱང་དུ་འཇིགས་པའི་མཁའ་འགྲོ་མ། །ནུབ་ཏུ་རོ་ལངས་མར་ཤེས་ བྱ། །ལྷོ་རུ་གཏུམ་མོ་དྲན་པར་བྱ། །དབུས་སུ་ཡེ་ཤེས་མཁའ་འགྲོ་མ། །རྡོ་རྗེའི་དེ་ཉིད་འདིར་འདོད་དོ། །དྲིལ་བུ་ཀུན་དུ་ཆ་དྲུག་ལ། །དེ་ཡི་ཆ་བཞི་འཁར་བ་ཡི། །རང་བཞིན་མ་འདྲེས་པ་ལ་བྱ། །གཞན་ནི་གཞན་ལས་བརྟག་པར་བྱ། །དྲིལ་བུ་དེ་ཡི་ནང་གི་མཁའ། །ཞེང་དང་ཆུ་རུ་ མཉམ་པ་ཡི། །ཕྲེང་བ་ཨུཏྤ་ལ་མཚན་མ་བརྒྱད། །སྟེང་དབུས་རིམ་པ་ཇི་བཞིན་དུ། །ཆོ་གས་འདབ་མ་བརྒྱད་མཚན་པ། །ཨུཏྤལ་སྟེང་གི་ཆ་གཅིག་ལ། །ཕྲེང་བ་གསུམ་གནས་དེ་སྟེང་དུ། །བུམ་པ་གསེར་རམ་ཟངས་མ་འམ། །དངུལ་ལམ་ར་གན་ལས་བྱས་པའོ། །དེ་ཡི་སྟེང་ དུ་དེ་ཚད་ཙམ། །ཤར་བལྟས་ཤེས་རབ་གདོང་པ་བྱ། །གདོང་སྟེང་རྡོ་རྗེ་ཕྱེད་པ་སྟེ། །སྔོན་གྱི་རྡོ་རྗེ་ཕྱེད་ལྟ་བུ། །དེ་ལྟར་སོར་བརྒྱད་ལ་སོགས་པའི། །དྲིལ་བུ་རྡོ་རྗེའི་རྗེས་མཐུན་བྱ། །ཅུང་ཟད་ཆུ་སྐྱེས་ཁ་ཕྱེ་བའི། །ཁར་གྱུར་ཡང་ནི་བ་ལང་མཆུ། །ཞེས་བྱ་བ་འདི་ནི་དྲིལ་བུའི་མཚན་ཉིད་ དོ། །ཕྱོགས་མཚམས་བརྒྱད་དུ་བལྟ་བྱ་བ། །ལྷ་རྣམས་ས་བོན་རྣམ་པར་བསྒོམ། །ཤར་དུ་ལྷ་མོ་སྒྲོལ་མ་སྟེ། །གོས་དཀར་མོ་ནི་བྱང་དུ་ཡིན། །ནུབ་ཏུ་མཱ་མ་ཀཱིར་ཤེས་བྱ། །ལྷོ་རུ་སངས་རྒྱས་སྤྱན་མའོ། །མདོག་བཟངས་དམར་དང་འོད་མ་ཅན། །རྡོ་རྗེ་ཕྲེང་བ་མཚམས་ཉིད་དོ། ། ནང་ན་གནས་པའི་ནམ་མཁའ་ནི། །གཟུགས་མེད་པ་ཡི་ཁམས་དག་པའོ། །གཟུགས་ཁམས་རྣམ་པར་དག་པ་འདིའི། །ཨུཏྤལ་རྩ་བ་ཁ་བྱེ་བ། །ཤེས་རབ་བདུད་རྩིའི་རང་བཞིན་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་གཞི། །སྟེང་གི་ཆུ་སྐྱེས་རྡོ་རྗེ་ནི། །རྡོ་རྗེ་ལྟ་བུར་རྣམ་པར་ བསམ། །དབུས་ཀྱི་དབྱུག་པ་ཡེ་ཤེས་ཏེ། །ཐམས་ཅད་སྡུད་ཅིང་སྤྲོ་བར་བྱེད། །པདྨའི་བསྐོར་བ་རྣམ་པ་ལྔས། །གནས་བརྒྱད་རྣམས་སུ་དཀྲོལ་བར་བྱ། །ཞེས་བྱ་བ་འདི་ནི་དྲིལ་བུའི་དེ་ཁོ་ན་ཉིད་དོ། །གསེར་སོགས་རྫས་དང་མཆོད་སྦྱིན་ཤིང་། །ཡང་ན་ནིམ་པའི་ཤིང་ལས་ནི། ། དགང་གཟར་རིང་ཚད་ཁྲུ་དོ་པ། །དེ་ཡི་དབྱེ་བ་བཤད་པར་བྱ། །ཆུ་ཞེང་སོར་མོ་བརྒྱད་པ་ལ། །ཁུང་བུ་དེ་ཕྱེད་མཉམ་པ་བརྐོ། །བརྐོས་པ་དང་མཉམ་རྡོ་རྗེ་བྲུ། །ཁ་ནི་པདྨའི་འདབ་མ་མཚུངས། །མུ་ཁྱུད་ཀྱང་ནི་གྲུ་བཞི་སྟེ། །ཀུན་དུ་སོར་མོ་བཞི་ཡིན་ནོ། །སོར་གཉིས་བརྐོས་པ་དེ་ཚད་ ལ། །རྡོ་རྗེ་རྩེ་གསུམ་པ་ནང་དུ། །འདི་ཡི་ཁུ་བཅུད་འཛག་པ་ཡི། །བུ་ག་མཐེའུ་ཆུང་ཚད་ཙམ་ཡིན། །སྐ་རགས་འོག་ཏུ་དེ་ཡི་ཚད། །མཛེས་པ་འདབ་མ་དག་གི་གནས། །སྨྱོ་བྱེད་མེ་ཏོག་དང་མཚུངས་པ། །ཡུ་བའི་མགོ་བོ་དག་ཏུ་བྱ། །ཡུ་འོག་སོར་གཉིས་རིན་པོ་ཆེ། །ཐ་མར་རྡོ་རྗེ་ སོར་དྲུག་པ། །ཞེས་བྱ་བ་འདི་ནི་དགང་གཟར་གྱི་མཚན་ཉིད་དོ། །ཕྱེད་བཅས་ཁྲུ་གང་བླུགས་གཟར་དུ། །ཞེས་བྱ་འདི་ཡི་ཁ་སོར་དྲུག །ཆུ་སྐྱེས་འདབ་མའི་རྣམ་པ་མཚུངས། །དེ་ཡི་དབུས་སུ་ཞེང་ཟབས་སུ། །སོར་གསུམ་བྲུ་བྱ་དེ་ཚད་ཙམ། །རྩེ་ལྔ་པ་ཡི་རྡོ་རྗེས་མཛེས། །སོར་ གཉིས་མཛེས་པར་བྱེད་པའི་གནས། །རིན་ཆེན་སོར་གཅིག་ཤེས་པར་བྱ། །དགང་གཟར་ཡུ་བ་ཆང་བ་ཡིས། །གཟུང་བར་འདོད་པའི་ཚད་ཙམ་ཡིན། །ཅུང་ཟད་ཕྲ་བ་བླུགས་གཟར་གྱི། །རྡོ་རྗེ་སོར་གསུམ་བྱ་བའོ། །འདི་ནི་བླུགས་གཟར་གྱི་མཚན་ཉིད་དོ། །གསེར་དང་དངུལ་ དང་ཉ་ཕྱིས་དུང་། །རྡོ་དང་ཤིང་དང་ཟངས་མའི་སྣོད། །འདི་དག་མཆོད་ཡོན་སྣོད་ཡིན་ཏེ། །མཐར་ཡང་འདབ་མའི་སྣོད་སྦྱར་བྱ། །མཆོད་ཡོན་གྱི་སྣོད་བསྟན་པ་ཡིན་ནོ། །དྲི་ཡི་ཆུ་དང་འོ་མ་མངར། །ཆུ་གཙང་མེ་ཏོག་དཀར་པོ་རྣམས། །ཇི་ལྟར་རྙེད་སྣོད་ནང་བཞག་སྟེ། །སྤོས་ བདུག་གསང་སྔགས་མངོན་པར་བཟླས། །འདི་ནི་མཆོད་ཡོན་སྒྲུབ་པའི་ཆོ་གའོ། །དཀར་པོ་སེར་པོ་དམར་པོ་ལྗང་། །ཞི་དང་རྒྱས་སོགས་སྒྲུབ་པ་ལ། །ལས་དང་རྗེས་སུ་མཐུན་པའི་དྲི། །ཆུ་ལ་སོགས་པ་དེ་བཞིན་སྦྱར། །མཆོད་ཡོན་གྱི་དབྱེ་བའི་ཆོ་གའོ། །མེ་ཏོག་སྤོས་ དང་མར་མེ་དང་། །དྲི་ཡི་དུང་སོགས་གཡས་སུ་གཞག །གཡོན་དུ་སྔགས་ཀྱི་མཆོད་ཡོན་སྔོན། །མདུན་དུ་ཡང་ནི་སྣོད་གཞག་བྱ། །མཆོད་ཡོན་གྱི་སྣོད་ལ་སོགས་པ་དགོད་པའོ། །ཡི་གེ་གསུམ་མམ་ཡི་གེ་ལྔ། །ཇི་ལྟར་རྒྱུད་དུ་བསྟན་པའི་སྔགས། །ཇི་ལྟར་ལས་ ཀྱི་རྗེས་མཐུན་པར། །མཆོད་ཡོན་ལ་སོགས་སྔགས་སུ་བྱ། །ཞི་ལ་མཐའ་རུ་བ་ཤཾ་སྟེ། །རྒྱས་ལ་མཐའ་མ་བཽ་ཥཊ་ཏེ། །བསད་ལ་ཧཱུྃ་ཕཊ་མཐའ་མར་ཏེ། །དགུག་དང་དབང་ལ་ཛཿདང་ཧྲིཿ། །མཆོད་ཡོན་ལ་སོགས་པའི་སྔགས་ཡིན་ནོ། །དང་པོར་ དྲི་ཆུ་སྦྱིན་པར་བྱ། །གཉིས་པ་ལ་ནི་འོ་མ་མངར། །གསུམ་པ་ཉིད་ལ་ཆུ་གཙང་སྟེ། །བཞི་པར་མེ་ཏོག་སྦྱར་བར་བྱ། །དུང་གི་ཁ་ཡི་དྲི་ཡི་ཆུ། །ཞབས་རྩ་དག་ལ་དབུལ་བར་བྱ། །ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཞབས་བསིལ་གྱི་སྔགས་སོ། །འཐོར་འཐུང་ལ་ནི་འོ་མ་དང་། །མངར་ བ་ཡིན་ནོ་བསང་གཏོར་ནི། །ཆུ་གཙང་འབའ་ཞིག་ཀུ་ཤ་ཡི། །ཆུན་པོ་མཆོད་ཡོན་སྔགས་བཟླའོ། །ཨོཾ་སརྦྦ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ། ཞལ་བསིལ་དང་བསང་གཏོར་གྱི་སྔགས་སོ། །ཡེ་ཤེས་དཀར་པོས་མེ་ཏོག་ནི། །བླངས་ནས་མཐའ་སོགས་རིམ་གྱིས་དབྱེ། །ཞབས་བསིལ་ཞལ་ བསིལ་བཟེད་ཞལ་ནི། །ཆོལ་ཟངས་སམ་ནི་ལྕགས་ཀྱི་སྣོད། །གསེར་དང་དངུལ་སོགས་རྫས་གཞན་ལས། །བྱས་པའི་སྣོད་ནི་མན་འཇིར་བཞག །ཞབས་བསིལ་ལ་སོགས་པའི་རབ་ཏུ་དབྱེ་བའོ། །ཞབས་བསིལ་ཞལ་བསིལ་བསང་གཏོར་སོགས། །རིམ་པ་ བཞིན་དུ་དབུལ་བར་བྱ། །འདི་ཀུན་མཆོད་ཡོན་ཡན་ལག་ཕྱིར། །མཆོད་ཡོན་སྒྲ་རུ་བཤད་པ་ཡིན། །མཆོད་ཡོན་དབུལ་བའི་ཆོ་གའི་རིམ། །ཁུ་ཚུར་མཉམ་པར་དམ་བཅིངས་ཏེ། །གུང་མོ་གཉིས་བརྐྱང་རྩེ་མོ་སྦྱར། །ཨརྒྷཾ་ཆེན་པོར་རབ་ཏུ་བསྟན། །ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་སྭཱ་ ཧཱ། མཆོད་ཡོན་དབུལ་བའི་སྔགས་དང་ཕྱག་རྒྱའོ། །བདུད་རྩི་འཁྱིལ་སྔགས་ཡུངས་ཀར་བཟླ། །ཁུ་ཚུར་གཉིས་ཀྱིས་འདོད་ལྷ་ལ། །རང་གི་བསྐོར་བས་རབ་བསྐོར་ཏེ། །གཉིས་གཉིས་བར་དུ་སྦྱང་བར་བྱ། །ཅིག་ཅར་ཁུ་ཚུར་གཉིས་དག་གིས། །གཡས་སུ་བསྐོར་བ་ཡང་ བྱའོ། །སྔོན་བཞིན་ཡུངས་ཀར་མེ་སྣོད་ལ། །སྦྱང་བར་བྱ་ཕྱིར་གཞུག་པར་བྱ། །ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་སཏྭ་སྱ་སརྦྦ་པཱ་པཾ་ད་ཧ་སྭཱ་ཧཱ། འདི་ནི་སྦྱང་བའི་ཆོ་གའོ། །ཡེ་ཤེས་རྣམ་ཤེས་ནང་བཀུག་སྟེ། །སྙིམ་པས་ཆུ་ནི་བླང་བྱས་ནས། །དེ་བཞིན་བསྐོར་ཏེ་སྦྱང་ཕྱིར་མེར། ། ཡུངས་ཀར་བཞིན་དུ་གཞུག་པར་བྱ། །ཨོཾ་ཧཱུྃ་ཏ་ཊི་ཕཊ། ཉེ་རེག་གི་ཆོ་གའོ། །ཟླ་འོད་ཨནྡྲི་ནཱི་ལ་དང་། །པུ་ཤ་རཱ་ག་དམར་ནོར་བུ། །མརྒཏ་མཆོག་སྟེ་དེ་རྣམས་ཀྱི། །ཕྱེ་མ་རིན་ཆེན་རྡུལ་ཚོན་མཆོག །གསེར་དང་དངུལ་དང་མུ་ཏིག་དང་། །རྒྱལ་པོ་འཁྱིལ་བ་བྱུ་རུ་རྣམས། ། འདི་དག་རིན་ཆེན་ལྔ་རུ་བཤད། །ཡལ་ག་ལྔ་པོ་བཤད་པར་བྱ། །འཛམ་བུ་དང་ནི་ཀ་དམ་པ། །བིལ་བ་དང་ནི་ཨ་མྲ་དང་། །པི་ཛ་པུ་ར་ལས་བྱུང་བའོ། །ཏིལ་དང་གྲོ་དང་སྲན་མ་འབྲས། །ནས་རྣམས་འབྲུ་ལྔར་ཤེས་པར་བྱ། །ཧ་ས་དེ་བ་ཀ་པི་ར། ཀྲེ་ཏཾ་ཛ་ལི་བྲྀ་ཧ་པ་ལ། འདི་ དག་སྨན་བཞིར་ཤེས་པར་བྱ། །ལྔ་པ་ཀརྞི་ཀ་ཡིན་ནོ། །ཀཎྜ་ཀ་རི་བྲྀ་ཧ་ཏི། ཧ་ས་དེ་བ་ཧ་ས་དང་། སེ་ཏེ་ཨ་པ་ར་ཛི་དང་། །འདི་དག་ཅིག་ཤོས་སྨན་གྱི་ཚོགས། །ཙནྡན་གཉིས་དང་གུར་ཀུམ་དང་། །ལ་ཀུ་དྲན་ཐི་ཀ་དང་ལྔ། །འདི་དག་དྲི་ལྔར་བསྟན་པ་སྟེ། །ལྷ་ལ་ཁྲུས་གསོལ་བཤད་ པ་ཡིན། །ཨུ་དུམྺཱ་ར་ཤི་རི་ཥ། ཨ་ཤྭཏྠ་དང་ནྱ་གྲོ་དྷ། །པར་ཀ་ཏི་ཡི་ཤུན་ལྤགས་ལྔས། །ལྷ་ཁྲུས་གསོལ་བའི་མར་ཁུ་བསལ། །བ་ཡི་མར་དང་ལྕི་བ་ཆུ། །ཞོ་དང་འོ་མ་ཡང་དག་བསྲེས། །འདི་དག་བ་ཡི་ལྔར་ཤེས་བྱ། །ལྷ་རྣམས་ཁྲུས་གསོལ་སྒྲུབ་པ་ཡིན། །སངས་རྒྱས་ བྱང་ཆུབ་སེམས་དཔའ་རྣམས། །ཡང་དག་མཉེས་པར་བྱ་བ་སྟེ། །རྟག་ཏུ་དམ་ཚིག་རིག་པ་ཡིས། །དམ་ཚིག་མཆོད་པས་མཆོད་པར་བྱ། །གླུ་ནི་རྡོ་རྗེ་ཅན་ལ་དབུལ། །གར་ནི་སངས་རྒྱས་རྣམས་ལ་དབུལ། །ཧ་རི་མཆོག་ལ་དེ་བཞིན་དྲི། །འཇིག་རྟེན་རྗེ་ལ་བཟའ་དང་བཏུང་། ། གོས་ཀྱི་མཆོད་པ་རྟ་མཆོག་ལ། །འདི་དག་དམ་ཚིག་མཆོག་ཡིན་ནོ། །ཧཱུྃ་རྡོ་རྗེ་ལས་བྱུང་བའི་དྲི། །ཨ་ཀ་རུ་ནག་ཧེ་རུ་ཀ །ཙནྡན་དཀར་པོ་རྟག་པ་ལ། །དམར་པོ་འཇིག་རྟེན་རྗེ་ལ་དབུལ། །ཁ་ཆེ་རྡོ་རྗེ་སྣང་བ་ལ། །བདུན་གྱི་རྒྱལ་པོ་ཐམས་ཅད་དོ། །ཁ་དང་ཚ་བ་རྡོ་རྗེར་དབུལ། །མངར་ བ་རྡོ་རྗེ་རྟག་པ་ལ། །སྐྱུར་བ་རྡོ་རྗེ་ཉི་མ་ལ། །དེ་བཞིན་ལན་ཚྭ་འཇིག་རྟེན་རྗེར། །རྟ་ཡི་རྒྱལ་པོ་ཐམས་ཅད་དམ། །བསྐ་བ་རབ་ཏུ་བརྟག་པར་བྱ། །ཤིང་བྱུང་མེ་ཏོག་ནག་མཛེས་པ། །ཀྱེ་ཡི་རྡོ་རྗེ་འཆང་བ་ལའོ། །མ་ལི་ཀ་དང་མ་ལ་ཏི། །ཀུནྡ་རྟག་ཏུ་སངས་རྒྱས་དབུལ། །ཤིང་དབང་ མཆོག་དང་དྲི་མེད་པ། །སྣང་བྱེད་ལ་ནི་དབུལ་བར་བྱ། །ཨུཏྤལ་དམར་པོ་ཆུ་སྐྱེས་དང་། །བནྡུ་དམར་པོ་པ་ཏ་ལ། །པདྨ་གར་གྱི་དབང་ལ་དབུལ། །ཐམས་ཅད་རྡོ་རྗེ་རྟ་མཆོག་ལའོ། །རང་གི་ལྷ་ཡི་སྦྱོར་བྱས་ཏེ། །མི་མཐུན་ཕྱོགས་བསྐྲད་ངེས་པ་ཡིས། །ས་ཡི་དབུས་ སུ་འདུག་ནས་ནི། །སངས་རྒྱས་རྣམས་ལ་གསོལ་བ་གདབ། །ཇི་སྲིད་འཁོར་ལོ་ཡོངས་རྫོགས་པར། །བདག་ཅག་བསྲུང་བ་བྱ་བའི་ཕྱིར། །ས་འདི་བྱིན་གྱིས་བརླབ་པ་ནི། །བདེ་བར་གཤེགས་པས་དེང་ཉིད་འོས། །འགལ་བའི་སེམས་ཅན་རྩོམ་པའི་ཚོགས། །མཁས་པ་ཁྲོས་པས་ རྣམ་པར་གཞོལ། །གཡས་དང་གཡོན་གྱི་མིག་དག་ལ། །མ་ལས་ཉི་མ་ཊ་ལས་ཟླ། །རྐང་འོག་རྡོ་རྗེ་སྤྲོ་བ་ཡི། །འོད་ཟེར་རྣམས་ཀྱིས་ཀླུ་སོགས་བསྲེགས། །རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པས། །རྡོ་རྗེ་གསོར་བ་རོལ་བྱེད་ཅིང་། །གནས་རྣམས་སུ་ནི་དྲིལ་བུ་བརྡུངས། །རྒྱུན་དུ་ མཐུག་པའི་ཧཱུྃ་སྒྲ་སྒྲོགས། །མཁས་པས་གཡས་སུ་བསྐོར་བྱས་ཏེ། །ཕྱོགས་བཞི་རྣམས་སུ་ཡོངས་སུ་བསྐོར། །འགྱུར་དང་བཅས་ཤིང་སྒེག་པ་མཆོག །དང་པོར་རོལ་བཅས་རྗེས་རྒྱུ་བས། །རྐང་སྟབས་བརྒྱད་དུ་ཆོ་ག་ཡིས། །རྡོ་རྗེ་གོམ་པས་གར་བྱའོ། །མེ་ཏོག་སྙིང་པོའི་སྦྱོར་བ་ བྱ། །སྤོས་ལ་ཡལ་གའི་སྦྱོར་བ་ཉིད། །མར་མེ་སྡོང་བུའི་ལག་ཚུལ་དང་། །བྱུག་པའི་ཚུལ་གྱིས་བྱུག་པ་དང་། །ལག་པས་མིག་དང་དེ་བཞིན་རྣ། །རྐང་པ་ཟུང་གིས་གཡས་ཕྱོགས་སུ། །བསྐོར་ཏེ་ཕེག་རྡོབ་སྦྱོར་བ་ཡིས། །དེ་བཞིན་དུ་ཡང་གཡོན་དུ་བསྐོར། །དེ་ནས་རྒྱུན་གྱི་ གར་བྱས་ཏེ། །དེ་རྗེས་བསྐྱོད་པའི་གར་བྱའོ། །མྱུར་བརྡེབས་དེ་བཞིན་གར་བྱས་ཏེ། །འཁོར་ལོ་ལྟ་བུར་འཁོར་བར་བྱ། །གཡས་བརྐྱང་བ་དང་། གཡོན་བརྐྱང་བ་དང་། མཉམ་པའི་རྐང་སྟབས་དང་། རྡོ་རྗེའི་རྐང་སྟབས་དང་། ཟླུམ་པོ་དང་། སྣ་ཚོགས་གཅོད་པ་དང་། རུས་ སྦལ་གྱི་རྐང་སྟབས་དང་། །བུང་བ་འཕུར་བ་ལྟ་བུ་ཞེས་བྱ་བ་ནི། རྐང་སྟབས་བརྒྱད་དོ། །རྒྱ་མཚོ་བསྐྱོད་པ་དང་། རི་བོ་འདེགས་པ་དང་། མཛེས་པའི་གོམ་པ་དང་། ཁྲོ་བོའི་གོམ་པ་སྟེ་རྐང་སྟབས་ཀྱི་བཀོད་པའོ། །རྡོ་རྗེའི་ཚུལ་དང་། འཁོར་ལོའི་ཚུལ་དང་། རིན་པོ་ཆེའི་ཚུལ་ དང་། པདྨའི་ཚུལ་དང་། རལ་གྲིའི་ཚུལ་དང་། མདུང་གི་ཚུལ་དང་། གཞུའི་ཚུལ་དང་། དབྱུག་པའི་ཚུལ་དང་། ཐོ་བའི་ཚུལ་དང་། གཏུན་ཤིང་གི་ཚུལ་དང་། རྡོ་རྗེ་རྩེ་གཅིག་པའི་ཚུལ་དང་། ཁ་བཅུ་པའི་ཚུལ་དང་། རལ་གྲིའི་ཕྲུ་གུའི་ཚུལ་དང་། སྣ་ཚོགས་དབྱིག་པའི་ཚུལ་དང་། མདུང་ཐུང་གི་ཚུལ་དང་། མཚོན་རྩེ་གཅིག་པའི་ཚུལ་ཞེས་བྱ་བ་ནི་ཚུལ་བཅུ་དྲུག་གོ། །བ་དན་གཉིས་པ་དང་། བ་དན་གསུམ་པ་དང་། མེ་ཏོག་གི་ཚུལ་དང་། སྤོས་ཀྱི་ཚུལ་དང་། མར་མེའི་ཚུལ་དང་། དྲིའི་ཚུལ་དང་། ལཱ་སྱེའི་ལག་པ་དང་། ཕྲེང་བའི་ལག་པ་དང་། གླུའི་ལག་ པ་དང་། གར་གྱི་ལག་པ་དང་། གླིང་བུའི་ལག་པ་དང་། པི་ཝང་གི་ལག་པ་དང་། རྫ་རྔའི་ལག་པ་དང་། མུ་ཀུཎྜའི་ལག་པ་དང་། བྱ་བ་མཐའ་ཡས་པའི་ལག་པའི་བཀོད་པའོ། །རྡོ་རྗེའི་སྐྱིལ་ཀྲུང་དང་། སེམས་དཔའི་སྐྱིལ་ཀྲུང་དང་། པདྨའི་སྐྱིལ་ཀྲུང་དང་། བཟང་པོའི་འདུག་ སྟངས་དང་། སྐྱིལ་ཀྲུང་ཕྱེད་པ་དང་། བཀྲ་ཤིས་ཀྱི་འདུག་སྟངས་ཏེ། འདུག་སྟངས་ཀྱི་བཀོད་པའོ། །སྒེག་པའི་རོ་དང་། དཔའ་བོའི་རོ་དང་། མི་སྡུག་པའི་རོ་དང་། དྲག་པོའི་རོ་དང་། རྒད་པོའི་རོ་དང་། འཇིགས་སུ་རུང་བའི་རོ་དང་། ཞི་བའི་རོ་དང་། རྔམ་པའི་རོ་དང་། སྙིང་རྗེ་བའི་རོ་ ཞེས་བྱ་བ་ནི་གར་གྱི་རོ་དགུའོ། །ཐ་ཧི་ཐ་ཧི། ཐ་ག་ཐ་ག། ཐུ་མ་ཐུ་མ། ཐ་མ་ཐ་མ། ཐོ་ཧོ་ཐོ་ཧོ། །ཙཾ་ཧི་ཙཾ་ཧི། དྷ་དྷཾ་དྷ་དྷཾ། ཀྲ་ཀ་ཀྲ་ཀ །ཐ་ཀ་ཐ་ཀ །ཌིཾ་ཧི་ཌིཾ་ཧི། ཏ་ཊ་ཝ་ཏ་ཊ་ཝ། ཏྲཾ། ཅང་ཏེའུ་ཆ་ལང་རྔ་རིངས་དང་། རྫ་རྔ་ཕྱེད་པ་དེ་བཞིན་ནོ། །གླིང་བུ་པི་ལྡིར་ཡང་དེ་བཞིན། །པི་ཝང་རྒྱུད་ མངས་རྒྱུད་གཅིག་པ། རྣམ་གསུམ་དབྱེ་བས་བརྡུང་བར་བྱ། །དལ་བ་དྲག་པོ་མྱུར་བའོ། །དཀྱིལ་འཁོར་ལ་སོགས་གནས་རྣམས་སུ། །མཆོད་པ་འདི་ནི་བླ་ན་མེད། །འདི་དག་ནི་རོལ་མོའི་བཀོད་པ་ཡིན་ནོ། །དྲུག་གི་རྗེས་སུ་སྐྱེས་པའི་གླུ་དང་། །དྲང་སྲོང་གི་རྗེས་ཀྱི་གླུ་དང་། ས་འཛིན་གྱི་ རྗེས་ཀྱི་གླུ་དང་། བར་མའི་རྗེས་ཀྱི་གླུ་དང་། ལྔ་པའི་རྗེས་ཀྱི་གླུ་དང་། བློ་གསལ་གྱི་རྗེས་ཀྱི་གླུ་དང་། འཁོར་མཉམ་པའི་རྗེས་ཀྱི་གླུ་དང་། །དལ་བའི་དབྱེ་བ་དང་། དྲག་པོའི་དབྱེ་བ་དང་། རྫོགས་པར་དབྱེ་བ་དང་། ཟབ་པར་དབྱེ་བ་དང་། ཕྱེད་ཕྲི་བ་དང་། རྣམ་པར་འདྲེས་པ་དང་། དཀྱུགས་ གཉིས་ལེན་པར་བྱེད་པ་དང་། དཀྱུགས་གསུམ་ལེན་པར་བྱེད་པ་དང་། མགྲིན་པར་སྒྲོགས་པ་དང་། རྐན་དུ་སྒྲོགས་པ་དང་། ལྕེར་སྒྲོགས་པ་དང་། སོར་སྒྲོགས་པ་སྟེ། འདི་དག་ནི་གླུའི་བཀོད་པ་ཡིན་ནོ། །ས་གཞི་ཡོངས་སུ་གཟུང་བའི་ཚེ། །དམ་ཚིག་ འདི་དག་རབ་ཏུ་བསྐུལ། །ལས་རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར། །སློབ་དཔོན་རྡོ་རྗེ་འཆང་བས་བྱ། །རྡོ་རྗེ་ས་སོགས་གྲུབ་རྗེས་སུ། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །ཆོས་འབྱུང་བསྒོམ་བྱ་དེ་ནང་དུ། །ཧྲི་ལས་བྱུང་བའི་པདྨ་སྟེ། །པད་སྟེངས་ཨ་ལས་བྱུང་བ་ཡི། །ཀུན་དུ་ བལྟས་པའི་རྡོ་རྗེ་ཡིན། །རྡོ་རྗེའི་སྟེང་དུ་རླུང་ལ་སོགས། །དེ་སྟེང་བྷྲཱུཾ་ལས་འཁོར་ལོ་ཉིད། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །འབྱུང་བཞིའི་བདག་ཉིད་དཀྱིལ་འཁོར་རོ། །དེ་སྟེང་སངས་རྒྱས་ཡོངས་བསྒོམས་ཏེ། །སྤྲོ་ཞིང་གཞལ་ཡས་ཁང་འབར་དགོད། །རྒྱལ་མཚན་བ་དན་ ལ་སོགས་མཛེས། །ཕོ་བྲང་ཉམས་དགའ་བསྒོམ་པར་བྱ། །དཀར་པོ་གསེར་སོགས་ཕྱེ་མ་ཡིས། །པདྨ་འདབ་བརྒྱད་བྲི་བར་བྱ། །ལས་ཀུན་བྱེད་པ་ཞེས་བྱ་བའི། །བུམ་པ་ལྟེ་བའི་དབུས་སུ་གཞག །ཚོན་སྣ་ལྔ་ཡི་སྲད་བུ་ནི། །ཤར་གྱི་འདབ་མར་རྣམ་པར་དགོད། །ལྷོ་རུ་རྡོ་རྗེ་གཞག་ པར་བྱ། །དེ་བཞིན་བྱང་དུ་དྲིལ་བུའོ། །བདུད་རྩི་ལྔས་གང་དུང་ཕོར་ནི། །ཤར་ལས་གཞན་པའི་འདབ་མར་དགོད། །རྡུལ་ཚོན་སངས་རྒྱས་ལྔ་ཡི་ཆ། །འབར་བ་རེ་རེ་ཐ་དད་པའི། །སྣོད་དུ་གཞག་པར་བྱས་ནས་ནི། །སོ་སོའི་མཚམས་སུ་གཞག་པར་བྱ། །སྐུ་དང་གདན་རྣམས་ཇི་ལྟ་བར། །བུམ་ པར་རྡོ་རྗེ་འཆང་བ་བསྒོམ། །མཆོད་པ་རྣམས་ཀྱིས་ཡང་དག་མཆོད། །སྔགས་དང་ཕྱག་རྒྱ་བསྐུལ་བར་བྱ། །ཁུ་ཚུར་གཉིས་ཀ་དམ་བཅིངས་ཏེ། །རོ་ཙ་ན་དང་དཀར་པོ་བརྐྱང་། །རྩེ་མོ་རྩེ་མོ་སྦྱར་བ་ཉིད། །སྙིང་པོའི་ཕྱག་རྒྱ་བསྟན་པར་བྱ། །ཨོཾ་ཨཱཿསྭཱ་ཧཱ། སྙིང་པོའི་ཕྱག་རྒྱ་དང་སྔགས་ སོ། །རྡོ་རྗེ་རྩེ་ཡིས་བུམ་རེག་ནས། །གསང་སྔགས་བརྒྱ་རྩ་བརྒྱད་དུ་བཟླས། །ཨོཾ་ཧཱུྃ་སྭཱ་ཧཱ་སྔགས་སོ། །ཆུ་དེས་རྡུལ་ཚོན་ཐིག་སྐུད་ལ། །གཏོར་ནས་མཆོད་དང་གཏོར་མ་སྦྱིན། །རང་གི་བདག་པོའི་གསང་སྔགས་བཟླ། །སྐུ་ཡང་བསྒོམ་པར་བྱ་བ་ཡིན། །སྤྲོ་ཞིང་འཁོར་ལོ་བསྡུ་བར་བྱ། ། མཚན་མོ་སྐད་ཅིག་དེར་གནས་བྱ། །འདི་དག་ནི་ས་ཡོངས་སུ་གཟུང་བ་ཡིན་ནོ།། །།རྣལ་འབྱོར་བདག་ཉིད་ཐོ་རངས་ལངས། །ལུས་ཀྱི་བྱ་བ་ཀུན་བྱས་ཏེ། །བུམ་པ་སོགས་བསྡུས་དཀྱིལ་འཁོར་སའི། །ལྷོ་ཕྱོགས་ཆ་རུ་གཞག་པར་བྱ། །ཡང་ནི་དྲི་ཡིས་ཉེར་བྱུགས་ཏེ། །བཾ་ལས་བྱུང་བའི་ ལྷ་མོ་བསམ། །ཕྱག་གཉིས་བུམ་པ་བཟང་པོ་འཛིན། །སྐུ་མདོག་སེར་པོའི་འོད་ལྡན་ཞིང་། །ཡེ་ཤེས་རྫོགས་པ་ཡང་དག་མཆོད། །ལྷག་པར་གནས་ནས་གཤེགས་སུ་གསོལ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་ མོ་ཁྱོད་ནི་དཔང་དུ་གྱུར། །དངོས་གྲུབ་ཐམས་ཅད་ཐོབ་བྱའི་ཕྱིར། །བདག་གིས་དཀྱིལ་འཁོར་བྲི་བར་བྱ། །ཞེས་ལན་གསུམ་བརྗོད་དེ་སའི་ལྷ་མོ་གཤེགས་སུ་གསོལ་ལོ། །ལུས་ཁྲུས་བྱ་ཞིང་དྲི་ཡིས་བྱུགས། །ཇི་སྙེད་འབར་བའི་རྒྱན་གྱིས་བརྒྱན། །སེར་པོའི་གོས་ནི་བགོས་ནས་ནི། ། ཕྱི་དྲོའི་དུས་སུ་འཇུག་པར་བྱ། །དྲི་དང་མེ་ཏོག་གཅལ་བཀྲམ་པའི། །དཀྱིལ་འཁོར་དབུས་སུ་འདུག་བྱས་ཏེ། །བདག་ཉིད་འདོད་པའི་ལྷར་བསྒོམས་ལ། །སྤྲོ་དང་བཅས་པས་སྤྲོས་བཟུང་ནས། །ཡན་ལག་ཀུན་གྱིས་རབ་བཏུད་དེ། །རྒྱལ་བ་རྣམས་ལ་གསོལ་བ་གདབ། །མ་ལུས་ ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་ཆེ་གེ་མོ། །བདག་ནི་དཀྱིལ་འཁོར་འབྲི་བར་འཚལ། །སངས་རྒྱས་ལ་སོགས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །འདི་ནི་སངས་རྒྱས་ལ་གསོལ་བ་གདབ་པའོ། །སློབ་ དཔོན་རྡོ་རྗེ་སེམས་མཚུངས་ལ། །ཕྱི་ནས་རྟག་སོགས་རྒྱལ་བ་དང་། །མཉམ་པ་རྡོ་རྗེ་དྲིལ་འཆང་བའི། །སློབ་མ་རྣམས་ཀྱིས་གསོལ་བ་གདབ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་ བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་ མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་དོན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཡང་ན་ཚིགས་བཅད་གཅིག་པ་འདི། །བཞི་ཡིས་ མགྲིན་གཅིག་བརྗོད་པར་བྱ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །དཀྱིལ་འཁོར་འདྲེན་པས་བཤད་དུ་གསོལ། །དེ་ནས་ལངས་ཏེ་ནམ་མཁའ་ལ། །བཞུགས་པའི་སངས་རྒྱས་ལ་བཏུད་དེ། །བདག་ཉིད་ སངས་རྒྱས་ཐམས་ཅད་ཀྱི། །སྦྱོར་བས་ང་རྒྱལ་བསྐྱེད་པར་བྱ། །སངས་རྒྱས་རྡོ་རྗེ་སེམས་དཔའ་བདག །རྡོ་རྗེ་ཉི་མ་བདག་ཉིད་དེ། །དོན་ཡོད་རྡོ་རྗེ་ཆོས་བདག་ཉིད། །སངས་རྒྱས་ཐམས་ཅད་བདག་ཉིད་ཡིན། །ཧཱུྃ་བཛྲོ་ཏིཥྛའི་སྔགས་ཀྱིས། །རང་གི་མངོན་སྤྲུལ་འཁོར་ལོ་ནི། །ནམ་ མཁར་བཏེག་པར་བྱས་ནས་ཀྱང་། །རྡོ་རྗེའི་གར་གྱིས་ཀུན་དུ་བསྐོར། །སྔར་བཤད་པ་ཡི་སྔགས་ཀྱིས་ནི། །རྡོ་རྗེ་ས་གཞིའི་རང་བཞིན་བྱ། །ར་བ་ཉིད་དང་དྲ་བ་དང་། །བླ་རེ་ལ་སོགས་སྔར་བཞིན་བྱ། །ཕུར་བུ་ལ་ནི་ཁྱད་པར་དུ། །ཕུར་པ་སོར་མོ་བཅོ་བརྒྱད་པའ་མ། །ཡང་ན་སོར་ནི་བཅུ་ གཉིས་པ། །སྦོམས་སུ་སོར་དྲུག་སོར་བཞི་པ། །སེང་ལྡེང་རུས་པ་ལྕགས་ལས་བྱས། །ཙནྡན་དམར་པོས་བྱུག་པར་བྱ། །ཕྲེང་བ་ཅོད་པན་དམར་པོས་མཛེས། །ཆང་པ་གཡོན་པས་གཟུང་བར་བྱ། །ཕུར་བུའི་མགོ་རུ་ཐོ་བ་ནི། །བཞག་པ་ལག་པ་ཅིག་ཤོས་ཀྱིས། །སྔོན་གྱི་སྔགས་ ཀྱིས་བརྡུངས་བྱས་ཏེ། །ཤར་སོགས་གནས་སུ་གདབ་པར་བྱ། །ཡང་ན་སྔགས་དང་ཕྱག་རྒྱ་ཡིས། །ཕུར་བུ་ར་བ་དྲ་རྣམས་བྱ། །ལག་པའི་མཐིལ་ནི་སྟེང་བསྟན་ཏེ། །བཟློག་ནས་ས་ལ་བརྡབ་པར་བྱ། །ཨོཾ་བཛྲ་ཧཱུྃ་ཕཊ། རྡོ་རྗེ་ཕུར་བུའི་སྔགས་དང་ཕྱག་རྒྱའོ། །ལག་གཉིས་ལུ་གུ་ རྒྱུད་བཅས་ཏེ། །གྱེན་དུ་བརྐྱང་ནས་ཕྱི་རུ་བཟློག །ཨོཾ་ཧཱུྃ་ཕཊ་དྲ་བའི་སྔགས་དང་ཕྱག་རྒྱའོ། །ལག་གཉིས་ཁུ་ཚུར་བྱས་ནས་ནི། །ཡེ་ཤེས་པདྨ་བརྐྱང་བར་བྱ། །ས་གདུགས་དང་ནི་རྣམ་ཤེས་བརྒྱད། །ཡེ་ཤེས་དང་ནི་རྣམ་ཤེས་སྦྱར། །ས་གདུགས་པདྨ་སྦྱར་བྱས་ཏེ། །ཕྱོགས་ མཚམས་བརྒྱད་དུ་བསྐོར་བར་བྱ། །ཨོཾ་ཛཾ་བྷ་ནི་ཧཱུྃ་ཕཊ། ར་བའི་སྔགས་དང་ཕྱག་རྒྱའོ། །རྣལ་འབྱོར་ལྡན་པའི་བདག་ཉིད་ཀྱིས། །བུམ་པ་ལྷག་པར་གནས་པར་བྱ། །བུམ་པ་རྩ་བ་ནག་པོ་སོགས། །སྤངས་པ་མདུན་དུ་དགོད་པར་བྱ། །མགྲིན་པ་རིང་བ་ལྟོ་ཆེ་བ། །ཡལ་ག་བཟང་ པོས་ཁ་རྣམས་མཛེས། །འོ་མ་དྲི་ཆུ་ལ་སོགས་པས། །གང་བ་མགུལ་བར་རས་ཀྱིས་དཀྲི། །རྗེས་སུ་མཐུན་པ་བརྟན་བྱས་ཏེ། །དཀྱིལ་འཁོར་ཁང་པར་གཞག་པར་བྱ། །དངོས་གྲུབ་བརྒྱད་དོན་འདོད་བྱེད་ཕྱིར། །ལན་བདུན་བར་དུ་བཟླས་པ་ཡིན། །ཨོཾ་ཏཔྟེ་ཏཔྟེ་མ་ཧ་ཏཔྟེ་སྭཱ་ཧཱ། ། གངྒཱའི་ཆུ་དགུག་པའི་སྔགས་སོ། །ས་གདུགས་དང་ནི་རྣམ་ཤེས་སྦྱར། །ལྷག་མ་ཐམས་ཅད་བརྐྱང་བྱས་པས། །བུམ་པར་རེད་ནས་གསང་སྔགས་འདིས། །ལན་བདུན་བར་དུ་མངོན་པར་བཟླས། །ཨོཾ་སུཾ་ཀྵུཾ་ཡུཾ་ཧཱུྃ་ཕཊ་སྭཱ་ཧཱ། སྒོའི་བུམ་པའི་ལྷག་པར་གནས་པའོ། །དྲི་མེད་ ཐིག་གིས་བཏབ་པ་ཡིས། །འཁོར་ལོ་ཡི་ནི་སྒོ་བཞི་རུ། །ཤར་ཕྱོགས་སྒོ་ནས་བརྩམས་བྱས་ཏེ། །བུམ་པ་རྣམས་ནི་དགོད་པར་བྱ། །རྒྱལ་བ་དང་ནི་བཀྲ་ཤིས་ཞེས། །བྱ་བ་ཤར་སྒོའི་ལོགས་གཉིས་ལ། །ལྷོ་རུ་དངོས་གྲུབ་སྲུང་བར་བཤད། །ནུབ་ཏུ་རྒྱལ་དང་ཞི་བ་སྟེ། །བྱང་དུ་དངོས་ གྲུབ་རྫུ་འཕྲུལ་ཏེ། །དངོས་གྲུབ་རིན་ཆེན་དབུལ་བའོ། །གང་ཞིག་འདིར་ནི་ལྷ་ཡི་གནས། །དཀྱིལ་འཁོར་གང་དུ་ངེས་པ་ཡི། །དཀྱིལ་འཁོར་དེ་ནི་དྲི་ལྔ་འམ། །ཡང་ན་གཞན་གྱིས་བྱུག་པར་བྱ། །རང་གི་སྔགས་ཀྱིས་ཡིག་སྤྲུལ་པས། །ལྷ་ཡི་འཁོར་ལོ་དགོད་པར་བྱ། ། དགུག་པར་བྱ་བའི་སྦྱོར་བས་དེར། །ཡེ་ཤེས་འཁོར་ལོ་དགུག་པར་བྱ། །དེ་ནས་མཆོད་པ་རྣམ་པ་ལྔས། །རྒྱལ་བ་དད་པས་ཡང་དག་མཆོད། །དཀྱིལ་འཁོར་ཇི་སྲིད་རྫོགས་ཀྱི་བར། །བྱིན་བརླབ་དོན་དུ་གསོལ་བ་གདབ། །ཐུགས་བརྩེའི་ཕན་པའི་དགོངས་པ་ཅན། །སངས་རྒྱས་ བདག་ལ་དགོངས་སུ་གསོལ། །སྔགས་དང་བཅས་པར་གཤེགས་ནས་ནི། །ས་གཞི་ཡོངས་སུ་གཟུང་བར་མཛོད། །རྡོ་རྗེ་འཆང་ཆེན་བདག་མིང་འདི། །དཀྱིལ་འཁོར་ཆེ་གེ་མོ་བསྐྱེད་ཕྱིར། །ཅི་ནུས་པ་ཡི་ཉེར་སྤྱོད་ཀྱིས། །ནང་པར་ནམ་ལངས་དཀྱིལ་འཁོར་འབྲི། །སློབ་མ་རྗེས་ སུ་གཟུང་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་བགྱིད་ན། །རྗེས་སུ་བརྩེ་བ་བསྐྱེད་ནས་ནི། །བསྙེན་ཏེ་བཞུགས་པར་མཛད་པའི་རིགས། །ཞེས་ལན་གསུམ་བརྗོད་དེ་དཀྱིལ་འཁོར་གྱི་ལྷ་ལྷག་པར་གནས་པའོ།། །།དེ་ནས་སློབ་མ་ཁྲུས་བྱས་ཏེ། །གཙང་ མའི་གོས་ནི་བགོས་པ་ཡིས། །མེ་ཏོག་སྙིམ་ཐོགས་ཕྱག་འཚལ་ནས། །བླ་མ་ལ་ནི་གསོལ་གདབ་བྱ། །སྐྱེ་རྒ་ན་དང་འཆི་བ་ཡི། །ཆུ་སྲིན་ལ་སོགས་འཇིགས་བཅས་པ། །སྲིད་པའི་རྒྱ་མཚོར་བྱིང་བ་ལས། །འདོན་པར་མཛད་པ་ཁྱོད་འབའ་ཞིག །དགའ་ཆེན་ཁྱོད་བདག་སྟོན་པ་བས། ། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། ། ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །དམ་ཚིག་སློབ་མས་གསོལ་གདབ་པའོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་ རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་ སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ལྟར་སློབ་མ་ལ་གདམས་ནས། །བཤགས་དང་ཡི་རང་སོགས་བྱ་ཞིང་། །དང་པོར་གསུམ་ ལ་སྐྱབས་སུ་གཏང་། །དེ་ནས་བྱང་ཆུབ་སེམས་བསྐྱེད་བྱ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པར་བགྱི། །སེམས་ཅན་ དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་སྡོམ། །འདི་ནས་བརྩམས་ཏེ་དང་པོར་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ དང་། །དེ་ཉིད་ཡང་དག་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་པོ་ཆེ་ཡི་རིགས་སྦྱོར་བའི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་ པ་གསུམ། །དམ་པའི་ཆོས་ནི་སོ་སོར་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་ གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་གྱིས་སྡོམ་པ་གཟུང་ངོ་། །དེ་ནས་སློབ་མ་མདུན་བདར་ བ། །དྲི་ཡིས་གཏོར་ནས་སྙིང་ག་རུ། །རྩེ་མོ་ལྔ་པའི་རྡོ་རྗེ་གཟུང་། །སྣ་ཚོགས་དག་གིས་རྣམ་འབྱེད་པའི། །རྡོ་རྗེ་སྤྱི་བོར་རྣམ་པར་བསམ། །མགྲིན་པའི་གནས་སུ་ཆུ་སྐྱེས་ཉིད། །དེ་ནས་མེ་ཏོག་སྤོས་སོགས་ཀྱིས། །མཆོད་པ་བྱས་ནས་མདུན་དུ་གཞག །སོ་ཤིང་སོར་མོ་བཅུ་གཉིས་པ། །དྲི་ཡི་ ཆུ་དང་འོ་མས་བཀྲུ། །རྩེ་མོ་མེ་ཏོག་གིས་བཅིངས་ལ། །ལན་བདུན་བཟླས་པའི་དྲི་ཆུ་ཡང་། །ཁ་དག་བྱ་ཕྱིར་སྦྱིན་པར་བྱ། །ཨོཾ་ཨ་ཛི་ཏྭ་ས་པ་རྟ་ནི་ཧཱུྃ་ཕཊ། སོ་ཤིང་ལ་བཟླས་པའི་སྔགས་སོ། །ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨྨཱ་སརྦྦ་པཱ་པཾ་ནིཤྩ་སཾ་ཤོ་དྷ་ཡ་སརྦྦ་བི་ཀལྤ་ཨ་པ་ན་ཡ་ཧཱུྃ། ཆུ་སྦྱིན་པའི་སྔགས་སོ། ། སློབ་མ་བྱང་དུ་མངོན་བལྟས་པས། །སོ་ཤིང་མ་གས་པར་བཅས་ནས། །བ་ལང་པགས་པའི་ཚད་ཙམ་གྱིས། །ས་ཡི་ཕྱོགས་སུ་རབ་ཏུ་དོར། །སྟེང་འཕྲེང་ཁ་ཚུར་བལྟས་ལྷུང་ན། །ཤིན་ཏུ་སྐལ་པ་བཟང་པོར་འགྱུར། །ཕྱི་རིམ་ཁ་ཕར་བལྟས་པ་རུ། །ལྷུང་ན་སྐལ་བ་མེད་པར་འགྱུར། །བསྲུང་ བའི་དོན་དུ་སྲད་བུ་ལ། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཟླ། །དེ་ནས་མདུད་པ་གསུམ་བྱ་སྟེ། །སློབ་མའི་དཔུང་པ་གཡས་པར་བཅིང་། །དེ་ནས་ཕྱིར་མི་ལྡོག་བྱའི་ཕྱིར། །སློབ་མ་རྣམས་ལ་སྤྲོ་བ་བསྐྱེད། །ཐེག་པ་གཞན་ལས་ལྡོག་བྱའི་ཕྱིར། །ཐེག་པ་ཆེན་པོའི་ཆེ་བ་ བརྗོད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་གཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་ པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡིས། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། ། ཟབ་མོ་རྟོག་གེ་ཐམས་ཅད་ཀྱི། །རབ་ཏུ་མི་རྟོག་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱིས་རྣམ་པར་སྤྲོས། །ལན་དང་བྱ་བ་ལ་སོགས་བྲལ། །བདེན་པ་གཉིས་ལ་གནས་པ་ཡི། །ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་ལ་གནས་ན་ཐོབ་པར་འགྱུར། །བུ་ཀྱེ་ནང་ བར་དཀྱིལ་འཁོར་ནི། །འབྲི་བར་འགྱུར་རོ་ཉོལ་ཅིག་ཅེས། །སྨྲས་ནས་རབ་ཞུགས་ཡང་དག་མཆོད། །དཀྱིལ་འཁོར་གཤེགས་སུ་གསོལ་བར་བྱ། །འདོད་པའི་ལྷ་ཡིས་སྦྱོར་བྱིན་ལ། །དེ་ནས་གཞལ་ཡས་ཁང་ནང་ན། །སློབ་མ་བཅུག་ལ་ཡང་དག་བསྲུང་། །སེང་གེའི་ཉལ་སྟངས་ རབ་ཏུ་བརྟག །ཀུ་ཤའི་མྱུ་གུ་རྩེ་མ་ཉམས། །དྷི་ལས་བྱུང་བ་བསམ་པར་བྱ། །དང་པོ་གཅིག་ནི་སྔས་སུ་གཞག །གཞན་དག་སྟན་དུ་གདིང་བར་བྱ། །ཡིད་དགེ་ཉོལ་ལ་ཇི་ལྟ་བར། །རྨི་ལམ་མཐོང་བ་སྟོན་ཅིག་ཅེས། །དེ་ལྟར་བརྗོད་ལ་སློབ་མ་བསྙལ། །རྨི་ལམ་ཅི་མཐོང་དྲི་བར་བྱ། ། ཐོས་ནས་བཟང་ངམ་མི་བཟང་བ། །ཐེ་ཚོམ་མེད་པར་བཤད་པར་བྱ། །དགེ་བས་དངོས་གྲུབ་རྣམ་གསུམ་འགྲུབ། །མི་དགེ་སྦྱིན་སྲེག་སོགས་ཞི་བྱ། སློབ་མ་ལྷག་པར་གནས་པའོ། །གཟའ་དང་སྐར་མ་བཟང་སོགས་ལ། །ཉི་མ་བཞི་པའི་ཞག་ལ་ཡང་། །བླ་མས་སྦྱིན་སྲེག་བྱས་ནས་ ནི། །སློབ་མར་བཅས་པས་དཀྱིལ་འཁོར་བརྩམ། །ཟླ་བ་དྲུག་དང་གཟའ་བཞི་དང་། །རྒྱུ་སྐར་བཅུ་བཞི་གང་ཡིན་དང་། །ཚེས་གྲངས་བདུན་གྱི་གྲངས་ཉིད་ལ། །རྒྱལ་བས་རབ་གནས་ལ་སོགས་བསྔགས། །དཔྱིད་འབྲིང་ཐ་དང་དབྱར་ཐའོ། །སྟོན་ཟླ་དགུན་གྱི་འབྲིང་ཐ་མ། །གཟའ་ལྷག་ ཕུར་བུ་པ་བ་སངས། །ཟླ་བའི་གཟའ་དང་འདི་དག་བཟང་། །ཚེས་གཉིས་དང་ནི་ཚེས་གསུམ་དང་། །ལྔ་དང་བདུན་དང་བཅུ་པ་དང་། །བཅུ་གསུམ་པ་དང་ཟླ་གང་བ། །ཞག་བདུན་པོ་ནི་བཟང་པོ་ཡིན། །རྒྱལ་དང་མེ་བཞི་ལྷ་མཚམས་དབོ། །སྣར་མ་བྱི་བཞིན་མགོ་དང་ལག །སྣྲོན་སྣྲུབས་ཆུ་ སྟོད་ཆུ་སྨད་དང་། །ཁྲུམས་སྟོད་ཁྲུམས་སྨད་སྐར་མ་རྣམས། །སྐར་མ་དབོ་ལ་རབ་གནས་བྱ། །དེས་ནི་ཤེས་རབ་འཕེལ་བར་འགྱུར། །སེམས་ལ་གང་ཅི་གནས་པ་ཡི། །དངོས་གྲུབ་མེ་བཞིས་འགྲུབ་པར་འགྱུར། །སྣྲུབས་དང་བྱི་བཞིན་དག་གིས་ནི། །བཀའ་རྣམས་ཡོངས་སུ་ ཤེས་པར་འགྱུར། །ལག་པ་སྐལ་པ་བཟང་པོར་འགྱུར། །སྣར་མས་ནོར་རྣམས་འབྱུང་བར་འགྱུར། །མགོ་ལ་ཞི་བར་བརྗོད་པ་ཡིན། །ཆུ་སྟོད་ཆུ་སྨད་བུ་འཕེལ་འགྱུར། །ཁྲུམས་སྟོད་ཁྲུམས་སྨད་འཕེལ་བར་ཤེས། །རྒྱལ་ལ་ཐམས་ཅད་དུ་ནི་རྒྱལ། །སྣྲོན་ལ་བདེ་བ་ཡང་དག་སྩོལ། ། ལྷ་མཚམས་མཆོག་ནི་རབ་ཏུ་སྟེར། །དུས་དང་གཟའ་བཟང་ལ་བརྟེན་ནས། །བྱ་བ་འདི་ནི་ལྷག་གནས་ཡིན། །ཐིག་སྐུད་སར་པ་གཙང་མ་ནི། །མཛེས་པ་སྣལ་མ་དགུ་འམ་ལྔ། །གཅིག་ཏུ་བསྒྲིལ་བ་ལྔ་ཡི་གྲངས། །གསང་སྔགས་ཟློས་ཤིང་བསྒྲིལ་བར་བྱ། །ཨོཾ་ཨ་ནྱོ་ནྱ་ཨཱ་ནུ་ ག་ཏ་སརྦྦ་དྷརྨཱཿཔ་ར་ཨ་ནུ་པྲ་བཥྚི་སརྦྦ་དྷརྨ་ཨ་ཏྱནྟ་ཨཱ་ནུ་པྲ་བཥྚི་སརྦྦ་དྷརྨཱཿཞེས་བྱ་བའི་སྔགས་སོ། །འབར་བའི་ལྟ་བས་སངས་རྒྱས་ཀྱི། །ཐུགས་ནས་འོད་ཀྱི་ཐིག་སྐུད་བཀུག །ལག་པ་སྦྱར་བའི་དབུས་གནས་པར། །ཐིག་སྐུད་དེ་ནི་རྗེས་སུ་བསྒྲུབ། །ཨོཾ་ཨ་ཨཱ་ཨ་ཨཱ་ཨཱཾ་ སྭཱ་ཧཱ། །ཐིག་སྐུད་སྒྲུབ་པའི་སྔགས་སོ། །བླ་མས་ཁུ་ཚུར་གཡོན་པ་ནི། །ལྟེ་བར་བཞག་ནས་ཐིག་སྐུད་གཟུང་། །དེ་མ་ཐག་ཏུ་སློབ་མ་ཡིས། །སྔགས་འདི་ཡིས་ནི་གཟུང་བར་བྱ། །ཨོཾ་ཛྫ་ཛྫ་ཛྫ་ཞེས་ལན་གསུམ་གྱི་བར་དུ་བརྗོད་དོ། །སྔགས་ཀྱིས་བུམ་པ་ཀུན་གྱི་ཆུ། །གཙང་ མས་ཁྱིམ་གྱི་ནང་དུ་གཏོར། །ཐིག་སྐུད་གདབ་པའི་རིམ་པ་བཞིན། །ཡེ་ཤེས་ཐིག་སྐུད་རབ་ཏུ་བརྐྱང་། །ཨོཾ་སརྦྦ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ། །དཀྱིལ་འཁོར་ལ་སོགས་པར་གཏོར་མའི་སྔགས་སོ། །ཨོཾ་བཛྲ་སཱུཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ། །ཡེ་ཤེས་ཐིག་སྐུད་ཀྱི་སྔགས་ སོ། །མཚན་མ་མེད་པས་དངོས་མི་འགྲུབ། །ཐིག་སྐུད་ཆད་པས་སློབ་དཔོན་འཆི། །རིང་ཐུང་ཁྱེར་ན་ནད་ཀྱིས་འདེབས། །ཕྱོགས་འཁྲུལ་པ་ཡིས་མྱོང་པར་འགྱུར། །གཡས་ཀྱི་ཕྱོགས་སུ་བསྐོར་བ་ཡིས། །ཇི་ལྟར་གསུངས་པའི་ཐིག་གདབ་པས། །དཀྱིལ་འཁོར་སྤྲུལ་ པའི་ཐིག་ལ་ཡང་། །ཡེ་ཤེས་ཐིག་སྐུད་རབ་ཏུ་གདབ། །ཧི་ཧི་སྒྲོགས་དང་ལྡན་པ་ཡིས། །ཡིད་ཀྱིས་སྒོ་ནི་དབྱེ་བར་བྱ། །ཨོཾ་ཧཱུྃ་ཏྲཱཾ་ཨཾ་ཁཾ་རྣམས་ཀྱིས། །རྡུལ་ཚོན་ལྷ་ཡི་རྣམ་པར་སྦྱོར། །འབར་བའི་ལྟ་བས་བསྒྲུབ་པར་བྱ། །གསང་སྔགས་བརྒྱ་རྩ་བརྒྱད་དུ་བཟླས། །སྤོས་ དང་ན་བཟའ་ལ་སོགས་པ། །ཇི་ལྟར་འབྱོར་པ་དབུལ་བར་བྱ། །རྡོ་རྗེ་གསོལ་ཞིང་དྲིལ་བུ་དགྲོལ། །རྡོ་རྗེའི་གླུ་སོགས་ཀྱིས་བསྐུལ་ཏེ། །དམར་པོའི་གོས་གྱོན་གཏོར་མ་སྦྱིན། །འདི་ལྟར་ཡང་ནི་ལྷག་མོས་བྱ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་ རྣམ་གྲོལ་བྱེད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྣམ་སྣང་མཛད་རྒྱལ་བདག་བྱས་ཏེ། །ཉེས་པ་ཀུན་ལས་རྣམ་གྲོལ་བའི། །ཚོན་རྩི་དགྱེ་བ་བརྩམ་པར་བྱ། །སློབ་དཔོན་གྱིས་ནི་དང་པོར་དགྱེ། །ཕྱི་ནས་ཀུན་དུ་སློབ་མས་སོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས། ། བླངས་ནས་དབང་ལྡན་ནས་གཡས་བསྐོར། །འཁོར་ལོ་ཅན་རིགས་རྗེས་མཐུན་པའི། །རིམ་པར་སྔགས་ཀྱིས་རྡུལ་ཚོན་བྲི། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། །གསང་སྔགས་སོ། །ཕྱི་ནས་སློབ་མ་མཁས་པ་ཡིས། །ཇི་ལྟར་བདེ་བར་དགྱེས་པར་བྱ། །ཡོན་པོ་མ་དག་ཆད་ སྦོམ་པོ། །ཕྲ་མོ་མཚན་ངན་སྤང་བར་བྱ། །སྦོམ་པོས་ནད་རྣམས་འབྱུང་བར་འགྱུར། །ཕྲ་མོས་ནོར་རྣམས་འཇིག་པར་བྱེད། །ཡོན་པོས་རྣམ་པར་འགྲས་པར་འགྱུར། །ཆད་པས་སློབ་དཔོན་སློབ་མ་འཆི། །འདི་སོགས་སྐྱོན་ལས་ངེས་གྲོལ་བ། །རྡུལ་ཚོན་རི་མོས་ཤེས་པར་ འགྱུར། །ཨིནྡྲ་ནཱི་ལའི་རང་བཞིན་དང་། །དེ་བཞིན་གཞན་ཡང་མརྒཏ་འདྲ། །པདྨ་རཱ་གའི་རང་བཞིན་དང་། །སེར་པོ་འབར་བས་ཤེས་པར་བྱ། །ཁ་དོག་དཀར་པོ་དེ་བཞིན་གཞན། །དེ་ལྟར་རྡུལ་ཚོན་རིམ་ཤེས་བྱ། །ཤར་དུ་དཀར་པོ་ཆེན་པོ་སྟེ། །ལྷོ་རུ་སེར་པོ་འབར་བ་ཡིན། །ནུབ་ཏུ་རབ་ཏུ་ དམར་བ་སྟེ། །བྱང་དུ་ལྗང་གུ་དེ་བཞིན་ནོ། །དབུས་ཀྱི་ས་ཡི་ཆ་རུ་ནི། །ཁ་དོག་སྔོན་པོ་རབ་ཏུ་བརྟག །སློབ་དཔོན་འཁོར་ལོའི་ཤར་གནས་པ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་ལྡན། །ཧཱུྃ་མཛད་ལ་སོགས་སྦྱོར་བའི་བདག །སློབ་དཔོན་བཞི་ནི་སྒོ་བཞིར་ཡིན། །ཟུར་བཞིར་གཞག་པར་བྱ་བ་ནི། །ཆོས་ སྒྲོགས་བྱེད་པ་བཞི་ཡིན་ནོ། །དམ་ཚིག་ཉམས་པས་འཇིགས་པའི་ཕྱིར། །སློབ་མ་མིན་པ་གཞུག་མི་བྱ། །མེད་ན་གཉིས་སམ་གསུམ་གཟུང་བྱ། །མཐའ་མར་ཡང་ནི་གཅིག་འདོད་བྱ། །གཡས་པ་རྡོ་རྗེ་གསོར་བྱ་ཞིང་། །གཡོན་པས་དྲིལ་བུ་དཀྲོལ་བར་བྱ། །ཕྱག་རྒྱ་སྒྱུར་བའི་ཚམ་ངམ་གཏོང་། ། ལྟ་སྟངས་ཕྱག་རྒྱས་དགྲ་ལས་རྒྱལ། །སྔགས་དང་བཅས་པའི་སྟང་སྟབས་ཀྱིས། །ཤར་གྱི་གནས་ནི་མནན་པར་བྱ། །རིམ་པ་འདི་ཉིད་ཀྱིས་ནི་གཞན། །སྒོ་གནས་དག་གིས་ཀྱང་ནི་མནན། །ལག་པ་གཡས་དང་གཡོན་དག་གིས། །རོལ་དང་བཅས་པས་མཐའ་རུ་སྤྲོ། །ཅུང་ཟད་བགྲད་པའི་སྡང་ མིག་དང་། །བཅས་པས་སྨིན་མ་རྣམ་པར་བསྐྱོད། །འགྲོ་བ་དབང་དུ་བྱེད་པའི་རྒྱུ། །མིག་གི་ཕྱག་རྒྱར་ཤེས་པར་བྱ། །གཡས་བརྐྱང་བ་དང་གཡོན་བརྐྱང་དང་། །གཡས་བརྐྱང་བསྐུམ་དང་གཡོན་བརྐྱང་བསྐུམ། །ཧཱུྃ་ཞེས་སྔགས་དང་ཕྱག་རྒྱར་ལྡན། །རྡོ་རྗེ་འཆང་བའི་རྣལ་འབྱོར་པའོ། །གཙོ་ བོའི་སློབ་དཔོན་གཞན་གྱིའོ། །པུས་སྟབས་ཙོག་པུའི་རྐང་སྟབས་དང་། །བསྐོར་བའི་སྟབས་དང་བཟློག་པའི་སྟབས། །ཨོཾ་ཧཱུྃ་ཕཊ། ཤར་སྒོའི་འོ། །པུས་རེག་སྟབས་དང་གཡོན་འདེགས་སྟབས། །བསྐོར་སྟབས་སེང་གེའི་མཆོང་སྟབས་སོ། །ཨོཾ་ཧཱུྃ་ཨཱཿཕཊ། ལྷོ་སྒོའི་འོ། །གཡས་བརྐྱང་བ་ དང་གཡོན་བརྐྱང་དང་། །ས་ག་ཟླུམ་པོའི་རྐང་སྟབས་སོ། །ཨོཾ་ཧཱུྃ་ཨཱཾ་ཨཱཾ་ཨཱཾ་ཕཊ། ནུབ་སྒོའིའོ། །མཐུན་པའི་སྟབས་དང་མི་མཐུན་སྟབས། །གཅིག་བསྡུས་གཡོན་བརྐྱང་རྐང་སྟབས་སོ། །ཨོཾ་ཧ་ན་མཱ་ར་དུཥྚཱན། གྷཱ་ཏ་ཡ་གྷཱ་ཏ་ཡ་ཨ་ཨ་ཧཱུྃ་ཧྲཱིཿཕཊ། བྱང་སྒོའི་སློབ་དཔོན་གྱི་སྟོང་སྟབས་དང་སྔགས་ སོ། །འདོད་པའི་དོན་གྲུབ་བྱ་བ་དང་། །བགེགས་ཀྱི་བར་ཆད་ཞི་བྱའི་ཕྱིར། །སྔགས་དང་ཕྱག་རྒྱས་ལྷ་ལ་སོགས། །གཡས་བརྐྱང་བཀུག་ལ་གཏོར་མ་སྦྱིན། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །ས་གདུགས་དང་ནི་པདྨ་སྦྲེལ། །རོ་ཙ་ན་དང་དཀར་ པོ་བརྐྱང་། །དཀར་པོ་བཀུག་ནས་འདྲེན་པ་ནི། །ལྷ་དང་ལྷ་མིན་གྲུབ་པ་དགུག །ཨོཾ་ཨཱཿབཱ་ཧ་ནི་མ་ཧཱ་བཱ་ཧ་ནི་པྲེ་ཏ་བཱ་ཧ་ནི་སཱུརྱ་ཙནྡྲ། སིདྷ་མུ་ཁི་ཛ་ཡ་རཱ་ཛཱི་སོ་མ་རཱ་ཛཱི། ཨུ་མ་དེ་བི་གངྒ་མ། སུ་རཱུ་པཱི་ཏཱ་ར་ཡ། སཾ་གྷ་གྲ་ཧཱ་ན་སརྦེ། ག་ཎ་པ་ཏི། ཀཱ་རི་ཏི་ཀ་ཡ་ཤྲཱི་ས་སི་དེ་བི། ཨ་ག་ལོ་པ་ག་ལ། ཨ་སུ་ རཱ་སུ་རཱ་ཛ་ཡོ། །པུཀྐ་སཱི་མ་ཧཱ་པུཀྐ་སཱི། ཧཱུྃ་ཧོ་ཧོ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། ས་མ་ཡཱ་དྷི་པེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཛ་སྭཱ་ཧཱ། སྤྱན་དྲང་བའི་སྔགས་དང་ཕྱག་རྒྱའོ། །ཨོཾ་བ་ཏ་ལི་བ་ཏ་ལི་མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཧཱུྃ། བྷཀྵ་ཡ་བྷཀྵ་ཡ། ས་མ་ཡ་ཏིཥྛ་ཛ་རྫུ་ཕྲུཾ་ཕཊ་སྭཱ་ཧཱ། སྔགས་འདིས་སྤྱན་དྲང་ཕྱག་རྒྱ་ལས། །མཛུབ་ བཅིངས་སེ་གོལ་གསུམ་བརྡབས་གཏང་། །མཉེས་པར་བྱེད་པའི་སྔགས་དང་ཕྱག་རྒྱའོ། །དྲི་ཡི་དཀྱིལ་འཁོར་གྲུ་བཞི་པ། །མེ་ཏོག་དཀར་པོ་དགྲམ་པར་བྱ། །ཤཱ་ལིའི་བཟའ་བ་རྒྱ་ཆེན་པོ། །བུ་རམ་ཞོ་དང་འབྲས་ཆན་མར། །མར་མེ་སོགས་མཆོད་རོལ་སྟབས་ཀྱིས། །ཤར་སྒོ་བ་ཡི་གཏོར་མ་ སྦྱིན། ཨོཾ་ཨེ་ཀ་བཱི་ཀེ་སྨ་ཤཱ་ནེ་པ། པརྦ་ཏེ་ཀནྡ་རེ་གྲྀ་ཧེ་གྲཱ་མ་པཱ་ར་ཤེ་པ་ཀྲེ་ཐེ་ཏྲེ་ཤུ་ནྱ་ག་རེ་བི་ཤི་ཥཏ། བྷྭ་ཛྭ་ནེ་སྛ་ལག་ཏེ། མཱ་ཏ་དྷ་ན་བི་ཤེ་ཥ་ཏཿཀྲྀཥྞ་རུ་དྲ་དེ་བ་དཏྟེ། ས་མཱ་ཤྲཱི་ཏ་ཀྲྀཥྞ་ཨཱ་ཀ་རཱ་ལ་བྷི་བཱ་ཙ་ནནྡ་ཏཱི་ཏ་བི་ནཱ་ཡ་ཀ །ཙ་མུཎྜ་གཽ་རཱི་བི་བྷཙྪ། ཨུ་མ་དེ་བཱི་ཙ་མ་ཏཱ་ར། ཛ་ཡཱན་ཙ། བི་ཛ་ཡཱ་ཎ་ཙེ་བ། ཨ་ཛི་ ཏ། ཨ་པ་རཱ་ཛི་ཏཱ། བྷ་དྲ་ཀཱ་ལེ་མ་ཧཱ་ཀཱ་ལི་སྠཱུ་ལ་ཀཱ་ལི་ཏུ་ཛོ་གི་ནཱིནྡྲི། ཙནྡྲི་གཽ་རཱི། དུཥྚ་ལཾ་བ་ཀི། ཏྲི་ད་ཤི་ཤྭ་རི་ཀཾ་བོ་ཙི་དཱ་པཱི་ཙུཾ་པི་ནྱཱ་གྲཱ་མཱ་ཝསྠི་ཏ་ཡོ་གི་ནི་གྷོ་ར་རཱུ་པི། མ་ཧཱ་རཱུ་པི། དཾ་ཥཱ་རཱུ་པི། ཀ་པཱ་ལི་མཱ་ལཱ་མཱ་ལི་ནྱ་ཁ་ཌངྒི་ན། མ་ཧཱ་དྷི་ཀ །ཁངྒ་པ་ར་ཤུ་ཧ་ཏ་ཡ། བཛྲ་ཧསྟ། དྷ་ནུ་སྟ་ཐཱ། མ་ཧཱ་སུ་ཁ་ མ་ཧཱ་བཛྲ་སརྦྦ་ཀརྨ་མཱ་ནུ་སཱ་དྷ་ཀ། ཡོ་ག་མཎྜལ་མ་ཧཱ་རཱ་ཛཱ། བཛྲཱ་དྷ་པ་ཏི་བྲ་བྷུ་ཐ། ཏ་ཐཱ་ག་ཏ་མ་ཧཱ་ལ་ལ་ནི་རཉྫ་ཡོ་གི་དྷྲྀཥྚི་ཀཱ། ཨི་དཾ་མ་ཧཱ་སུ་ཁ་ཨཛྙེ་ནཱ། ཨ་བ་ཧ་ནཾ་སརྦྦ་སརྦི་ཎི། ཨོཾ་ཀཀྐ་ཌྷ་ན། བབྦནྡྷ་ན། ཁཁྑཱ་ནི། སརྦྦ་དུཥྚཱ་ཎཱཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཛཿསྭཱ་ཧཱ། རྡོ་རྗེའི་སྟབས་དང་སྔོན་ཕྱག་རྒྱར། ། བཅས་པའི་སྔགས་ཀྱིས་སྤྱན་དྲང་སྟེ། །ཁམས་གསུམ་རྣམ་རྒྱལ་བཅིངས་ནས་ནི། །མཛུབ་གཉིས་ལུ་གུ་རྒྱུད་བྱས་ལ། །ཨོཾ་དྲྀཥྚི་ཧཱུྃ་ཧཱ་བྷཀྵ་བྷཀྵ་ཕཊ་སྭཱ་ཧཱ། །སྔགས་དང་ཕྱག་རྒྱ་འདྲི་མཉེས་བྱ། །སེ་གོལ་གསུམ་གྱིས་འདིས་མཉེས་བྱ། །ཙནྡན་དམར་པོའི་ཆུ་ཡིས་ནི། །ཕྱི་རོལ་ དཀྱིལ་འཁོར་གྲུ་གསུམ་བྱ། །དེར་ནི་མེ་ཏོག་དམར་པོ་དགྲམ། །ཉ་སྐམ་ཤ་སྐམ་སྒོག་པ་ཁྲག །ཏིལ་ཕྱེ་བག་ཕྱེ་འབྲས་སྲན་ཆན། །ཁྱད་པར་བདུད་རྩི་ལྔ་སོགས་དང་། །རྣམ་པ་སྣ་ཚོགས་བཟའ་བ་རྣམས། །ལྷོ་སྒོ་བ་ཡི་གཏོར་མ་ཡིན། །ཨོཾ་མ་ཎི་བྷ་དྲ། པུརྞྞ་བྷ་དྲ། སུ་བྷ་དྲ། ཛ་ཡ་བྷ་དྲ། ནནྡ་ཀཱི་ལ། མ་ཧཱ་ཀི་ལ། སུ་ཀཱི་ལ། པདྨ་ཤི་ཀ །ཤཾ་ཁ་ཤི་ཀ་ན་ཊ། མ་ཧཱ་ན་ཊ། བྷེ་ད་ནཱི། ཙྪེ་ད་ནཱི། པུ་ར་ནཱི། དྷ་ན་དྷ་སུ་དྷ་ན། སུ་རཱུ་པ། ཀེ་ལི་མ་ཧཱ་ཀེ་ལི། ཧ་སི་ཏ། ཀྲཱྀ་ཌི་ཏ་བཀྵི་པ། སུ་ཤྲཱི་ཡ་རཱུ་པ་ཀནྟི། ཨི་དཾ་བཛྲེ་ཤྭ་རཱ་གེ་ནཱ་ཝ་ནཾ། ཡཀྵ་ཡཀྵ་ནི། ཧཱུྃ་ཨ་བ་ཏ་ར་ཨ་བ་ཏ་ར། པ་ཏ་ལི་པ་ཏ་ ལི། བཱཀྵ་པྲྀ་ཡེ་ཡོ་གཱི་ནི། ཧཱུྃ་ཧཱུྃ་ཧཱུྃ་ཕྲུཾ་སྭཱ་ཧཱ། ཁུ་ཚུར་གཉིས་སྦྱར་དམ་བཅིངས་ཏེ། །སྙིང་གའི་གནས་སུ་མནན་པར་བྱ། །སྤྱན་དྲང་བའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་བཅིངས་བསྐོར་སྙིང་གར་གཞག །སྔགས་འདིས་མཉེས་པར་བྱས་ལ་གཏང་། །ཨོཾ་ད་ནཱ་དྷི་པ་ཏི་པ་ད་ ལི་ཕྲུཾ་སྭཱ་ཧཱ། དཀྱིལ་འཁོར་དམར་པོ་མངོན་བྱས་ཏེ། །མེ་ཏོག་དམར་དང་སེར་པོས་མཆོད། །བདུད་རྩི་ལྔ་དང་ལྡན་པའི་ཟས། །སྣ་ཚོགས་ཀྱིས་བཀང་སྣོད་བཞག་སྟེ། །ཟླུམ་པའི་སྟབས་ཀྱིས་སྔགས་བཟླས་ཏེ། །ནུབ་སྒོར་གནས་པའི་གཏོར་མ་ཡིན། །ཨོཾ་ཨ་ནནྟ། བ་སུ་ ཀི། ཏཀྵ་ཀ །ཀརྐོ་ཊ། པདྨ། མ་ཧཱ་པདྨ། ཤཾ་ཁ་པཱ་ལ། ཀུ་ལི་ཀ་པཱ་ལ། དེ་བ་ཏི། མ་ཧཱ་དེ་བ་ཏི། སོ་མ་ཤ་ཁཱི། དཎྚ་དྷ་ར། མ་ཧཱ་དཎྜ་དྷ་ར། ཨ་པཱ་ལ་ལ། ཧུ་ལུན་དཱ་ནནྡོ་པ་ནནྡ། སཱ་ག་ར། མ་ཧཱ་སཱ་ག་ར། ཏཔྟ་མ་ཧཱ་ཏཔྟ། ཤྲཱི་ཀཱནྟི། མ་ཧཱ་ཀཱནྟི། རཏྟ་ཀནྟི། སུ་རཱུ་པ། མ་ཧཱ་སུ་རཱུ་པ། བྷ་དྲ་ཧི་ཀཾ། མ་ཧོ་རཱ་ག །ཤི་ལི། མ་ཧཱ་ཤི་ལི། ཨོཾ་བྷཀྵ་བྷཀྵ། ཨཱ་གཙྪ། ཨཱ་གཙྪ། མ་ཧཱ་ནཱ་ག། ཨ་དྷི་པ་ཏི་སརྦ། བྷུར་བྷུ་བ་ཕྲུཾ་ཕུ་སྭཱ་ཧཱ། ཟླ་བའི་ཁུ་ཚུར་ཉིད་བྱས་ཏེ། །ས་གདུགས་དང་ནི་རྣམ་ཤེས་བརྐྱང་། །ཉི་མའི་ལག་པ་བརྐྱང་བྱས་ཏེ། །སྦྲུལ་མགོ་གདེངས་པ་ལྟ་ བུར་བྱ། །ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕྲུཾ་ཕྲཾ་སྭཱ་ཧཱ། སྔར་གྱི་ཕྱག་རྒྱ་སེ་གོལ་བཅས། །སྔགས་འདི་ཡིས་ནི་གཏོར་མ་སྦྱིན། །ཙནྡན་དཀར་པོའི་དཀྱིལ་འཁོར་ལ། །མེ་ཏོག་དཀར་པོ་དང་ལྡན་པར། །འོ་མ་དང་ནི་མངར་གསུམ་གྱིས། །གང་བའི་སྣོད་ནི་ གཞག་པར་བྱ། །མཐུན་པའི་རྐང་སྟབས་ཀྱིས་ནི་བྱ། །བྱང་སྒོ་བ་ཡི་གཏོར་མ་ཡིན། །འབྱུང་འཇུག་ལ་ནི་རྡུལ་ཚོན་དང་། །ཐིག་འགོམས་ཉེས་པས་འཇིགས་པའི་ཕྱིར། །རྡོ་རྗེ་ཤུགས་ཀྱིས་ཚོན་དང་ཐིག །ཡིད་ཀྱིས་རྡོ་རྗེ་གདེག་པར་བྱ། །ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། ནམ་ མཁའ་ལ་རྡུལ་ཚོན་དང་ཐིག་གདེགས་པའི་སྔགས་སོ། །དྲི་ཡི་ཆུ་ཡི་དཀྱིལ་འཁོར་དུ། །ལྷ་ཡི་གནས་ནི་སོ་སོ་བར། །དེ་གདན་ཡང་དག་གནས་པ་ལ། །དེ་དག་མཚན་མ་ཡང་དག་བྲི། །གང་དག་འཁོར་ལོ་ཡོངས་རྫོགས་པ། །མཚོན་པས་རྫོགས་པར་བྱ་ཆེད་དུ། །བདེ་ གཤེགས་ཇི་ལྟར་གསུངས་པ་ཡིས། །སྤོས་རྣམས་ཕྱོགས་སུ་ངེས་པར་དབུལ། །ཙནྡན་དང་ནི་གུར་གུམ་ཉིད། །བྲག་ཞུན་དེ་བཞིན་འདོད་མ་ཡིན། །རྫས་འདི་དག་གི་བདུག་སྤོས་ཆེ། །མི་བསྐྱོད་པ་ལ་རབ་ཏུ་དབུལ། །ཀ་ཙོ་ར་དང་ཙོ་རི་ཀ། །གསུམ་པ་ཛཱ་ཏི་ཀོ་ཤ་སྟེ། །དངོས་ གྲུབ་བསྐྱེད་པའི་སྤོས་འདི་དག །ཕན་པ་ལ་ནི་སྦྱར་བར་བྱ། །ཀུན་དུ་རུ་དང་པོ་ལ་ཀ །རི་དགས་ལྟེ་བ་སེན་མོ་ནི། །དངོས་གྲུབ་རབ་ཏུ་སྒྲུབ་པ་ཡི། །སྤོས་ནི་རིན་ཆེན་རྒྱལ་པོ་ཡིན། །ཨ་རུ་ར་དང་བུ་རམ་དང་། །ཤ་ཐིའི་དྲི་དང་ཤ་ཐི་ཉིད། །ཤ་ལི་ཀ་དང་སིཧླ་ཀ །འཇིག་རྟེན་ མགོན་གྱི་བདུག་པ་འདི། །གསུངས་དང་མ་གསུངས་པ་ཡི་དྲི། །དྲི་ཡི་བསྟན་བཅོས་ལས་ཤེས་པ། །སྤོས་འདི་རྟ་ཡི་རྒྱལ་པོ་སྟེ། །དེ་དག་མཆོད་པའི་སྒྲུབ་པ་ཡིན། །དེ་ནས་བདུད་རྩི་འཁྱིལ་བཟླས་པའི། །དྲི་ཆུས་དཀྱིལ་འཁོར་གཏོར་ནས་ནི། །བསྲུང་བ་བྱས་ཏེ་ ཕྱིར་བྱུང་ནས། །བུམ་པ་ལ་སོགས་སྟ་གོན་བྱ། །ནག་པོ་རྩ་བ་སོགས་ཀུན་སྤངས། །མགྲིན་པ་རིང་བ་ལྟོ་བ་ཆེ། །རྡོ་རྒྱུས་དཀར་པོ་བཏགས་པ་ཡི། །ཆུས་བྱུགས་ཡལ་གས་ཁ་བརྒྱན་པ། །མགུལ་དུ་མཛེས་པའི་གོས་ཀྱིས་དཀྲི། །རིན་ཆེན་འབྲུ་སྨན་སྙིང་པོར་ལྡན། ། རིགས་ཀྱི་མཚན་མས་མཚན་པ་སྟེ། །རྒྱལ་བ་བཞི་ཡི་མཚན་མ་ཡིས། །སྟོང་པའི་ལོགས་བཞི་ལྡན་བྱས་པ། །རྣམ་པར་རྒྱལ་བའི་བུམ་པར་བྱ། །གཞན་ཡང་དེ་འདྲ་འོན་ཀྱང་ཆུང་། །རིགས་ཀྱི་མཚན་མ་རེ་རེ་ཡིན། །བླ་རེ་རྒྱལ་མཚན་མེ་ཏོག་སོགས། །མཆོད་གཏོར་རྒྱ་ཆེན་སྟ་གོན་བྱ། །དེ་ནས་ལུས་ གཙང་དྲི་ཞིམ་བགོ། །དཀྱིལ་འཁོར་ལས་རིག་ཡང་དག་བཅས། །དོ་ཤལ་དཔུང་རྒྱན་རྐང་རྒྱན་དང་། །རྣ་བའི་རྒྱན་དང་གདུ་བུ་དང་། །སོར་གདུབ་སྐ་རགས་ལ་སོགས་པའི། །རྒྱན་རྣམས་ཀུན་གྱིས་བརྒྱན་བྱས་པ། །ཅོད་པན་དམར་པོ་མཛེས་པ་ལ། །ལན་བདུན་བཟླས་ པས་མགོ་བོར་བཅིངས། །དཔལ་ལྡན་རྡོ་རྗེ་དྲིལ་འཛིན་པ། །རྡོ་རྗེ་སེམས་དཔའ་དང་མཚུངས་པས། །བསྐོར་ཞིང་བལྟས་ནས་ཆད་པ་བསྐང་། །ལྷག་པ་དབྱི་ཞིང་སྒོ་དབྱེ་བྱ། །དེ་ནས་བླ་རེ་འོག་གི་ས། །དཀྱིལ་འཁོར་ཕྱི་རོལ་དྲིས་བྱུགས་པའི། །དབང་ལྡན་གྲྭ་ཡི་སྟེང་གནས་ལ། ། བུམ་པ་ལྷག་པར་གནས་པར་བྱ། །ཨོཾ་ཧཱུྃ་སྭཱ་ཧཱ་སྔགས་འདི་ཡིས། །ཅོད་པན་ཁ་རྒྱན་གཞག་པར་བྱ། །ཧཱུྃ་བདུན་བཟླས་པའི་སྲད་བུ་དཀར། །མེ་ཏོག་ཕྲེང་བ་ལྷག་པར་བཅིང་། །ཙནྡན་དཀར་པོའི་དྲི་ཆུར་བཅུག །ཕྲེང་བའི་མགོ་བོ་ལག་བཟུང་ནས། །རྡོ་རྗེའི་དབུས་བཅིངས་སྟེང་བཞག་ ལ། །སྔགས་པས་བདག་པོ་བསྒོམ་བྱས་ཏེ། །གསང་སྔགས་བརྒྱ་རྩ་བརྒྱད་བཟླས་པས། །ལྷག་པར་གནས་ནས་མདུན་དུ་བྱ། །ཅིག་ཤོས་བུམ་པ་བརྒྱད་པོ་རྣམས། །གཡས་སུ་བསྐོར་ཞིང་གཡོན་པ་ཡིས། །དེ་མཚན་བདག་པོའི་གསང་སྔགས་ཀྱིས། བརྒྱ་ལས་བརྒྱད་ནི་ལྷག་པར་ བཟླས། །དེ་ནས་སློབ་མ་ལ་སོགས་པ། །བསང་ཕྱིར་འཁྱིལ་བའི་བུམ་པ་ལ། །བདུད་རྩི་འཁྱིལ་པའི་གཟུགས་བྱས་ཏེ། །དེ་ཡི་གསང་སྔགས་འབའ་ཞིག་ལ། །བརྒྱ་རྩ་བརྒྱད་དུ་བཟླས་བྱས་ནས། །ཤར་གྱི་སྒོ་དང་ཉེ་བར་གཞག །ཤར་གྱི་གནས་སུ་གནས་ནས་ནི། །ལྷ་ཡི་རྣལ་འབྱོར་ཤིན་ཏུ་ ལྡན། །དཀྱིལ་འཁོར་བསྒྲུབ་པའི་ལྷ་མཆོད་ཕྱིར། །འདིར་ནི་མཆོད་པའི་བསྒྲུབ་པ་བྱ། །རྡོ་རྗེ་སློབ་དཔོན་བསམ་ཇི་བཞིན། །འཇིག་རྟེན་སྤྱོད་པའི་རྗེས་ཞུགས་ནས། །མཆོད་ཡོན་སྣོད་ལ་སོགས་པ་རྣམས། །གནས་ཇི་ལྟ་བར་གཞག་པར་བྱ། །དང་པོར་དག་བློ་གསང་སྔགས་ཀྱིས། ། མཆོད་ཡོན་ལ་སོགས་བསང་གཏོར་བྱ། །ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ། འབྲས་བུ་མེ་ཏོག་ལ་སོགས་པ། །དངོས་པོ་སྣ་ཚོགས་བསང་བའི་སྔགས། །ཨོཾ་ཨཱཿསྭཱ་ཧཱ། དུང་ཕོར་སྣོད་ན་གནས་པ་ཡི། །བདུད་རྩི་ལྔ་སྦྱང་གསང་སྔགས་སོ། །ཨོཾ་ཨཱཿཧཱུྃ་ཨ་སྭཱ་ཧཱ། དམ་ཚིག་ གི་ཆུ་བསང་བའི་སྔགས་སོ། །ཨོཾ་ཤྲཱི་ཧཱུྃ་གྷུཾ་ཛྲཾ་སྭཱ་ཧཱ། རྣམ་ཤེས་འཇིགས་པ་སྦྱར་བ་ཡིས། །ལྕགས་ཀྱུ་ལྔ་སྦྱང་གསང་སྔགས་སོ། །དེ་ནས་རང་གཙོའི་སྦྱོར་བདག་ཉིད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཡེ་ཤེས་ཕྱག་རྒྱ་སྙོམས་ཞུགས་ཏེ། །ཏིང་ངེ་འཛིན་ལ་དམིགས་པར་ བྱ། །ཏིང་ངེ་འཛིན་སྤྲོས་སངས་རྒྱས་རྣམས། །རང་རང་མཚན་མར་དགོད་པར་བྱ། །བྱིན་གྱིས་བརླབ་པ་ལ་སོགས་དང་། །དབང་བསྐུར་བར་དུ་ཡོངས་རྫོགས་བྱ། །དེ་ནས་གོས་ཟུང་དང་བཅས་པའི། །སྣོད་རྣམས་ཇི་བཞིན་གནས་པ་ལས། །གོས་དབུལ་ བ་ཡི་སྔགས་ཀྱིས་ནི། །སོ་སོར་ལྷ་ལ་དབུལ་བར་བྱ། །ཨོཾ་བཛྲ་ཝཱསྟྲ་ས་སྭཱ་ཧཱ། །སྔར་བསངས་བྱས་པ་གཙང་མ་ཡི། །མཆོད་ཡོན་ལ་སོགས་མཆོད་པར་བྱ། །དེ་ནས་བསྟོད་པ་ངེས་བརྗོད་དེ། །བདུད་རྩི་མྱང་ཞིང་དགྱེས་པར་བྱ། །མེ་ཏོག་འདི་ནི་བཟང་ཞིང་དགེ །དག་པའི་སྐྱེ་ གནས་ལས་དག་པ། །བདག་གི་དད་པས་དབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ནགས་ཚལ་ལས་བྱུང་རོ་ཡི་མཆོག །གང་ཞིག་དྲི་ཡི་བདུག་སྤོས་མཆོག །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །སྲིན་པོ་ འཇོམས་ཤིང་དག་བྱེད་པ། །དགེ་ཞིང་མུན་པ་རྣམ་སེལ་བ། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ལྷན་ཅིག་སྐྱེས་དང་སྦྱར་བའི་དྲི། །ཤངས་ལ་ཚིམ་བྱེད་དག་པའི་དྲི། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་ བདག་ལ་དགྱེས་པར་མཛོད། །ལྷ་བཤོས་གཙང་མ་ཐམས་ཅད་ནི། །བཟའ་དང་བཅའ་བའི་བྱེ་བྲག་བཅས། །ཁ་དོག་དྲི་དང་རོར་ལྡན་པ། །འབུལ་གྱིས་སོ་སོར་བཞེས་སུ་གསོལ། །ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་བྷཀྵ་ཤྲཱིཾ་ཤྲཱིཾ་སྭཱ་ཧཱ། །ལྷ་བཤོས་འབུལ་བའི་སྔགས་སོ། །ཨོཾ་ཛཾ་སྭཱ་ཧཱ། འབྲས་ བུ་ཐམས་ཅད་དབུལ་བའི་སྔགས་སོ། །ཨོཾ་ཤྲཱི་ཧཱུྃ་གྷུཾ་ཛྲཾ་སྭཱ་ཧཱ། །ལྕགས་ཀྱུ་ལྔ་དབུལ་བའི་སྔགས་སོ། །སངས་རྒྱས་ཐམས་ཅད་རབ་བསྒྲུབ་པ། །མཆོད་པ་ཉི་ཤུ་བྱ་བ་ནི། །ཧཱུྃ་གི་དམ་ཚིག་ལས་བྱུང་བ། །རང་གི་ཕྱག་རྒྱས་ཐམས་ཅད་དབུལ། །སྒེག་པའི་ལག་པས་སྒེག་པར་བྱ། ། ཕྲེང་བ་ཕྲེང་བའི་མཁའ་འགྲོ་མའི། །གླུ་ནི་ཧཱུྃ་གི་དམ་ཚིག་གིས། །གར་ནི་རྡོ་རྗེ་རྐང་པས་བྱ། །དེ་ལྟར་པི་ཝང་གླིང་བུ་སོགས། །མཆོད་པ་བློ་དང་ལྡན་པས་བྱའོ། །དེ་བཞིན་མེ་ཏོག་མར་མེ་དང་། །སྤོས་སོགས་དངོས་མང་ཚོགས་རྣམས་དང་། །སྣ་ཚོགས་གོས་དང་བླ་རེ་དང་། །དྲིལ་བུ་ རྔ་ཡབ་མཛེས་པ་དང་། །བྲན་པོ་བྲན་མོ་བཞོན་པ་དང་། །རྟ་དང་གླང་པོ་ལ་སོགས་དབུལ། །བདེ་གཤེགས་གསུངས་པའི་དགའ་སྟོན་ཆེ། །དཀྱིལ་འཁོར་སྙིང་པོའི་ནང་ཕུལ་བས། །དེ་ཉིད་དོན་ལས་མ་འདས་ཤིང་། །དོན་ཤེས་པ་ཡི་འཁོར་ལོ་དགྱེས། །རྡོ་རྗེ་དྲིལ་བུ་མ་སྤངས་ པར། །བསྟོད་བྱ་བཀྲ་ཤིས་གླུ་བླང་བྱ། །ཧཱུྃ་ཧཱུྃ་ཧཱུྃ། དེ་བ་དྷ་རུ་སཾ་ས་ར། དྷ་རུ་དྷ་ན་དྷ་ལི་ག་ན། ཛཽ་དྷ་རུ་ཧེ་བཛྲ་ཏུ་ཧཱུྃ། ཏེ་ན་ཧཱུྃ། ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། སུ་ར་ན་ར་བནྟི་ཏ་ཙ་ར་ཎ་དྷ་རུ་ཀུ་སུ་མ་བི་མན་མ་ཐ་རོ་ཥ་ཀ་རུ་ཧེ་བཛྲ་ཏུ་ཧཱུྃ། ཏེ་ན་ཧཱུྃ། ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། བྷ་བ་བི་མུཏྟི། བི་ཤེ་ཤོ་གུ་ཧྱ་ནི་ གུ་ཛི། ཨ་ཨེ་ར་མ་ར་མ་ཧེ་བཛྲ་ཏུ་ཧཱུྃ། གྷུ་ཧྱ་ན་པི་ཊི་ཨ་ག་ཛུ་ཏུ་ཧཱུྃ། རླུང་མེའི་དཀྱིལ་འཁོར་ལ་གནས་པ། །ཨོཾ་གྱིས་བྱིན་བརླབས་བདུད་རྩི་ལྔ། །རབ་སྤར་རྗེས་སུ་ཡེ་ཤེས་ཀྱི། །བདུད་རྩིར་བསམ་ཞིང་ཡིག་གསུམ་བཟླ། །ནང་བཞུགས་ཐུབ་དབང་དཔག་མེད་པ། །ཧཱུྃ་ བྱུང་རྡོ་རྗེ་བཅས་པའི་ལྕེས། །སྙིང་གའི་ཟླ་བར་རྒྱལ་བ་ཡི། །དཀྱིལ་འཁོར་མ་ལུས་ཚིམ་པར་བྱ། །དྲན་པ་མ་ཉམས་རྣལ་འབྱོར་པས། །ཐམས་ཅད་བྱང་ཆུབ་རབ་བསྒྲུབ་ཕྱིར། །བཤད་དང་མ་བཤད་པ་ཡི་གར། །རྡོ་རྗེའི་གོམ་པས་བྱ་བ་ཡི། །མཆོད་དང་བསྟོད་པ་ཉེར་སྤྱོད་ སོགས། །ཕུལ་ནས་ལྷ་རྣམས་མཉེས་པར་བྱ། །སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ། །བཞག་ནས་ཕྱིར་དབྱུང་ཆོས་སྐྱོང་ལ། །འབྲས་དང་ཉ་དང་ཤ་ལ་སོགས། །ཆང་དང་བཅས་པའི་གཏོར་མས་མཆོད། །སླར་ཡང་ནང་ཞུགས་རྣལ་འབྱོར་ལྡན། །མ་དག་ཉེས་པ་ཞི་ བྱའི་ཕྱིར། །དཀྱིལ་འཁོར་ཀུན་དུ་བསྐོར་བྱས་ཏེ། །དེ་རུ་མཚན་མོ་རྫོགས་པར་བྱ། །དཀྱིལ་འཁོར་བདག་པོས་སྔ་དྲོ་ནི། །ཕྱི་རོལ་སླར་ཡང་བྱུང་ནས་ནི། །རྒྱས་པའི་སྦྱིན་སྲེག་བྱས་པ་ཡིས། །དཀྱིལ་འཁོར་འཁོར་ལོ་རབ་ཏུ་མཆོད། །རྒྱས་པར་བྱ་ བའི་དོན་གྱི་ཕྱིར། །འཆད་པར་འགྱུར་བའི་ཆོ་ག་ཡིས། །ཡན་ལག་ལ་མཁས་ཡན་ལག་བཅས། །རྒྱས་པའི་སྲེག་རྫས་བསྲེག་པར་བྱ། །དཀྱིལ་འཁོར་སྒོ་ཡི་ཕྱི་རོལ་དུ། །སློབ་མ་གཞག་ནས་དེ་གཞུག་ཕྱིར། །ནང་ཞུགས་མཆོད་པ་ཆེར་བྱས་ནས། །འཁོར་བདག་དབང་ བླངས་བདེན་པ་བརྗོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་ བར་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །དཀྱིལ་འཁོར་བདག་པོའི་ཞལ་བྱུང་བའི། །ཚིགས་སུ་བཅད་པ་གཉིས་ཀྱིས་བསྐུལ།