Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 9
Văn bản gốc(Tây Tạng)
Trang 5 / 22 (50.000 ký tự/trang)
ེས་བྱ་བ་ལ་ སོགས་པ་གསུངས་ཏེ། སྤྲོ་བ་དང་བསྡུ་བ་སྔོན་མ་ཅན་གྱི་སྔགས་ཀྱི་བཟླས་པ་བྱ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་ཡི་གེ་གསུམ་པོ་རྣམས་ལས་དེ་བཞིན་གཤེགས་པ་རྣམས་དཔལ་ཧེ་རུ་ཀའི་གཟུགས་སུ་ཕྱི་རོལ་དུ་སྤྲོ་ཞིང་སྤྲོས་ནས་ཡང་དག་པར་མཆོད་དེ། ཡི་གེ་གསུམ་གྱིས་ སྔགས་ཀྱི་སྐུའི་གཟུགས་ཀྱིས་ཡོངས་སུ་གྱུར་པ་དེ་རྣམས་སླར་ནང་དུ། རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལ་རབ་ཏུ་གཞུག་པར་བྱའོ། །དེ་ལྟར་སྤྲོ་བ་དང་བསྡུ་བ་བྱས་ནས་སྔགས་བཟླས་ཏེ་ཡི་གེ་གསུམ་གྱི་སྔགས་བཟླའོ། །རབ་ཏུ་བྱ་ནི། རབ་ཏུ་གྱིས་ཤིག་སྟེ། འཇུག་ པ་དང་། གནས་པ་དང་། ལྡང་བའི་རིམ་པས་བརྟན་པ་སྟེ་ཉིན་མཚན་རྟག་ཏུའོ། །རྩེ་གཅིག་སེམས་ཀྱིས་ཞེས་པ་འདིས་ནི། ནང་གི་ཐུན་མཚམས་དྲན་པ་དང་བྲལ་བ་ཁྲི་ཕྲག་གཉིས་ལ་སོགས་པའི་གྲངས་ཀྱི་རིམ་པ་བཤད་པ་ཡིན་ནོ་ཞེས་པ་ནི་སྔགས་བཟླས་པའོ། །ཡེ་ཤེས་ སེམས་དཔའི་སྙིང་ཟླར་གནས། ཞེས་པ་ལ་སོགས་པ་ལ། རྣལ་འབྱོར་པས་བྲང་ལ་གནས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཐིག་ལེ་གང་ཡིན་པ་འདིའོ། །དེ་ལ་ས་བོན་ནི་ཧེ་རུ་ཀར་བཤད་དེ། ཐིག་ལེ་དེར་སོང་བ་སྟེ་ཞུགས་པས་གནས་པའོ། ། སྔར་བཤད་པའི་ཡི་གེ་གསུམ་གྱི་སྔགས་སུ་ལྡང་བས་སླར་སྤྲོ་བར་བྱ་ཞེས་དགོངས་པ་ཡིན་ནོ། །འདིར་མན་ངག་ནི། དཔྲལ་བ་དང་། མགྲིན་པ་དང་སྙིང་གར་གནས་པའི་ཨོཾ་ཨཱཿཧཱུྃ་ཞེས་པ་ནི་ཁམས་གསུམ་པ་སྟེ། ཡིད་ཆེས་མཚན་མ་སྐུ་དང་གསུང་དང་ཐུགས་སུ་རྣམ་པར་བརྟག་ཅིང་། ཡེ་ཤེས་ སེམས་དཔའི་སྙིང་ག་ལས་ལྡང་བ་གང་ཡིན་པའི་ཤེས་རབ་ཀྱི་འོད་ཟེར་གྱི་རེ་ཁཱ་ཐུར་སེལ་དང་སྦྱོར་བས་བཀུག་སྟེ་རིམ་གྱིས་ཨོཾ་ཡིག་ནི་ཨཱཿཡིག་ལའོ། །ཨཱཿཡིག་ནི་ཧཱུྃ་ཡིག་ལའོ། །ཧཱུྃ་ཡིག་ཀྱང་ཡེ་ཤེས་སེམས་དཔའི་ནང་དུ་ཏིང་ངེ་འཛིན་སེམས་དཔར་བརྗོད་པའི་ས་བོན་ལ་བཅུག་ ནས་དེ་ཡང་རིམ་གྱིས་ཨཱཿཡིག་ནི་ཧ་ཡིག་ལ་སྟེ། ཧ་ཡིག་ནི་མགོ་བོ་ལའོ། །དེ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་ཐིག་ལེ་ལའོ་ཞེས་པ་ཐིག་ལེ་འབའ་ཞིག་གི་ཆ་རང་བཞིན་གྱིས་འོད་གསལ་བ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ཆོས་ཀྱི་སྐུར་རྣམ་པར་བསྒོམས་ནས། སླར་ཡང་ ཐིག་ལེ་ཙམ་དེ་ལས་འགྲོ་བའི་དོན་བྱེད་པའི་སླད་དུ་རིམ་གྱིས་སྣང་བརྙན་ཙམ་གྱི་ཐུགས་དང་གསུང་སྐུར་སྣང་བའི་གར་མཁན་སྔགས་ཀྱི་སྐུས་སྤྲོ་བར་བྱ་ཞེས་པའོ། །རང་བཞིན་ལས་ཏེ་ངོ་བོ་ཉིད་དྲན་པ་ལས་རང་བཞིན་གྱི་བཟླས་པ་ཁོང་དུ་ཆུད་པར་བྱ། སྔགས་ཕྲེང་ཞེས་པ་ལ་སོགས་པ་ ལ། དགོངས་པ་ནི་འདི་ཡིན་ཏེ། རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་འོད་ཀྱི་སྒྲོན་མ་རྣམས་ཀྱིས་རྣམ་པར་ཁྱབ་པར་བྱས་པས་ཀྱང་། སེམས་ཅན་གྱི་ཁམས་མ་ལུས་པ། མ་ལུས་པའི་ཉོན་མོངས་པས་བསྒྲིབས་པར་མཐོང་ནས། རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་ སྔགས་ཀྱི་ཕྲེང་བའི་ནང་དུ། འོད་གསལ་བའི་ཡེ་ཤེས་ཀྱི་ཡོན་ཏན་གྱིས་འབར་བའི་ཨོཾ་དེ་ཝ་པི་ཙུ་བཛྲ་ཞེས་པ་ལ་སོགས་པའི་ཡི་གེའི་ཕྲེང་བ་ཞི་བ་ལ་སོགས་པའི་ལས་རབ་འབྱམས་གྱི་གཟུགས་དང་ཁ་དོག་གོ། །འདི་རྣམས་ཉིད་སེམས་ཅན་ཀུན་གྱི་དོན་བྱེད་པ་ཅན་ཏེ། ཕྱི་རོལ་དུ་ སྤྲོས་ནས་སེམས་ཅན་གྱི་བྱ་བ་བྱའོ་ཞེས་པ་འདིས་ཕྱི་རོལ་དུ་འགྲོ་བ་སྟེ་སོང་བའོ། །སྔགས་ཀྱི་དོན་རྣམ་པ་བཞི་ཤེས་པའི་རྣལ་འབྱོར་པས་སྲོག་དང་ཐུར་སེལ་གྱི་རླུང་དག་ཤིན་ཏུ་བསྡམ་པ་སྟེ། བཅིང་བར་བྱས་ནས་སླར་སྤྲོ་བར་བྱ་ཞིང་རང་གི་སྙིང་གར་གཞུག་པར་བྱའོ་ཞེས་པའི་ དོན་ཏོ། །རྣམ་པ་གཞན་དུ་ན་རྣལ་འབྱོར་པ་འཆི་བར་འགྱུར་རོ་ཞེས་པ་དམ་ཚིག་གི་བཟླས་པར་ཁོང་དུ་ཆུད་པར་བྱའོ། །བཟླས་པ་བྱས་ནས་ཞེས་པ་ལ་སོགས་པ་ལ། །དེ་ལྟར་བཟླས་པའི་རྣམ་པ་རྣམ་པ་གསུམ་བྱས་ནས་བསོད་ནམས་བསགས་པར་གྱུར་པ་གང་ཡིན་པ་དེ་ཐམས་ ཅད། སེམས་ཅན་རྣམས་ཀྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པའི་ཕྱིར་དུ་ཡོངས་སུ་བསྔོ་བར་བྱ་ཞིང་གཏོང་བར་བྱའོ། །ཏིང་ངེ་འཛིན་ལས་ལངས་པ་ན། །ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་རྣལ་འབྱོར་པ་ཏིང་ངེ་འཛིན་གྱིས་དུབ་པ་དེའི་ཚེ་བསམ་གཏན་ལས་ལྡང་བ་ན་ཡང་ གཞན་དུ་གཡེང་བ་ཡོངས་སུ་སྤངས་ནས། སངས་རྒྱས་ཉིད་ཐོབ་པར་བྱེད་པའི་སྨོན་ལམ་འཆད་པར་འགྱུར་བ་འདི་ནི་བཀླག་པ་སྟེ་གདོན་པར་བྱའོ། །རིགས་སུ་སྐྱེ་དང་ཞེས་པ་ལ་སོགས་པ་ལ། དེ་ཡང་རིགས་སུ་སྟེ་བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེ་བའོ། །དེ་བཞིན་ དུ་སྨྱོ་མེད་ནི་ངག་ཡོད་པར་སྤྱོད་པ་ཅན་ནོ། །དམ་ཚིག་ཅན་ནི་དམ་ཚིག་གི་བསྙེན་པ་ཅན་ཏེ། རང་བཞིན་གྱི་དོན་བྱེད་པའི་རྒྱུར་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྐྱོང་བར་བྱེད་པའོ། །ཀྱེ་ཡི་རྡོ་རྗེ་སྟོན་ནི་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་ཆོས་ཉིད་ཀྱི་ལམ་སྟོན་པར་བྱེད་པའོ། ། བརྩེར་ལྡན་ནི། སྡུག་བསྔལ་གསུམ་གྱིས་གདུངས་པའི་འགྲོ་བ་རྣམས་ལ་སྙིང་རྗེས་བརླན་པའི་ཐུགས་སོ། །བླ་མར་གུས་ནི། དེ་རྡོ་རྗེ་འཛིན་པ་མངོན་སུམ་དུ་འཛིན་པའོ། །ཡང་གི་སྒྲ་ལས་དགེ་བའི་བཤེས་གཉེན་བཀུར་བར་བྱེད་པའོ། །སྐྱེ་བ་ནས་སྐྱེ་བ་ནི། སྐྱེ་བ་ཐམས་ཅད་དུ་སྟེ། གང་བྱང་ཆུབ་ཀྱི་སྙིང་པོ་ཇི་སྲིད་པའི་བར་དུ་གྱུར་ཅིག་པའོ། །ལག་པས་རྡོ་རྗེ་དྲིལ་བུ་ཞེས་པ་ལ་སོགས་པ་ལ། རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཉེ་བར་མཚོན་པར་བྱེད་པའོ། །དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཏེ། སྙིང་རྗེ་དང་ཤེས་ རབ་དེ་དག་གིས་མཚན་པའི་ལག་པ་གང་གི་ཡིན་པ་དེ་དེ་སྐད་དུ་བཤད་ལ། གཞན་དག་ནི་འཁྲོལ་ཞེས་འདོན་ཏེ། ཟབ་མོའི་ཆོས་ཀློག་པ་ཡང་ངོ་། །བཙུན་མོ་ནི་སྟོང་པ་ཉིད་ཡིན་ལ། དེའི་ཁུ་བ་ནི་བྱང་ཆུབ་ཀྱི་ས་བོན་འབྱུང་བ་ཀུན་དུ་བསྲུང་བའོ། །དེ་ཡང་ དག་པར་འཐུང་བ་ནི་ཡོངས་སུ་ཟ་བ་སྟེ་ཡོངས་སུ་སྐྱོང་བ་ཞེས་བྱ་བའི་ཐ་ཚིག་གོ། །གང་གིས་སྐྱེ་བ་ནས་སྐྱེ་བར་རྣམ་པ་དེ་ལྟ་བུར་གྱུར་ཅིག་པའོ། །དེ་ནས་གཏོར་སོགས་ཆོ་ག་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ནི་དེ་མ་ཐག་ཏུ་འདོད་པའི་དོན་གྲུབ་པའི་ཕྱིར་དང་། བགེགས་ཉེ་བར་ཞི་བའི་དོན་དུ་འབྱུང་པོ་ཐམས་ཅད་ལ་གཏོར་མ་བྱའོ། །སོགས་པའི་སྒྲས་ནི་སྦྱིན་སྲེག་དང་དཀྱིལ་འཁོར་མཆོད་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་བཤད་པའི་རྒྱུད་ཀྱི་རིམ་པས་གཏོར་མ་བརྗོད་པར་བྱ་སྟེ། ནམ་མཁའི་ཕྱོགས་ཀྱི་དབུས་གནས་ པར། །འདབ་བརྒྱད་པདྨ་བསྒོམ་པར་བྱ། །དབང་པོ་ཤར་གྱི་འདབ་མ་ལ། །བསམས་ནས་མཐར་བྱེད་ལྷོ་རུ་དགོད། །ནུབ་ཀྱི་འདབ་མར་ཆུ་ལྷ་སྟེ། །དེ་བཞིན་བྱང་དུ་ནོར་སྦྱིན་ནོ། །མེར་ནི་མེ་ལྷ་ཆེ་དེ་བཞིན། །བདེན་བྲལ་དུ་ནི་རོ་ཟན་ནོ། །རླུང་དུ་རླུང་ལྷ་བསམ་བྱས་ནས། །དབང་ ལྡན་དུ་ནི་འབྱུང་པོའི་གཙོ། །ཟླ་བ་ཉི་མ་ཚངས་ལྷ་སོགས། །མཆོག་གི་ཚངས་པའི་མདུན་ན་འདོན་དང་ནི། །དགའ་ལྡན་དང་ནི་འཐབ་བྲལ་གནས། །རྒྱལ་པོ་ཆེ་ལས་བྱུང་བ་རྣམས། །གཞན་གྱི་སྤྲུལ་པ་འཇུག་པ་དང་། །འཕྲུལ་དགའ་ཡི་ནི་ལྷ་རྣམས་དང་། །གནས་ གཙང་མ་ན་གང་གནས་དང་། །བདེ་བ་ཅན་ན་བདེ་བར་གནས། །འོག་མིན་ན་ནི་གནས་པ་དང་། །དེ་རྣམས་ཐམས་ཅད་སྟེང་དུ་ནི། །བསམ་བྱ་ཆོས་འབྱུང་དབུས་སོན་པ། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་། །དེ་བཞིན་མཐའ་ཡས་ནོར་རྒྱས་ཏེ། །འཇོག་པོ་དང་ནི་རིགས་ལྡན་ཉིད། །པད་ ཆེན་པདྨ་བཟང་པོའོ། །འོག་གི་ཆོས་འབྱུང་རྣམས་སུ་ཡང་། །ལྷ་མིན་དམྱལ་བའི་སེམས་ཅན་རྣམས། །ཨོཾ་ལས་ཚངས་ལྷ་ལ་སོགས་ཏེ། །ཧཱུྃ་ལས་དུམ་བུས་བླངས་པ་སོགས། །ཨཱཿལས་སྟོབས་ཀྱི་རྒྱུ་སོགས་རྣམས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །སྟེང་གི་ལྷ་ རྣམས་དཀར་པོ་སྟེ། །ཚངས་པ་ལ་སོགས་ནག་པོར་སྣང་། །སྟོབས་ཀྱི་རྒྱུ་སོགས་ཆེར་དམར་བ། །རང་འདྲའི་རིག་མ་རྣམས་ཀྱིས་འཁྱུད། །རྡོ་རྗེ་དྲིལ་བུ་ལག་ན་འཛིན། །གཡས་བརྐྱང་གིས་ནི་སྟན་ལ་གནས། །ཚངས་སོགས་རྟག་པས་རྒྱས་གདབ་སྟེ། །མཆོད་སྦྱིན་བརྒྱ་ སོགས་རྡོ་རྗེ་ཅན། །སྟོབས་ཀྱི་རྒྱུ་སོགས་མཐའ་ཡས་ཀྱང་། །ཐམས་ཅད་རིགས་གསུམ་ལས་སྐྱེས་པའོ། །གཽ་རཱི་ཡིས་ནི་དགུག་བྱ་སྟེ། །ཆོམ་རྐུན་མས་ཀྱང་གཞུག་པར་བྱ། །རོ་ལངས་ལྕགས་སྒྲོག་གིས་བཅིང་སྟེ། །ཟ་ནུས་སིལ་སྙན་དྲིལ་བུས་བྱ། །མཆོད་ཡོན་ ཞབས་བསིལ་ཕུལ་དེ་ནས། །སྣ་ཚོགས་གཏོར་མ་འདི་བསྒྲུབ་བྱ། །རླུང་མེའི་དཀྱིལ་འཁོར་བསམ་པར་བྱ། །པདྨ་ནི། ཨ་ལས་བྱུང་བ་འབར་བས་གདུངས་པ་དེར། །བདུད་རྩི་ལྔ་ཡི་ཆ་ཤས་འདི་ཡིས་བསྒྲུབས། །བསམས་ནས་པྲ་ཎ་བ་ཡིས་བྱིན་བརླབས་པའོ། །ཨིནྡ་ཛ་མ་ཛ་ལ་ཛཀྑ་ བྷཱུ་ཏ་བཧྣི་བཱ་ཨུ་རཱཀྑ། ཙནྡ། སུཛྫ། མཱ་ད། བཔྤ། ཏ་ལ་པ་ཏཱ་ལ། ཨཥྚ། སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ་བྷུ་ཉྫ་ཛི་གྷྲ་ཕཱུལླ་དྷཱུཔྤ་མཱཾ་ས་པིཾ་ག །ཨམྦྷ། ཀཱཛྫ། ས་དཱ་ཁནྟི་ཁུ་ཎི། ཕེ་ཊ་གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་གཤེགས་སུ་གསོལ་ བ་ནི། ཨོཾ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ་སུ་ཏོ་ཥྱོ་མེ་བྷ་ཝ། ཤཱ་ཤྭ་ཏོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། ཧྲཱི་ད་ཡ་མེ། ཨ་དྷི་ཏིཥྛ་སརྦྦ་སིདྡྷི་མྨེ་པྲ་ཡཙྪ། སརྦྦ་ཀཱརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱ་ན་སརྦྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་མ་ཧཱ་ ས་མ་ཡ་སཏྭ་ཨཿ དཀྱིལ་འཁོར་དང་སྦྱིན་སྲེག་ལ་སོགས་པའི་ཆོ་ག་རྣམས་ནི། བཟང་པོ་ཡོངས་སུ་འཛིན་པའི་རྗེས་སུ་འབྲངས་ནས་བྱའོ། །ངལ་བསོའི་དོན་དུ་ཞེས་པ་ལ་སོགས་པ་ལ། ངལ་བསོའི་དོན་དུ་སྟེ་ཕྱི་རོལ་གྱི་རྣམ་པར་རྟོག་པའི་དྲ་བ་ལས་ལྡོག་པའི་ཕྱིར་དུ་སྔར་དང་འདྲ་ བར་གོང་དུ་གསུངས་པའི་ཚུལ་གྱིས་བཟླས་པ་རྣམ་པ་གསུམ་པོ་ཐམས་ཅད་དེ། དཀྱིལ་འཁོར་པའི་སྔགས་དང་ལྡན་པའོ། །ཆོ་ག་བཞིན་ནི་མི་ཕྱེད་པའི་ཡན་ལག་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་སྐུ་གཉིས་ཉིན་ མོའི་རང་བཞིན་གྱིས་རྫོགས་པར་ཉེ་བར་བསྟན་ཏོ། །ད་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུར་བཤད་པ། ཆ་ཤས་མེད་པའི་སྟོང་པ་ཉིད་སྣང་བ་མེད་པའི་མཚན་ཉིད། ཐོག་མ་དང་ཐ་མར་དམིགས་པ་མེད་པ། ཤེས་རབ་ཀྱི་རང་བཞིན་མཚན་མོའི་ བརྡས་གསུངས་པ་རྣམ་པར་བསྒོམ་པར་བྱ་བའི་ཕྱིར། ཐུགས་ཀའི་འཁོར་ལོར་འཇུག་པའི་མཐར། །ཞེས་བྱ་བ་གསུངས་ཏེ། ཐུགས་ཀ་ནི་ཡེ་ཤེས་སེམས་དཔའི་ཐིག་ལེའོ། །འཁོར་ལོ་ནི་ཉི་མར་སྤྲོས་པ་སྟེ་དཀྱིལ་འཁོར་གྱི་འཁོར་ལོའོ། །འཇུག་པ་ནི་རབ་ཏུ་གཞུག་པར་ བྱའོ། །མཐར་ནི་ཉིན་མོའི་མཇུག་ཐོགས་སུ་སྟེ། མཚན་མོ་ཤེས་རབ་དང་ཐབས་སུ་གཉིས་སུ་མེད་ཅིང་རོ་གཅིག་པའི་བདག་ཉིད་ཀྱིས་ཉལ་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ཤུགས་ཀྱིས་བླང་བར་བྱའོ། །ཤེས་རབ་ཐབས་བདག་ཅེས་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱིས་ དཀྱིལ་འཁོར་གྱི་འཁོར་ལོའི་ཁྱད་པར་རོ། །བདེ་བ་ཆེན་པོའི་རྒྱུད་ཉིད་ཀྱི་ཕྱིར་བདེ་བ་སྟེ། མར་མེ་ལ་ཚེ་ཞེས་པ་འདིར་ཚེའི་རྒྱུ་ཉིད་ལས་འབྲས་བུ་ལ་ཉེ་བར་བཏགས་པ་ཡིན་ནོ། །ཤེས་རབ་ཐབས་བདག་ཀྱང་དེ་ཡིན་ལ། བདེ་བ་ཡང་ངོ་ཞེས་པ་ལས་འཛིན་པའི་བསྡུ་བའོ། །ཡང་ན། རང་རིག་པའི་བདེ་བ་འབྱུང་བ་ཉིད་ཀྱི་ཕྱིར་ན་དཀྱིལ་འཁོར་ཡང་བདེ་བ་སྟེ། དེ་ལྟར་གསུངས་པ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཇི་བཞིན་ཡེ་ཤེས་བདེ་ཆེན་ཏེ། །དེ་ཉིད་དེ་ལས་རབ་འབྱུང་ཕྱིར། །གཞན་ལས་དཀྱིལ་འཁོར་འབྱུང་བ་ཡིན། །བདེ་བ་དམར་ཞིང་བདེ་བ་སེར། །བདེ་བ་ལྗང་ ཞིང་བདེ་བ་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་འཁོར་ལོའི་རང་རིག་པའི་རང་བཞིན་ཉིད་རིག་པར་བྱས་སོ་ཞེས་པ་ཉལ་བའི་ཆོ་གའོ། །དོན་དམ་པ་ལ་མངོན་པར་འཇུག་པ་ལས་ལྡོག་པ་སྟོན་པར་བྱེད་པ། གླུ་རྣམས་ཀྱིས་བསྐུལ་ཞེས་བྱ་བ་ལ་སོགས་པ་སྟེ། པུཀྐ་སཱི་ལ་ སོགས་པའི་གླུ་རྣམས་ཀྱིས་བསྐུལ་བ་ལས་རབ་ཏུ་སད་དེ། སྔ་བར་སྐྱ་རེངས་ཤར་བའི་དུས་སུ་བཤད་པའི་ཆོ་ག་ལས་ཏེ་སྔར་གསུངས་པའི་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པས་སྟོང་པ་ཉིད་ཀྱི་མཚན་ཉིད་རབ་ཏུ་གསལ་བའི་གཟུགས་ལས་ལོངས་སྤྱོད་ རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཀྱི་རང་བཞིན་ཉིད་ཀྱིས་ལངས་པའི་ཀུན་དུ་སྤྱོད་པས་གནས་པར་བྱ་ཞེས་པའི་དོན་ཏོ། །ནུས་པ་རྙེད་པ་ན་ཞེས་པ་ནི་བསྒོམ་པའི་སྟོབས་ཐོབ་པའོ། །རྫོགས་པར་ནི་ཕྱིར་མི་ལྡོག་ཅིང་ཁ་ན་མ་ཐོ་བ་མེད་པར་སེམས་ཅན་གྱི་དོན་བརྩམ་པ་སྟེ་ བྱའོ་ཞེས་པ་བྱས་ནས་དགེ་ཞིང་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནི་རབ་ཏུ་བྱེད་པ་སྟེ་འདིས་སོ། །དགེ་བ་ནི་མྱ་ངན་ལས་འདས་པའི་རྒྱུའོ། །བདེ་བའི་སྒྲུབ་ཐབས་ནི་དཀའ་བ་མེད་པར་ཡོངས་སུ་བརྟགས་པས་སོ། །བྱང་ཆུབ་སྒྲུབ་པའི་ཐབས་ནི་དེ་ལྟ་བུ་སྟེ་མ་ལུས་པའི་སེམས་ ཅན་གྱི་བདེ་བ་ཆེན་པོ་སྒྲུབ་པར་བྱེད་པ་སྟེ་རང་རིག་པའི་ཡེ་ཤེས་སྒྲུབ་པར་བྱེད་པའོ། །སྒྲུབ་ཐབས་འདི་བྱས་ནས་ཏེ་བགྱིས་ནས་དྲི་མ་མེད་ཅིང་དྲི་མ་དང་བྲལ་བ་ཁ་ན་མ་ཐོ་བ་མེད་པའི་དགེ་བ་གང་ཞིག་ཉེ་བར་བསགས་པའི་དགེ་བ་དེ་ཡིས་འགྲོ་བ་སྟེ་ཁམས་གསུམ་པས་ནམ་ མཁའ་སྟེ་ཀུན་དུ་གསལ་བ་ཐོབ་པར་གྱུར་ཅིག་ཅེས་པ་མཁའ་ལ་སྤྱོད་པའི་གྲུབ་པ་ཐོབ་པར་གྱུར་ཅིག་ཅེས་པའི་དོན་ཏོ། །ཡེ་ཤེས་སྒྲོན་མ་བྲིས་ལས་བདག་གིས་ཉེར་བསགས་དགེ་བ་གང་ཡིན་པ། །བསོད་ནམས་དེ་ཡིས་སེམས་ཅན་ཡེ་ཤེས་སྒྲོན་མ་རབ་ཏུ་འབར་གྱུར་ཅིག ། རྒྱལ་པོ་བྱང་ཆུབ་འོད་ཀྱི་རྗེས་མཐུན་ཁོ་ནར་བདག་གིས་བགྱིས་པ་སྟེ། །དཀའ་འགྲེལ་འདི་ནི་བློ་ཞན་རྟོགས་པའི་རྒྱུ་ནི་ཅི་ཞིག་མིན་པ་ཉིད། །རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྣམ་འགྲེལ་ཁ་ཆེ་དངུལ་གྱི་བུམ་པས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་བཎྜི་ ཏ་ཆེན་པོ། གནས་བརྟན་བྱང་ཆུབ་སེམས་དཔའ་ནགས་ཀྱི་རིན་ཆེན་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣལ་འབྱོར་མའི་ཞབས་ཀྱི་རྡུལ་ལ་ཡང་དག་པར་རེག་པའི་ཞལ་སྔ་ནས་དང་། ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་བསྒྱུར་བའོ། །ལེགས་པར་སྦྱར་ལ་རིང་ དུ་མ་འདྲིས་པ། །དེ་ལྟ་ན་ཡང་སྔོན་གྱི་དམ་པའི་སྲོལ། །གསོ་ཕྱིར་འདི་ལྟ་བུ་དག་བགྱིས་པ་ལ། །དེང་དུས་མཁས་པའི་སྐྱེ་བོས་བཟོད་པར་མཛོད།། ༄༅༅། །རྒྱ་གར་སྐད་དུ། བྷིཀྵུ་བྲྀཏྟི་ནཱ་མ། བོད་སྐད་དུ། སློང་མོའི་འགྲེལ་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འཁྲུལ་འཁོར་སྔགས་ཀྱི་དོན། །རིག་པ་ངེས་པར་འབྱུང་བའི་བདག །རྟོག་པའི་དྲ་བ་སྲེག་པ་ཡི། །འཇམ་དབྱངས་དཔལ་ལ་ཕྱག་འཚལ་ལོ། །བླ་མ་དམ་པའི་ཞབས་ཆུ་སྐྱེས། ། ལོ་དྲུག་རྟོག་པ་མེད་པར་བསྟེན། །དེ་ཡི་གེ་སར་མཆོག་གི་རྡུལ། །ལེགས་པར་སྦྱར་བྱས་སློང་མོ་ཆེ། །དེ་ནས་ང་རྒྱལ་ཆེ་དོར་ནས། །ལམ་བྲལ་ནམ་མཁའི་གནས་སྡུག་ཏུ། །བརྩེ་བའི་སྦྱོར་ཉིད་རྟག་ཏུ་ནི། །ངེས་པར་སློང་མོ་རྟག་ཏུ་བསྟེན། །བླ་མ་དང་པོར་བསྙེན་བཀུར་ ནས། །རང་འདོད་སྒྲུབ་ཐབས་རྩོམ་ཞིང་དབྱེ། །ཐོས་བསམ་སྒོམ་པའི་རྣལ་འབྱོར་པ། །དེ་ཡི་དོན་ནི་སྙིང་ལ་བཞག །དེ་ནས་མདུན་དུ་མཆོད་བྱས་ནས། །རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ཡིས། །སྲོག་གི་རླུང་ནི་ཀུན་དུ་དགག །བློ་བཟངས་སྔགས་ཀྱི་བཟླས་པ་བྱ། །ཕྱོགས་སྐྱོང་རྣམས་ལ་རོ་ གནས་སུ། །གཏོར་མ་བཤམས་ཤིང་འབུམ་དུ་བཟླས། །རྣལ་འབྱོར་ཕྱོགས་ཀྱི་གོས་འཆང་ཅན། །དུར་ཁྲོད་གནས་སུ་གནས་པར་བྱ། །དེ་ལྟར་བྱེད་པའི་རྣལ་འབྱོར་ཆེ། །རྟོགས་དང་གྲོལ་བའི་འབྲས་རབ་སྟེར། །བསླང་ཞེས་པ་ནི་བཟླས་པ་ཡིས། །འགྱུར་བ་མེད་པའི་ བརྟུལ་ཞུགས་སྤྱད། །དབྱིག་གུ་དང་ནི་ཤིང་སྣོད་དང་། །ཆང་གི་བུམ་པ་སྐལ་པ་ཅན། །ཕྱི་རོལ་དོན་གྱི་མཆོག་གིས་ནི། །སེམས་ནི་གནས་པར་འདོད་པ་སྟེ། །བརྟན་ཞིང་བརྟན་པའི་རྐང་པ་འདུག །སྣ་ཡི་རྩེ་ལ་བལྟ་ཞིང་བཅིང་། །ཤིན་ཏུ་སྦྱོར་ལྡན་མཚན་མེད་མཁའ། །དེ་ བཞིན་སྲོག་གི་ཡོན་ཏན་སེམས། །སྒོ་དགུ་རྣམ་པར་དག་པ་ཡིས། །གྲོང་དགུ་རུ་ནི་ཡང་དག་སྤྱོད། །ཡོད་དང་མེད་པར་གང་སེམས་པ། །དེ་བསམ་བསྒོམ་པར་མི་བྱའོ། །ཡིད་ལ་ཧཱུཾ་ཡིག་སྦྱོར་བ་ཡིས། །ཡི་གེ་བཞི་པོ་བརྗོད་པར་བྱ། །སྦྱིན་ལ་ཆགས་པས་ཁྱིམ་ཁྱིམ་དུ། ། ཆེ་དང་ཆུང་བར་མི་བརྗོད་ཅིང་། །གང་གིས་འགྱུར་བ་མེད་ཤེས་པ། །དེ་ཡིས་ཕྱག་རྒྱ་གསལ་བ་འཐོབ། །རླུང་བཅུ་པོ་ནི་ཡང་དག་འཕྲོག །བཅུ་པོ་ཉི་མ་ཟླ་བའི་འོད། །ཐབས་དང་ཤེས་རབ་ཀུན་སྦྱོར་བས། །སློང་མོ་སློང་དུ་འགྲོ་བར་བྱ། །དེར་ནི་འདོད་པས་ཚངས་པ་ཡི། །གནས་ བཞི་རྟོགས་པའི་གླུ་བླང་ངོ་། །བྷུཉྫ་ཨི་མ་ཨ་ཎ་ས་ཧཱ་བ་ད་ཀ་མ་ཨི་སོ་ས་ཨི་ཨཱ་ལ། མོ་ཨ་ཨོ་དྷརྨཱ་ཀ་རཎྜ་ཎ་མཱ་ར་ཨུ་ཀཱ་མ་ས་ཧཱ་ཨུ། ཨཙྪ་ཨཀྑ་རུ་ཛེ་པུ་ན་ཨི་སོ་སཾ་སཱ་ར་མི་མུཀྐ། བཧྨ་མ་ཧེ་ས་ར་ཎཱ་རཱ་ཨ་ཎཱ་སཀྑ་ཨུ་སུ་དྷ་ས་ཧཱ་བ། འགྱུར་བ་མེད་པའི་ཚིག་འཐོབ་ཅིང་། ། འགྱུར་བ་མེད་པའི་ཚིག་ལ་གནས། །བྷིཀྵནྷེ་ཧི་ཞེས་གང་བརྗོད། །དེ་ཡི་རྙེད་པ་ཤིན་ཏུ་སྦྱོར། །དེ་ནས་བཟླས་པ་བཤད་བྱ་སྟེ། །ཨི་ལི་ཡི་གེ་བཞི་ཡི་མཐར། །གསུམ་པོ་ཡིས་ནི་རྣམ་པར་བརྒྱན། །དེ་ཡི་སྟེང་དུ་ཟླ་ཚེས་དང་། །དེ་ཡི་སྟེང་དུ་ནཱ་དའོ། །དེ་ཡི་ཕྱིར་ན་ཤེས་བྱ་ གང་། །དེ་ཡང་ཡི་གེ་བཞི་པའོ། །ཧཱུྃ་ཧཱུྃ་ཡི་གེ་ཡི་མཐར་ཕཊ། །བདེ་བའི་སྔགས་ནི་བརྗོད་པར་བྱ། །སྔགས་ཀྱི་ཕྲེང་བ་མིའི་རུས་པ། །བརྒྱ་དང་བརྒྱད་ནི་མཆོག་ཡིན་ནོ། །སྨོན་པའི་བརྟུལ་ཞུགས་ཡང་དག་སྤྱོད། །འདོད་ཆགས་ཞེ་སྡང་རྣམ་པར་སྤངས། །གསལ་ཞིང་འབྲེལ་ བའི་ལྷ་ཆེན་པོ། །བཞི་པོ་གང་གི་རྣལ་འབྱོར་པ། །དེ་ཡི་དེ་བཞིན་སློང་བ་མིན། །དག་ཅིང་ངེས་སེམས་སྐལ་པ་ཅན། །གང་ཡང་། བྷི་ཡིག་རྟོགས་པར་ཀུན་དུ་སྦྱོར། །ཀྵཾ་ཡིག་གྲོལ་བ་ཡི་ནི་རྒྱུད། །དེ་ཡི་ཡི་གེ་ངན་འགྲོ་འགྲོག །ཧི་ཡི་ཡི་གེ་འགྱུར་མེད་མཆོག །བྷ་ཡིག་ ཉི་མ་ཞེས་རབ་གྲུབ། །ཨ་ཡིག་ཟླ་བའི་རི་མོར་འདོད། །ཀ་ཡིག་བཀྲ་ཤིས་བྱེད་ཤ་ཟ། །ཤ་ཡིག་རྟག་ཏུ་ལག་ཆུ་སྐྱོང་། །བླ་མཆོག་ཨ་ཡིག་བླ་མར་བལྟ། །མ་ཡིག་པ་སངས་དབང་ཕྱུག་མཆོག །མ་ཡི་ཡི་གེ་སྤེན་པར་འདོད། །དེ་རྣམས་དེ་རུ་དབང་བྱེད་མཆོག །གང་ཡང་། བྷ་ཡི་ཡི་གེ་གཟུགས་སུ་བརྗོད། །མ་ཡི་ཡི་གེ་རྩེ་གཅིག་སྨྲ། །ཀ་ཡི་ཡི་གེ་དྲི་ལོངས་སྤྱོད། །ཥ་ཡི་ཡི་གེ་འང་རོ་ཞེས་པ། །རེག་བྱ་ཨ་ཡི་ཡི་གེར་བརྗོད། །དེ་ཧི་ཞེས་ཡིག་སྟོང་པ་སྟེ། །མ་ཡིག་ང་རྒྱལ་འཇོམས་ཤིང་མཛད། །དངོས་དང་དངོས་མེད་མཛད་བརྟུལ་ཞུགས། །རྡོ་རྗེ་ རྣལ་འབྱོར་མ་དཔལ་འདུད། །རྟག་ཏུ་ཕྱི་དང་ནང་དུ་ནི། །ཀུན་དུ་སྤྱོད་ཅིང་ཡང་དག་སྤྱོད། །དང་པོ་སྐྱོན་མེད་པས་རྣལ་འབྱོར་མ་ཡང་དག་པར་མཆོད་ཅིང་ཐེག་པ་དམན་པ་སྣ་ཚོགས་པའི་དྲི་མ་སྤང་ངོ་། །དེའི་རྗེས་སུ་སྙིང་རྗེ་ནམ་མཁའ་བཞིན་དུ་སེམས་གནས་ཤིང་མི་གཡེང་བས་ མིའི་ཐོད་པ་མཆོག་གི་སྣོད་དུ་བསླང་བ་རབ་ཏུ་བསྔགས་སོ། །ཇི་ལྟར་མངོན་སུམ་དུ་བསམ་པ་དེ་ལྟར་ལྷ་མོ་སྣ་ཚོགས་པའི་གནས་སུ་རྣལ་འབྱོར་གྱི་བཟའ་བ་དང་བཏུང་བ་བཞིན། གང་དུ་མངོན་དུ་བདེ་བར་སེམས་ཤིང་སེམས་དཔའི་སྦྱོར་བས་མངོན་སུམ་དུ་ཚོར་ བར་འདོད་པས། དུས་ཐམས་ཅད་དུ་བྱའོ། །དེ་ནས་སློང་མོའི་བཟའ་བ་སྤྱོད་ཅིང་སེམས་ཅན་ཀུན་ལ་སྙིང་བརྩེ་བར་བྱའོ། །གང་རྣམ་པར་ཤེས་པ་ཙམ་དུ་སྦྱོར་བའི་རྣལ་འབྱོར་པས་དང་པོ་ཅེ་སྤྱང་ཅིག་གམ་ཁྱིའི་གནས་སུ་བསྒོམ་མོ། །དེ་ནས་འཇིག་རྟེན་པའི་བསམ་པ་ཤེས་ནས་ འཇིག་རྟེན་པའི་སེམས་བསྒོམ་མོ། །རྣལ་འབྱོར་མ་ཆང་འཚོང་མ་དང་། གཡུང་མོ་དང་། གཏུམ་མོ་དང་། སྦོས་མོ་རྣམས་ལ་དེ་བཞིན་དུ་གོས་ཉོས་ལ་ཟླ་བ་དྲུག་ཏུ་ཀུན་དུ་སོ་སོར་མཆོད་པར་བྱའོ། །ཡེ་ཤེས་ཀྱི་ཡོན་ཏན་ཇི་ལྟ་བར་འཇིག་རྟེན་ཀུན་ལ་བསམ་པར་བྱའོ། །རླུང་ཡང་ དག་པར་སྦྱོར་བས་སློང་མོ་བསླང་ཞེས་བརྗོད་པར་བྱའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་འཚེ་བ་རྣམ་པར་སྤངས་ལ་ཀརྦྦུར་བཟའ་བར་བྱ་ཞེས་པ་ནི་ཁྱད་པར་དང་བཅས་པའོ། །གྲོང་དགུ་པོ་ནི་སྒོ་དགུ་རྣམ་པར་དག་པར་ཡང་དག་པར་སྤྱད་དོ། །པདྨ་དཀར་པོ་ཇི་ལྟ་བ་ བཞིན་གྱི་སྣོད་དུ་བདུད་རྩི་ལྔ་དང་དངོས་པོའི་དྲི་རིགས་བསྣམ་ཞིང་བསྒོམ་མོ། །ལམ་གྱི་རིགས་འདུས་ཤིང་གནས་པའི་ལམ་དུ་གནས་པས་སློང་མོ་སླང་ཞེས་བརྗོད་ཅིང་སྣའི་རྩེ་ལ་བལྟ་ཞིང་བཅིང་ངོ་། །སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རང་གི་སེམས་ཡོངས་སུ་བསྒོམ་མོ། །ཨཱ་ ལི་བཅུ་གསུམ་པ་ལ་ཟླ་ཚེས་དང་སྟོང་པ་དང་ནཱ་དའོ། །ཨཱ་ལི་གཉིས་པ་ལ་ནམ་མཁའ་ཡང་དག་པར་ལྡན་ཞིང་མཚམས་སྦྱོར་བའི་ཡི་གེའོ། །ཨཱ་ལི་དྲུག་པ་ལ་ཟླ་ཚེས་དང་ཐིག་ལེ་དང་ནཱ་དའོ། །སྐུ་དང་གསུང་དང་ཐུགས་དག་པའི་ཆོས་འབྱུང་གི་རེའུ་མིག་ཏུ་ཉི་ཤུ་རྩ་གསུམ་པོ་ ཆོ་གས་དགོད་དོ། །བདུད་རྩི་ལྔ་ལ་སོགས་པས་དག་པའི་གཟུགས་མཛེས་པའི་སྣོད་དུ་སིན་དྷུ་རལ་གསེར་གྱི་སྨྱུ་གུས་བྲིའོ། །ཨུ་ཨ་ཛ་ར་ཨ་ཨུ་ཨཱ་རེ་ཨ་ཧ་ཨཱི་ཨི་རེ་ཕ་ཨ་ཌ་ས་བྷ་ཨ་ཌ་ཨཱ་ཀ་ཨཱ་ན་ཨཱི་ཨི་ཨེ་ཧ་ཨཱུ་པཾ་ཕ་ཨུ་ཌ་ཨུཾ། ཇི་ལྟ་བའི་རིམ་པས་སྔགས་ཀྱི་གཟུངས་ཀྱི་ཡི་ གེ་རྣམས་དགོད་དོ། །ན་ཆུང་འབྲིང་པོ་ཙམ་དུ་རྣལ་འབྱོར་མའི་གཟུགས་ཇི་ལྟ་བ་བཞིན་ནོ། །ལོ་ལེགས་ཤིང་སེམས་ཅན་ཐམས་ཅད་ཀྱི་བྱ་བ་དང་དགོས་པ་བསྒྲུབ་པའི་ཕྱིར་རོ། །ཚིག་ས་བརྒྱད་པོ་ཡང་དག་པར་བརྟེན་པས་སྲོག་ལེགས་པར་བརྟེན་ནོ། །ཨོཾ་ཨཱཿཧཱུྃ་ཕཊ་ སྭཱ་ཧཱ། ཨོཾ་ཨཱཿཨི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཥ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཀོ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿད་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨེ་ཧཱུྃ་ཕཊ་སྭཱ་ཧཱ། མི་རུས་དཀར་པོའི་ཕྲེང་བ་ལ་སྔགས་དེ་རྣམས་ཡང་དག་པར་བཟླས་སོ། །སེང་གེ་བཞིན་དུ་འཇིགས་པ་མེད་པའི་རྣལ་འབྱོར་ པས་འཇིག་རྟེན་གསུམ་དུ་ཡང་དག་པར་སྤྱད་དོ། །ཨཱ་ལི་དང་ཀཱ་ལི་ཡང་དག་པར་བརྗོད་པའི་ཉི་མ་དང་ཟླ་བའི་རང་བཞིན་ནོ། །རླུང་ངེས་པར་རབ་ཏུ་འཇུག་པ་ནི་དཀྱིལ་འཁོར་ལྔའི་རང་བཞིན་ནོ། །དེའི་རང་བཞིན་མངོན་པར་ཤེས་པས་ནི་རང་བཞིན་འཛིན་པའི་སྤྱོད་ཡུལ་ ལོ། །དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་དུ་ཡང་དག་པར་ངེས་སོ། །དེ་ནས་ངག་རྣམ་པར་དག་པས་འཇིག་རྟེན་པའི་ཏིང་ངེ་འཛིན་བསྲེག་གོ། །གསལ་ཞིང་འཆད་པའི་མན་ངག་གི་རིམ་པ་ནི། །ཕྱེད་དང་བཞི་ཡིས་ཁྲུ་ཡི་ལུས། །བདེ་བའི་ཁྱིམ་དུ་འདོད་པ་ཡིན། ། མི་གཙང་དྲི་མ་དང་ལྡན་པའི། །ལོངས་སྤྱོད་རྣམས་ནི་བསླང་པར་བྱ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཐམས་ཅད་རྣམ་པར་བསལ་བར་བྱའོ། །དེ་ལྟ་བུར་ནི་ཤེས་པ་ཡིས། །ཐར་པ་ཡི་ནི་གནས་སུ་འགྲོ། །གཉིས་གཉིས་འཁྱུད་པའི་སྒྱུ་མ་ཡིས། །རོ་ནི་ ཡང་དག་བཟའ་བར་བྱ། །སྙིང་རྗེ་ལྡན་པའི་ཆང་གི་ནི། །སྟོང་པའི་རོ་ནི་བཏུང་བར་བྱ། །ལྷན་ཅིག་སྐྱེས་པ་ཡི་ནི་རོ། །རོ་དེས་ཡང་དག་གྲོལ་བར་འགྱུར། །དེ་ལྟ་བུར་ནི་ཤེས་པ་ཡིས། །དགའ་བ་ཡི་ནི་མཆོག་ཏུ་འགྱུར། །རྣམ་པ་སྣ་ཚོགས་པ་ཡི་གཟུགས། །སེམས་དེ་ གསད་པར་བྱ་བ་ཡི། །བླ་མ་བླ་མ་རྣམས་ཀྱིས་ནི། །ཞབས་ཀྱི་ཆུ་སྐྱེས་བསྙེན་པར་བྱ། །སེམས་ཅན་གྱི་ནི་རྣམ་པ་ཀུན། །མཚུངས་པ་ཉིད་དུ་བལྟ་བར་བྱ། །དེ་ལྟ་བུར་ནི་ཤེས་པ་ཡི། །དེ་ཡིས་ཆོས་རྣམས་རྣམ་པར་སྤྱོད། །འཇིག་རྟེན་པ་ཡི་སེམས་དང་ནི། །རྒྱལ་བའི་ སེམས་ནི་མཚུངས་པར་བྱ། །ལོ་ནི་བཅུ་དྲུག་པར་དུ་ནི། །སྐྱོན་ནི་བརྗོད་པར་མི་བྱའོ། །རང་གི་ཆོས་ནི་ཆེན་པོ་ཡིས། །སྲུང་བ་ཆེན་པོ་རབ་ཏུ་བྱ། །དེ་ལྟ་བུ་ཡི་ཤེས་པ་ཡིས། །ཐམས་ཅད་དུ་ནི་སྤྱོད་པ་བྱ། །ལུས་དང་ངག་དང་ཡིད་རྣམས་ནི། །གཅིག་ པ་ཡི་ནི་རང་བཞིན་ནོ། །སྐྱོན་གྱི་སྟོབས་ནི་དུ་མ་རྣམས། །གསལ་ཞིང་བརྟན་པར་བྱ་བ་ཉིད། །ཆང་གི་མཆོད་པ་དུ་མ་ཡི། །འཁོར་ལོ་མཆོག་གི་དྲ་བར་བྱ། །དེ་ལྟ་བུར་ནི་ཤེས་པ་ཡིས། །དེ་ཡིས་འཁོར་བ་ལས་ནི་གྲོལ། །ཇི་ལྟར་ཆུ་ཡི་ཟླ་བ་ནི། །མི་བརྟན་པར་ནི་མཐོང་ བ་བཞིན། །ཇི་ལྟར་རྨི་ལམ་ནང་གི་ནི། །མེད་པའི་སེམས་ཅན་དང་མཚུངས་སོ། །ཇི་ལྟར་སྒྱུ་མས་བྱས་པ་ཡི། །སེམས་ཅན་ལྟ་བུར་འདོད་པ་ཡིན། །དེ་ལྟ་བུར་ནི་ཤེས་པ་ཡིས། །དེ་ཡིས་ཐོས་པ་འཛིན་པ་ཡིན། །ཇི་ལྟར་ཡིད་བཞིན་ནོར་བུ་ལྟར། །དེ་ལྟར་ཤེས་པས་ བཟླས་པ་བྱ། །ཇི་ལྟར་དཔག་བསམ་ཤིང་ལྟ་བུར། །དེ་དག་གི་ནི་རང་བཞིན་ནོ། །ཇི་ལྟར་ཌོམྦི་པ་ཡི་ནི། །ཞབས་ཀྱི་རྡུལ་ཀྱང་དེ་ལྟར་བུར། །ནམ་མཁའ་དང་ནི་མཚུངས་པར་བྱ། །ཌོམྦི་པའི་སློང་མོའི་འགྲེལ་པ་ཞེས་བྱ་བ་རྫོགས་སོ།། །།རབ་ཏུ་བསྔགས་པའི་ གནས་ཆེན་པོ་ཉེ་བའི་འཐུང་གཅོད་པ་བལ་པོ་ཡམ་བུའི་གྲོང་ཁྱེར་དུ། སྒྲ་པ་ཆེན་པོ་ཛི་ཏ་ཀརྞྞ་དང་། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་བའོ། །སའི་སྟེང་དུ་ཉི་ཟླ་ལྟར་གྱུར་ཅིག། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་དྭི་བྷུ་ཛ་སཱ་དྷ་ནོ་པི་ཀ །བོད་སྐད་དུ། ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས། །དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དང་པོར་རྣལ་འབྱོར་པས་གནས་དབེན་ཞིང་ཡིད་དུ་འོང་བར། །ཙནྡན་ལ་སོགས་པས་ཕྱོགས་ཀུན་དུ་ཆག་ཆག་བཏབ་ལ། ། བདེ་བའི་སྟན་ལ་འདུག་ནས། དེ་ནས་རང་གི་སྙིང་གར་པདྨ་འདབ་མ་བརྒྱད་པ་གཅིག་བསམ། དེའི་དབུས་སུ་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ཧཱུཾ་གཅིག་བསམ། དེ་ལས་འོད་འཕྲོས་པས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཧེ་རུ་ཀ་ རྣམས་མདུན་གྱི་ནམ་མཁའ་ལ་བསམས་ལ། དེ་ནས་ཕྱི་ནང་གི་མཆོད་པས་མཆོད་པར་བྱ། དེ་ནས་སྡིག་པ་བཤགས་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་དང་། དགེ་བའི་རྩ་བ་བསྔོ་བ་དང་། བྱང་ཆུབ་ཏུ་སེམས་ བསྐྱེད་པ་དང་། ལུས་དབུལ་བ་དང་། ལམ་བསྟེན་པར་བྱའོ། །དེ་ནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བསྒོམ་པར་བྱའོ། །དེ་ནས་རྣལ་འབྱོར་པས་ཆོས་ཐམས་ཅད་སྟོང་པར་བསམ་པར་བྱ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་མདུན་དུ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། རྡོ་རྗེའི་བུམ་པ་ལ་ཉི་མའི་དཀྱིལ་འཁོར་གཅིག་བསམ། དེའི་སྟེང་དུ་ཧཱུྃ་དེའི་འོད་ལས་གཤིན་རྗེའི་གཤེད་པོ་ལ་སོགས་པ་འཕྲོས་པས་བགེགས་ཐམས་ཅད་བསྐྲད་པར་བསམ། སླར་ཧཱུཾ་ལ་འདུས་པར་བསམ། དེ་ཉིད་ས་བོན་རབ་ཏུ་རྫོགས་པ་ལས། རྡོ་རྗེ་ས་གཞི་དང་རྡོ་རྗེ་རྭ་བ་དང་། རྡོ་རྗེ་གུར་རོ། །ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། དེ་ནས་རྡོ་རྗེ་གུར་བསམ། དེ་བཞིན་དུ་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཅིག་བསམ། དེའི་སྟེང་དུ་རོ། །རོའི་སྙིང་ག་ལ་ ཨཱ་ལི་ཀཱ་ལི་རབ་ཏུ་གྱུར་པ་བསམ། ཟླ་བ་དང་ཉི་མའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ས་བོན་ཧཱུཾ། ཧཱུྃ་དེ་ལས་རྡོ་རྗེ། རྡོ་རྗེའི་ལྟེ་བའི་དབུས་སུ་ཧཱུཾ་གནས་པར་བསམ། དེ་ནས་ལྷ་མོ་བརྒྱད་ཀྱི་གཟུགས་སུ་འོད་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་ ཡང་དེ་ཉིད་ལ་འདུས་པར་བསམ། ས་བོན་དང་ཕྱག་མཚན་རབ་ཏུ་རྫོགས་པ་དང་། བདག་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀར་བསམ་པར་བྱའོ། །ཞལ་གཅིག་ཕྱག་གཉིས་པ་སྤྲིན་ནག་པོའི་འོད་དང་ལྡན་པ། རྒོད་པ་དང་། ཁྲོ་བ་དང་། ལོ་བཅུ་དྲུག་པའི་ཚད་དང་ལྡན་ པ། ཕྱག་གཡོན་ན་ཁ་ཊྭཱཾ་ག་རྡོ་རྗེས་མཚན་པ་དང་ཀ་པཱ་ལ། གཡས་རྡོ་རྗེ་འཛིན་པས་འཇིགས་པར་བྱེད་པ། གར་བྱེད་པ་གནས་པ་ཕྱག་རྒྱ་ལྔ་དང་ལྡན་པ། འཁོར་ལོ་དང་རྣ་ཆ་དང་མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་སོ། །སངས་རྒྱས་ལྔ་ནི་རྣམ་པར་དག །ལྔ་ནི་ ཡང་དག་ཕྱག་རྒྱ་ཡིན། །རོ་ལ་གནས་པ་འོད་དང་ལྡན། །སྐྲ་ནི་ཁམ་པ་གྱེན་དུ་འཁྱིལ། །མི་བསྐྱོད་མགོན་པོ་དབུ་རྒྱན་ཅན། །མི་ཡི་མགོ་བོའི་ཕྲེང་བ་འཛིན། །དུར་ཁྲོད་ཀྱི་ནི་བསམ་པའི་མགོན། །ལྷ་མོ་བརྒྱད་ཀྱིས་བསྐོར་བ་ཡིན། །ཤར་གྱི་འདབ་མར་གཽ་རཱི་ནི། ། མི་མགོ་པར་བུ་ལག་ན་འཛིན། །ལྷོ་ནི་ཙཽ་རཱི་ལྷ་མོ་ཡིན། །ལག་པར་ཉི་མ་ཐོགས་པར་གནས། །ནུབ་ལ་ལྷ་མོ་བེ་ཏྟཱ་ལཱི། །ལག་པར་ཆུ་ཡི་པར་བུ་འཛིན། །བྱང་དུ་གྷསྨ་ཤེས་པར་བྱ། །སྨན་གྱི་བདུད་རྩི་འཛིན་པ་ཡིན། །དབང་ལྡན་མཚམས་སུ་པུཀྐ་སཱི། །ལག་པར་རྡོ་རྗེ་འཛིན་པར་གནས། ། མེ་ཡི་མཚམས་སུ་ཤ་བ་རཱི། །རོ་ཡི་པར་བུ་ལག་ན་འཛིན། །ཙཎྜ་སྲིན་པོའི་མཚམས་སུ་གནས། །ཅང་ཏེའུ་སྒྲ་ནི་དག་པར་བྱེད། །རླུང་མཚམས་ཌོམྦི་ནཱི་ནི་གནས། །འཁྱུད་པ་དེ་ཉིད་རབ་ཏུ་དགའ། །ཐམས་ཅད་ཁ་དོག་ནག་པོ་ཡིན། །མེ་འོད་སེར་སྐྱ་གྱེན་དུ་འཁྱིལ། །རོ་དང་ལྡན་པ་སྤྱན་ གསུམ་པ། །ཕྱག་རྒྱ་ལྔ་ནི་ཡང་དག་ལྡན། །གར་བྱེད་པ་ནི་གནས་པ་ཡིན། །ཁ་ཊྭཱཾ་ག་ནི་གཡོན་ན་འཛིན། །ཕྱག་གཉིས་པ་ལ་ཞལ་གཅིག་ཡིན། །འོད་ཀྱི་ཕྲེང་བ་ཡང་དག་ལྡན། །དེ་ནས་སྙིང་གར་པདྨ་ལ། །ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ། །ཉོན་མོངས་ཐམས་ཅད་འགྲོལ་ བ་ཡིན། །མགོན་པོ་དམ་ཚིག་སེམས་དཔའ་ཡིན། །ཡེ་ཤེས་སེམས་དཔའ་དེ་དང་འདྲ། །དེ་ཡི་ཐུགས་ཀར་བསམ་པ་ནི། །མཚོ་སྐྱེས་རྡོ་རྗེ་ཧཱུྃ་ལས་བྱུང་། །རྡོ་རྗེའི་ལྟེ་བར་ཧཱུྃ་ནི་བསམ། །ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་སེམས། །དེ་ནས་ཐམས་ཅད་དགུག་པར་བྱ། །སྔགས་པས་བཀུག་ པ་དེ་ལ་ནི། །ཆུ་གཏོར་ཨརྒྷ་སྦྱིན་པར་བྱ། །དགའ་བས་མགོན་པོ་མཆོད་པར་བྱ། །ཛཿཡི་ཡི་གེས་དགུག་པར་བྱ། །ཧཱུྃ་ཡིག་གིས་ནི་གཞུག་པར་བྱ། །བཾ་ཡིག་གིས་ནི་བཅིང་བར་བྱ། །ཧོཿཡིག་གིས་ནི་དགའ་བར་བྱ། །མིག་གཉིས་གཏི་མུག་རྡོ་རྗེ་མ། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ གཉིས་སེར་སྣ་རྡོ་རྗེ་མ། །ལྕེ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ནི་ཕྲག་དོག་རྡོ་རྗེ་མ། །ཡིད་ནི་བདག་མེད་རྣལ་འབྱོར་མ། །ཐམས་ཅད་ཁ་དོག་ནག་མོ་ཡིན། །གཡས་ནི་གྲི་གུག་འཛིན་པའོ། །གཡོན་ན་ཁ་ཊྭཱཾ་ཐོད་པ་འཛིན། །ཐམས་ཅད་སྤྱན་ནི་གསུམ་པ་ཡིན། །སྐྲ་ནི་ཁམ་པ་གྱེན་དུ་ འཁྱིལ། །པདྨའི་སྟེང་དུ་རོ་ལ་གནས། །ཕྱག་རྒྱ་ལྔས་ནི་ཡང་དག་བརྒྱན། །སྟག་གི་པགས་པས་སྨད་དཀྲིས་བྱས། །རྣལ་འབྱོར་པས་ནི་བསམ་པར་བྱ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན། །སྐུ་དང་གསུང་དང་དེ་བཞིན་ཐུགས། །ཨོཾ་ཨཱཿབྃ་ཧཱུྃ་དེ་བཞིན་སྔགས། །མཁའ་སྤྱོད་ས་སྤྱོད་ ས་འོག་མ། །གཏི་མུག་རྡོ་རྗེ་མ་རྣམས་ནི། །ཕྱག་མཚན་རབ་ཏུ་ཤེས་པར་བྱ། །ཡེ་ཤེས་སེམས་དཔའི་སྙིང་ག་ལས། །ས་བོན་འོད་ཟེར་འཕྲོས་པས་ནི། །དེ་བཞིན་གཤེགས་པ་དགུག་པར་བྱ། །དེ་ལ་མཆོད་པ་རབ་ཏུ་དབུལ། །དེ་ནས་མགོན་པོ་རྣམས་ལ་ནི། །དབང་བསྐུར་བར་ནི་ཞུ་བ་ གསོལ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ། སརྦ་ཏ་ཐཱ་ག་ཏ་ཞེས་བརྗོད་པར་བྱ། །དེས་ནི་རང་ལ་དབང་བསྐུར་བསམ། །དེ་བཞིན་གཤེགས་ལྔ་མི་བསྐྱོད་སོགས། །བློ་ལྡན་རང་གི་དབུ་བརྒྱན་བསམ། །མི་བསྐྱོད་མགོན་པོ་གཽ་རཱི་མ། །ཙཽ་རཱི་དེ་བཞིན་རྣམ་སྣང་མཛད། །དེ་ནས་རིན་ཆེན་བེཏྟ་ཡིས། ། གྷསྨ་རཱི་ནི་སྣང་མཐའ་ཡས། །མི་བསྐྱོད་པ་ནི་པུཀྐ་སཱི། །དེ་བཞིན་རྣམ་སྣང་ཤ་བ་རཱི། །རིན་ཆེན་འབྱུང་ལྡན་ཙཎྜ་ལཱི། །སྣང་བ་མཐའ་ཡས་ཌོམྦ་ནཱི། །དེ་རྣམས་དབུ་ལ་བསམ་པར་བྱ། །དེ་རྣམས་ཐམས་ཅད་དབུ་རྒྱན་ལ། །གཙོ་བོ་རྣམས་ནི་བསམ་པར་བྱ། །མཆོད་པ་དང་ནི་བསྟོད་པ་ དང་། །བདུད་རྩི་བཟའ་བ་བསམ་པར་བྱ། །ཨོཾ་ཏྲཻ་ལོ་ཀྱཱ་ཀྵེ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །དཔལ་ཧེ་རུ་ཀ་ཕྱག་གཉིས་པའི་སྒྲུབ་ཐབས། སློབ་དཔོན་བཛྲ་ཨ་ལ་ལས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་ཨེ་ཀ་སྨྲྀ་ཏི། བོད་སྐད་དུ། ཀྱེ་རྡོ་རྗེའི་ དྲན་པ་གཅིག་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡིན་དང་མིན་པར་བྱེད་པ་དང་། །ཤེས་ནས་སྒྲུབ་པའི་རྣལ་འབྱོར་པས། །དབེན་དང་ཉམས་དགའི་རང་ཁྱིམ་དུ། །མཚན་དུས་མཎྜལ་ཁྲུ་གང་བར། །དྲི་དང་མེ་ཏོག་ཚོམ་བུ་དགྲམ། །གཏོར་མའང་འབྱོར་བའི་ ཚད་བྱས་ལ། །དད་པས་ངེས་པར་བསྒོམ་བྱ་སྟེ། །སྙིང་ཀར་པཾ་རཾ་པད་ཉིའི་སྟེང་། །ཧཱུཾ་ལས་ནམ་མཁར་རྗེ་བཙུན་ནི། །ཞལ་གཅིག་ཕྱག་གཉིས་དམིགས་པ་ལ། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྡིག་བཤགས་སྐྱབས་སོང་རྗེས་རང་ནས། །དང་པོར་བྱམས་པ་བསྒོམ་ པར་བྱ། །གཉིས་པ་སྙིང་རྗེ་བསྒོམ་པ་སྟེ། །གསུམ་པ་ལ་ནི་དགའ་བ་བསྒོམ། །ཐམས་ཅད་རྗེས་སུ་བཏང་སྙོམས་སོ། །ཡང་ནི་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་རྫོགས་ཏེ། །བཞི་པ་ལ་ནི་ཡི་གེ་ དགོད། །མདུན་དུ་རྃ་ལས་ཉི་མ་རྣམ་པར་བསྒོམ། །ཉི་དེར་ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་བསྒོམ་བྱ་བ། །རྭ་བ་དང་ནི་གུར་ཡང་རབ་ཏུ་བཅིང་། །པྃ་ལས་ཆུ་སྐྱེས་འདབ་བརྒྱད་ལྟེར། །དང་པོར་རོ་ནི་བསྒོམ་བྱ་བ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དམིགས། ། དེ་སྟེང་རྣལ་འབྱོར་པ་ཉིད་ནི། །ཧེ་རུ་ཀར་ནི་བདག་ཉིད་བསྒོམས། །སྙིང་གར་རྃ་ལས་ཉི་དཀྱིལ་འཁོར། །དེ་སྟེང་དེ་ལས་ཧཱུྃ་ཉིད་དེ། །ཐབས་དང་ཤེས་རབ་བདག་ཉིད་དོ། །ཁ་དོག་ནག་པོ་འཇིགས་ཆེན་པོ། །ཧཱུཾ་ལས་རྡོ་རྗེ་ཡང་དག་བསྐྱེད། །རྡོ་རྗེ་ལྟེ་བའི་དབུས་གནས་པར། །ཧཱུཾ་ གི་དེ་ཉིད་བསྒོམ་པར་བྱ། །ཧཱུྃ་གྱུར་པ་ལས་བལྟ་བྱ་བ། །སྔོ་ཞིང་ཅུང་ཟད་དམར་བའི་མདོག །བནྡུ་དམར་པོ་འདྲ་བའི་མིག །མགོ་སྐྱེས་གྱེན་དུ་བརྫེས་པ་སེར། །འཁོར་ལོ་རྣ་ཆ་མགུལ་ཕྲེང་དང་། །ལག་གདུབ་དང་ནི་སྐ་རགས་དང་། །ཕུང་པོ་ལྔ་ནི་རྣམ་དག་པས། །སངས་ རྒྱས་ལྔར་ནི་དག་པ་ཡི། །ཕྱག་རྒྱ་རྣམ་པ་ལྔ་ཡིས་བརྒྱན། །བཅུ་དྲུག་ཆ་བྱད་གཡོན་པ་ན། །རྡོ་རྗེས་མཚན་པའི་ཐོད་པ་དང་། །ཁ་ཊྭཱཾ་ག་ཡང་བར་ན་གནས། །གཡས་ན་རྡོ་རྗེ་ནག་པོ་འཛིན། །ཧཱུྃ་རྫོགས་གསལ་བས་སྐུ་གཟུགས་རྫོགས། །རོ་མནན་བསྙེན་པ་ཚང་བའི་ རྗེས། །ཉེ་བའི་བསྙེན་པ་ཡེ་ཤེས་དང་། །ཏིང་འཛིན་སེམས་དཔའ་ཧཱུྃ་དང་ལྡན། །ཨོཾ་དང་ཨཱཿཧཱུྃ་སྤྲོ་བསྡུ་ཡིས། །སྐུ་གསུང་ཐུགས་སུ་བྱིན་བརླབས་བརྟན། །དམ་ཚིག་འཁོར་ལོ་གསལ་བ་དང་། །ཕྱོགས་དུས་ཡེ་ཤེས་འཁོར་ལོ་བསྟིམ། །སྒྲུབ་པ་དེ་ཉིད་སྒྲུབ་ཆེན་པོ། ། བླ་མ་བདེ་གཤེགས་སྤྱན་དྲངས་ཏེ། །མ་མོར་གྱུར་པས་མཆོད་པའི་རྗེས། །ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས། །བརྗོད་དེ་ཧེ་རུ་ཀར་གྱུར་ནས། །བདེ་གཤེགས་བདུད་རྩི་ལྔས་གང་བས། །གསེར་གྱི་སྒོ་ནས་དབང་བསྐུར་དང་། །སྤོས་སོགས་ཆར་འབབ་ཧཱུཾ་སྒྲ་སྒྲོགས། ། གཟུགས་སོགས་མཆོད་དེ་གླུས་བསྟོད་བྱེད། །མཆོད་ནས་རང་གི་རིགས་སུ་གྱུར། །ཐམས་ཅད་གཉིས་མེད་ཡེ་ཤེས་ཏེ། །དེ་ཉིད་ཧེ་རུ་ཀ་བདག་ཉིད། །ཐུན་བཞིར་བྱིན་རླབས་སྒོམ་པའི་རྗེས། །ཆུ་སྐྱེས་དྲུག་ཅུ་རྩ་བཞི་ཡི། །ཚངས་པའི་མེ་ནི་ཨོཾ་ཉིད་དེ། །ནིར་མ་ ཙཀྲའི་གནས་སུ་བསམ། །སུ་ག་ཙཀྲའི་གནས་ཉིད་དུ། །མི་ཤིགས་ཐིག་ལེ་ཡི་གེ་ཧཾ། །སུམ་ཅུ་རྩ་གཉིས་ལྟེ་བར་དམིགས། །ལས་ཀྱི་རླུང་གིས་བསྐྱོད་པ་ཡིས། །ཚངས་པའི་མེ་ནི་སུམ་མདོར་འབར། །ཏི་ལ་ཀ་ལས་བྱང་སེམས་རྒྱུན། །རྟ་རྔ་བརྒྱར་གཤགས་ ཚད་དུ་ནི། །གཉིས་མེད་ཡེ་ཤེས་བལྟ་བར་བྱ། །བརྐྱང་མ་རོ་མ་ཀུན་འདར་མ། །རྩ་གསུམ་ཐ་དད་རྒྱུ་བ་ནི། །གླ་རྩི་གུར་ཀུམ་ག་པུར་དག །ལྟེ་བ་མགྲིན་པའི་གནས་ཉིད་དུ། །ལྷན་ཅིག་སྐྱེས་པ་རྟག་ཏུ་ནི། །ཕ་ཡི་བདེ་བ་བཟང་པོ་འབབ། །རང་གི་བདེ་བ་སངས་རྒྱས་ཉིད། ། སངས་རྒྱས་གཞན་དུ་བསྟན་དུ་མེད། །སྤྱོད་ལམ་ལྷ་ཡི་ཏིང་འཛིན་དམིགས། །རང་བཞིན་གནས་པས་བསྒོམ་པ་མིན། །ནི་རང་སུ་འམ་གཞན་ལས་ནི། །བློ་ལྡན་སྔགས་ཀྱི་བཟླས་པ་བྱ། །ཨོཾ་ཏྲཻ་ལོཀྱཱ་ཀྵེ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ཁྲུས་དང་ལོངས་སྤྱོད་ཐམས་ཅད་ལ། །དབང་ བསྐུར་མཆོད་པའི་རང་བཞིན་དུ། །བདག་མཆོད་པ་ནི་གཙོ་བོའི་ཕྱིར། །རང་གི་ལྷ་ལ་བདུད་རྩིས་མཆོད། །ཨ་ལས་ཀ་པཱ་ལ་དཀྱིལ་དུ། །ཧཱུྃ་ལས་བདུད་རྩི་ལྔ་བྱིན་བརླབས། །རླུང་མེས་སྦྱང་ཞིང་རྟོགས་བྱ་སྟེ། །ཡི་གེ་ཨོཾ་གྱིས་སྦར་བྱས་ནས། །འདོད་ལྷའི་རོ་འཛིན་ གནས་སུ་ནི། །ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མྱང་། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཁམས་གསུམ་སེམས་ཅན་ཐམས་ཅད་དམིགས། །ཆོས་ཀྱི་སྐུ་རུ་བྱིན་གྱིས་བརླབས། །བ་ལིཾ་སྔགས་ཀྱིས་བདུད་རྩིར་སྦྱང་། །ཛི་ཧྭ་ཧཱུྃ་གིས་རྡོ་རྗེར་ཧཱུྃ། ས་ར་ ཡ་ན་དྲངས་ཏེ་ཚིམ། །བར་ཆད་ལ་སོགས་ཞི་བྱའི་ཕྱིར། །གཏོར་མ་རྒྱུན་ཏུ་སྦྱིན་པར་བྱ། །ཐིམ་པར་བྱེད་དུས་ཏི་ལ་ཀ །ཆོས་ཀྱི་སྐུ་ཡི་བདག་ཉིད་དུའོ། །ཀྱེ་ཡི་རྡོ་རྗེ་རྒྱ་མཚོ་ལྟ་བུ་ལས། །ཁམས་བློ་ཉམ་ཆུང་རྣམས་ཀྱི་དོན་ཆེད་དུ། །ཧེ་རུ་ཀ་ཡི་དྲན་གཅིག་བྱས་པ་ལས། །བློ་ ཆུང་བདག་ལ་མཁས་པས་ཉེར་བཟོད་མཛོད། །བླ་མས་ལུང་ཕོག་དམ་པ་དང་། །བཤད་པའི་རྒྱུད་མང་ཐོས་པ་ཡིས། །བྱས་ལས་བསོད་ནམས་གང་བསྐྱེད་པ། །འདི་ལས་སངས་རྒྱས་སར་འགྲོ་ཤོག །ཀྱེ་རྡོ་རྗེའི་དྲན་པ་གཅིག་པ་སློབ་དཔོན་གརྦྷ་ རི་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཨནྡྲི་རུ་ཙི་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་སཱ་དྷ་ན་སྱ་བཛྲ་པྲ་དཱི་པ་ནཱ་མ་ཊི་པི་ཎཱི་ཤུདྡྷ། བོད་སྐད་དུ། ཀྱེ་ རྡོ་རྗེའི་སྒྲུབ་ཐབས་ཀྱི་མདོར་བཤད་པ་དག་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ། དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྟོག་པ་མེད་པའི་རང་བཞིན་ཅན། །ཀྱེ་ཡི་རྡོ་རྗེའི་ཞབས་ཕྱག་འཚལ། །བསྐྱེད་པའི་རིམ་པ་ལ་བརྟེན་ཏེ། །རྣམ་པར་དག་པ་གསལ་བཤད་བྱ། །དང་པོར་རེ་ཞིག་སྒྲུབ་ ཐབས་ཀྱི་མདོ་བརྗོད་པར་བྱ་སྟེ། དེ་ནས་མཆོད་པའི་འཁོར་ལོ་དང་། ཚངས་པའི་གནས་བཞི་དང་། མཆོག་དང་ལྷན་ཅིག་སྐྱེས་པ་དང་། །རང་གི་འདོད་པའི་ལྷ་དང་། སྲུང་བའི་འཁོར་ལོ་དང་། སྟོང་པ་ཉིད་དུ་ལྷག་པར་མོས་པ་དང་། དུར་ཁྲོད་དང་། གཞལ་ཡས་ཁང་དང་། རྒྱུའི་དཀྱིལ་འཁོར་དང་། ཞུ་བས་བསྐྱེད་པ་དང་། བཞེངས་པ་དང་། དགོད་པ་དང་། ཞེ་སྡང་གི་བདག་ཉིད་དང་། འབྱིན་པ་དང་། ཡེ་ཤེས་ཀྱི་འཁོར་ལོ་དང་། དབང་བསྐུར་བ་དང་། རྒྱས་གདབ་པ་དང་། བདུད་རྩི་མྱང་བ་དང་། འགྲོ་བའི་དོན་དང་། ཡན་ལག་དྲུག་དང་། འོད་གསལ་ དང་། ལྡང་བ་དང་། སྔགས་བཟླས་པ་དང་། གཏོར་མའི་དེ་ཉིད་དང་། ཕྲ་མོའི་རྣལ་འབྱོར་དང་། གོ་ཆ་གཉིས་དང་། དགོད་པ་གཉིས་དང་། འཆག་པ་དང་། ཁ་ཟས་དང་། སྤྱོད་ལམ་དང་། ཉལ་བ་དང་། སླར་ལྡང་བའོ། །སྒྲུབ་ཐབས་ཀྱི་མདོ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱིས་ སྐྱེས་བུ་ཆེན་པོའི་མཚན་རྣམ་པར་དག་པའོ། །དང་པོ་རེ་ཞིག་རྣལ་འབྱོར་པ་སེམས་ཅན་གྱི་དོན་ལ་བརྩོན་པའི་བློ་གྲོས་ཅན་གྱི་ས་ཞེས་བྱ་བ་ནི་དང་པོ་ནི་ཐོག་མ་རེ་ཞིག་གོ །རྣལ་འབྱོར་འདོད་པ་གང་དེ་ནི་རྣལ་འབྱོར་རོ། །སེམས་ཅན་གྱི་ཡིད་ལ་རེ་བ་རྫོགས་པར་འདོད་པ་གང་དེ་སེམས་ ཅན་གྱི་དོན་ལ་བརྩོན་པའི་བློ་གྲོས་ཅན་གྱིས་ཤེས་པའོ། །ཡང་དག་པའི་བླ་མ་རྗེ་བཙུན་མཉེས་པར་བྱས་ནས། ཆོ་ག་ཇི་ལྟ་བར་དཔལ་ཀྱེ་རྡོ་རྗེར་གསུངས་པའི་དཀྱིལ་འཁོར་དུ་རབ་ཏུ་ཞུགས་ནས་ཞེས་པ་ནི་དེས་ཤིན་ཏུ་མཐའ་གཅིག་ལ་གནས་པར་གྱུར་པ་ལུས་ཀྱི་གཅེས་སྤྲས་ ཡོངས་སུ་དོར་ཏེ། ཡང་དག་པའི་སེམས་ཀྱིས་མཉེས་པར་འགྱུར་བས་བླ་མ་མཉེས་པར་བྱ་སྟེ། ཡང་དག་པའི་བླ་མའི་གདམས་པའི་མན་ངག་ཤེས་པ་ནི་ཡང་དག་པའི་བླ་མ་རྗེ་བཙུན་ཀྱང་ངོ་། །དེ་མཉེས་པར་གྱུར་ན་དེ་རྣམས་ཀྱིས་ཀྱེའི་རྡོ་རྗེར་གསུངས་པའི་དཀྱིལ་འཁོར་དུ་ཆོ་ ག་ཇི་ལྟ་བར་རབ་ཏུ་འཛུད་པའི་ཕྱིར། དཔལ་ཀྱེ་རྡོ་རྗེ་ལས་གསུངས་པའི་དཀྱིལ་འཁོར་དུ་རབ་ཏུ་ཞུགས་ནས་སོ། །གོ་རིམས་ཇི་ལྟ་བར་དབང་བསྐུར་ཏེ་ཞེས་པ་ནི་ཆུ་ལ་སོགས་པ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་མཐར་ཐུག་སྟེ། རིམ་པ་ཇི་ལྟ་བར་དབང་བསྐུར་ཏེ་ཞེས་ པའོ། །ཡང་དག་པར་རྗེས་སུ་གནང་བས་ཞེས་བྱ་བ་ནི་དབང་བསྐུར་ནས་ཇི་ལྟར་གདམས་པ་ཉེ་བར་བསྟན་པས་རྒྱུད་བསྟན་ཏེ། སློབ་མ་ལ་ཕན་པ་དང་དེའི་རྗེས་སུ་སྣོད་དུ་རིག་ནས་དེ་ལས་མཆོག་གི་དགའ་བའི་མཐའ་དང་། དགའ་བྲལ་ལ་སོགས་པའི་དེ་ཉིད་གསལ་བར་བྱ་ ཞིང་ཚིག་གི་དོན་གཞན་དུ་བྱས་ནས་བསྟན་པར་བྱ་སྟེ། འདི་ནི་ཡང་དག་པར་རྗེས་སུ་གནང་བས་སོ། །དེའི་རྗེས་སུ་ཡང་དག་པར་རྗེས་སུ་གནང་བའི་སྔགས་པས་འཆད་པར་འགྱུར་བའི་རིམ་པ་གནང་བས་སྤྱད་པར་བྱ་སྟེ། ཇི་སྲིད་ཕྱག་རྒྱ་ཐོབ་པར་གྱུར་པའི་བར་དུའོ། ། ཕྱག་རྒྱ་ཐོབ་པ་ཞེས་པ་ནི་ཅུང་ཞིག་ཐོབ་པར་གྱུར་པའོ། །ཤིན་ཏུ་རྣམ་པར་དག་པ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཐོབ་ཅིང་ཞེས་པ་ནི་ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར་ཕྱིན་ཅི་མ་ལོག་པའོ། །འོན་ཀྱང་རང་བཞིན་གྱིས་ལུས་འདིའི་རྣམ་པར་དག་པ་ཉིད་རྣམ་པར་སྤངས་ནས་ ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་ཤེས་པས་ན་ཡེ་ཤེས་ཏེ། ཡེ་ཤེས་ཀྱི་ལམ་ཐོབ་པའོ། །འདི་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིན་ཅི་མ་ལོག་པ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཐོབ་ཅིང་ཞེས་པའོ། །མཚན་མ་ཐོབ་པ་དང་ཞེས་པ་ནི་བརྟགས་པའི་རྣམ་པའི་ མཚན་མ་སྟེ། ཤིན་ཏུ་རྣམ་པར་དག་པ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཡོངས་སུ་ཐོབ་པའི་ཕྱིར་རོ། །དེའི་ཕྱིར་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱུ་སྟེ་འབྲས་བུ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སོ། །དེའི་མཚན་མར་ཤེས་པས་མན་ངག་ཇི་ ལྟ་བ་ལས་ཏེ་འདི་ནི་མཚན་མ་ཐོབ་པའོ། །དེའི་ཕྱིར་འདི་སྐད་དུ། ཆུ་སྐྱར་གྱིས་ནི་ཆུ་དག་དང་། །དུ་བས་མེ་ནི་ཤེས་པ་སྟེ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །མཚན་མ་རྣམས་ཀྱིས་རིག་ཅེས་སོ། །དང་གི་ཡི་གེ་ལས་ཀྱང་འདིས་ཡེ་ཤེས་དང་ལྡན་པའི་རྣལ་འབྱོར་པ་དཔལ་ ཀྱེ་རྡོ་རྗེ་སྒྲུབ་པར་འདོད་པས་རྩ་བར་གསུངས་པའི་རིག་མ་ཐོབ་བར་གྱུར་པ་ན་དུར་ཁྲོད་དང་ནགས་ཚལ་དུ་འགྲོ་བར་བྱའོ་ཞེས་པའོ། །དེའི་རྗེས་སུ་དུར་ཁྲོད་ལ་སོགས་པ་ཡིད་དུ་འོང་བའི་གནས་སུ་གནས་པའི་རྣལ་འབྱོར་གྱིས་གསངས་ནས་འཆད་པར་འགྱུར་བའི་གཏོར་མ་དང་མཆོད་པ་ བྱས་ནས་ཇི་ལྟར་གསུངས་པའི་ཆོ་གས་མཆོད་པའི་འཁོར་ལོ་སྤྱན་དྲངས་ནས་ཕྱི་དང་གསང་བ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཁྱད་པར་རྣམས་ཀྱིས་མཆོད་ནས་བསྒོམ་པ་བརྩམ་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་རྣམ་པ་སྣ་ཚོགས་པས་མཆོད་པ་ནི་ཕྱི་དང་། དེའི་ འཁོར་ལོར་གནས་པའི་ལྷ་མོའི་ལག་ན་ཡོད་པ་ནི་དམ་ཚིག་གི་བརྡའི་རྫས་སྒོམ་པ་ནི་གསང་བ་དང་། སྐུ་སྤྲོ་བ་དང་བསྡུ་བ་ནི་དེ་ཁོ་ན་ཉིད་ཀྱི་མིང་སྟེ། འདིས་གང་དེ་རང་གི་སྙིང་གར་ཉི་མ་ལ་གནས་པའི་ས་བོན་ལས་རྣམ་པར་འཐོན་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་སྤྱན་དྲངས་པའི་ འཁོར་ལོ་དང་བཅས་པའི་རྗེ་བཙུན་དེ་ལ་ཡང་དག་པར་མཆོད་པར་བྱ་སྟེ། འདིས་ནི་རང་གི་སྙིང་གར་ཉི་མ་ལ་གནས་པ་ལས་བྱུང་བའི་དོན་གསལ་བར་བྱས་པའོ། །དེ་ནས་དེའི་སྤྱན་སྔར་མཆོད་པ་བླ་ན་མེད་པ་བདུན་བྱའོ། །དེ་རྣམས་ཀྱིས་ནི་བཅོམ་ལྡན་འདས་ཀྱིས་བསོད་ ནམས་ཀྱི་ཚོགས་ཀྱི་དོན་དུ་མཆོད་པའི་འཁོར་ལོ་གསུངས་ཏེ། བསོད་ནམས་ཀྱི་ཚོགས་ལས་ཡེ་ཤེས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ལས་བྱང་ཆུབ་བླ་ན་མེད་པའོ། །དེ་ནས་བུ་གཅིག་པ་ལ་སྡུག་པའི་མཚན་ཉིད་ཀྱིས་བྱམས་པ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ རྟག་ཏུ་བསྐྱེད་ནས་དེ་ནས་འཁོར་བའི་རྒྱ་མཚོར་ལྷུང་བ་བལྟས་ཏེ། བཙོན་ར་ན་བུ་སྡུག་བསྔལ་བར་གྱུར་པ་ན་ཇི་ལྟར་ཉམ་ཐག་པ་དེ་ལྟར་སྐྱབས་མེད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བལྟས་ནས། ཕྱི་ནས་དགའ་བ་ཆེན་པོ་ཐོབ་པའི་རྣལ་འབྱོར་པས་ཇི་ལྟར་བདག་ ལ་ཡང་གྲུབ་པར་རིག་ནས་དགོད་པ་ནི་དགའ་བ་དང་ལྡན་པའི་སྔགས་པས་དགའ་བ་རྣམ་པར་བསྒོམ་པར་བྱ་ཞིང་། འཁོར་བ་ལ་ཆགས་ཤིང་ཆེ་བའི་བདག་ཉིད་རྙེད་པ་དང་བཀུར་སྟི་ལ་སོགས་པ་ལ་ལྟོས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་བཏང་སྙོམས་ཆེན་པོ་ བསྒོམ་པར་བྱའོ། །དེ་ལྟར་གྱུར་པའི་སྔགས་པས་མཆོག་གི་སྒྲུབ་པ་བརྩམ་པར་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཤེས། །དང་པོ་རོ་ནི་བསྒོམ་བྱས་ཏེ། །རྣལ་འབྱོར་པས་ནི་དེ་སྟེང་དུ། །གནས་ནས་ཧེ་རུ་ཀ་ཉིད་བསྒོམ། །ཤྲཱི་ཧེ་རུ་ཀ་བཛྲ། དེར་གནས་ནས་ཡི་གེ་དྲུག་གི་ དོན་མངོན་དུ་བྱའོ། །དེ་ནས་དམ་པའི་གདམས་པ་ལས་ཤྲཱི་ཧེ་རུ་ཀ་ཞེས་པ་ཡི་གེ་བཞིའི་དོན་ཡེ་ཤེས་སྣང་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་གྱིས་མངོན་དུ་བྱ་ཞིང་། དེ་བསྒོམ་པར་བྱ་སྟེ་འདི་ནི་མཆོག་གོ། །འདི་ནི་མི་གཙང་བའི་ལུས་དོར་ནས་ལྷན་ཅིག་སྐྱེས་པའི་རྣལ་ འབྱོར་རྩོམ་པ་སྟེ། སྐད་ཅིག་གིས་སངས་རྒྱས་ཀྱི་གཞལ་ཡས་ཁང་གི་དབུས་སུ་ཨེ་བཾ་གི་ཡི་གེས་གསལ་བར་བྱས་པའི་སྔོན་བཞིན་དུ་ཞལ་དང་མཚན་མ་ལ་སོགས་པ་རྣམས་ཀྱིས་བདག་ཉིད་རྡོ་རྗེ་སེམས་དཔའ་ཞི་བ་ཆེན་པོ་རལ་པའི་ཅོད་པན་དང་ལྡན་པ་རྡོ་རྗེ་སྐྱིལ་ཀྲུང་ ཅན་ཆོས་ཀྱི་ཕྱག་རྒྱས་མཚན་པ་ཕྱག་གཉིས་པ་རོའི་སྟེང་དུ་ཟླ་བ་ལ་བཞུགས་པ་བསྒོམ་པར་བྱ་ཞིང་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཅན་མཚན་སུམ་ཅུ་རྩ་གཉིས་འཆང་ཞིང་དཔེ་བྱད་བརྒྱད་ཅུས་བརྒྱན་པ་ལྷན་ཅིག་སྐྱེས་པའི་ཧེ་རུ་ཀ་བསམ་པར་བྱ་ཞེས་པའོ། །གང་གི་ ཕྱིར། ཨཱ་ལི་དང་ཀཱ་ལི་དག་གིས་མཉམ་པར་སྦྱར་བ་རང་བཞིན་མེད་པའི་གོ་འཕང་མཆོག །ཅེས་བྱ་བ་ནི་རོ་ཞེས་པ་མཆོག་གི་དོན་ཏེ་རྡོ་རྗེ་སེམས་དཔའི་གདན་ནོ། །དེའི་བསྐྱེད་པ་ནི་ཧཱུཾ་ཕཊ་ཀྱི་ཡི་གེ་མི་འདོད་དེ། ཇི་ལྟར་དང་གི་ཡི་གེ་ལས་ཡི་གེ་ཞེས་པ་ནི་སྟོང་པའོ། །དེའི་ ཕྱིར་ཡི་གེ་ཡིན་ན་མངོན་བརྟགས་ལས་བསྐྱེད་པས། གོང་བུ་སྟེ། དེས་ན་ཡི་གེ་བསྐྱེད་གོང་བུའི་ཞེས་སོ། །དེ་ཉིད་བརྟན་པར་བྱེད་པའི་རྒྱུད་ཉིད་ལས་ལེའུ་བརྒྱད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བའི། །རྡོ་རྗེ་ སེམས་དཔའི་གདན་ཡིན་ཏེ། །ཡི་གེ་ལས་བྱུང་གོང་བུ་ཡི། །ཧཱུཾ་ཕཊ་ཡི་གེ་མི་འདོད་དོ། །སྔ་མ་བཞིན་དུ་ཞལ་དང་ཕྱག་མཚན་ལ་སོགས་པ་རྣམས་ཀྱིས་ཟླ་བ་མཛེས་པའི་ནོར་བུའི་འོད་ཅེས་པའི་ཚིག་ལས་སེམས་པའི་སྒྲས་ལྷན་ཅིག་སྐྱེས་པའི་མགོན་པོ་རྣམ་པར་ བསམས་ནས་ཞེ་སྡང་རྡོ་རྗེའི་གོ་འཕང་བརྩམ་པར་བྱའོ། །དེ་ནས་ཞེ་སྡང་རྡོ་རྗེའི་གོ་འཕང་བརྗོད་དེ་རེ་ཕའི་ཉི་མ་བསྒོམས་ནས་འགྱུར་མེད་ཧཱུྃ་གི་ཡི་གེ་སྦྱོར་བས་དེའི་ཐུགས་ཀར་བསམ་མོ། །དེའི་ཐིག་ལེས་ཟླ་བ་ཉ་གང་བར་བསམ་པར་བྱའོ། །དེའི་དབུས་སུ་གནས་པ་ འགྲོ་བ་སྐྱེ་བའི་ས་བོན་གསལ་བར་བྱེད་པའི་ཧཱུྃ་གི་ཡི་གེའོ། །དེ་ལྟར་སྲིད་པ་གསུམ་གྱི་དབང་ཕྱུག་ཏུ་རྣམ་པར་བསྒོམས་ནས་སོ། །དེའི་སྙིང་གར་ནི་རྡོ་རྗེ་སེམས་དཔའི་སྙིང་གར་ཞེས་པའི་དོན་ཏོ། །ཇི་ལྟར་ལྷའི་ལེའུ་གསུངས་པའི་རིམ་པ་སྟེ། རང་གི་སྙིང་གར་རེ་ཕ་ བསྒོམ། །དེ་ལས་བྱུང་བའི་ཉི་དཀྱིལ་འཁོར། །དེར་ནི་ཧཱུྃ་གི་རྣམ་པ་ཉིད། །ཤེས་རབ་ཐབས་ཀྱི་རང་བཞིན་ཅན། །ཧཱུྃ་ཡིག་ལས་བྱུང་རྡོ་རྗེ་ནི། །ཁ་དོག་ནག་པོ་མི་བཟད་ཆེ། །རྡོ་རྗེའི་ལྟེ་བའི་དབུས་གནས་པ། །ཧཱུྃ་གི་དེ་ཉིད་སླར་ཡང་བསྒོམ། །ཧཱུྃ་ཡིག་ཡོངས་སུ་གྱུར་པར་བལྟས་ ལ་ཞེ་སྡང་གི་བདག་ཉིད་རྣམ་པར་བསྒོམ་མོ། །ཧཱུྃ་ཡིག་ཡོངས་སུ་གྱུར་པའི་སྒྲས་ནི་དེ་ཐམས་ཅད་ཡོངས་སུ་གྱུར་ནས་ཞེ་སྡང་རྡོ་རྗེའི་སྙིང་གར་བསྒོམས་ནས། གདམས་ངག་ཇི་ལྟ་བར་རྡོ་རྗེ་ཅན་ནི་ཞེ་སྡང་རྡོ་རྗེའི་བདག་ཉིད་དུ་འགྱུར་རོ། །འཆད་པར་འགྱུར་བའི་རིམ་པས་དེ་དང་མཉམ་ པའི་སྐུའི་དབྱིབས་བསམ་པར་བྱ་ཞིང་། བཞི་རྣམས་ཀྱི་དབུས་སུ་རྣལ་འབྱོར་པས་ཇི་ལྟར་མོས་པར་ཇི་ལྟར་ཉེ་བར་གདམས་པ་ལས་ཞལ་བརྒྱད་པ་ལ་སོགས་པའི་འདོད་པའི་ལྷའི་རྣམ་པ་གསུམ་གྱི་གཟུགས་ཅན་མི་བཟད་པ་ཆེན་པོ་འདི་ལྟ་བུའི་མངའ་བདག་བསྒོམ་པར་བྱ་སྟེ། སེམས་ དཔའི་སྐུ་ལས་ཡང་དག་བྱུང་། །དཀྱིལ་འཁོར་དབང་ཕྱུག་རྣམ་པར་བསྒོམ་པའི་ཚིག་ལས་སོ། །དེ་ལྟར་ཞེ་སྡང་རྡོ་རྗེའི་རྣལ་འབྱོར་གྱིས་ཕྱོགས་དང་ཕྱོགས་བྲལ་རྣམས་སུ་རིམ་པ་ཇི་ལྟ་བས་ཁྲོ་བོའི་ཚོགས་སྤྲོ་བར་བྱ་སྟེ། ཧཱུཾ་གི་ཡི་གེ་ལས་ཡོངས་སུ་གྱུར་ཞིང་ཐམས་ཅད་འོད་ཟེར་ཆེན་པོ་ འབར་བས་འཁྲུགས་པ་རྣམས་དབྱུང་སྟེ། དེ་ནས་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རིམ་པ་ཇི་ལྟ་བར་བསམས་ཏེ། ནག་པོ་དང་། དཀར་པོ་དང་། དམར་པོ་དང་། སྔོན་པོ་རྣམས་སོ། །རྡོ་རྗེའི་ ཐོ་བ་དང་། རྡོ་རྗེའི་དབྱུག་པ་དཀར་པོ་དང་། རྡོ་རྗེའི་ཆུ་སྐྱེས་དམར་པོ་དང་། ཁ་གྱེས་པའི་རྡོ་རྗེ་བསྣམས་པ་རྣམས་ཏེ། ཐུང་ཞིང་གསུས་པ་འཕྱང་བ་རྣམས་རྣམ་པར་སྣང་མཛད་དང་། རིན་ཆེན་དབང་པོ་དང་། རྡོ་རྗེ་ཆོས་དང་། དོན་ཡོད་གྲུབ་པས་མགོ་བོ་རྣམས་མཚན་པའོ། །དེ་ནས་དབང་ལྡན་ལ་ སོགས་པའི་མཚན་རྣམས་སུ་མི་གཡོ་བ་དང་། འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་། སྟོབས་པོ་ཆེ་རྣམས་ནི་ནག་པོ་ཆེན་པོ་རལ་གྲི་དང་། ལྕགས་ཀྱུ་དང་། དབྱུག་པ་དང་། མདུང་རྩེ་གསུམ་པ་བསྣམས་པའོ། །འདོད་པ་དང་ནི་མི་གཡོ་བ་དག་ནི་རོལ་ཞིང་ལྷའི་རྒྱན་གྱིས་བརྒྱན་ པའོ། །དབྱུག་པ་སྔོན་པོ་དང་སྟོབས་པོ་ཆེ་དག་ནི་གཤིན་རྗེ་མཐར་བྱེད་ལྟར་རྣམ་པར་འགྱུར་བའོ། །དེའི་དབུས་སུ་བསམ་ཞིང་གཞན་ཡང་སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་འཁོར་ལོ་སེར་པོ་བསྣམས་པའོ། །རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན་ཐུང་ཞིང་གསུས་པ་འཕྱང་ བའོ། །འོག་ཏུ་གནོད་མཛེས་རྒྱལ་པོ་ཁ་དོག་ནག་པོ་གཏུན་ཤིང་བསྣམས་ཤིང་ལྟོ་བ་འཕྱང་བའོ། །འདོད་པ་ལ་སོགས་པ་བཞི་དང་གནོད་མཛེས་རྒྱལ་པོ་ནི་མི་བསྐྱོད་པའི་དབུ་རྒྱན་ཅན། ཁྲོ་བོ་བཅུ་པོ་འདི་རྣམས་ནི་གཡོན་བརྐྱང་གི་ཞབས་རྣམས་ཏེ། གཡོན་ན་སྡིགས་མཛུབ་ རྡོ་རྗེའི་ཞགས་པ་བསྣམས་པ་རྣམས། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་བལྟ་བར་བྱའོ། །དེ་ལྟར་རྗེས་སུ་རིམ་པ་ཇི་ལྟ་བས་འཐོན་ནས་ཁྲོ་བོ་རྣམས་རང་རང་གི་གནས་སུ་དེར་སོང་བ་རྣམ་པར་བསམས་ཏེ་མངོན་དུ་ཕྱོགས་པར་གྱུར་ནས་གནས་ཏེ་ཐལ་མོ་སྦྱར་བ་བྱས་ནས་རྐང་པ་བརྒྱད་ པ་དང་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་རྣམས་ཀྱིས་བསྟོད་པ་སྔོན་དུ་འགྲོ་བ་ཅན་གྱི་བདག་ཅག་རྣམས་ཀྱིས་ཅི་དང་ཅི་བགྱི་ཞེས་སྨྲ་བར་བལྟ་བར་བྱའོ། །དེ་ནས་ཞི་བ་ལ་སོགས་པའི་དབྱེ་བས་ཨོཾ་སུམྦྷ་ནི་སུམྦྷ་ཞེས་བྱ་བ་ལ་སོགས་པས་དེ་རྣམས་ལ་བཀའ་ལུང་ བྱིན་ནས། དེ་རྣམས་ཀྱི་བློ་དང་ལྡན་པ་རྡོ་རྗེ་འཛིན་པའི་བཀའ་ཡང་དག་པར་བཟུང་ནས་རང་གི་སྤྲུལ་པ་རང་གི་གནས་སུ་བཞག་ནས་བགེགས་ཀྱི་ཚོགས་རྣམས་མགུལ་པར་རྡོ་རྗེའི་ཞགས་པས་བཅིངས་ནས་རང་རང་གི་མཚོན་ཆས་སྐྲག་པར་བྱེད་ཅིང་བཟུང་ནས་འོངས་ནས། བགེགས་ ཀྱི་ཚོགས་རྣམས་ཕྱོགས་བཅུའི་རང་རང་གི་སྤྲུལ་པ་ལ་གཏད་ནས་རྡོ་རྗེ་འཛིན་ལ་མངོན་སུམ་དུ་གྱུར་ནས་གནས་པར་བལྟའོ། །དེ་ལ་བགེགས་ཀྱི་ཚོགས་ནི་འདི་ལྟ་སྟེ། དབང་པོ་དཀར་པོ་མིག་སྟོང་པ་རིན་པོ་ཆེའི་དབུ་རྒྱན་ཅན་འགྱིང་བའི་ལུས་སོ། །གཤིན་རྗེ་ནག་པོ་སྐྲ་དམར་ སེར་གྱེན་དུ་འགྲེང་བ་ཐུང་ཞིང་གསུས་པ་འཕྱང་བའོ། །ཆུ་ལྷ་དཀར་པོ་གདེངས་ཀས་མཚོན་པའི་མགོ་བོ་སྒེག་པའི་ལུས་སོ། །ལུས་ངན་སེར་པོ་རིན་པོ་ཆེའི་དབུ་རྒྱན་ཅན་འགྱིང་བའི་ལུས་སོ། །དབང་ལྡན་དཀར་པོ་རལ་པའི་ཅོད་པན་ཅན་ཐུང་ཞིང་ཆེ་བའི་སྐུའོ། །མེ་ལྷ་དམར་ པོ་རལ་པའི་ཅོད་པན་ཅན་དབུ་རྒྱན་གྱིས་མཚན་པའི་ལུས་སོ། །སྲིན་པོ་དུ་བའི་མདོག་ཅན་སྐྲ་གྲོལ་བ་ཐུང་བའི་ལུས་སོ། །རླུང་ལྷ་ལྗང་གུ་རིན་པོ་ཆེའི་དབུ་རྒྱན་ཅན་འགྱིང་བའི་ལུས་སོ། །སྟེང་དུ་མེས་པོ་ཆེན་པོ་སེར་པོ་ཐུང་ཞིང་གསུས་པ་འཕྱང་བ་རལ་པའི་ཅོད་པན་ཅན་ནོ། ། འོག་ཏུ་སའི་ལྷ་མོ་སེར་མོ་རིན་པོ་ཆེའི་དབུ་རྒྱན་ཅན་རོལ་པའི་ལུས་ཅན་མའོ། །བགེགས་ཀྱི་རྣམ་པར་འདྲེན་པ་དེ་རྣམས་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ཀྱིས་བཟུང་བ་རྣམས་བྲེད་ཅིང་ཉམས་ཏེ་སྐྱབས་ཚོལ་བ་ལ་གཞོལ་བ་བལྟ་བར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གའི་ ས་བོན་ལས་ཁྲོ་བོའི་མགོ་མདུང་གི་རྣམ་པ་ཁ་དོག་ནག་པོ་མི་བཟད་པ་ཆེན་པོ་བསྐལ་པ་འཇིག་པའི་མེ་ལྟར་བཟོད་པར་དཀའ་བ་སྟེང་ན་བདུད་རྩི་འཁྱིལ་པའི་རྣམ་པ་སྤྲོས་ནས་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ལ་གཏད་པར་བསམས་ནས་བགེགས་ཀྱི་ཚོགས་ཀྱི་མགོ་ བོ་རྣམས་སུ། དེའི་རྗེས་སུ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཾ་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་བཛྲ་དྷ་རོ་ཨཛྙཱ་པ་ཡ་ཏི་སརྦ་དུཥྚ་བིགྷ་ནཱཾ། ཀཱ་ཡ་བཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ་ཅེས་འདིས་ཕུར་བུས་གདབ་པར་བྱའོ་ཞེས་པ་ནི་ཕུར་བུའི་སྔགས་ སོ། །ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ། ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བ་འདིས་བརྡུང་བར་བྱ་སྟེ། ཁྲོ་བོ་ཐམས་ཅད་རང་གི་མཚན་མ་ཡོངས་སུ་གྱུར་པས་རྡོ་རྗེའི་ཐོ་བ་རྣམ་པར་བསྒོམས་ནས་སྔགས་ཀྱི་ཕུར་བུས་གདབ་པ་དང་བརྡུང་བ་སྟེ། ཇི་སྲིད་ས་ལ་སོང་བར་ གྱུར་པ་དེ་སྲིད་དུ་ཕུར་བུས་གདབ་པ་དང་བརྡུང་བར་བྱའོ། །དེ་ནས་རང་རང་གི་སྤྲུལ་པ་ལ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཞུགས་པར་བསམ་མོ། །དེའི་རྗེས་ལ་གཅིག་ཏུ་བྱེད་པའི་དུས་སུ་ཁྲོ་བོའི་མེས་ལོག་པར་འདྲེན་པ་དང་འཁོར་རྣམས་རྩ་བ་ནས་མེད་པར་བྱས་པར་བལྟའོ། ། ད་ནི་རེ་ཕས་མདུན་དུ་ཉི་མ་རྣམ་པར་བསྒོམས་ནས་ཉི་མ་དེར་ཧཱུྃ་གིས་བསྐྱེད་པའི་སྣ་ཚོགས་རྡོ་རྗེའོ། །རྡོ་རྗེ་དེ་ཉིད་ཀྱིས་རྭ་བ་དང་གུར་བཅིངས་པ་རྣམ་པར་བསྒོམ་སྟེ། དང་གི་ཡི་གེས་རྡོ་རྗེ་མདའི་དྲ་བའོ། །རྡོ་རྗེའི་བླ་རེ་དང་རྡོ་རྗེ་ལས་གྱུར་པའི་ས་གཞི་གསུངས་ཏེ། དབང་ཆེན་གྱི་གཞི་ལ་ ཐུག་པར་བསམ་པར་བྱའོ། །བགེགས་རྣམ་པར་སེལ་བ་ཞེས་པའི་ཚིག་ལས་སྲུང་བའི་འཁོར་ལོ་བརྗོད་པ་ནི་བགེགས་ཉེ་བར་ཞི་བའི་དོན་དུའོ། །དེའི་རྗེས་ལ་དངོས་པོ་མ་ལུས་པ་བསྡུས་པ་ནི་སྙིང་པོའི་དེ་ཁོ་ན་ཉིད་ཀྱི་སྔགས་བརྗོད་པར་བྱའོ་ཞེས་བྱ་བ་ནི། དེ་ཉིད་ ཀྱིས་ནི། ཆོས་ཐམས་ཅད་རྣམ་པར་དཔྱད་པས་གང་གཟུགས་ཡིན་པ་དེ་སྙིང་པོ་སྟེ་དེ་བསྡུས་པ་ནི་དེ་སྡུད་པའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པ་ནི་སྔགས་སོ། །དེ་མ་ཐག་པར་སྔགས་ཀྱི་དོན་བདག་དང་ཁམས་གསུམ་པོ་དངོས་པོ་མེད་པར་མངོན་དུ་བྱས་ ལ་བསྒོམ་པར་བྱའོ། །སྟོང་པ་ཉིད་དུ་ལྷག་པར་མོས་པའོ། །དེའི་དབུས་སུ་ནམ་མཁའི་དབྱིངས་ཁྱབ་པ་ཅན་གྱི་ཤེས་རབ་ཨེའི་ཡི་གེའི་རྣམ་པ་དཀར་པོ་བསྒོམ་སྟེ་དེའི་སྟེང་དུ་ཞེས་པ་ནི་དེའི་དབུས་སུ་ནམ་མཁའི་སྟེང་དུ་ས་གཞི་ཡིན་ཏེ། ངེས་པར་རིམ་པ་འདིས་རླུང་ལ་ སོགས་པ་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་བསྡུས་པས་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པར་བསམ་པར་བྱའོ། །དེ་ནས་རྗེས་སུ་རིམ་པ་ཇི་ལྟ་བའི་སྦྱོར་བས་དུར་ཁྲོད་རྣམས་བརྗོད་པར་བྱ་སྟེ། ཤར་དུ་གཏུམ་དྲག་ཅེས་བྱ་བའི་དུར་ ཁྲོད་དོ། །ཤི་རི་ཥའི་ཤིང་ལ་གླང་པོ་ཆེའི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དཀར་པོ། །ཕྱོགས་ཀྱི་བདག་པོ་དབང་པོ་དཀར་སེར་མིག་སྟོང་པ། །ཨཻ་ར་པ་ཏི་དཀར་པོ་ལ་གནས་པ། །ཀླུའི་རྒྱལ་པོ་ནོར་རྒྱས་སེར་པོ། །སྤྲིན་སྒྲ་སྒྲོགས་ཁ་དོག་སྣ་ཚོགས་པ། ལྷུན་པོའི་རི་རིན་པོ་ཆེ་ སྣ་བཞི་ལས་གྱུར་པས། དཀར་པོ་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་དཀར་པོའོ། །ལྷོར་འཇིགས་བྱེད་ཐོད་པ་ཅན་ཞེས་བྱ་བའི་དུར་ཁྲོད་ཆེན་པོ་ཨ་མྲའི་ཤིང་ལ་མ་ཧིཪྵའི་གདོང་ཅན་རྫུ་འཕྲུལ་ཆེན་པོ་ནག་པོ། །ཕྱོགས་སྐྱོང་བའི་གཤིན་རྗེ་མ་ཧེ་ལ་ཞོན་པ་ནག་པོ་ཀླུ་པདྨ་དཀར་པོ། ། སྤྲིན་ཟློག་བྱེད་ཁ་དོག་སྣ་ཚོགས་པ། མཱ་ལཱ་ཡའི་རི་དཀར་པོ། །ནག་པོ་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །ནུབ་ཏུ་འབར་བ་འཁྲུག་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། །ཀེ་ཀེ་ལཱའི་ཤིང་ལ་ཆུ་སྲིན་གྱི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དཀར་པོ། །ཕྱོགས་ཀྱི་བདག་པོ་ཆུ་ལྷ་དཀར་པོ། ། ཀླུ་ཀརྐོ་ཊ་དམར་པོ། །སྤྲིན་མི་བཟད་པ་ཁ་དོག་སྣ་ཚོགས་པ། ཏི་སེའི་རི་དཀར་པོ། །དམར་པོ་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །བྱང་དུ་ཚང་ཚིང་འཁྲིགས་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། །ཨ་ཤྭདྠའི་ཤིང་ལ་མིའི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དཀར་པོ། །ཕྱོགས་ཀྱི་ བདག་པོ་ལུས་ངན་སེར་པོ་མིའི་བཞོན་པ་ཅན། ཀླུ་འཇོག་པོ་ནག་པོ། །སྤྲིན་འཁོར་བྱེད་ཁ་དོག་སྣ་ཚོགས་པ། མནྡ་རའི་རི་ལྗང་གུ། །འདུ་བྱེད་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །བྱང་ཤར་དུ་ཕུན་ཚོགས་ནགས་ཚལ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། །ནྱ་གྲོ་དྷའི་ཤིང་ལ་བ་ལང་ གི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དཀར་པོ། །ཕྱོགས་ཀྱི་བདག་པོ་དབང་ཕྱུག་ཆེན་པོ་དཀར་པོ་གླང་དཀར་པོའི་བཞོན་པ་ཅན། ཀླུ་དུང་སྐྱོང་སེར་པོ་སྤྲིན་གཏུམ་པོ་ཁ་དོག་སྣ་ཚོགས་པ། དབང་ཆེན་གྱི་རིའི་རྒྱལ་པོ་ནག་པོ། །སེམས་ཀྱི་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །མེར་ཧ་ཧར་དགོད་ པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། །ཀ་རཉྫའི་ཤིང་ལ་རའི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དམར་པོ། །ཕྱོགས་སྐྱོང་བ་མེ་ལྷ་དམར་པོ་རའི་གདན་ཅན། ཀླུ་པདྨ་ཆེན་པོ་ལྗང་གུ། །སྤྲིན་སྟུག་པོ་ཁ་དོག་སྣ་ཚོགས་པ། སྤོས་ངད་ལྡང་བའི་རི་སེར་པོ། །སྐུ་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །བདེན་ བྲལ་དུ་མུན་པ་མི་བཟད་པ་ཞེས་བྱ་བ་འམ་དུར་ཁྲོད་ཆེན་པོ། །པརྐ་ཊའི་ལྗོན་པའི་ཤིང་ལ་རོའི་གདོང་པ་ཅན། རྫུ་འཕྲུལ་ཆེན་པོ་ནག་པོ། །ཕྱོགས་ཀྱི་བདག་པོ་སྲིན་པོའི་རོའི་གདོང་ཅན་ནག་པོ། །ཀླུ་མཐའ་ཡས་དཀར་པོ། །སྤྲིན་འགེངས་བྱེད་ཁ་དོག་སྣ་ཚོགས་པ། ཁ་བའི་རི་དཀར་ པོ། །རིན་ཆེན་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །རླུང་དུ་ཀཱི་ལི་ཀཱི་ལི་སྒྲ་སྒྲོགས་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། །པ་ཊ་ལིའི་ཤིང་ལ་རི་དགས་ཀྱི་གདོང་བ་ཅན་རྫུ་འཕྲུལ་ཆེན་པོ་ལྗང་གུ། ཕྱོགས་ཀྱི་བདག་པོ་རླུང་ལྷ་རི་དགས་ལ་ཞོན་པ། ཀླུ་རིགས་ལྡན་ཁྲོ་བོ། །སྤྲིན་ཆར་འབེབས་ཁ་ དོག་སྣ་ཚོགས་པ། དཔལ་གྱི་རི་སྔོན་པོ། །ཆོས་ཀྱི་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །དེའི་ནང་དུ་རྫུ་འཕྲུལ་ཆེན་པོ་རྣམས་ཀྱང་གཡོན་ན་མིའི་ཐོད་པ་ཁྲག་གིས་ཡོངས་སུ་གང་བའི་ལག་པ་ཅན། གཡས་ན་རོ་སྣ་ཚོགས་མངོན་པར་འདྲེན་པའི་ལག་པ་པདྨ་དང་ལྡན་པ་རྣམས་བསམ་ པར་བྱའོ། །དེའི་རྗེས་ལ་རྩ་ལྗང་སེར་གྱི་མྱུ་གུ་འབུས་པའི་འདབ་མས་སྤྲས་པའི་སྣ་ཚོགས་པའི་མེ་ཏོག་གི་ཤིང་རྣམས་ཀྱིས་སྟུག་ཅིང་། ཁྭ་དང་། ཁུ་བྱུག་དང་། འུག་པ་དང་། ནེ་ཙོ་དང་། རི་སྐེགས་དང་། ཐི་བ་དང་། ཐི་བ་མོ་དང་། བྱ་རྒོད་ལ་སོགས་པ་སྣ་ཚོགས་པའི་བྱ་རྣམས་ཀྱིས་ ཉེ་བར་བརྒྱན་པ། སེང་གེ་དང་། སྤྱང་ཀི་དང་། སྟག་དང་། དོམ་དང་། ཕག་ལ་སོགས་པ་སྣ་ཚོགས་པའི་རི་དགས་རྣམས་ཀྱིས་ཡོངས་སུ་གང་བ། སྣ་ཚོགས་པའི་དྲི་བཟང་པོ་ཅན་མེ་ཏོག་ཡོངས་སུ་དྲི་ལྡང་བ་རྣམས་ཀྱིས་འཁྲུགས་པར་བྱས་པ། སྣ་ཚོགས་པའི་སྦྲུལ་གྱི་ཚོགས་ཀྱིས་གང་བ། རུས་མགོ་དང་། ཀེང་རུས་དང་། ཐོད་པ་དང་། རོ་ལ་སོགས་པ་རྣམས་ཀྱིས་སྣ་ཚོགས་པའི་གནས་དང་ཕྱོགས་བརྒྱན་པ། གཞན་ཡང་སྣ་ཚོགས་པའི་ཕྱོགས་རྣམས་སུ་གནས་གཞི་དང་། གཙུག་ལག་ཁང་དང་། བསམ་གཏན་གྱི་ཁང་པ་དང་། རྫིང་བུ་དང་། རྣལ་འབྱོར་པ་དང་། རྣལ་འབྱོར་མ་དང་། ཀུན་ སྤངས་དང་། ཀུན་སྤངས་མ་དང་། བསམ་གཏན་པ་དང་། བསམ་གཏན་མ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། ཡི་དགས་དང་། ཡི་དགས་མོ་དང་། སྲིན་པོ་དང་སྲིན་མོ་དང་། གྲུལ་བུམ་དང་། གྲུལ་བུམ་མོ་དང་། འབྱུང་པོ་དང་། འབྱུང་མོ་དང་། མཁའ་འགྲོ་ དང་། མཁའ་འགྲོ་མ་དང་། དཔའ་བོ་དང་། དཔའ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་སྤྲས་ཤིང་། དམ་ཚིག་གི་བརྡ་ལ་ཆགས་པའི་སེམས་དང་ལྡན་པ། རྒོད་པ་དང་། སྒེག་པ་དང་། འཁྱུད་པ་དང་། འོ་བྱེད་པ་རྣམ་པ་སྣ་ཚོགས་ལ་སོགས་པ་ཐོབ་པའི་མཁའ་འགྲོ་དང་། མཁའ་འགྲོ་མའི་ ཚོགས་རྣམས་ཀྱིས་ཡོངས་སུ་གང་བ་རྣམས་སོ། །དེའི་རྗེས་ལ་དགའ་བའི་སེམས་ཀྱིས་ལ་ལ་རྡོ་རྗེ་གོམ་པ་རྣམས་ཀྱིས་གར་བྱེད། ལ་ལ་རྡོ་རྗེ་གླུ་རྣམས་ཀྱིས་གླུ་ལེན། ལ་ལ་སྣ་ཚོགས་པའི་དམ་ཚིག་གི་སྤྱོད་པ་རྣམས་ཀྱིས་སྤྱོད། ལ་ལ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་ཟ་བར་བྱེད། ལ་ལ་སྣ་ ཚོགས་པའི་དངོས་པོ་ཉེ་བར་སྟོབས་པར་བྱེད། ལ་ལ་སྣ་ཚོགས་པའི་སེམས་ཅན་རྣམས་ཡང་དག་པར་ཚིམ་པར་བྱེད། ལ་ལ་ཆང་རྣམས་འཐུང་བར་བལྟ་བར་བྱའོ། །གཞན་རྣམས་ཀྱིས་ཀྱང་ཁར་རྔ་དང་། ཌ་མ་རུ་དང་། རྔ་དང་། རྔ་པ་ཊ་ཧ་དང་། ཀྲྀ་བི་ཌ་དང་། རྔ་ཁ་གཅིག་པ་དང་། པི་ཝང་དང་། གླིང་བུ་དང་། ཕེག་རྡོབ་པ་ལ་སོགས་པ་སྣ་ཚོགས་པའི་རོལ་མོ་རྣམས་ཀྱིས་དཀྲོལ་བར་བྱེད། གཞན་ཡང་གྲུབ་པ་དུ་མ་དང་། རིག་པ་འཛིན་པ་དང་། རིག་པ་འཛིན་མ་དང་། ལྟོ་འཕྱེ་ཆེན་པོ་དང་། ལྟོ་འཕྱེ་ཆེན་མོ་དང་། མིའམ་ཅི་དང་། མིའམ་ཅི་མོ་དང་། དྲི་ཟ་དང་། དྲི་ཟ་མོ་ཞེས་པ་ལ་ སོགས་པ་རྣམས་དང་། ལྷ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་གི་ཚོགས་ཀྱིས་ཡོངས་སུ་གང་བ་རྣམས་ཀཱི་ལི་ཀཱི་ལའི་སྒྲ་སྒྲོགས་ཤིང་མི་བཟད་པ་ཚང་ཚིང་འཁྲིགས་ཤིང་འཇིགས་སུ་རུང་བ་རྣམས་ནི་གར་གྱི་རོ་དགུས་ཤིན་ཏུ་ཡིད་ཚིམ་པར་བྱེད་པ་རོ་ལངས་དང་འབྱུང་པོའི་ཚོགས་ རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་གནས་པའི་དུར་ཁྲོད་བརྒྱད་རྣམས་བསམ་པར་བྱའོ། །དུར་ཁྲོད་བརྒྱད་ནི་རྣམ་པར་ཤེས་པ་བརྒྱད་རྣམ་པར་དག་པའོ། །རྣམ་པར་ཤེས་པ་བརྒྱད་ཅེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་དང་། ཀུན་གཞིའི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་པ་སྟེ། མེ་ལོང་དང་། རྨི་ལམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། སྒྲ་བརྙན་དང་། ཆུ་ཟླ་དང་། ནམ་མཁའ་ཞེས་པའི་དཔེ་བརྒྱད་རྣམ་པར་དག་པ་དུར་ཁྲོད་བརྒྱད་དུ་ཤེས་པར་བྱའོ། ། དེ་ནས་དུར་ཁྲོད་བརྒྱད་ནི་ཆོས་ཐམས་ཅད་ཡོངས་སུ་ཤེས་པས་གཟུང་བྱ་དང་། འཛིན་པ་ལ་སོགས་པ་སྤངས་པའི་ཕྱིར་རྣམ་པར་ཤེས་པ་བརྒྱད་ཀྱི་དཔེས་དུར་ཁྲོད་བརྒྱད་རྣམས་ཤེས་པའོ། །དེ་ནི་བརྗོད་པའི་རླུང་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ཡོངས་སུ་གྱུར་པའི་གཞལ་ཡས་ ཁང་བརྗོད་པར་བྱ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་དག་པའི་སྒོ་བཞིའོ། །ཡང་དག་པར་སྤོང་བ་བཞི་རྣམས་ནི་རྟ་བབས་བཞིར་དྲན་ཏོ། །རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པས་སྟེགས་བུ་བཞིའོ། །དབང་པོ་ལྔ་རྣམས་ནི་ལོགས་བཞི་དང་རྡོ་རྗེའི་ཐིག་གོ། །སྟོབས་ ལྔ་རྣམས་ནི་ཟུར་བཞི་དང་དྲ་བ་དང་དྲ་བ་ཕྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པས་ཀ་བ་བརྒྱད་རྣམས་རབ་ཏུ་བརྟགས་ཤིང་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་ནི་ཕྱོགས་ཅན་དང་མདའ་ཡབ་དང་གདུགས་དང་རྔ་ཡབ་དང་བླ་རེ་དང་དྲིལ་བུ་དང་བ་དན་རྣམས་ ཏེ། གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའོ། །འོད་གསལ་བ་བསྒོམ་པར་བྱ་ཞེས་པའི་སྒྲས་ནི་གཞལ་ཡས་ཁང་སྟེ། དེས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དོན་གྱི་རང་བཞིན་དུ་རང་བཞིན་ལས་སོ། །འོན་ཀྱང་བསྐྱེད་པ་ལ་སོ་སོར་བརྗོད་པ་ བཞིན་དུ་རྟོགས་པར་བྱ་ཞིང་། རང་བཞིན་གྱིས་ནི་ས་ལ་སོགས་པའི་རིམ་པ་བསམ་པར་བྱའོ། །དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དབྱེ་བ་རྣམས་འཕགས་པ་མཚོ་སྐྱེས་ཀྱི་ཞབས་ཀྱི་སྐུ་དྲིན་ལས་བརྗོད་པར་བྱ་སྟེ། དེ་ལ་ཐོག་མར་ལུས་བསྐྱེད་པ་ནི་དེའི་ཆོས་ལས་དེའི་ ཆོས་ཅན་ཐམས་ཅད་སྟོང་པ་སྟེ། དེའི་ཕྱིར་དང་པོར་ལུས་བསྐྱེད་པའོ། །རྗེས་སུའི་སྒྲས་ནི་དེའི་ངོ་བོ་མེད་པ་ནི་དེའི་ཆོས་ཀྱི་རང་བཞིན་ཏེ། ཕྱི་ནས་དེའི་ཆོས་ཀྱི་རང་བཞིན་གང་ཡིན་པ་དེ་དྲན་ཏོ་ཞེས་བསྐྱེད་པ་མེད་པའི་ཕྱིར་སྔར་གྱི་གཟུགས་ཀྱི་དངོས་པོ་མ་ལུས་པའི་ དེ་ཁོ་ནའི་རང་བཞིན་ནོ། །དེ་ལས་སེམས་ཀྱི་རང་བཞིན་ཡིན་ནོ་ཞེས་དྲན་པའི་སྒྲས་བརྗོད་ན་ནི་དེའི་ཚེ་རབ་ཏུ་སྣང་བ་ཇི་ལྟར་ཡིན་ཞེ་ན། བརྟགས་པའི་རྣམ་པ་སྟེ་དེ་ལས་གཞན་དུ་ནི་རང་བཞིན་དེ་ལྟར་མ་ཡིན་ནོ། །དེ་ཡང་མེ་ལོང་གི་གཟུགས་བརྙན་ཇི་ལྟ་ བ་དེ་ལྟར་བསྐྱེད་པ་སོ་སོར་བརྟགས་པའི་རྣམ་པར་རབ་ཏུ་སྣང་བའོ། །ཉེ་བར་གཞག་པའི་སྒྲས་ནི་ཅི་ཞིག་ཅེ་ན། མཆོག་ནས་མཆོག་ཏུ་གཞག་པ་སྟེ། འདིས་ནི་ཉེ་བར་གཞག་པའོ། །མཆོག་ནི་འོད་གསལ་བ་སྟེ། དྲན་པའི་སྒྲས་བརྗོད་པའོ། །དེ་ལས་ལངས་ཤིང་ གནས་པའི་རྒྱུ་ལས་ཤར་གྱི་སྒོ་དེ་ལྟར་གྱུར་པར་བརྟག་སྟེ། ལུས་དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པས་ཤར་གྱི་སྒོའོ། །དེ་བཞིན་དུ་ཚོར་བ་རྗེས་སུ་དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པས་ལྷོའི་སྒོའོ། །དེ་བཞིན་དུ་ཆོས་རྗེས་སུ་དྲན་པ་ཉེ་བར་གཞག་པ་རྣམ་པར་ དག་པས་ནུབ་ཀྱི་སྒོའོ། །དེ་བཞིན་དུ་སེམས་རྗེས་སུ་དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པས་བྱང་གི་སྒོའོ། །དེ་ལྟར་ཡིན་ཞེས་ཇི་ལྟར་ཞེ་ན་གཟུགས་རྣམ་པར་སྤངས་ནས། ཚོར་བ་གཞན་དུ་མི་རྟོགས་ཤིང་འདུ་ཤེས་ཀྱང་དེ་ལྟར་དང་རྣམ་པར་ཤེས་པའང་དེ་བཞིན་དུ་ འགྱུར་རོ། །འོན་ཀྱང་སྒྱུ་མ་དང་། རྨི་ལམ་ཇི་ལྟ་བ་དང་། དྲི་ཟའི་གྲོང་ཁྱེར་ཇི་ལྟ་བ་དེ་ལྟར་སྒོ་རྣམས་རབ་ཏུ་སྣང་བའོ། །དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བསྒྲུབས་པ་སྟེ། ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་རྣམ་ པར་ཤེས་པ་ཡང་སྐད་ཅིག་མའོ། །ཇི་ལྟར་ཞེ་ན། རྣམ་པར་དཔྱད་ན་མི་བཟད་པའོ། །རྣམ་པར་དཔྱད་ན་ཞེས་པ་ཅི་ཞེ་ན། ཆོས་གང་ཡིན་པ་དེ་རྣམས་ཀྱིས་རྣམ་པར་ཤེས་པ་བསྒྲུབས་པ་སྟེ། དེ་རྣམས་སྐད་ཅིག་མ་ངོ་བོ་མེད་པའོ་ཞེས་བདེན་པར་གསུངས་ཏེ། དེའི་ཕྱིར་ རྣམ་པར་ཤེས་པ་ཡང་སྐད་ཅིག་མའོ། །ཇི་ལྟར་ཞེ་ན། ཆོས་ཐམས་ཅད་རྣམ་པར་དཔྱད་པས་གསེར་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བརྡུངས་པའི་བུམ་པ་ལ་སོགས་པའི་ཆོས་རྣམས་སོ། །དེའི་ཆོས་མེད་པ་ནི་ཇི་ལྟར་རྫས་མེད་པ་སྟེ། དེ་ལྟར་ཆོས་ཐམས་ཅད་མེད་ པ་ན་རྣམ་པར་ཤེས་པ་མེད་པ་ཡིན་ཏེ། དེས་ན་རྣམ་པར་ཤེས་པ་ཡང་སྐད་ཅིག་མའོ། །ཇི་ལྟར་གཟུང་བྱ་རྫས་མེད་པར་འགྱུར་ན། འཛིན་པ་པོ་མེད་པ་སྟེ། དེ་ལྟར་གཟུང་བྱ་དང་འཛིན་པ་པོ་མེད་ན་འཛིན་པ་མེད་དོ། །གཞན་ཡང་ཇི་ལྟར་གཟུང་བྱ་དམིགས་ནས་འཛིན་པ་ གནས་ཤིང་དེ་དག་མེད་ན་འཛིན་པ་མེད་དོ། །ལྷག་མའི་གཟུགས་ནི་སྒོ་ཆེན་པོ་བསྐྱེད་པ་རྣམ་པར་དག་པ་ལས་གཞན་དུ་མི་ཤེས་ཏེ། དེ་ལྟར་གྱུར་པའི་སྒོ་བཞི་བསམ་པར་བྱ། སྤྲུལ་པ་སྐད་ཅིག་མའི་རང་བཞིན་ནོ། །ཡང་དག་པར་སྤོང་བ་བཞི་རྣམས་ནི་རྟ་བབས་བཞི་རྣམས་སུ་དྲན་ཏོ་ཞེས་བྱ་བ་ལ་ སྡིག་པ་མ་སྐྱེས་པ་རྣམས་ཀྱི་གཉེན་པོ་དང་། སྡིག་པ་སྐྱེས་པ་རྣམས་ཀྱི་རྣམ་པར་གཅོད་པ་དང་། དགེ་བ་མ་སྐྱེས་པ་རྣམས་ཀྱི་བསྐྱེད་པ་དང་། དགེ་བ་སྐྱེས་པ་རྣམས་སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ་བ་སྟེ། གཉེན་པོ་དང་རྣམ་པར་གཅོད་པ་དང་། བསྐྱེད་པ་དང་ཡོངས་སུ་བསྔོ་ བའོ། །གང་གི་གཉེན་པོ་གང་ཡིན་ཞེ་ན། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་གཉེན་པོ་སྟེ། དེ་ལས་མ་སྐྱེས་པ་ན་ཉོན་མོངས་པ་སྐྱེ་བར་འགྱུར་བ་ན་གནོད་པ་བྱས་པ་དེ་ནི་གཉེན་པོའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེས་པ་ཉིད་ན་ཡང་རྣམ་པར་ ཉམས་པའི་ཕྱིར་འདི་བསྒོམ་པ་སྟེ་དེ་རྣམ་པར་གཅོད་པའི་ཕྱིར་རོ། །དེའི་ཕྱིར་དེ་རྣམ་པར་ཉམས་པ་ལས་འདི་རྣམས་མེད་པ་སྟེ། དེས་ན་ཉོན་མོངས་པ་མེད་པའི་གོ་འཕང་སྐྱེའོ། །སྐྱེས་པ་དེ་ནི་སེམས་ཅན་དང་ལྷན་ཅིག་ཐུན་མོང་དུ་བྱེད་པར་འདོད་པ་ཉིད་ནི་ཡོངས་སུ་བསྔོ་བ་ཞེས་པ་སྟེ། ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པས་རྟ་བབས་རྣམས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པས་སྟེགས་བུ་བཞི་རྣམས་ནི་དད་པ་དང་། བརྩོན་འགྲུས་དང་། དཔྱོད་པ་དང་། སེམས་ཏེ། དད་པ་ཞེས་པ་ནི་བསམ་པ་ལ་ཤིན་ཏུ་གུས་པ་ཉིད་དོ། །དེ་བཞིན་དུ་བརྩོན་འགྲུས་ཀྱང་ཤིན་ ཏུ་མངོན་པར་འདོད་པ་ཉིད་རྣམ་པར་མ་ཆད་པའོ། །དེ་ཉིད་ཀྱིས་རྒྱུན་མི་འཆད་པར་རྣམ་པར་དཔྱོད་པ་ནི་དཔྱོད་པའོ། །རྣམ་པར་དཔྱོད་པ་ཞེས་བྱ་བ་ཡང་རང་བཞིན་དེ་ཉིད་ཀྱིས་རང་དང་གཞན་དེའི་རྣམ་པར་དཔྱོད་པ་ཞེས་བྱའོ། །སེམས་ཀྱི་རང་གི་གཟུགས་ཀྱི་རྣམ་པར་བསྐྱེད་པ་ནི་སེམས་ཀྱི་ མཐར་ཐུག་པ་ཉིད་དེ། དེའི་ཕྱིར་སེམས་ཀྱི་མཐར་ཐུག་པ་ཉིད་དངོས་སུ་བྱེད་པའོ། །དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པ་ནི་སྟེགས་བུ་བཞིའོ། །རྫུ་འཕྲུལ་བསྐྱེད་པ་ཞེས་པ་ནི་གང་དེ་སྤྲུལ་པ་རྣམ་པར་དག་པས་རྣམ་པར་དག་པའི་རྣམ་པ་སྟེ། དེའི་སྤྲོ་བ་ དང་སྡུད་པའི་སྐུ་ཞེས་བྱ་བ་ཇི་ལྟར་འདོད་པས་རྫུ་འཕྲུལ་ལོ། །འདིའི་རྣམ་པ་དངོས་སུ་བྱེད་པ་ནི་བསྐྱེད་པ་སྟེ། དེའི་ཕྱིར་དེ་ལས་གཞན་དུ་ནི་རང་བཞིན་རྡོ་རྗེའི་རྣམ་པར་རབ་ཏུ་འཇུག་པ་མེད་དོ། །དབང་པོ་ལྔ་རྣམས་ནི་ལོགས་བཞི་དང་རྡོ་རྗེའི་ཐིག་ཅེས་བྱ་བ་ལ་དད་པའི་དབང་པོ་དང་། དྲན་པའི་ དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དང་། མངོན་པར་ཡིད་ཆེས་པ་དེ་དང་པོར་རྒྱུ་ཉེ་བར་ལེན་པས་དད་པའི་སྒྲས་བརྗོད་དེ། ཤིན་ཏུ་གུས་པའི་ཕྱིར་རོ། །བདག་ཉིད་ཀྱིས་ཤེས་པ་གཉིས་པར་འཇུག་པ་ལས་གཞན་དུ་ལྡོག་པ་ རྣམ་པར་སྤངས་ནས་འཁོར་བའི་ལས་ཅན་འཁོར་བའི་བར་དུ་ཐོབ་ནས་འཇུག་པས་འཇུག་པ་སྟེ། དད་པའི་སྒྲས་བརྗོད་དོ། །ཉིན་མཚན་དུ་རྣལ་འབྱོར་གསུམ་པ་བདག་ཅེས་རྣམ་པར་མ་ཆད་པ་ལ་སེམས་འཇུག་པ་ཙམ་གྱིས་གང་གི་རྣམ་པ་མ་བྱས་པར་སྐྱེ་བ་དེ་ནི་དྲན་པའི་དབང་པོའི་སྒྲས་ བརྗོད་དོ། །སེམས་རྩེ་གཅིག་པ་ནི་བཞི་པ་རྩེ་མོའི་སྒྲས་ནི་ཡང་དག་པའི་ལམ་སྟེ། དེ་དང་ལྷན་གཅིག་པ་ཉིད་ནི་སེམས་ཀྱི་རྩེ་གཅིག་པ་ཉིད་དེ་ཏིང་ངེ་འཛིན་གྱི་སྒྲས་བརྗོད་ཅིང་། ཨུ་ར་སའི་སྒྲས་ནི་གཞན་དུ་བརྗོད་དོ། །རྡོ་རྗེའི་ཐིག་རྣམས་ཀྱི་ཞེས་པ་ནི་རེ་ཁཱ་ལྔ་རྣམས་དང་། ར་བ་ལྔ་རྣམས་ དེ་བཞིན་གཤེགས་པ་ལྔའི་དབྱེ་བས་ཕྱེ་བ་ཡིན་ལ། དེའི་དབུས་སུ་སངས་རྒྱས་ཀྱི་གཞལ་ཡས་ཁང་སྟེ། རྡོ་རྗེའི་སྒྲས་ནི་ཐམས་ཅད་དང་ལྷན་ཅིག་མཉམ་ཞིང་རྡོ་རྗེ་ནི་མི་ཕྱེད་པའོ། །ཤེས་རབ་ཀྱི་དབང་པོའི་སྒྲས་ཆོས་ཐམས་ཅད་རབ་ཏུ་མི་གནས་པའོ་ཞེས་གསལ་བར་བྱས་པ་ཡིན་ནོ། ། དེའི་ཚེ་ར་བ་རྣམས་མཉམ་པ་སྟེ་དེ་བཞིན་གཤེགས་པ་རྣམས་ལ་ཕན་ཚུན་དབྱེ་བ་མེད་པའི་ཕྱིར་རོ། །གང་རྡོ་རྗེ་འཛིན་པའི་རང་བཞིན་གྱིས་ཞེས་པ་ནི་རྡོ་རྗེའི་ཐིག་རྣམས་ཀྱིས་བརྒྱན་པར་བྱས་པ་ཞེས་པ་སྟེ། ར་བ་འདི་རྣམས་ཀྱིས་བརྒྱན་པའི་བསམ་གཏན་གྱི་ཁང་པ་བསམ་པར་བྱའོ། ། ཟུར་རྣམས་དང་། དོ་ཤལ་དང་། དོ་ཤལ་ཕྱེད་པ་ནི་སྟོབས་རྣམས་ཞེས་བྱ་བ་ནི་དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ཏེ། མངོན་པར་ཡིད་ཆེས་པ་དང་པོའི་རྒྱུད་དང་། རྒྱུའི་ཡོངས་སུ་གང་བའི་ སྟོབས་དང་། སྟོབས་དངོས་སུ་བྱེད་པ་དེ་རྫོགས་པར་བྱེད་པས་དད་པའི་སྟོབས་ཀྱི་སྒྲས་བརྗོད་དོ། །དེའི་ཆེད་དུ་རྒྱུན་ཆད་མེད་པར་སེམས་བརྟན་པོར་བྱས་ནས་འཇུག་པས་བརྩོན་འགྲུས་ཀྱི་སྟོབས་སོ། །གཞན་ཡང་དེར་སྐད་ཅིག་ཀྱང་སེམས་ཉེ་བར་མི་དམིགས་པས་ཉིན་མཚན་དུ་རྣལ་ འབྱོར་དེ་དྲན་པ་ནི་དྲན་པའི་སྟོབས་སོ། །སེམས་རྩེ་གཅིག