Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 9
Văn bản gốc(Tây Tạng)
Trang 7 / 22 (50.000 ký tự/trang)
ེད་པ་ཡི་ནི་རིམ་པ་དང་། །རྫོགས་ པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཚུངས་པ་ལ་བརྟེན་ནས། །རྡོ་རྗེ་ཅན་གྱིས་ཆོས་བསྟན་ཏོ། །ཞེས་པའོ། །དེ་ལ་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་གཞན་གྱི་རྗེས་སུ་འབྲངས་ནས་ཀྱང་ཁོང་དུ་ཆུད་པར་བྱའོ། །དེ་ལ་ སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམ་པར་དག་པའི་སྒྲུབ་པའི་ཐབས་ཀྱི་མདོ་ནི་སུམ་ཅུ་རྩ་གཉིས་སུ་ཛཱ་ལནྡྷ་རི་པའི་ཞབས་ཀྱིས་གསུངས། དེ་ཡང་རིམ་གྱིས་འཆད་པར་འགྱུར་རོ། །དང་པོར་རེ་ཞིག་སྡིག་པ་བཤགས་པ་དང་། །གསུམ་ལ་སྐྱབས་སུ་འགྲོ་བ་དང་། ། གསོ་སྦྱོང་གི་བར་དུ་བཟུང་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལེགས་པར་བསླབས་པ། རྡོ་རྗེའི་བླ་མ་མཉེས་པར་བྱས་ནས་དཔལ་ཀྱེ་རྡོ་རྗེར་གསུངས་ཤིང་ཇི་སྐད་དུ་བཤད་པའི་ཚོགས་དཀྱིལ་འཁོར་དུ་ཞུགས་ཤིང་རིམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་དབང་བསྐུར་བ། སླར་ཡང་བླ་མ་རྗེ་ བཙུན་ཡང་དག་པར་བསྙེན་པ། འདིའི་རྒྱུད་ཐོས་ནས་ཡང་དག་པའི་དེ་ཁོ་ན་ཉིད་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཐོབ་ཅིང་། ཀྱེ་རྡོ་རྗེ་བསྒོམ་པར་བྱའོ་ཞེས་བླ་མའི་རྗེས་སུ་གནང་བ་ཐོབ་པ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་བློས། དཔལ་ ཀྱེ་རྡོ་རྗེའི་སྒྲུབ་པ་བྱེད་པར་འདོད་པའི་རྣལ་འབྱོར་པས། ཡིད་དང་རྗེས་སུ་མཐུན་པའི་སྦས་པའི་གནས་སུ། །སྣ་ཚོགས་རྡོ་རྗེས་མཚན་པའི་བདེ་བའི་སྟན་གྱི་དབུས་སུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འདུག་ནས། དྲོད་ཐོབ་པར་གྱུར་པ་ཇི་སྲིད་པར་དཔལ་ཀྱེ་རྡོ་རྗེ་བསྒོམ་པར་བྱའོ། །དྲོད་ ཅུང་ཟད་ཡང་དག་པར་ཐོབ་པ་ན་བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟེན་ཅིང་། ཤེས་རབ་མཚན་མ་ཐོབ་པ་བཀུག་ལ་ཡང་དག་པར་བཟུང་ནས་རང་གི་འདོད་པའི་ལྷ་བསྒྲུབ་པར་བྱའོ། །ཤྲཱི་ཧེ་རུ་ཀ་ཧཾ་ཞེས་བརྗོད་ནས་འཆད་པར་འགྱུར་བའི་རང་གི་འདོད་པའི་ལྷར་དམིགས་ ཏེ་རང་གི་སྙིང་གའི་པདྨ་ར་རེ་ཕ་ཡོངས་སུ་གྱུར་པའི་ཉི་མ་ལ། ཧཱུཾ་ཡིག་སྔོན་པོ་འོད་ཟེར་ལྔ་དང་ལྡན་པ་བལྟ་བར་བྱའོ། །དེ་ལས་རྣམ་པར་འཕྲོས་པའི་འོད་ཟེར་རྣམ་ལྔ་རྣམས་ཀྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ནས། གཽ་རཱི་ལ་སོགས་པའི་རྣལ་འབྱོར་ མའི་འཁོར་ལོས་ཡོངས་སུ་བསྐོར་བའི་རང་གི་འདོད་པའི་ལྷ་དང་། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་བསམས་ནས། ཕྱི་དང་གསང་བ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཁྱད་པར་རྣམས་ཀྱིས་ཡང་དག་པར་ མཆོད་པར་བྱའོ། །དེ་ལ་རང་གི་ས་བོན་ལས་རྣམ་པར་སྤྲོས་པའི་པི་ཝང་མ་ལ་སོགས་པ་ཆོས་མའི་མཐར་ཐུག་པའི་ལྷ་མོ་བཅུ་དྲུག་པོ་འཆད་པར་འགྱུར་བའི་རང་རང་གི་རྣམ་པ་དང་ཕྱག་དང་མཚན་མ་དང་ཞབས་རྣམས་ཀྱིས་སོ་ཞེས་པ་ཕྱིའི་མཆོད་པའོ། །དེའི་འཁོར་ ལོར་གནས་པའི་གཽ་རཱི་ལ་སོགས་པའི་ལྷ་མོ་ཕྱག་ན་དམ་ཚིག་གི་རྫས་སྟོབས་པ་བསྒོམ་པ་ནི་གསང་བའི་མཆོད་པའོ། །བདག་མེད་མ་རང་སྙོམས་པར་ཞུགས་པའི་བདེ་བ་རྗེས་སུ་མྱོང་བ་ལས་སྤྲོ་བ་དང་སྡུད་པའི་དེ་ཁོ་ན་ཉིད་དེ། དེ་ཉིད་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །ཡང་ དག་པར་མཆོད་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ཐོག་མ་མེད་པ་དང་ལྡན་པའི་འཁོར་བར་སྐྱེ་བ་བརྒྱུད་པ་རྣམས་སུ་འཁོར་བ་ན་སྡིག་པའི་ལས་གང་ཞིག་བྱས་པ་དང་བྱེད་དུ་བཅུག་པ་དང་རྗེས་སུ་ཡི་རང་བ་ནི་བཤགས་པར་བགྱི་ སྟེ། ཉིད་ཀྱིས་དེ་ཐམས་ཅད་སླན་ཆད་ངེས་པར་མི་བགྱིའོ། །སྐྱེ་བོ་ཐམས་ཅད་དང་། དེ་བཞིན་དུ་འཇིག་རྟེན་པའི་ལྷ་རྣམས་དང་། བསེ་རུ་ལྟར་སྤྱོད་པའི་སངས་རྒྱས་རྣམས་ཀྱི་བསོད་ནམས་དང་ཉན་ཐོས་ཀྱི་སངས་རྒྱས་དང་། རྫོགས་པའི་སངས་རྒྱས་སྐྱོབ་པ་རྣམས་ཀྱི་ བསོད་ནམས་ལ་ངོ་བོ་ཉིད་ཀྱིས་རྗེས་སུ་ཡི་རང་ངོ་། །གང་ཞིག་རྗེས་སུ་ཡི་རང་བ་དང་། ལྷན་ཅིག་ཏུ་གྱུར་པའི་བསོད་ནམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པར་བསྔོ་བར་བགྱིའོ། །སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སླད་དུ་ལྷན་ ཅིག་སྐྱེས་པའི་དགའ་བའི་བདེ་བའི་ཁང་པར་བཅོམ་ལྡན་འདས་རྣམས་གསུམ་པོ་གཅིག་པའི་སྐུ་དཔལ་ལྡན་ཧེ་རུ་ཀ་དཔའ་བོ་སངས་རྒྱས་དང་། དེས་བསྟན་པའི་དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱ་ལ་སོགས་པའི་ཆོས་དང་། དེའི་འཁོར་ལོར་གནས་པའི་གཽ་རཱི་ལ་སོགས་པའི་ ལྷ་མོའི་ཚོགས་ཀྱི་དགེ་འདུན་ལ་ཡང་བྱང་ཆུབ་ཀྱི་སྙིང་པོ་ཇི་སྲིད་པར་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུར་གྱུར་པ་རྣམས་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྟོང་པ་ཉིད་དང་སྙིང་རྗེ་ དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱིའོ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི་སྟེ། འདི་ལྟ་སྟེ། རྡོ་རྗེ་ཐེག་པ་ལའོ། །སླར་ཡང་སེམས་ཅན་དེ་རྣམས་ཐམས་ཅད་བདེ་བར་བྱ་བའི་ཕྱིར་དུ་བདག་དང་བདག་གིས་སྦྱིན་པར་བགྱིའོ། །མཆོད་པའི་འཁོར་ལོ་ཞེས་བྱ་བ་ མདོ་དང་པོའོ།། །།ཀྱེ་ཡི་རྡོ་རྗེ་ཡང་གསུངས་པ། །ནམ་མཁར་རྗེ་བཙུན་བལྟས་ནས་ནི། །རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །རྒྱན་རྣམས་ཐམས་ཅད་འཛིན་པ་ཡི། །ལྷ་མོ་བརྒྱད་རྣམས་ཀྱིས་མཆོད་བྱ། །དེ་ལ། གཽ་རཱི་རི་དགས་མཚན་མ་འཛིན། །ཆོམ་རྐུན་མ་ནི་ཉི་མའི་སྣོད། །རོ་ལངས་མ་ ནི་ཆུ་ལག་མ། །གྷསྨ་རཱི་མ་སྨན་འཛིན་ཞིང་། །པུཀྐ་སཱི་ཡི་ལག་ན་སྟོབས། །རི་ཁྲོད་མ་ནི་རོ་འཛིན་གྱུར། །ཙཎྜ་ལཱི་ནི་ཅང་ཏེའུ་བརྡུང་། །གཡུང་མོས་འཁྱུད་པར་རབ་སྟོན་བྱ། །ཞེས་སོ། །སླར་ཡང་གསུངས་པ། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ་ཞེས་པ་ལ་ སོགས་པ་རྒྱས་པར་རོ། །དེའི་རྗེས་སུ་ཐོག་མ་མེད་པའི་སྲིད་པའི་འཁོར་ལོར་འཁོར་བ་རྣམས་སུ་སེམས་ཅན་ཐམས་ཅད་བདག་གི་མ་དང་བཅས་སྤུན་དང་སྲིང་མོ་ལ་སོགས་པའི་རང་བཞིན་ནོ་ཞེས་ཡོངས་སུ་བརྟགས་ནས། དེ་རྣམས་ལ་བུ་གཅིག་པ་ལྟར་དགའ་བའི་མཚན་ཉིད་ཀྱི་ བྱམས་པ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་དེ་ཐམས་ཅད་འཁོར་བའི་རྒྱ་མཚོར་ལྷུང་ཞིང་སྐྱབས་མེད་པར་མཐོང་ནས་མཆི་མ་ཆེར་འཁྲུག་ཅིང་སྡུག་བསྔལ་གྱི་རྒྱུ་ལས་འདོན་པར་མངོན་པར་འདོད་པའི་རང་བཞིན་གྱི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་ཡང་དགའ་བ་ཐོབ་པའི་ རྣལ་འབྱོར་པས་དཔལ་ཧེ་རུ་ཀ་ལ་སོགས་པ་ཁྱད་པར་དུ་འཕགས་པའི་ཐབས་མཐོང་བ་ལས་བདེ་བ་ཐམས་ཅད་སྟོབས་པའི་རང་བཞིན་གྱི་དགའ་བ་ཆེན་པོ་བསྒོམ་པར་བྱའོ། །དེའི་རྗེས་སུ་གྲུབ་པའི་བདག་ཉིད་དཔལ་ཧེ་རུ་ཀའི་རྣམ་པར་བྱས་ནས་རྙེད་པ་སོགས་པར་འཛིན་པ་ནི་རིགས་ པ་མ་ཡིན་ནོ་ཞེས་འཇིག་རྟེན་གྱི་ཆོས་བརྒྱད་དང་བྲལ་བའི་མཚན་ཉིད་ཀྱི་བཏང་སྙོམས་ཆེན་པོ་ཡང་བཞི་པར་བསྒོམ་པར་བྱའོ། །ཚངས་པའི་གནས་བཞིའོ། །དེ་དང་བར་མེད་པར་ཐ་མལ་པའི་ལུས་མེད་པར་བལྟས་ནས་ཡེ་ཤེས་ཀྱི་སྣང་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་ གྱིས། ཤྲཱི་ཧེ་རུ་ཀ་ཞེས་པའི་ཡི་གེ་བཞིའི་དོན་ལ་མངོན་དུ་ཕྱོགས་ཤིང་བསྒོམ་པ་སྟེ། དམ་པའི་མན་ངག་ལས་སོ། །འདི་ཉིད་མི་གཙང་བ་མེད་པའོ་ཞེས་པ་མཆོག་གོ། །དེ་ལྟར་ནི་ཛཱ་ལནྡྷ་རི་པའི་ཞབས་ཀྱིས་རྣམ་པར་བཤད་པ་མདོར་བསྡུས་པ་རྡོ་རྗེ་སྒྲོན་མ་ལས། འདི་ལྟར་ གྱུར་པའི་སྔགས་པ་མཆོག་གི་བསྒྲུབ་པ་ལས་བརྩམས་ནས། མཁས་པ་ཆོས་དབྱིངས་བདག་ཉིད་ཀྱི། །རོ་ནི་དང་པོར་བསྒོམ་པར་བྱའོ། །དེ་ཡི་སྟེང་དུ་རྣལ་འབྱོར་པ། །གནས་ནས་ཧེ་རུ་ཀ་ཉིད་བསྒོམ། །འདིའི་དོན་ནི་དེར་གནས་ནས་ཤྲཱི་ཧེ་རུ་ཀ་བཛྲ་ཞེས་པའི་ ཡི་གེ་དྲུག་གི་དོན་ལ་མངོན་དུ་ཕྱོགས་པར་བྱ་ཞིང་། དེ་ནས་དམ་པའི་མན་ངག་ལས། །ཤྲཱི་ཧེ་རུ་ཀ་ཞེས་པའི་ཡི་གེ་བཞིའི་དོན་ཡེ་ཤེས་ཀྱི་སྣང་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་མངོན་པར་བསྒོམ་པར་བྱ་ཞེས་པ་ནི་མཆོག་གོ། །དེ་ནས་ལྷན་ཅིག་སྐྱེས་པའི་མགོན་པོར་བཞེངས་ པར་བསམས་ཏེ། སྐད་ཅིག་གིས་སངས་རྒྱས་ཀྱི་ཁང་པའི་དབུས་སུ་པྃ་གྱི་ཡི་གེས་བརྗོད་པའི་རྡོ་རྗེ་སེམས་དཔའ་དཀར་པོ་ཞི་བ་ཆེན་པོ་རལ་པའི་ཅོད་པན་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་ཆོས་ཀྱི་ཕྱག་རྒྱ་དང་ལྡན་པའི་ཕྱག་གཉིས་པ། མཚན་སུམ་ཅུ་རྩ་གཉིས་འཛིན་ཞིང་དཔེ་བྱད་བརྒྱད་ ཅུས་རྣམ་པར་སྤྲས། ལྷན་ཅིག་སྐྱེས་པའི་ཧེ་རུ་ཀ་རྣམ་པར་བསྒོམ་མོ། །དེའི་དཀར་པོ་ཉིད་ལ་སོགས་པའི་གཟུགས་སུ་ཅི་ལྟར་རིག་པར་བྱ་ཞེ་ན། མཚམས་ཞལ་སོགས་སྔ་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་ལེའུ་བརྒྱད་པར་གསུངས་པ་ལས་སོ། །སྔོན་བཞིན་ ཞེས་པ་ནི། ཇི་ལྟར་མ་རིག་པའི་བག་ཆགས་ཡོངས་སུ་གྱུར་པ་ལས་སྲབ་པ་ལ་སོགས་པའི་རྣམ་པར་བསྐལ་པ་དང་པོ་པ་རྣམས་ཀྱི་གཟུགས་ཏེ། དེ་ལྟ་བུ་ཡིན་ནོ་ཞེས་པ་ལྷན་ཅིག་སྐྱེས་པའོ། །འདིར་ཟླ་བ་གྲགས་པའི་ཞབས་ཀྱིས་རྡོ་རྗེ་སེམས་དཔའ་རྫོགས་པའི་མདོར་ཡང་ གསུངས་ཏེ། སྟོང་པ་ཉིད་དུ་མོས་པས་ཐ་མལ་པའི་ལུས་ཀྱི་ང་རྒྱལ་དོར་ནས་སྐད་ཅིག་གིས་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་མདོག་དཀར་པོར་མོས་པར་བྱའོ། །འདིའི་མདོ་ནི་དཔལ་གསང་བ་འདུས་པའི་ལེའུ་གསུམ་པ་ལས། ནམ་མཁའི་དབྱིངས་ཀྱི་དབུས་བཞུགས་ པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །འོད་ཟེར་སྤྲིན་གྱི་བཀོད་པ་ཆེ། །སངས་རྒྱས་འབར་བའི་འོད་དང་མཉམ། །ཞེས་སོ། །འདི་ཉིད་དུ་ཡང་བཅོམ་ལྡན་འདས་ཀྱིས་ལེའུ་བརྒྱད་པ་ལས་གསུངས་ཏེ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཡི་ནི་གདན། ། ཞེས་པའོ། །འདིར་འདིའི་དོན་བརྗོད་པར་བྱ་སྟེ། ཨཱ་ལི་ཀཱ་ལིའི་ནི་ཟླ་བ་དང་ཉི་མ་སྟེ་གཟུང་བ་དང་འཛིན་པ་དག་ཏུ་བླ་མའི་མན་ངག་དང་ལུང་ལས་ཀྱང་ཤེས་པར་བྱའོ། །དེ་དག་གི་མཉམ་པར་སྦྱོར་བ་ནི་འདྲེས་ནས་འཛིན་པ་མ་རིག་པ་ཞེས་པའི་ཐ་ཚིག་སྟེ། དེ་མེད་ཕྱིར་ན་དེ་ཡང་ མེད། །ཅེས་པའི་ནུས་པ་ཉིད་ལས་སོ། །མེད་པར་དགག་པའི་འཇུག་པས་ཐམས་ཅད་སྟོང་པ་ཉིད་གདན་ཏེ། གདན་དང་། གཞི་དང་། བསྐྱེད་པའི་གནས་སོ་ཞེས་པའི་ཐ་ཚིག་གོ། །སླར་ཡང་ཀྱེ་རྡོ་རྗེར་གསུངས་པ། འགྱུར་མེད་ལས་བྱུང་སྐུ་ཡི་ནི། །ཧཱུྃ་ཕཊ་ཡི་གེ་འང་འདོད་མི་ བྱ། །ཞེས་སོ། །འདིའི་དོན་ནི་འདི་ཡིན་ཏེ། །འགྱུར་བའི་རྣམ་པར་ཉམས་པ་སྟེ། །འགྱུར་མེད་ནི་རྣམ་པར་ཉམས་པ་མེད་པ་ཐམས་ཅད་སྟོང་པ་མི་གཙང་བའི་ལུས་མེད་པའོ། །དེ་ལྟར་ན་དེ་ལས་བྱུང་བ་ཡང་དེ་ཡིན་ལ་སྐུ་ཡང་དེ་ཡིན་ཏེ། དེ་ལྟ་བུའོ། །འོད་གསལ་བ་ལས་བྱུང་བ་ཡི། ། རྡོ་རྗེ་སེམས་དཔའ་དེ་ཡི་ནི། །ཧཱུྃ་ཕཊ་ཡི་གེའང་འདོད་པར་མི་བྱ་སྟེ། བདག་གི་ཕྱིར་འོད་གསལ་བ་དོར་ནས་གཞན་ཧཱུྃ་ཡིག་ལ་སོགས་པ་རྣམས་ནི་རྒྱུ་ཉིད་མ་ཡིན་ནོ། །རྫོགས་པའི་གཟུགས་ཉིད་ཀྱི་ཕྱིར། དེའི་སྟེ་བཅོམ་ལྡན་འདས་ཀྱིའོ་ཞེས་པ་ནི་མངོན་པར་འདོད་པའི་དོན་ཏོ། །སླར་ ཡང་ཛཱ་ལནྡྷ་རི་པའི་ཞབས་ཀྱིས་གསུངས་ཏེ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ་ནི་རང་བཞིན་མེད་པའི་གནས་མཆོག་སྟེ་རོ་ཞེས་པའི་དོན་ཏོ་མཆོག་ནི་རྡོ་རྗེ་སེམས་དཔའི་རྡོ་རྗེ་གདན་ནོ། །དེ་ལྟར་ནི་འཕགས་པ་ལྷའི་ཞབས་ཀྱིས། སེམས་ནི་རང་ལས་བྱུང་ཐིམ་བྱ། །སེམས་བྱུང་མ་རིག་པ་ ལ་སྟེ། །དེ་ཡང་འོད་གསལ་བར་འགྲོ་ལ། །སྲིད་པ་གསུམ་པོ་འདིར་འགག་གོ། །འོད་གསལ་བ་ལས་སྟོང་པ་ཆེ། །ཞེས་པ་ལ་སོགས་པ་རྒྱས་པར་རོ། །འཕགས་པ་བརྒྱད་སྟོང་པར་ཡང་གསུངས་ཏེ། གང་ཆོས་ཐམས་ཅད་ལ་ཉེ་བར་དམིགས་པ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་སྟེ་དེ་ཉིད་སངས་རྒྱས་ཀྱི། སྐྱེད་པར་བྱེད་པའོ་ཞེས་སོ། །འདིས་ནི་མཆོག་དང་ལྷན་ཅིག་སྐྱེས་པ་ཡང་བཤད་པ་ཡིན་ནོ། །བསྐྱེད་པའི་རིམ་པའི་ཕྱོགས་ལ་ནི་ཧཱུྃ་ཡིག་ལ་སོགས་པ་རྣམས་ཀྱང་རྒྱུད་ཉིད་དེ། ཧཱུྃ་གི་ཡི་གེ་གྱུར་བལྟས་ནས། །ཞེ་སྡང་བདག་ཉིད་རྣམ་བསྒོམ་ བྱ། །ཞེས་ལྷའི་ལེའུ་ལས་གསུངས་པའི་ཕྱིར་རོ། །འདིར་བསྐྱེད་པའི་རིམ་པ་ལ་བརྟེན་ནས་ཇི་ལྟར་རིགས་པར་རྫོགས་པའི་རིམ་པ་སྟེ། དེའི་ཕྱིར་སོམ་ཉི་མི་བྱའོ། །བཅོམ་ལྡན་འདས་ཀྱིས་ནི་སྐལ་པ་མེད་པའི་སེམས་ཅན་རྣམས་ལ་བརྟེན་ནས་མན་ངག་ སྦས་པའི་དོན་དུ་བསྟན་པ་ཡིན་ནོ། །སྒྲ་ལ་སོགས་པ་རྣམས་ཀྱི་རྣམ་པ་གཞན་དུ་བསྟན་པ་ལས་ཏེ་འདི་དང་འདིས་དེ་གོ་བར་བྱའོ། །ཤྲཱི་ཧེ་རུ་ཀ་བཛྲ་ཞེས་པའི་ཡི་གེ་དྲུག་པོ་འདི་ནི་པྃ་ཡིག་གིས་ངེས་པར་བཤད་པ་སྟེ། མཆོག་ལས་རྡོ་རྗེ་སེམས་དཔའ་ལྷན་ཅིག་སྐྱེས་པ་ཧེ་རུ་ཀར་བཤད་ དོ། །དེའི་སྙིང་ཀར་ཛྲཾ་ཡིག་སྟེ། ཡི་གེ་ར་ཡོངས་སུ་གྱུར་པ་ལས་ཉི་མའོ། །དེའི་ཟླ་ཕྱེད་དང་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་སྐྱེ་འགྲོ་སྐྱེ་བའི་ས་བོན་ཛ་ཡིག་ནི་ཧཱུྃ་ཡིག་ཏུ་བསྒྱུར་བར་བསྟན་ཏོ། །ཁ་དོག་ནག་པོ་འཇིགས་པ་ ཆེན་པོ་བལྟས་ནས་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེའོ། །དེའི་ལྟེ་བར་གནས་པའི་ཧཱུཾ་གི་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །དེའི་རྗེས་སུ་ཉི་མ་ལ་སོགས་པའི་ཧཱུྃ་ཡོངས་སུ་གྱུར་པས་ཟླ་བའི་གཟུགས་བརྙན་ཙམ་དུ་བསྒོམས་ཏེ། འཆད་པར་འགྱུར་བའི་མན་ངག་གིས། དེ་ལས་རྣམ་པར་སྤྲོས་པའི་ ཞེ་སྡང་རྡོ་རྗེ་འཇིགས་པ་ཆེན་པོ་ནམ་མཁའ་ལ་བལྟས་ནས། དེ་ཞུགས་པ་ལས་རང་གི་འདོད་པའི་ལྷའི་གཟུགས་སུ་གནས་པར་བྱ་སྟེ་གཙོ་བོའོ། །དེ་ལྟར་ཡང་བཟང་པོའི་ཞབས་ཀྱིས་ཀྱེ་རྡོ་རྗེའི་རྒྱུད་ལས་ཕྱུང་ནས་གསུངས་ཏེ། རང་གི་སྙིང་གར་རེ་ཕ་བསྒོམ། །དེ་ལས་བྱུང་བའི་ཉི་དཀྱིལ་ འཁོར། །དེ་ཉིད་དུ་ནི་ཧཱུྃ་ཉིད་ཀྱང་། །ཐབས་དང་ཤེས་རབ་རང་བཞིན་ཅན། །ཁ་དོག་ནག་པོ་འཇིགས་ཆེན་པོ། །ཧཱུྃ་ཡིག་ལས་ནི་རྡོ་རྗེར་གྱུར། །རྡོ་རྗེ་ལྟེ་བའི་དབུས་གནས་པར། །ཧཱུྃ་གི་དེ་ཉིད་སླར་བསྒོམ་བྱ། །འདི་དག་ཐམས་ཅད་ཡོངས་སུ་གྱུར་པས་མན་ངག་ཇི་ལྟ་བས་ཟླ་བའི་གཟུགས་ བརྙན་བསྒོམ་པར་བྱ་སྟེ། འཆད་པར་འགྱུར་བའི་མན་ངག་གིས། དེ་ལས་སྤྲོས་ནས་སྟེང་དུ་རྡོ་རྗེ་ཅན་འཇིགས་པ་ཆེན་པོ་ནམ་མཁའ་ལ་བལྟས་ནས་རབ་ཏུ་ཞུགས་པས་རང་གི་འདོད་པའི་ལྷའི་བདག་ཉིད་དུ་གྱུར་ཅེས་སོ། །ཛཱ་ལནྡྷ་རི་པའི་ཞབས་ཀྱིས་ཀྱང་རྩ་བའི་རྒྱུད་ལས་ཕྱུང་ནས་ གསུངས་ཏེ། སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་དབང་པོ་བསྒོམ་པར་བྱ། །ཞེས་སོ། །ཞེས་པ་རང་གི་འདོད་པའི་ལྷའོ། །དེ་ལྟར་ཞལ་བརྒྱད་ལ་སོགས་པའི་འཇིགས་པ་ཆེན་པོ་ཞེ་སྡང་རྡོ་རྗེ་བསྒོམ་པར་བྱས་ནས་ཧཱུྃ་ལས་བྱུང་བའི་འབར་བའི་ཕྲེང་བ་འཁྲུགས་ པའི་ཁྲོ་བོ་བཅུ་པོ་རྣམས་ཤར་ལ་སོགས་པའི་ཕྱོགས་ཐམས་ཅད་དུ་སྤྲོ་བར་བྱ་སྟེ། དེ་ལ་ཤར་དུ་གཤིན་རྗེ་མཐར་བྱེད་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ནག་པོ་ཆེན་པོ་ཕྱག་ན་རྡོ་རྗེ་ཐོ་བའོ། །ལྷོར་ཤེས་རབ་མཐར་བྱེད་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན་དཀར་པོ་ཆེན་པོ་དབྱུག་པ་དཀར་པོ་ འཛིན་པའོ། །ནུབ་ཏུ་པདྨ་མཐར་བྱེད་འོད་དཔག་མེད་ཀྱི་དབུ་རྒྱན་ཅན་དམར་པོ་ཆེན་པོ་ཆུ་སྐྱེས་དམར་པོ་འཛིན་པའོ། །བྱང་དུ་བགེགས་མཐར་བྱེད་མི་བསྐྱོད་པའི་དབུ་རྒྱན་ཅན་སྔོན་པོ་ཆེན་པོ་ཁ་གྱེས་པའི་རྡོ་རྗེ་འཛིན་པའོ། །དབང་ལྡན་དུ་མི་གཡོ་བ་ནག་པོ་ཆེན་པོ་རལ་གྲི་འཛིན་པའོ། ། མེར་འདོད་པའི་རྒྱལ་པོ་ནག་པོ་ཆེན་པོ་རྡོ་རྗེ་ལྕགས་ཀྱུ་འཛིན་པའོ། །བདེན་བྲལ་དུ་དབྱུག་པ་སྔོན་པོ་ནག་པོ་ཆེན་པོ་དབྱུག་པ་སྔོན་པོ་འཛིན་པའོ། །རླུང་དུ་སྟོབས་ཆེན་པོ་ནག་པོ་ཆེན་པོ་རྩེ་གསུམ་འཛིན་པ་སྟེ། མི་གཡོ་བ་ལ་སོགས་པ་རྣམས་ནི་མི་བསྐྱོད་པའི་དབུ་རྒྱན་ཅན་ནོ། ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་བདག་པོ་རྣམ་པར་སྣང་མཛད་དེ་འཁོར་ལོ་སེར་པོ་འཛིན་པའོ། །འོག་ཏུ་གནོད་མཛེས་རྒྱལ་པོ་དུ་བའི་མདོག་ཅན་ཐུགས་ཀྱི་དབང་པོས་དབུ་བརྒྱན་པ་གཏུན་ཤིང་འཛིན་པ་འཇིགས་པར་བྱེད་པ་བསམ་པར་བྱ་སྟེ། ཁྲོ་བོ་རྣམས་སྤྱན་ གསུམ་པ་སྐྲ་སེར་སྐྱ་གྱེན་དུ་བརྫེས་པ། སྣ་ཚོགས་པའི་སྦྲུལ་གྱིས་བརྒྱན་པ། །ཕྱག་གཉིས་པ། ཞལ་གཅིག་པ། ཐུང་ཞིང་གསུས་ཁྱིམ་ཆེ་བ། གཡོན་པ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། རྣམ་པར་འགྱུར་བའི་ཞལ་ཅན་བསམ་པར་བྱའོ། །འོན་ཀྱང་ འདོད་པ་ཅན་དང་། མི་གཡོ་བ་ནི་རོལ་པ་སྟེ་ལྷའི་རྒྱན་གྱིས་བརྒྱན་པའོ། །སླར་ཐམས་ཅད་སྣ་ཚོགས་པདྨ་དང་ཉི་མ་ལ་གཡོན་བརྐྱང་བའི་སྟབས་ཀྱིས་གནས་པར་བལྟ་བར་བྱའོ། །དེ་ལྟར་ཁྲོ་བོའི་རྒྱལ་པོ་བཅུ་པོ་རྣམས་མཚུངས་པར་རང་རང་གི་གནས་སུ་སྤྲུལ་པའི་བདག་ ཉིད་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཅུའི་གཟུགས་སུ་བཀོད་ནས་མངོན་དུ་ཕྱོགས་པར་གྱུར་པས་ཐལ་མོ་སྦྱོར་བ་བྱས་ནས་རྐང་པ་བརྒྱད་པ་དང་སྙིང་པོ་དང་ཉེ་བའི་སྔགས་ཀྱིས་སྔོན་དུ་གཏད་དེ། །བདག་ཅག་རྣམས་ཀྱིས་ཅི་ཞིག་བགྱི། །ཞེས་སྨྲ་བ་ བལྟ་བར་བྱའོ། །དེ་ནས་ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་བཀའ་སྦྱིན་ཏེ། ཨོཾ་སུམྦྷ་ནི་སུམྦྷྀ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿབྷ་ག་ཝཱན་བདྱཱི་རཱ་ཛ་ཧཱུྃ་ཕཊ་ཅེས་མཁའ་འགྲོ་མ་རྡོ་རྗེ་གུར་ལས་གསུངས་པའི་སྔགས་ཀྱིས་བཀའ་སྦྱིན་པར་བྱའོ། །རྡོ་རྗེ་ འཛིན་པའི་བཀའ་ཡང་དག་བཟུང་ནས་དེ་དང་དེར་རང་ཉིད་སོང་སྟེ། དབང་པོ་ལ་སོགས་པའི་བགེགས་ཀྱི་ཚོགས་རྣམས་མགྲིན་པ་རྡོ་རྗེའི་ཞགས་པས་བཅིངས་ཤིང་རང་རང་གི་མཚོན་ཆ་རྣམས་ཀྱིས་སྐྲག་བཞིན་དུ་བཟུང་ནས་ཕྱོགས་བཅུའི་སྤྲུལ་པ་རྣམས་ལ་གཏད་དེ་རྡོ་རྗེ་འཛིན་པ་ལ་མངོན་དུ་ ཕྱོགས་ནས་གནས་པར་བལྟའོ། །དེ་ལ་བགེགས་ཀྱི་ཚོགས་འདི་རྣམས་ནི་དབང་པོ་དཀར་པོ་ས་སྲུང་དཀར་པོ་ལ་ཞོན་པ། མིག་སྟོང་པ་ལུས་མཛེས་པ་རིན་པོ་ཆེའི་ཅོད་པན་ནོ། །གཤིན་རྗེ་ནག་པོ་མ་ཧེ་ལ་ཞོན་པ་སྐྲ་སེར་སྐྱ་གྱེན་དུ་བརྫེས་པ་ཐུང་ཞིང་གསུས་ཁྱིམ་ཆེ་བའོ། ། ཆུ་ལྷ་དཀར་པོ་ནམ་མཁའི་མདོག་ཅན་གྱིས་རུས་སྦལ་ལ་ཞོན་པ་ལུས་མཛེས་ཤིང་མགོ་བོར་གདེངས་ཀ་དང་ལྡན་པའོ། །ལུས་ངན་སེར་པོ་མི་ལ་ཞོན་པ་ལུས་མཛེས་པ་རིན་པོ་ཆེའི་ཅོད་པན་ཅན་ནོ། །དབང་ལྡན་དཀར་པོ་གླང་ལ་ཞོན་པ་རལ་པའི་ཅོད་པན་ཅན་ཐུང་ཞིང་གསུས་པ་ ཆེ་བའོ། །མེ་ལྷ་དམར་པོ་ར་ལ་གནས་པ་མགོ་བོར་རལ་པའི་ཅོད་པན་ཅན་ལུས་ཐུང་པའོ། །སྲིན་པོ་དུ་བའི་མདོག་ཅན་རོ་ལ་གནས་ཤིང་སྐྲ་གྲོལ་བ་ཐུང་བའོ། །རླུང་ལྷ་སྔོ་བསངས་ཁ་ཤ་སེར་པོ་ལ་གནས་པ་རིན་པོ་ཆེའི་ཅོད་པན་ཅན་ལུས་མཛེས་པའོ། །སྟེང་དུ་མེས་པོ་ སེར་པོ་ངང་པ་ལ་ཞོན་པ་རལ་པའི་ཅོད་པན་ཅན་ཐུང་ཞིང་གསུས་ཁྱིམ་ཆེ་བའོ། །འོག་ཏུ་སའི་ལྷ་མོ་སེར་མོ་འདམ་སྐྱེས་ལ་གནས་པ་ལུས་མཛེས་མ་རིན་པོ་ཆེའི་ཅོད་པན་ཅན་ནོ། །བགེགས་འདི་རྣམས་ནི་གཤིན་རྗེ་ལ་སོགས་པ་རྣམས་ཀྱིས་བཟུང་བ་ལས་བྲེད་ཤ་འཐོན་ཏེ་ གཞན་དུ་སྐྱབས་ཚོལ་བར་བལྟའོ། །དེའི་རྗེས་སུ་རང་གི་སྙིང་གའི་ས་བོན་ལས་ཁྲོ་བོ་སྨད་མདུང་གི་རྣམ་པ་སྐུ་མདོག་ནག་པོ་འཇིགས་པ་ཆེན་པོ་འཇིག་དུས་ཀྱི་མེ་ལྟར་བཟོད་པར་དཀའ་བ་སྟོད་བདུད་རྩི་འཁྱིལ་པའི་རྣམ་པ་ཅན་སྤྲོས་ཏེ་བགེགས་ཀྱི་ཚོགས་ཀྱི་མགོ་བོར་བསམས་ ནས་བཀའ་བསྒོས་པ་ལས། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ། ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་བཛྲ་དྷ་རོད་ཨཛྙཱ་པ་ཡ་ཏི། སརྦ་དུཥྚཱཾ་བིགྷྣཱཾ་ཀཱ་ཡ་ཝཱག་ཙིཏྟ་བཛྲ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་པའི་སྔགས་ཀྱིས་ཕུར་བུ་གདབ་པོ། །དེའི་ རྗེས་སུ་ཁྲོ་བོ་ཐམས་ཅད་ཀྱི་བདག་ཉིད་ཀྱི་མཚན་མ་ཡོངས་སུ་གྱུར་པའི་རྡོ་རྗེ་ཐོ་བས་བརྡུང་ངོ་། །ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨ་ཀོ་ཊ་ཡ་ཀོ་ཊ་ཡ་ཧཱུྃ་ཕཊ་ཅེས་པ་བརྡུང་བའི་སྔགས་ཏེ། སྔགས་འདིས་ཕུར་བུ་འདི་ཇི་སྲིད་འཛིན་པའི་མཐིལ་དུ་སོན་པར་གྱུར་པར་གདབ་པ་སྟེ་ཕུར་ བུའོ། །དེ་ནས་རང་རང་གི་སྤྲུལ་པ་རྣམས་ཀྱིས་ལྷན་ཅིག་ཏུ་ཁྲོ་བོ་སྤྲོས་པའི་མེ་རྣམས་ཀྱིས་བགེགས་འཁོར་དང་བཅས་པ་བསྲེགས་ཏེ། ལྷག་མ་མེད་པར་བྱས་པར་བལྟའོ། །དེ་ལྟར་བརྡུངས་ནས་ལྷག་མ་མེད་པར་བྱས་ཏེ་བགེགས་མེད་པར་གྱུར་པའི་ཕྱི་ནས། སྔོན་དུ་རེ་ ཕས་ཉི་མ་རྣམ་བསྒོམས་ནས། ཉི་དེར་ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེ་ཆེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་ར་བ་དང་། །གུར་བཅིང་བ་ཡང་རྣམ་པར་བསྒོམ་པར་བྱ། །འདིར་ཡང་ན་ཧཱུྃ་ཡིག་གིས་རྡོ་རྗེ་མདའ་དང་། དྲ་བ་དང་། རྡོ་རྗེའི་བླ་རེ་དང་། རྡོ་རྗེའི་རང་བཞིན་གྱི་ས་གཞི་ཡང་སྟེ། རྒྱ་མཚོའི་མཚམས་ཀྱི་ མཐིལ་ལ་ཐུག་པར་བསམ་པར་བྱའོ་ཞེས་པ་སྲུང་བའི་འཁོར་ལོའོ། །དེ་ནས་འཆད་པར་འགྱུར་བའི་རིམ་གྱིས། །གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པས་བསྲུང་བ་ཆེན་པོ་སྟོང་པ་ཉིད་རྣམ་པར་བསྒོམས་ནས་ ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ། ཞེས་པ་དངོས་པོ་མ་ལུས་པའི་སྙིང་པོ་བསྡུས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་སྲུང་བའི་འཁོར་ལོ་དང་། ཁམས་གསུམ་པོ་དང་། ར་བ་ལ་སོགས་པ་སྣང་བ་མེད་པར་བསྒོམ་དེའི་དབུས་སུ་ནམ་མཁའ་ཁྱབ་པའི་ཤེས་རབ་ ཨེ་ཡིག་གི་རྣམ་པ་ཅན་དཀར་པོ་བསྒོམ་པར་བྱའོ། །དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་སྟེགས་བུའི་དབུས་སུ་ཡྃ་ཡིག་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་བ་ཕྱེད་པའི་རྣམ་པ། དེ་ནས་རྃ་ཡིག་ལས་སྐྱེས་པའི་མེའི་དཀྱིལ་འཁོར་དམར་པོ་གྲུ་ གསུམ་པ། དེ་ནས་བཾ་ཡིག་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། །དེའི་སྟེང་དུ་ལཾ་ཡིག་ལས་སྐྱེས་པའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ། དེའི་དབུས་སུ་འཇུག་པའི་རྣམ་པར་ཤེས་པ་རིག་པར་བྱས་ནས་འབྱུང་བ་ཆེན་པོའི་དཀྱིལ་འཁོར་དེ་ཐམས་ཅད་ ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁང་པ་བརྩེགས་པ་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་བསམ་པར་བྱ་སྟེ། དེ་ལ་གོ་རིམས་ཇི་ལྟ་བ་བཞིན་དུ། ཤིང་དང་། གནོད་སྦྱིན་དང་། ཕྱོགས་སྐྱོང་དང་། ཀླུ་དང་། སྤྲིན་དང་། རི་དང་། མཆོད་རྟེན་དང་ལྡན་པའི་དུར་ཁྲོད་བརྒྱད་བཤད་པར་བྱ་སྟེ། ཤར་དུ་གཏུམ་དྲག་ཅེས་བྱ་བའི་དུར་ཁྲོད་དོ། །དེར་ཤིང་ཤི་རི་ཤ་དང་། གནོད་སྦྱིན་གླང་པོའི་གདོང་དཀར་པོ་དང་། ཕྱོགས་སྐྱོང་བརྒྱ་བྱིན་དཀར་པོ་དང་། ཀླུ་ནོར་རྒྱས་སེར་པོ་དང་། སྤྲིན་སྒྲོགས་པ་ཞེས་བྱ་བ་ཁ་དོག་སྣ་ཚོགས་པ་དང་། རི་རབ་གྲུ་བཞི་པ་རིན་པོ་ཆེའི་རང་བཞིན་དང་། མཆོད་ རྟེན་དཀར་པོ་རྡོ་རྗེ་ཞེས་བྱ་བ་གནས་སོ། །ལྷོར་ལྷག་མ་ཞེས་བྱ་བའི་དུར་ཁྲོད་ཆེན་པོའོ། །དེར་ཤིང་ཙུ་ཏ་དང་། གནོད་སྦྱིན་མ་ཧེའི་གདོང་པ་ཅན་ནག་པོ་དང་། ཕྱོགས་སྐྱོང་གཤིན་རྗེ་ནག་པོ་དང་། ཀླུ་པདྨ་དཀར་པོ་དང་། སྤྲིན་འཁྱིལ་བ་ཁ་དོག་སྣ་ཚོགས་པ་དང་། རི་མ་ལ་ཡ་དཀར་པོ་ དང་། མཆོད་རྟེན་ནག་པོ་རྡོ་རྗེ་ཞེས་བྱ་བ་གནས་སོ། །ནུབ་ཏུ་འབར་ཞིང་འཁྲུགས་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོའོ། །དེར་ཤིང་མྱ་ངན་མེད་དང་། གནོད་སྦྱིན་ཆུ་སྲིན་གྱི་གདོང་པ་ཅན་དཀར་པོ་དང་། ཕྱོགས་སྐྱོང་ཆུ་ལྷ་དཀར་པོ་དང་། ཀླུ་ཀརྐོ་ཊ་དམར་པོ་དང་། སྤྲིན་འཇིགས་པ་ཞེས་ བྱ་བ་ཁ་དོག་སྣ་ཚོགས་པ་དང་། རི་ཀཻ་ལ་ཤ་དཀར་པོ་དང་། མཆོད་རྟེན་དཀར་པོ་ཆགས་པའི་རྡོ་རྗེ་ཞེས་བྱ་བ་གནས་སོ། །བྱང་དུ་རི་བོའི་ཕུག་ཅེས་བྱ་བའི་དུར་ཁྲོད་ཆེན་པོའོ། །དེར་ཤིང་ཨ་ཤྭཏྠ་དང་། གནོད་སྦྱིན་མིའི་གདོང་པ་ཅན་དཀར་པོ་དང་། ཕྱོགས་སྐྱོང་ལུས་ངན་སེར་པོ་དང་། ཀླུ་ འཇོག་པོ་ནག་པོ་དང་། སྤྲིན་འུར་འུར་སྒྲོགས་པ་ཁ་དོག་སྣ་ཚོགས་པ་དང་། རི་མནྡ་ར་ལྗང་གུ་དང་། མཆོད་རྟེན་དཀར་པོ་འདུ་བྱེད་རྡོ་རྗེ་ཞེས་བྱ་བ་གནས་སོ། །དབང་ལྡན་དུ་དཔལ་མོའི་ནགས་ཞེས་བྱ་བའི་དུར་ཁྲོད་ཆེན་པོའོ། །དེར་ཤིང་ནྱ་གྲོ་དྷ་དང་། གནོད་སྦྱིན་བ་གླང་གི་གདོང་པ་ཅན་དཀར་པོ་ དང་། ཕྱོགས་སྐྱོང་དབང་ཕྱུག་ཆེན་པོ་དཀར་པོ་དང་། ཀླུ་དུང་སྐྱོང་ཞེས་པ་སེར་པོ་དང་། སྤྲིན་གཏུམ་པོ་ཞེས་བྱ་བ་ཁ་དོག་སྣ་ཚོགས་པ་དང་། རི་དབང་ཆེན་ནག་པོ་དང་། མཆོད་རྟེན་དཀར་པོ་ཐུགས་རྡོ་རྗེ་ཞེས་བྱ་བ་གནས་སོ། །མེར་དྲག་ཏུ་ དགོད་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོའོ། །དེར་ཤིང་ཀ་ར་ཉྫ་ཀ་དང་། གནོད་སྦྱིན་རའི་གདོང་པ་ཅན་དམར་པོ་དང་། ཕྱོགས་སྐྱོང་མེ་ལྷ་དམར་པོ་དང་། ཀླུ་པདྨ་ཆེན་པོ་སྔོ་བསངས་དང་། སྤྲིན་སྟུག་པོ་ཞེས་བྱ་བ་ཁ་དོག་སྣ་ཚོགས་པ་དང་། རི་སྤོས་ངད་ལྡན་པ་སེར་པོ་དང་། མཆོད་རྟེན་དམར་ པོ་སྐུ་རྡོ་རྗེ་ཞེས་བྱ་བ་གནས་སོ། །བདེན་བྲལ་དུ་འཇིགས་པའི་མུན་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོའོ། །དེར་ཤིང་ལ་ཏཱ་པརྐ་ཊི་དང་། གནོད་སྦྱིན་ནག་པོ་དོམ་གྱི་གདོང་པ་ཅན་དང་། ཕྱོགས་སྐྱོང་སྲིན་པོ་ནག་པོ་དང་། ཀླུ་མཐའ་ཡས་ཞེས་བྱ་བ་དཀར་པོ་དང་། སྤྲིན་གང་བ་ཅན་ཞེས་བྱ་བ་ཁ་ དོག་སྣ་ཚོགས་པ་དང་། རི་གསེར་ཞེས་བྱ་བ་དང་། མཆོད་རྟེན་དཀར་པོ་རིན་ཆེན་རྡོ་རྗེ་ཞེས་བྱ་བ་གནས་སོ། །རླུང་དུ་ཀཱི་ལི་ཀཱི་ལི་སྒྲོགས་པའི་དུར་ཁྲོད་ཆེན་པོའོ། །དེར་ཤིང་ཨ་རྫུ་ན་དང་། གནོད་སྦྱིན་ལྗང་གུ་རི་དགས་ཀྱི་གདོང་པ་ཅན་ཞེས་བྱ་བ་དང་། ཕྱོགས་སྐྱོང་རླུང་ལྷ་སྔོ་བསངས་ དང་། ཀླུ་རིགས་ལྡན་ཁྲོ་བོ་དང་། སྤྲིན་ཆར་འབེབས་ཞེས་བྱ་བ་ཁ་དོག་སྣ་ཚོགས་པ་དང་། རི་དཔལ་གྱི་རི་ཞེས་བྱ་བ་སྔོན་པོ་དང་། མཆོད་རྟེན་ལྗང་གུ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་བ་གནས་སོ། །གནོད་སྦྱིན་འདི་རྣམས་ནི་རྫུ་འཕྲུལ་ཆེན་པོ་ཅན་ཞལ་གཅིག་པ་ཕྱག་གཉིས་པ་ཤིང་ལས་ལུས་ཕྱེད་ འཐོན་པ་དག་སྟེ། ཕྱག་གཡོན་པ་རྣམས་ན་ཁྲག་གིས་ཡོངས་སུ་གང་བའི་མིའི་ཐོད་པ་འཛིན་ཞིང་གཡས་པའི་ཕྱག་གི་པདྨས་རོ་སྣ་ཚོགས་པ་འཛིན་པའི་རྣམ་པར་བསམ་པར་བྱའོ། །འདི་རྣམས་ནི་རྩྭ་ལྗང་གུ་དང་། ཤིང་སྣ་ཚོགས་པ་སྟུག་པོ་དང་། མྱུ་གུ་དང་། འདབ་མ་དང་། མེ་ཏོག་རྣམས་སར་པས་བརྒྱན་ཤིང་། བྱ་རོག་དང་། ཀོ་ཀི་ལ་དང་། འུག་པ་དང་། ནེ་ཙོ་དང་། ཤ་རི་ཀ་དང་། པོ་ཏ་ཀ་དང་། པོ་ཏི་ཀཱ་དང་། བྱ་རྒོད་ལ་སོགས་པ་སྣ་ཚོགས་པའི་བྱའི་ཚོགས་ཀྱིས་ཉེ་བར་བརྒྱན་པ། སེང་གེ་དང་། སྤྱང་ཀི་དང་། སྟག་དང་། དོམ་དང་། ཕག་ལ་སོགས་པའི་རི་དགས་སྣ་ཚོགས་པས་ཡོངས་སུ་གང་བ། དྲི་བཟང་པོ་ཅན་གྱི་མེ་ཏོག་སྣ་ཚོགས་པའི་དྲི་ཞིམ་པོས་འཁྲིགས་པར་བྱས་པ། སྤྲུལ་པ་སྣ་ཚོགས་པའི་ལང་ལོང་གིས་འཇིགས་པར་བྱེད་པ། རུས་པ་དང་། མགོ་བོ་དང་། ཀེང་རུས་དང་། ཐོད་པ་དང་། རོ་ ལ་སོགས་པ་རྣམས་ཀྱིས་གནས་སྣ་ཚོགས་པའི་ཡུལ་སོ་སོར་བརྒྱན་ཞིང་སླར་ཡང་ཡུལ་སོ་སོ་རྣམས་སུ་ལྷ་ཁང་དང་། གཙུག་ལག་ཁང་དང་། བསམ་གཏན་གྱི་ཁང་པ་དང་། རྫིང་བུ་རྣམས་ཀྱིས་ཉེ་བར་བརྒྱན་པ། དམ་ཚིག་གིས་བརྡ་དང་ལྡན་པའི་སེམས་ཀྱིས་ཚོགས་ པའི་ཨ་བ་དྷཱུ་ཏཱི་དང་། ཨ་ཝ་དྷཱུ་ཏཱི་མོ་དང་། བསམ་གཏན་པ་དང་། བསམ་གཏན་མ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། ཡི་དགས་དང་། ཡི་དགས་མོ་དང་། སྲིན་པོ་དང་། སྲིན་མོ་དང་། གྲུལ་བུམ་དང་། གྲུལ་བུམ་མོ་དང་། འབྱུང་པོ་དང་། འབྱུང་མོ་དང་། མཁའ་འགྲོ་ དང་། མཁའ་འགྲོ་མ་དང་། དཔའ་བོ་དང་། དཔའ་མོ་དང་ལྡན་པ། དགོད་པ་དང་། སྒེག་མ་དང་། རྣམ་པར་སྒེག་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། སེན་མོས་འདེབས་པའི་ཀུན་དུ་དགའ་བ་ལ་སོགས་པ་ཐོབ་པའི་མཁའ་འགྲོ་དང་། མཁའ་འགྲོ་མའི་ཚོགས་རྣམས་ ཀྱིས་ཡོངས་སུ་གང་བ། དེའི་རྗེས་སུ་ཀུན་དུ་དགའ་བའི་སེམས་ཀྱིས་ཁ་ཅིག་རྡོ་རྗེའི་རྐང་པས་གར་བྱེད་དོ། །ཁ་ཅིག་ནི་རྡོ་རྗེའི་གླུ་ལེན་ནོ། །ཁ་ཅིག་ནི་སྣ་ཚོགས་པའི་དམ་ཚིག་གི་ཀུན་དུ་སྤྱོད་པ་ལ་ཀུན་དུ་སྤྱོད་དོ། །ཁ་ཅིག་ནི་བདུད་རྩི་ལྔ་དང་སྒྲོལ་མ་ལྔ་ཟ་བར་བྱེད་དོ། །ཁ་ ཅིག་ནི་སྣ་ཚོགས་པའི་གོས་སྟོབས་པར་བྱེད་དོ། །ཁ་ཅིག་ནི་སྣ་ཚོགས་པའི་སེམས་ཅན་རྣམས་སྐྲག་པར་བྱེད་དོ། །ཁ་ཅིག་ཆང་འཐུང་བར་བྱེད་པ་ཡང་འདིར་བལྟ་བར་བྱའོ། །གཞན་ཡང་། རྔ་དྲཱ་ཀ་དང་། ཌ་མ་རུ་དང་། རྔ་པ་ཊ་ཧ་དང་། རྔ་མརྡ་ལ་དང་། རྔ་ཛྷ་ཛྷ་ར་དང་། པི་ཝང་དང་། གླིང་བུ་དང་། ཆ་ལང་ལ་སོགས་པའི་སིལ་སྙན་སྣ་ཚོགས་པ་རྣམས་སིལ་སྙན་འཁྲོལ་བར་བྱེད་པ། སླར་གྲུབ་པ་དང་། རིག་པ་འཛིན་པ་དང་། རིགས་འཛིན་མ་དང་། ལྟོ་འཕྱེ་ཆེན་པོ་དང་། མི་འམ་ཅི་དང་། མི་འམ་ཅི་མོ་དང་། དྲི་ཟ་དང་། དྲི་ཟ་མོ་ལ་སོགས་པ་དུ་མ་ དང་། ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་གི་ཚོགས་རྣམས་འཁྲིགས་ཤིང་ཀཱི་ལི་ཀཱི་ལིའི་སྒྲ་དང་། འཇིགས་ཤིང་འུར་འུར་སྒྲོགས་པར་ཤིན་ཏུ་འཇིགས་པར་བྱེད་པ། དེ་ནས་ཡང་གར་གྱི་རོ་དགུས་ཡིད་འཕྲོག་པར་བྱེད་པ། རོ་ལངས་དང་འབྱུང་པོའི་ཚོགས་དང་ ལྡན་པའི་དུར་ཁྲོད་ཆེན་པོ་བརྒྱད་པོ་རྣམས་ནི། རྣམ་པར་ཤེས་པ་བརྒྱད་རྣམ་པར་དག་པར་བསམ་པར་བྱའོ་ཞེས་པ། ཛཱ་ལནྡྷ་རི་པའི་ཞབས་ཀྱིས་གསུངས་པ་བྲིས་པ་སྟེ་དུར་ཁྲོད་དོ། །དེའི་དབུས་སུ་བཤད་པའི་རླུང་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ཡོངས་ སུ་གྱུར་པ་ལས་ཁང་པ་བརྩེགས་པ་སྟེ། འདིའི་གྲུ་བཞི་ཉིད་དང་། རྡོ་རྗེའི་ཐིག་ནི་དབང་པོ་ལྔ་རྣམ་པར་དག་པའོ། །སྒོ་བཞི་ནི་དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་དག་པའོ། །རྟ་བབས་བཞི་ནི་ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའོ། །སྟེགས་བུ་བཞི་ནི་རྫུ་ འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པའོ། །གྲྭ་བཞི་དང་། དོ་ཤལ་ཕྱེད་པ་ནི་སྟོབས་ལྔ་རྣམ་པར་དག་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པ་ལས་ཀ་བ་བརྒྱད་དུ་རབ་ཏུ་བརྟགས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པ་ལས་སྒོ་ ལོགས་དང་མདའ་ཡབ་དང་། གདུགས་དང་རྔ་ཡབ་དང་བླ་རེ་དང་དྲིལ་བུ་དང་བ་དན་རྣམས་ཀྱང་ངོ་། །དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་ཐར་པ་ཆེན་པོའི་གྲོང་རྣམ་པར་སྣང་མཛད་རྣམ་པར་དག་པ་འོད་ གསལ་བའི་རང་བཞིན་ཏེ་རྩེ་མོ་བཅུ་གཉིས་པའི་སྣ་ཚོགས་རྡོ་རྗེའི་སྟེགས་བུའི་སྟེང་དུ་བསམ་པར་བྱའོ། །དེ་ལ་ཤར་གྱི་རྩེ་མོ་གསུམ་ནི་དཀར་པོ་དང་། ལྷོ་སེར་པོ་དང་། ནུབ་དམར་པོ་དང་། བྱང་ལྗང་གུ་དང་། སྟེགས་བུའི་དབུས་ཀྱི་ཁ་དོག་ནི་སྔོན་པོར་བསམ་པར་བྱའོ། །གྲུ་བཞི་ དང་ཐིག་ལ་སོགས་པ་རྣམས་ནི་ཛཱ་ལནྦྷ་རི་པའི་ཞབས་ཀྱིས་མཛད་པའི་རྣམ་པར་བཤད་པ་ལས་ཁོང་དུ་ཆུད་པར་བྱའོ། །ད་ནི་ལྷ་མོ་བཅུ་དྲུག་པོ་རྣམས་རྣམ་པར་དགོད་པ་བརྗོད་པར་བྱ་སྟེ། རྡོ་རྗེའི་ཐིག་ཉིད་དང་། རྩིག་པ་ལྔ་པོ་དེ་རྣམས་ལས་ཕྱི་རོལ་གྱི་ལྷའི་ སྣམ་བུ་ལ་སྒོའི་རྩ་བ་ནས་བརྩམས་ཏེ་ལོགས་གཉིས་གཉིས་སུ་གཡས་སྐོར་གྱི་རྗེས་སུ་རིམ་པས་ཟླ་བ་དང་ཉི་མའི་གདན་གཉིས་གཉིས་ཀྱི་དབུས་སུ་སོན་པའི་རང་རང་གི་མིང་གི་ཡི་གེ་དང་པོ་ཟླ་ཚེས་དང་ཐིག་ལེ་དང་ལྡན་པའི་ས་བོན་ལས་རྫོགས་པའི་མཆོད་པའི་ལྷ་མོ་རྣམས་ རང་རང་གི་མིང་གི་རྣམ་པ་ཅན་དུ་གནས་པ་ནི་འདི་ལྟ་སྟེ། པི་ཝང་མ་ནི་སེར་མོ་དང་། གླིང་བུ་མ་ནི་དམར་པོ་དང་། རྔ་ཟླུམ་མ་ནི་དུ་བའི་མདོག་དང་། རྫ་རྔ་མ་ནི་དཀར་མོ་དང་། བཞད་མ་ནི་སེར་མོ་དང་། སྒེག་མོ་ནི་དམར་མོ་དང་། གླུ་མ་ནི་དམར་མོ་དང་། གར་མ་ནི་ཁ་དོག་སྣ་ ཚོགས་མ་དང་། མེ་ཏོག་མ་ནི་དཀར་མོ་དང་། བདུག་སྤོས་མ་ནི་ནག་མོ་དང་། མར་མེ་མ་ནི་གསེར་ལྟ་བུ་དང་། དྲི་མ་ནི་སེར་མོ་དང་། མེ་ལོང་མ་ནི་དཀར་མོ་དང་། རོ་མ་ནི་དམར་མོ་དང་། རེག་བྱ་མ་ནི་ལྗང་གུ་དང་། ཆོས་མ་ནི་དཀར་མོ་སྟེ་འདི་རྣམས་ཐམས་ཅད་ཟླ་བའི་གདན་ལ་གནས་པ་ཆ་བཅུ་ དྲུག་རྣམ་པར་དག་པ་བལྟ་བར་བྱའོ། །འདི་རྣམས་ཀྱིས་བརྒྱན་པའོ་ཞེས་པ་ཁང་པ་བརྩེགས་པའོ། །དེའི་རྗེས་སུ་ཁང་པ་བརྩེགས་པའི་དབུས་སུ་འདབ་མ་སྣ་ཚོགས་པའི་པདྨའི་ཟེའུ་འབྲུའི་སྟེང་དུ་བདུད་བཞི་གན་རྐྱལ་དུ་གཡས་དང་གཡོས་དུ་མགོ་བོ་སྟེ། ཕུང་པོ་དང་། ཉོན་མོངས་ པ་དང་། འཆི་བདག་དང་། ལྷའི་བུར་མངོན་པར་བརྗོད་པ་རྣམས་བལྟ་བར་བྱའོ། །དེ་ལ་ཕུང་པོའི་བདུད་ནི་ཚངས་པ་དང་། ཉོན་མོངས་པའི་བདུད་ནི་ཁྱབ་འཇུག་དང་། འཆི་བདག་གི་བདུད་ནི་དབང་ཕྱུག་ཆེན་པོ་དང་། ལྷའི་བུའི་བདུད་ནི་ལྷའི་དབང་པོ་སྟེ། བདུད་བཞི་པོ་རྣམས་ཀྱི་སྙིང་གར་ ཉི་མས་མནན་པའོ། །ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མ་རྣམས་སུ་ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། དྲག་པོ་རྣམས་སོ། །དབང་ལྡན་ལ་སོགས་པའི་ཕྱོགས་བྲལ་གྱི་འདབ་མ་རྣམས་སུ་གཤིན་རྗེ་དང་། ལུས་ངན་དང་། བདེན་བྲལ་དང་། ཐགས་བཟངས་རིས་ཀྱང་ངོ་། ། འདི་རྣམས་ཀྱི་སྙིང་གར་ཡང་ཟླ་བ་བརྒྱད་ཀྱིས་མནན་པ་སྟེ། འདབ་མ་སྣ་ཚོགས་པའི་པདྨ་ལ་སོགས་པ་ནས་ཐགས་བཟངས་རིས་ཀྱི་མཐར་ཐུག་པ་ནི་ཁང་པ་བརྩེགས་པ་རྫོགས་པའི་དུས་ཉིད་དུ་རྫོགས་པའོ། །གང་གི་ཕྱིར་ན་རྟེན་ཅིང་འབྲེལ་བར་འགྱུར་བ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ ཕྱིར་རོ། །སྙིང་གར་ཉི་མའི་སྟེང་དུ་ཨ་ཡིག་ལ་སོགས་པའི་དབྱངས་ཉིས་འགྱུར་ཡོངས་སུ་གྱུར་པས་མཚན་སུམ་ཅུ་རྩ་གཉིས་གསལ་བར་བྱེད་པའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེའི་སྟེང་དུ་ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་བཞི་ཌ་ཌྷ་ད་དྷ་ཡ་ལ་ ཞེས་པའི་ཡི་གེ་དྲུག་དང་བཅས་པ་ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པས་ཉིས་འགྱུར་དུ་བྱས་ནས་ཡི་གེ་བརྒྱད་ཅུ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ཏེ་དཔེ་བྱད་བརྒྱད་ཅུ་གསལ་བར་བྱེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་བལྟའོ། །དེ་ཁ་སྦྱར་བའི་དབུས་སུ་ཧཱུྃ་དང་ ཨཾ་གི་ས་བོན་གཉིས་ཡོངས་སུ་གྱུར་པའི་ཐོད་པ་དང་གྲི་གུག་དེ་ཉིད་ཀྱིས་མཚན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ནས་ས་བོན་ཉིད་ལས་རྣམ་པར་སྤྲོས་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ནས་ཡང་བཀུག་སྟེ་དེ་ཉིད་དུ་ཞུགས་ པ་ལས་ཐམས་ཅད་གཅིག་པ་ཉིད་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །གཅིག་ཉིད་ཡོངས་སུ་གྱུར་པས་སྐད་ཅིག་གིས་བདག་ཉིད་འཆད་པར་འགྱུར་བའི་སྐུ་མདོག་དང་མཚན་མ་ལ་སོགས་པ་རྫོགས་པའི་རང་གི་འདོད་པའི་ལྷ་དཔལ་ཧེ་རུ་ཀའི་གཟུགས་སམ་ཕྱག་བཅུ་དྲུག་པ་དང་། ཕྱག་དྲུག་པ་དང་། ཕྱག་བཞི་པ་དང་། ཕྱག་གཉིས་པ་རྒྱུ་རྡོ་རྗེ་འཛིན་པའི་གཟུགས་དང་། དེ་བཞིན་ཁོ་ནར་རྫོགས་པའི་བདག་མེད་མ་ལ་སོགས་པ་ཕྲག་པར་འབྱུང་བ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ་ཞེས་པ་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་ པའོ། །ཤར་ལ་སོགས་པའི་ཕྱོགས་སུ་རིམ་པས་སྙིང་གར་ཟླ་བ་རྣམས་ལ་དེ་བཞིན་ཁོ་ནར་ཟླ་བ་དང་ཉི་མ་སྦྱར་བའི་དབུས་སུ། གྃ་རྩྃ་བྃ་རྒྷྃ་པྃ་ཤྃ་ལྃ་ཌྃཿཞེས་པའི་ས་བོན་བརྒྱད་པོ་བལྟ་བར་བྱའོ། །དེ་ཡོངས་སུ་གྱུར་པའི་གཽ་རཱི་ལ་སོགས་པ་རྣམས་ཀྱི་མཚན་མ་ནི། གྲི་གུག་དང་། ཅང་ཏེ་འུ་དང་། རུས་སྦལ་དང་། སྦྲུལ་དང་། སེང་གེ་དང་། དགེ་སློང་དང་། འཁོར་ལོ་དང་། རྡོ་རྗེ་སྟེ་ས་བོན་དེ་དག་ཉིད་ཀྱིས་བྱིན་གྱིས་བརླབས་པ་བསམ་པར་བྱའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པའི་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པས་གཽ་རཱི་ལ་ སོགས་པ་ཡང་སྐུ་མདོག་དང་མཚན་མ་ལ་སོགས་པ་འཆད་པར་འགྱུར་བའི་རིམ་པས་རྫོགས་པར་བྱའོ་ཞེས་པ་རྒྱུའི་དཀྱིལ་འཁོར་རོ། །དེ་ལྟར་རང་གི་འདོད་པའི་ལྷའི་རྣམ་པ་རྫོགས་ནས་བདག་མེད་མ་ལ་སོགས་པའི་མཁའ་འགྲོ་མའི་འཁོར་ལོ་ཡང་སྟེ་རང་གི་རིག་མ་དང་ལྷན་ ཅིག་རོ་གཅིག་ཏུ་སྙོམས་པར་ཞུགས་པར་བལྟ་བར་བྱའོ། །ཏིང་ངེ་འཛིན་གྱི་དམ་ཚིག་གི་འོད་ཟེར་གྱིས་བཀུག་པའི་དྲི་ཟའི་སེམས་ཅན་བདེ་བ་ཆེན་པོའི་རང་བཞིན་ནོ། །ཧོཿཡིག་དམར་པོའི་ཕྲེང་བ་གཉིས་ཀྱིས་བསྐོར་བ། འཁོར་ལོའི་མཁའ་འགྲོའི་ལམ་ནས་རབ་ཏུ་ཞུགས་ ནས། བཅོམ་ལྡན་འདས་རང་གི་རིག་མ་དང་ལྷན་ཅིག་འདོད་ཆགས་ཆེན་པོའི་རྗེས་སུ་ཆགས་པ་ལས་ཤིན་ཏུ་མཆོག་གི་བདེ་བ་ཆེན་པོའི་རོར་ཞུགས། ས་བོན་གྱི་གཟུགས་ཀྱིས་གནས་པར་གྱུར་པའོ་ཞེས་པ་ཞུ་བ་ལྟ་བུའོ། །དེ་ནས་པུཀྐ་སཱི་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་ འཁོར་ལོའི་བདག་པོ་མེད་པར་མཐོང་ནས་མྱ་ངན་གྱིས་གདུངས་ཏེ་བདག་ཅག་ནི་མགོན་མེད་པའོ་ཞེས་པ་ནས་ཡིད་མི་བདེ་བ་ཆེན་པོ་ཐོབ་པས་ཤིན་ཏུ་སྨྲེ་སྔགས་ཀྱིས་ཐུགས་རབ་སད་པར་བྱེད་པའི་རྡོ་རྗེའི་གླུ་རྣམས་ཀྱིས་བཅོམ་ལྡན་འདས་སློང་བར་བྱེད་དོ། །ཁྱོད་བཞེངས་རྗེ་བཙུན་སྙིང་རྗེའི་ ཡིད། །ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བཞིའི་དོན་བརྗོད་པར་བྱ་སྟེ། ཁྱེད་བཞེངས་རྗེ་བཙུན་སྙིང་རྗེའི་ཡིད། །པུཀྐ་སཱི་བདག་ཡོངས་སུ་སྐྱོབས། །སྟོང་ཉིད་རང་བཞིན་དོར་ནས་ནི། །བདེ་ཆེན་སྦྱོར་བས་བདག་འདོད་མཛོད། །ཞུ་བར་ལྟུང་བའི་ཏིང་ངེ་འཛིན་ལས་ཤེས་པ་སྟེ་ བདག་ལ་ཁྱོད་ཀྱི་བྱམས་པ་ཆེན་པོའོ། །ཁྱོད་མེད་ན་ནི་བདག་འགུམ་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་ཉིད་རང་བཞིན་ཉིད་དོར་ནས། །རི་ཁྲོད་མ་ཡི་བྱ་བ་སྒྲུབས། །ཞེས་པ་བདག་ལ་ཁྱོད་ཀྱི་སྙིང་རྗེ་ཆེན་པོའོ། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་ནས། །སྟོང་པ་ཉིད་ ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱིད། །ཅེས་པ་དེ་ལས་བཞེངས་ཤིག་སྟེ་བདག་ལ་ཁྱོད་ཀྱི་དགའ་བ་ཆེན་པོའོ། །བདག་གིས་ཁྱོད་ཐུགས་མིག་འཕྲུལ་ཤེས། །ཀྱེ་མ་མིག་འཕྲུལ་ཅན་ཁྱོད་བཞེངས། །གཡུང་མོ་བདག་ནི་ གྲོང་ཁྱེར་མ། །སྙིང་རྗེ་ཆད་པར་མ་མཛད་ཅིག །ཅེས་པ་བདག་ལ་ཁྱོད་ཀྱིས་བཏང་སྙོམས་ཆེན་པོའི་གནས་པའོ། །བཅོམ་ལྡན་འདས་རང་གི་རིག་མ་དང་ལྷན་ཅིག་འདོད་ཆགས་ཆེན་པོས་རྗེས་སུ་ཆགས་པ་ལས་ཤིན་ཏུ་མཆོག་གི་བདེ་བ་ཆེན་པོའི་རོར་ཞུ་བ་ས་བོན་གྱི་གཟུགས་ཀྱིས་ གནས་པར་གྱུར་པའོ་ཞེས་པ་འདིའི་དོན་རྣམ་པར་དཔྱད་པར་བྱ་སྟེ། ཅི་ཞུ་བ་དེ་ཐོག་མར་དེ་ཉིད་ཐ་མལ་པའི་ལུས་མེད་པར་བལྟས་ནས་ཡེ་ཤེས་ཀྱི་སྣང་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་སྦྱོར་བས་གང་བཅོམ་ལྡན་འདས་ལྷན་ཅིག་སྐྱེས་པ་ཧེ་རུ་ཀ་ཡིན་ནམ། དེ་ཡོངས་སུ་གྱུར་པའི་ཕྱག་བཅུ་དྲུག་ པ་ལ་སོགས་པའི་གཟུགས་ཡིན། གཉི་ག་ལྟར་ཡང་མི་རིགས་ཏེ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་དག་ནི་རུས་པ་དང་། རྐང་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ་ཞེས་ཁ་ཅིག་རྣམ་པར་རྟོག་ན། དྲི་ཟའི་སེམས་ཅན་རབ་ཏུ་ཞུགས་པ་ལས་ཞུ་བར་གྱུར་པ་ཉིད་ཞུ་བ་ ཡིན་ནོ། །ཇི་ལྟར་ཡན་ལག་བཅུ་གཉིས་ལ་བརྟེན་ནས་མ་དང་ཕ་ཡང་དག་པར་སྦྱོར་བ་ལས་ཁུ་བ་དང་ཁྲག་དེ་དག་འདྲེས་པར་གྱུར་པ་ནི་ཞུ་བ་ཡིན་པ་དེ་བཞིན་དུ་འདིར་ཡང་སྟེ། འདི་ལྟར་བཅོམ་ལྡན་འདས་ཞུ་བ་ཞེས་པ་དྲི་ཟའི་སེམས་ཅན་ཞུ་བ་ཡིན་པས་ན་བཅོམ་ལྡན་འདས་ཞུ་བའོ་ ཞེས་སྨྲ་བ་ནི་རིགས་པ་མ་ཡིན་ནོ། །ཉེ་བར་བརྟགས་པ་ལས་བཅོམ་ལྡན་འདས་དང་ལྷན་ཅིག་གཉིས་སུ་མེད་པར་བྱས་ནས་བརྗོད་པར་བྱ་སྟེ། དངོས་སུ་ན་ཞུ་བ་ཡིན་ནོ། །དེ་ལྟར་རིགས་པ་ཡང་མ་ཡིན་ཏེ། ཞུ་བ་ལ་སོགས་པ་མེད་པའི་ཕྱིར་རོ། །ཞུ་བ་ལྷུང་བའི་སྒྲས་སྔར་མེད་པའི་ སེམས་ཅན་སྐྱེ་བ་ཡང་བརྗོད་པ་མ་ཡིན་ནོ། །དེའི་ཕྱིར་ཞུ་བ་ལྷུང་བའི་སྒྲས་ཕྱག་བཅུ་དྲུག་པ་ལ་སོགས་པ་མ་ཡིན་ཞིང་ལྷན་ཅིག་སྐྱེས་པ་རྣམ་པར་གཞག་པར་བྱའོ། །འདི་ཉིད་མཚོ་སྐྱེས་ཞབས་ཀྱིས་གསུངས་པ་ནི། ས་བོན་གྱི་གཟུགས་ཀྱིས་གནས་པར་གྱུར་པ་ཞེས་སོ། །དེ་བཞིན་ དུ་ཡང་ཛཱ་ལནྡྷ་རི་པའི་ཞབས་ཀྱིས། ལྷའི་རྣམ་པས་མ་དག་པའི་ལུས་མེད་པ་སྟེ། མ་དག་པའི་ལུས་མེད་པ་ན་དག་པའི་སྐུར་བརྟག་པ་ཙམ་མོ། །དེ་ཡང་མེད་པ་ན་བདུད་རྩི་ཞུ་བའི་ཐིགས་པ་བཞིན་དུ་དང་བ་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པའི་གཟུགས་ཀྱིས་ གནས་པ་སྟེ། འདི་ཉིད་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པའི་སྨོན་ལམ་གྱི་རྟེན་ནོ། །ཇི་ལྟར་སྒྱུ་མ་རང་དང་གཞན་གྱི་ཤེས་པ་དང་ཡང་དག་པར་རིག་པ་མེད་ན་ཡང་དོན་གྱི་བྱ་བ་བྱེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པའི་སྒྱུ་མ་ནི་ཡུན་རིང་པོར་སྨོན་ལམ་གྱི་ཤུགས་ཀྱིས་དོན་བྱེད་པའི་དབང་ གིས་བཞེངས་པ་སྟེ་རྨི་ལམ་སད་པ་བཞིན་ནོ། །དེ་ལ་འདིར་བཞེངས་པའི་རིམ་པ་ནི་རྣམ་པ་ལྔའི་རབ་ཏུ་སྦྱོར་བ་ལས་ཏེ། དེར་བདུད་རྩི་ཞུ་བའི་ཐིགས་པ་དང་འདྲ་བ་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པ་དེ་ཡོངས་སུ་གྱུར་པ་ལས་རྣམ་པར་ཤེས་པ་ལྔའི་རང་བཞིན་དེར་ཨཱ་ལི་ཡོངས་སུ་ གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཟླ་བའོ། །ཀཱ་ལི་ཡོངས་སུ་གྱུར་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་ཉི་མའོ། །དེ་དག་གི་དབུས་སུ་སོན་པའི་ས་བོན་ནོ། །དེ་ཡོངས་སུ་གྱུར་པའི་མཚན་མ་ནི་སོ་སོར་རྟོག་པར་བརྗོད་པར་བྱ་སྟེ། ཐམས་ཅད་གཅིག་པ་ནན་ཏན་ཏེ། གཟུགས་རྫོགས་ དག་པའི་ཆོས་ཉིད་དོ། །དེ་ལ་ཡེ་ཤེས་ལྔའི་རང་བཞིན་བྱང་ཆུབ་ཀྱི་སེམས་ལས་ལངས་པའི་འོད་ཟེར་རྣམས་ཀྱིས་རྒྱུ་བ་དང་བཅས་པའི་མི་རྒྱུ་བ་བཀུག་ནས་དེ་ཉིད་དུ་དཀྱིལ་འཁོར་བ་དང་རོ་མཉམ་དུ་བྱས་ནས་བྱང་ཆུབ་ཀྱི་སེམས་སྟོན་ཀའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བལྟ་བར་བྱ་སྟེ་ ཞེས་པ་ནི་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེའི་རྗེས་སུ་སྐད་ཅིག་གིས་དེ་ཡོངས་སུ་གྱུར་པའི་ལྷན་ཅིག་སྐྱེས་པའི་གཟུགས་བརྙན་སྟོན་ཀའི་རི་བོང་འཛིན་པའི་རྣམ་པ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རབ་ཏུ་གསལ་བར་བྱེད་པའི་ཆོས་ཀྱི་ཕྱག་རྒྱ་དང་ལྡན་པ་ཡེ་ཤེས་ ལྔའི་རང་བཞིན་སྒྱུ་མ་ལྟ་བུའི་ལྷན་ཅིག་སྐྱེས་པ་ཧེ་རུ་ཀ་ཕྱག་གཉིས་པ་བལྟ་བར་བྱའོ་ཞེས་པ་ནི་རྗེས་སུ་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་བཞེངས་པའོ། །འདི་ལྟར་རྗེས་སུ་རྣལ་འབྱོར་རྫོགས་པར་བྱས་ནས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་རྡོ་རྗེ་མ་ལ་སོགས་པ་ ནས། མཁའ་སྤྱོད་མའི་མཐར་ཐུག་པ་རྣམས་ཀྱི་ས་བོན་དགོད་པར་བྱའོ། །འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་ལ་རྡོ་རྗེ་མའི་ཨྃ་དགོད་པར་བྱའོ། །ཚོར་བའི་ཕུང་པོ་ལ་གཽ་རཱིའི་ཨི་ངོ་། །འདུ་ཤེས་ཀྱི་ཕུང་པོ་ལ་ཆུའི་རྣལ་འབྱོར་མའི་ཨཱིཾ་ངོ་། །འདུ་བྱེད་ཀྱི་ཕུང་པོ་ལ་རྡོ་རྗེ་མཁའ་འགྲོ་མའི་ཨུཾ་ངོ་། ། རྣམ་པར་ཤེས་པའི་ཕུང་པོ་ལ་བདག་མེད་མའི་ཨཾ་ངོ་། །ཤ་ལ་པུཀྐ་སཱིའི་ཨཱུ་དགོད་དོ། །ཁྲག་ལ་རི་ཁྲོད་མའི་རྀཾ་ངོ་། །བྱང་ཆུབ་ཀྱི་སེམས་ལ་གདོལ་པ་མོའི་རྀཾ་ངོཾ། །རུས་པ་ལ་གཡུང་མོའི་ལྀཾ་ངོ་། །སྐྱེ་མཆེད་དགོད་པ་ཡང་བརྗོད་པར་བྱ་སྟེ། གཟུགས་ཀྱི་སྐྱེ་མཆེད་ལ་གཽ་རཱི་གཞན་གྱི་ལཱྀཾ་དགོད་ པར་བྱའོ། །སྒྲ་ཆོམ་རྐུན་མའི་ཨེཾ་ངོ་། །དྲི་ལ་རོ་ལངས་མའི་ཨཻཾ་ངོ་། །རོ་ལ་གསྨ་རཱིའི་ཨོཾ་ངོ་། །རེག་ལ་ས་སྤྱོད་མའི་ཨཽ་ངོ་། །ཆོས་ཀྱི་ཁམས་ལ་མཁའ་སྤྱོད་མའི་ཨཾ་ངོ་། །ལེའུ་དགུ་བར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། གཟུགས་ཕུང་རྡོ་རྗེ་མ་རུ་གྱུར། །ཞེས་པ་ལ་སོགས་པ་ སྟེ་དགོད་པའོ། །མངོན་པར་རྟོགས་པའི་རིམ་པ་འདི་ཉིད་ཀྱང་རྩ་བའི་རྒྱུད་དུ། དང་པོར་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་གཟུགས་བརྙན་རྫོགས་པ་སྟེ། བཞི་པ་ཡི་གེ་དགོད་པའོ། །ཞེས་སོ། །མྱ་ངན་ལས་འདས་པའི་སྐུ་འཛིན་པའི་དོན་དང་། གདུལ་ བྱའི་སྐྱེ་བོ་མི་སྤང་བའི་དོན་དུ་ཕུང་པོ་ལ་སོགས་པ་དགོད་པའི་ཤིན་ཏུ་རྣལ་འབྱོར་རྫོགས་པར་བྱས་ནས། རྣལ་འབྱོར་ཆེན་པོ་ཡང་དག་པར་བརྩམ་པར་བྱ་སྟེ། ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བར་ཡང་པདྨ་བཞི་པོ། འདབ་མ་དྲུག་ཅུ་རྩ་བཞི་དང་། བརྒྱད་དང་། བཅུ་ དྲུག་དང་། སུམ་ཅུ་རྩ་གཉིས་གོ་རིམས་བཞིན་དུ་བསམས་ནས། དེ་རྣམས་སུ་ཨཾ་ཧཱུྃ་ཨོཾ་ཧཾ་རྣམ་པར་བཀོད་དེ། སྐུ་དང་། གསུང་དང་། ཐུགས་བྱིན་གྱིས་བརླབ་པར་བསམ་པར་བྱའོ། །མགོ་བོར་ཨོཾ་ཡིག་དཀར་པོ་བསམས་ནས་དེ་ལས་སྐུ་རྡོ་རྗེའི་ཚོགས་ཀྱིས་ནམ་མཁའ་གང་བ་ས་ བོན་དེ་ཉིད་དུ་ཞུགས་པ་ལས་སྐུ་རྡོ་རྗེར་གྱུར་པའོ། །ཨོཾ་ཀཱ་ཡ་བཛྲཱཏྨ་ཀཱཿསརྦ་དྷརྨྨཿཀཱ་ཡ་བཛྲཱ་ཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །ངག་གི་ལམ་དུ་ཨཱཿཡིག་དམར་པོ་བསམས་ནས་དེ་ལས་གསུང་རྡོ་རྗེའི་ཚོགས་ཀྱིས་ནམ་མཁའ་གང་བ་ས་བོན་དེ་ཉིད་དུ་ཞུགས་པ་ལས་གསུང་རྡོ་རྗེར་གྱུར་པའོ། ། ཨོཾ་ཝཱཀ་བཛྲཱཏྨ་ཀཱཿསརྦ་དྷརྨྨཿཝཱཀ་བཛྲཱ་ཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །སྙིང་གར་ཧཱུྃ་ཡིག་ནག་པོ་བསམས་ནས་དེ་ལས་ཐུགས་རྡོ་རྗེའི་ཚོགས་ཀྱིས་ནམ་མཁའ་གང་བ་ས་བོན་དེ་ཉིད་དུ་ཞུགས་པ་ལས་ཐུགས་རྡོ་རྗེར་གྱུར་པའོ། །ཨོཾ་ཙིཏྟ་བཛྲཱཏྨ་ཀཱཿསརྦ་དྷརྨྨ་ཤྩཏྟི་བཛྲཱཏྨ་ ཀོ྅ཧཾ་ཞེས་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ལེའུར་ཡང་གསུངས་པ། ཨོཾ་ཨཱཿཧཱུྃ་ཞེས་པ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པའི་སྔགས་སོ་ཞེས་སོ། །རྣལ་འབྱོར་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་འདི་རྣམས་ཀྱི་མཐར་ཐུག་པ་ནི་དགོད་པའོ། །བཅོམ་ལྡན་ འདས་མ་ལ་ནི་དགོད་པ་ཇི་ལྟ་བུར་གྱུར་པ་དེ་བཞིན་ཏེ་རིགས་ལྔའི་ཆ་ཤིན་ཏུ་ལྷག་པའོ། །སྔར་གསུངས་པའི་རིམ་པས་ཧེ་རུ་ཀའི་རྣམ་པ་བཞི་པོ་རྣམས་ཀྱི་ནང་ནས་རང་གི་འདོད་པའི་ལྷ་ཤེས་རབ་དང་སྙོམས་པར་ཞུགས་པའི་བདག་ཉིད་སྐུ་མདོག་ནག་པོ་འཇིགས་པ་ཆེན་པོ་ཞེ་ སྡང་གི་བདག་ཉིད་ཅན་བལྟ་བར་བྱའོ། །སྔར་གསུངས་པའི་རིམ་པ་ནི། སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་དབང་པོ་བསྒོམ་པར་བྱ། །ཞེས་གསུངས་པ་ལས་སོ། །དེ་ནས་འཆད་པར་འགྱུར་བའི་རིམ་པས་མཚན་མ་ལ་སོགས་པ་ཅན་བསམས་ ནས་དམ་ཚིག་གསུམ་བརྩལ་བར་བྱ་སྟེ། དེ་ལ་བདག་ཉིད་དམ་ཚིག་རྡོ་རྗེ་འཛིན་པའི་གཟུགས་ཉིད་དོ། །རང་གི་སྙིང་གར་ཉི་མ་ལ་བདག་ཉིད་དམ་ཚིག་པ་བཞིན་དུ་ཡེ་ཤེས་ཀྱི་དམ་ཚིག་དང་། དེའི་ཐུགས་ཀར་ཏིང་ངེ་འཛིན་གྱི་དམ་ཚིག་ཡི་གེ་ཧཱུྃ་བསམ་པར་བྱའོ་ཞེས་པ་ཞེ་སྡང་ གི་བདག་ཉིད་དོ། །དེ་ལྟར་དམ་ཚིག་གསུམ་གྱི་བདག་ཉིད་དུ་གྱུར་ནས་རིགས་ལྔའི་ཆ་དང་ལྡན་པར་བྱའོ། །ཤེས་རབ་རྙེད་ནས་མི་གཡོ་ཞིང་། །སྒྲུབ་པོ་ལ་གུས་མཉེན་གཤིན་པ། །སེམས་ཅན་ཀུན་ཕན་ཚོལ་བ་ཅན། །མཚན་རྣམས་ཀུན་དང་ལྡན་པའོ། །དེའི་མགོ་བོར་ཨོཾ་ཡིག་ དང་། སྙིང་ཁར་ཧཱུྃ་ཡིག་དང་། ལྟེ་བར་སྭཱ་ཡིག་དང་། བརླ་ཟུང་ལ་ཨཱཿཡིག་དང་། རྐང་པ་དག་ལ་ཧཱ་ཡིག་ཀྱང་དགོད་དོ། །བཅོམ་ལྡན་འདས་མའི་ཡན་ལག་དགོད་པ་ཡང་བརྗོད་པར་བྱའོ། །གཟུགས་ཕུང་རྡོ་རྗེ་མར་ནི་གྱུར། །ཚོར་བ་ལ་ནི་དཀར་མོར་དྲན། །འདུ་ཤེས་ཆུ་ཡི་ རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །ས་ནི་པུཀྐ་སཱིར་བཤད་དོ། །ཆུ་ཁམས་རི་ཁྲོད་མ་རུ་དྲན། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །གཟུགས་ལ་དཀར་ མོར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རཱི་རབ་གྲགས། །རེག་ལ་ས་སྤྱོད་མར་བཤད་དེ། །ཆོས་ཀྱི་ཁམས་ལ་མཁའ་སྤྱོད་མ། །དེ་ལྟར་འདི་རྣམས་ཀྱི་ས་བོན་ཡང་དག་པར་དགོད་པར་བྱས་ནས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབ་པར་ བྱའོ། །ཨཿཡིག་གིས་པདྨ་དགའ་བ་སྦྱིན་པར་བྱེད་པར་བསམས་ནས་པདྨའི་མཛོད་ཀྱི་ཟེའུ་འབྲུའི་བུ་གར་ཧཱུྃ་ཡིག་རྣམ་པར་བསམ་པར་བྱ། དེའི་རྗེས་སུ་ཧཱུྃ་ཡིག་ལས་བྱུང་བའི་རྡོ་རྗེ་བསྒོམ་པར་བྱ་ཞིང་དེའི་ནོར་བུའི་བུ་གར་ཧཱུྃ་ཡིག་བསམས་ནས་སླར་ཡང་། ཨོཾ་པདྨ་སུ་ཁཱ་ དྷ་ར་མ་ཧཱ་རཱ་ག་སུ་ཁནྡ་ད། ཙ་ཏུ་རཱ་ནནྡ་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་དཱ་ཡ་ཀ་ཁ་ག་མུ་ཁཻ་ག་ར་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཀཱ་རྱཾ་ཀུ་རུ་ཥྭ་མེ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཕྱི་རོལ་དུ་ཕྱག་རྒྱ་མེད་ན་ཡིད་ཀྱིས་སྤྲུལ་པའི་ཕྱག་རྒྱ་རྙེད་ནས་ དེ་ཡང་རིགས་ལྔའི་ཆ་དང་ལྡན་པའི་རིམ་པ་དང་པོ་ཉིད་དུ་བྱས་ནས། རྗེས་སུ་ཆགས་པ་བརྩམ་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝཱཏྨ་ཀཱ་སྶརྦྦ་དྷརྨྨཱཿཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ་ཞེས་བྱས་ནས། གསུང་རྡོ་རྗེའི་ང་རྒྱལ་གྱིས་ཧཱུྃ་ཡིག་ བརྗོད་དེ་རྡོ་རྗེ་གཡོ་བར་བྱའོ། །སྟོང་པ་ཉིད་དུ་མོས་པ་ལ་སོགས་པ་ནས་དགའ་བའི་བདེ་བའི་མཐར་ཐུག་པ་ནི་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །འདི་ཡང་ཤེས་རབ་དང་ཐབས་རོ་གཅིག་པའི་བདེ་བ་ཆེན་པོ་འབྱུང་བའི་བྱང་ཆུབ་ཀྱི་སེམས་ཕཊ་ཡིག་གི་རྣམ་པར་སྤྲོས་པར་ བསམས་ནས་མཆོད་པ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭ་བྷཱ་ཝཱཏྨ་ཀཿསརྦ་དྷརྨྨཱཿཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ་ཞེས་པ་འདི་ཡིས་སོ། །ནམ་མཁའ་ལྡིང་གི་ཕྱག་རྒྱ་འཛིན་པའི་རྣལ་འབྱོར་པས་པདྨའི་མཛོད་ཀྱི་ནང་དུ་སོན་པའི་བྱང་ཆུབ་ཀྱི་སེམས་དེ་ལྕེ་ཡིས་ བླངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་གྱིས་བདག་ཉིད་མཆོད་པར་བྱའོ། །གལ་ཏེ་ལེགས་པར་བསླབས་པར་གྱུར་པའི་ཕྱག་རྒྱ་མེད་ན་ནི་མི་བྱ་བ་ཁོ་ན་སྟེ་གཞན་དུ་ན་རྩ་བའི་ལྟུང་བར་འགྱུར་རོ། །དེའི་རྗེས་ སུ་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་མོ་གང་ཅུང་ཟད་གནས་པ་དེ་ཡོངས་སུ་གྱུར་པ་ལས་འཁོར་ལོ་དང་བཅས་པའི་རྗེ་བཙུན་བསྒོམ་པར་བྱ་སྟེ་བསྲུབ་པར་བྱ་བ་བསྲུབ་པར་བྱ་བའི་སྦྱོར་བ་ལས་སོ། །རྡོ་རྗེ་འཛིན་པའི་ཧཱུྃ། བཅོམ་ལྡན་འདས་མའི་ཨྃ། གཽ་རཱིའི་གྃ། ཆོམ་རྐུན་མའི་ ཙཾ། རོ་ལངས་མའི་བྃ། གྷསྨ་རཱིའི་གྷྃ། པུཀྐ་སཱིའི་པྃ། རི་ཁྲོད་མའི་ཤྃ། གཏུམ་མོའི་ཙྃ། གཡུང་མོའི་ཌྃ། ཞེས་པའི་སྔགས་འདི་རྣམས་ཀྱིས་དབྱུང་བར་བྱ། ཕྱུང་ནས་ཀྱང་འགྲོ་བའི་དོན་མཛད་ཅིང་བཀུག་ནས་དེ་བཅོམ་ལྡན་འདས་ཀྱི་འཁོར་ལོའི་མཁའ་འགྲོའི་ལམ་ནས་ ཞུགས་པ་ལས་འོ་མ་དང་ཆུ་ཇི་ལྟ་བ་དེ་བཞིན་དུ་བཅོམ་ལྡན་འདས་འཆད་པར་འགྱུར་བའི་རིམ་པས་བཞུགས་པའོ། །བཅོམ་ལྡན་འདས་མ་དང་བཅོམ་ལྡན་འདས་མ་ཡང་སྟེ། གཽ་རཱི་ལ་སོགས་པ་རྣམས་ཀྱང་རང་རང་གི་གདན་རྣམས་སུ་བསམ་པར་བྱའོ་ཞེས་པ་ནི་དབྱུང་བའོ། ། དེ་ལ་ཕྱག་བཅུ་དྲུག་རྣམས་ནི་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པའོ། །གཡས་ཀྱི་ཕྱག་བརྒྱད་ན་གནས་པའི་པདྨའི་སྣོད་བརྒྱད་རྣམས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ་གླང་པོ་ཆེ་དང་། རྟ་དང་། བོང་བུ་དང་། གླང་དང་། རྔ་མོ་དང་། མི་དང་། ཤ་ར་བྷ་དང་། བྱི་ལ་རྣམས་སོ། །དེ་བཞིན་ དུ་ས་དང་། ཆུ་དང་། མེ་དང་། རླུང་དང་། ཟླ་བ་དང་། ཉི་མ་དང་། གཤིན་རྗེ་དང་། ནོར་སྦྱིན་རྣམས་ཀྱང་གཡོན་གྱི་པདྨའི་སྣོད་བརྒྱད་པོ་རྣམས་སུ་རིམ་པས་ཤེས་པར་བྱའོ། །གློ་དང་དེ་བཞིན་དབུགས་མི་བདེ། །སྨྱོ་ཟད་མཛེ་དང་རྐང་བམ་དང་། །མཆེར་པ་མཆིན་པའི་རང་བཞིན་གྱིས། ། ཐམས་ཅད་འདི་ཉིད་རབ་ཏུ་གྲགས། །ཞེས་པ་ཉོན་མོངས་པ་བརྒྱད་རྣམ་པར་དག་པ་ལས་གླང་པོ་ཆེ་ལ་སོགས་པ་འཛིན་པ་རྣམས་སོ། །ས་ལ་སོགས་པ་ནས། ནོར་སྦྱིན་གྱི་བར་དུ་ནི་དབང་ཕྱུག་བརྒྱད་རྣམ་པར་དག་པས་སོ། །འདི་ལྟ་སྟེ། སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་ དང་། །དེ་བཞིན་ཁོ་ནར་ཐུགས་ཀྱི་དབང་ཕྱུག་ཀྱང་། །རྫུ་འཕྲུལ་དང་ནི་ཀུན་འགྲོའི་དབང་ཕྱུག་དང་། །འདོད་དང་བྱེད་པོ་ཡོན་ཏན་བརྒྱད་པའོ། །སྐུ་མཐའ་ཡས་པ་ནི་སྐུའི་དབང་ཕྱུག་གོ། །ཐམས་ཅད་ཀྱི་སྐད་དུ་སྨྲ་བ་ནི་གསུང་གི་དབང་ཕྱུག་གོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་ པ་ནི་ཐུགས་ཀྱི་དབང་ཕྱུག་གོ། །རྫུ་འཕྲུལ་གྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ལྟ་བ་ནི་རྫུ་འཕྲུལ་གྱི་དབང་ཕྱུག་གོ། །འཇིག་རྟེན་གསུམ་པོ་གཅིག་པའི་སྐུ་ནི་ཀུན་ཏུ་འགྲོ་བའི་དབང་ཕྱུག་གོ། །ཨཱཙྪིའི་སྒྲས་ནི་འདོད་པ་གསུངས་ཏེ། འདོད་པས་སེམས་ཅན་རྣམས་ཀྱི་ བདེ་བ་ཆེན་པོ་སྐྱེད་པར་བྱེད་པ་ནི་འདོད་པའི་དབང་ཕྱུག་གོ། །བྱེད་པོ་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱེད་པོའི་དབང་ཕྱུག་གོ། །ལྷའི་རྣམ་པས་སྤྱོད་པ་ནི་ཡོན་ཏན་གྱི་དབང་ཕྱུག་གོ། །པདྨའི་སྣོད་ནི་སྙིང་རྗེའི་ཆ་རྣམ་པར་དག་པ་ལས་ཡིན་ལ། ཕྱག་རྣམས་ནི་སྟོང་པ་ཉིད་རྣམ་པར་དག་པ་ལས་ཏེ། འདིས་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་དུ་རིག་པར་བྱས་སོ། །བྱམས་པའི་ཐུགས་ལས་ཡན་ལག་གནག །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །རྣམ་པར་དག་པ་ལས་ཏེ། སྡང་བ་སྒྲུབ་པར་བྱེད་པའི་དོན་དུ་ཞལ་དང་པོ་ནི་ནག་པོའོ། །དབང་གི་དོན་དུ་གཡོན་པ་དམར་པོའོ། ། གཡས་ཀྱི་དཀར་པོ་ནི་ཞི་བ་སྒྲུབ་པའོ། །ཞེ་སྡང་ལ་སོགས་པ་བྱུང་བ་རྣམ་པར་ཉམས་པའི་དོན་དུ་སྟེང་གི་ཞལ་ནི་རྣམ་པར་གཙིགས་པ་དུ་བའི་མདོག་གོ། །བདུད་བཞི་རྣམ་པར་གཞོམ་པའི་དོན་དུ་སླར་གཡས་གཡོན་གྱི་ཞལ་གཉིས་གཉིས་ནག་པོ་སྟེ། ཞལ་ཐམས་ཅད་ ཉིད་མཆེ་བ་གཙིགས་པ། འཁྱོག་པོའི་སྨིན་མ་དང་བཅས་པ། །འཇིགས་པའི་དུས་ཀྱི་མེ་འབར་བ། །འཁྲུག་པའི་འོད་ཅན་འཇིགས་པ་ཆེན་པོ་སྟེ། །ཁྲོ་བོ་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །ཞལ་སོ་སོ་དམར་ཞིང་ཟླུམ་པའི་སྤྱན་གསུམ་སྟེ་སྙིང་རྗེ་ལས་ནི་དམར་པོ་ཉིད་དོ། །རྡོ་རྗེ་ གསུམ་གྱི་སྤྱན་གསུམ་གྱིས། དུས་གསུམ་ཡོངས་སུ་ཤེས་པ་ལས་ནི་སྤྱན་གསུམ་ཉིད་དོ། །དེ་ལྟར་ཉི་ཤུ་རྩ་བཞིས་བྱུག་པའོ། །དར་དཔྱང་བཅིངས་ཤིང་གྱེན་དུ་བརྫེས་པའི་སྐྲ་ནི་སེར་སྐྱ་སྟེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མ་ལུས་པ་སྲེག་པར་བྱེད་པའི་ཕྱིར་རོ། །འགྲོ་ བའི་དོན་བྱེད་པའི་ཕྱིར་སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པའོ། །ཕུང་པོ་ལྔ་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་རྟོགས་པར་བྱ་བའི་ཕྱིར་དུ་དཔྲལ་བའི་སྟེང་དུ་མགོ་བོ་སྐམ་པོ་ལྔའི་ཕྲེང་བས་བརྒྱན་པའོ། །དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པ་ལས་འཁོར་ལོ་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། སྐ་རགས་ཏེ་ཕྱག་རྒྱ་ལྔ་དང་ལྡན་པའོ། །རྡོ་རྗེ་སེམས་དཔའ་རྣམ་པར་དག་པ་ལས་ཐལ་བ་ཡང་ངོ་ཞེས་པ་ཕྱག་རྒྱ་དྲུག་ཏུ་རབ་ཏུ་གྲགས་སོ། །ཆོས་ཐམས་ཅད་ལ་དམིགས་པ་མེད་པ་རྟོགས་པར་བྱ་བའི་ཕྱིར་དུ་ཡང་དག་པར་རྫོགས་པའི་ཡེ་ཤེས་རྣམ་ པར་དག་པ་ལས་གཅེར་བུའོ། །བསྡུ་བའི་དངོས་པོ་བཞིས་ཞབས་བཞིའོ། །བྱང་ཆུབ་ཀྱི་སེམས་ཤིན་ཏུ་ཐོབ་པའི་ཕྱིར་ཉི་མའི་དཀྱིལ་འཁོར་ལ་ཞབས་གཉིས་ཀྱིས་སྐྱིལ་ཀྲུང་ཕྱེད་པ་ཏཱ་ཎ་ཌ་པའི་སྟབས་འཆང་བ་ཉིད་དོ། །འདི་ཉིད་ཁམས་གསུམ་པོ་མ་ལུས་པ་གཅིག་པའི་སྐུར་རྟོགས་ པར་བྱ་བའི་ཕྱིར་ཞབས་ཀྱི་མཐེ་བོང་གཅིག་པུ་བཙུགས་པའོ། །དེ་ལྟ་བུ་ཁོ་ནར་བགེགས་རྣམ་པར་ཉམས་པ་ལས་གཡོན་བསྐུམ་པའི་ཞབས་འཆང་བའོ། །ཨཱ་ལི་ཀཱ་ལིའི་ཡི་གེ་རྣམ་པར་དག་པ་ལས་ཡི་གེ་ལྔ་བཅུས་བཀྲ་བ་ཁྲག་རབ་ཏུ་འཛག་པའི་མགོ་བོ་རློན་པའི་ཕྲེང་བ་ཕྲག་ པ་ལ་བཀོད་པ་སྟེ་ཟུང་དུ་འཇུག་པའི་ལམ་ཉེ་བར་བསྟན་པས་ན་མགོ་བོའི་ཕྲེང་བ་ཕྲག་པ་ལའོ། །སྒེག་པ་དཔའ་བ་མི་སྡུག་པ། །དྲག་ཤུལ་རྒོད་དང་འཇིགས་སུ་རུང་། །སྙིང་རྗེ་ངོ་མཚར་ཞི་རྣམས་ཀྱིས། །གར་གྱི་རོ་དགུ་ལྡན་པ་ཉིད། །ཅེས་པ་སྟེ། དེ་ལ་བདག་མེད་མ་དང་ལྷན་ ཅིག་རོ་གཅིག་པ་ཉིད་ནི་སྒེག་པའོ། །དུར་ཁྲོད་ན་བཞུགས་པ་ནི་དཔའ་བའོ། །ཁྲོ་གཉེར་གཙིགས་པ་ཉིད་ནི་མི་སྡུག་པའོ། །འབར་བའི་འོད་ཉིད་ནི་དྲག་ཤུལ་ལོ། །ཞལ་རྣམ་པར་རྒྱས་པ་ཉིད་ནི་རྒོད་པའོ། །མགོ་བོ་རློན་པའི་ཕྲེང་བ་ཉིད་ནི་འཇིགས་སུ་རུང་བའོ། །སེམས་ཅན་རྗེས་ སུ་འཛིན་པས་སེམས་ཉིད་ནི་སྙིང་རྗེའོ། །སྒྱུ་མའི་གཟུགས་ཉིད་ནི་ངོ་མཚར་བའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤངས་པ་ཉིད་ནི་ཞི་བ་སྟེ་དེ་རྣམས་དང་ལྡན་པའོ། །བརྒྱད་གཉིས་ཀྱི་ལོའི་རྣམ་པས་རོལ་པའི་སྐུ་བདག་མེད་མ་དང་སྙོམས་པར་ཞུགས་པའི་བཅོམ་ ལྡན་འདས་སུ་བདག་ཉིད་བལྟ་བར་བྱའོ། །བཅོམ་ལྡན་འདས་ཇི་ལྟ་བ་དེ་ལྟར་བཅོམ་ལྡན་འདས་མ་ཡང་སྟེ་འོན་ཀྱང་ཕྱག་ལྔ་ལྔ་དང་ལྡན་པ་མི་མགོ་སྐམ་པོའི་ཕྲེང་བས་བརྒྱན་པའི་སྐུ་ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་གང་བའི་ཐོད་པ་ཕྱག་གཡོན་ན་འཛིན་པ་ཉོན་མོངས་པ་མ་ལུས་པ་ གཅོད་པའི་ཕྱིར་གྲི་གུག་འཛིན་པའོ། །ཁམས་གསུམ་པ་གཅིག་པའི་ངོར་གཏོགས་པར་བྱ་བའི་ཕྱིར་དུ་ཞལ་གཅིག་མ། བཅོམ་ལྡན་འདས་ཀྱི་སྨད་ཀྱི་རོ་ཡང་དག་པར་མྱང་བར་བྱེད་པ། ཞབས་གཡོན་བརྐྱང་བས་མཆོག་ཏུ་བདེ་བ་ཆེན་པོའི་དགའ་བས་བཅོམ་ལྡན་འདས་དང་ སྙོམས་པར་ཞུགས་པར་བསམ་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པས་ཀྱེ་རྡོ་རྗེ་ཕྱག་དྲུག་པ་སྟེ་ཞལ་གསུམ་པ་རྩ་བའི་ཞལ་ནག་པོ། །གཡོན་དམར་པོ། །གཡོན་གྱི་ཕྱག་གཉིས་དག་གིས་རྩེ་གསུམ་དང་རྡོ་རྗེ་དྲིལ་བུ་འཛིན་པ། གཡས་ཀྱི་ཕྱག་གཉིས་དག་ གིས་རྡོ་རྗེ་དང་གྲི་གུག་འཛིན་པ། ཕྱག་ལྷག་མ་དག་གིས་གྲི་གུག་དང་ཐོད་པར་བཅས་པས་རྡོ་རྗེ་ལྕགས་སྒྲོག་མ་ལ་སྙོམས་པར་ཞུགས་པ་རོ་མནན་པ་བལྟ་བར་བྱའོ། །ཡང་བདུད་བཞི་རྣམ་པར་དག་པ་ལས་ཀྱེའི་རྡོ་རྗེ་ཕྱག་བཞི་པ་སྟེ་གཡས་ཀྱིས་རྡོ་རྗེ་འཛིན་པ་གཡོན་གྱིས་ ཐོད་ཁྲག །ཕྱག་ལྷག་མ་དག་གིས་རྡོ་རྗེ་ཕག་མོ་ལ་སྙོམས་པར་ཞུགས་པ། ཞལ་གཅིག་པ་རོ་མནན་པ་བསམ་པར་བྱའོ། །ཡང་ཀྱེ་རྡོ་རྗེ་ཕྱག་གཉིས་པ་ནི་གཡོན་གྱིས་ཐོད་པ་དང་ཁ་ཊྭཱཾ་ག། གཡས་ཀྱིས་འབར་བའི་རྡོ་རྗེ་རོ་མནན་པ་བལྟ་བར་བྱའོ། །ཕྱག་དྲུག་པ་ལ་སོགས་ པ་འདི་རྣམས་ཀྱི་ཤེས་རབ་མ་ནི་རྡོ་རྗེ་མ་སྟེ། ལྷག་མ་ནི་ཕྱག་བཅུ་དྲུག་པ་བཞིན་ཏེ་སྐུ་མདོག་དང་རྒྱན་ལ་སོགས་པ་དང་ཧཱུྃ་ལས་བྱུང་བ་ལ་སོགས་པའི་གཟུགས་སུ་བལྟ་བར་བྱའོ། །དེ་བཞིན་དུ་རྡོ་རྗེ་ལྕགས་སྒྲོག་མ་ལ་སོགས་པ་རྣམས་ཀྱི་ཡང་བདག་མེད་མ་བཞིན་ཏེ་མིང་ཙམ་ཐ་ དད་པའོ། །ཐམས་ཅད་ཁ་ཊྭཱཾ་ག་ལ་འཁྱུད་པས་གནས་པ་ནི་ཐམས་ཅད་ཀྱི་ཡིན་པར་བལྟ་བར་བྱའོ། །དེ་ལྟར་གྱུར་པའི་བཅོམ་ལྡན་འདས་རང་གི་འདོད་པའི་ལྷའི་རྣམ་པར་བསམས་ནས་བསྲུབ་ཅིང་བསྲུབ་པའི་སྦྱོར་བ་ལས་ལྷ་མོའི་འཁོར་ལོ་གང་ཡིན་པ་ཐོག་མར་དབྱུང་བར་བྱ་ སྟེ། དེ་ལ་ཤར་ལ་སོགས་པའི་ཕྱོགས་དང་སྐུ་མདོག་དང་མཚན་མ་ལ་སོགས་པའི་རིམ་པ་ནི་རྣམ་པར་དག་པའི་སྒོ་ནས་རྟོགས་པར་བྱའོ། །དེ་ལ་ཤར་གྱི་སྒོར་གདུལ་བྱ་བདུད་ཀྱི་སེམས་ཅན་སད་པར་བྱ་བའི་གྃ་ཡིག་ལས་སྐྱེས་པའི་གཽ་རཱི་ནག་པོའོ། །ལོག་ པར་ལྟ་བ་གཅོད་པར་བྱེད་པའི་ཕྱིར་གཡས་ཀྱི་ཕྱག་ན་གྲི་གུག་འཛིན་པ། འཁོར་བའི་བག་ཆགས་ཉམས་པར་བྱ་བའི་ཕྱིར་གཡོན་པས་ཉ་རོ་ཧི་ཏ་འཛིན་པ། ཚངས་པ་མནན་པ། གཟུགས་ཀྱི་ཕུང་པོའི་རང་བཞིན་དུ་བསམ་པར་བྱའོ། །ལྷོར་གདུལ་བྱ་འདོད་ཆགས་ཀྱི་ སེམས་ཅན་སད་པར་བྱ་བའི་ཕྱིར་ཙཾ་ཡིག་ལས་ཆོམ་རྐུན་མ་སྐུ་མདོག་དམར་མོའོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྟོགས་པར་བྱ་བའི་ཕྱིར་གཡས་ན་ཅང་ཏེའུ་འཛིན་པ། གཏི་མུག་གཞོམ་པའི་དོན་དུ་གཡོན་ན་ཕག་པ་འཛིན་པ། བརྒྱ་བྱིན་མནན་པ་ཚོར་བའི་ཕུང་ པོའི་རང་བཞིན་དུ་བལྟ་བར་བྱའོ། །ནུབ་ཏུ་སེམས་ཅན་རྣམས་ཀྱི་རྒྱས་པའི་དོན་དུ་བཾ་ཡིག་ལས་སྐྱེས་པའི་རོ་ལངས་མ་གསེར་གྱི་མདོག་ཅན་ནོ། །སྟོང་པ་ཉིད་རྟོགས་པར་བྱ་བའི་ཕྱིར་གཡས་ན་རུས་སྦལ་འཛིན་པ། སྙིང་རྗེའི་རང་བཞིན་རྟོགས་པར་བྱ་བའི་ཕྱིར་གཡོན་ན་ པདྨའི་སྣོད་འཛིན་པ་ཉེ་དབང་ལ་ཞོན་པ་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་དུ་རྣམ་པར་བརྟག་པར་བྱའོ། །བྱང་དུ་མངོན་སྤྱོད་ཀྱི་ལས་རབ་ཏུ་བསྒྲུབ་པའི་དོན་དུ་གྷཾ་ལས་སྐྱེས་པའི་ཟ་ནུས་མ་ནོར་བུ་མ་རྒད་ལྟ་བུའོ། །ཞེ་སྡང་རྣམ་པར་དག་པ་ལས་གཡས་ན་སྦྲུལ་འཛིན་པ་ཤེས་རབ་ དང་ཐབས་ཀྱི་བདག་ཉིད་ཁོང་དུ་ཆུད་པའི་དོན་དུ་གཡོན་པས་རྣལ་འབྱོར་ལྷུང་བཟེད་འཛིན་པ། དྲག་པོ་ལ་ཞོན་པ་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་དུ་བསྒོམ་པར་བྱའོ། །དབང་ལྡན་དུ་རྨུགས་པའི་ལས་རབ་ཏུ་རྟོགས་པའི་ཕྱིར་དུ་པཾ་ལས་སྐྱེས་པའི་པུཀྐ་སཱི་སྐུ་མདོག་སྔོན་མོའོ། ། ང་རྒྱལ་རྣམ་པར་སྦྱང་བའི་དོན་དུ་ཡང་གཡས་ན་སེང་གེ་འཛིན་པ། བདུད་ཀྱི་སྡེ་རྣམ་པར་འཇོམས་པའི་ཕྱིར་དང་མི་མཛའ་བ་མ་ལུས་པ་གཅོད་པའི་ཕྱིར་དུ་གཡོན་པས་དགྲ་སྟ་འཛིན་པ། གཤིན་རྗེ་མནན་ནས། སའི་ཁམས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །མེར་ཞི་ བའི་སེམས་ཅན་རབ་ཏུ་སད་པར་བྱེད་པའི་ཕྱིར་དུ་ཤྃ་ཡིག་ལས་སྐྱེས་པའི་ཤ་བ་རཱི་དཀར་མོའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་པོ་རྣམས་རབ་ཏུ་སད་པར་བྱེད་པའི་ཕྱིར་དུ་གཡས་ན་དགེ་སློང་འཛིན་པ། གཉིས་སུ་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པའི་ཕྱིར་དུ་གཡོན་ན་འཁར་ གསིལ་འཛིན་པ། ལུས་ངན་ལ་ཞོན་པ། ཆུའི་ཁམས་ཀྱི་རང་བཞིན་དུ་བལྟ་བར་བྱའོ། །བདེན་བྲལ་དུ་རེངས་པ་རབ་ཏུ་བསྒྲུབ་པའི་དོན་དུ་ཙཾ་ཡིག་ལས་སྐྱེས་པའི་གཏུམ་མོ་ནམ་མཁའ་སྔོ་བསངས་མའོ། །དྲེགས་པའི་སེམས་ཅན་རབ་ཏུ་སད་པར་བྱེད་པའི་ཕྱིར་དུ་ཡང་གཡས་ན་ འཁོར་ལོ་འཛིན་པ། ཐེ་ཚོམ་གྱི་ཤེས་པའི་ཆ་གཅོད་པའི་ཕྱིར་དང་མི་ཤེས་པའི་དྲི་མ་རྩ་བ་ནས་མེད་པའི་དོན་དུ་གཡོན་པས་གཤོལ་འཛིན་པ། སྲིན་པོ་མནན་པ། མེའི་ཁམས་ཀྱི་རང་བཞིན་དུ་བསྒོམ་པར་བྱའོ། །རླུང་དུ་དོན་སྣ་ཚོགས་པ་སོ་སོར་རྟོགས་པའི་ཕྱིར་དུ་ཌཾ་ ཡིག་ལས་སྐྱེས་པའི་ཌོམྦི་ནཱི་སྣ་ཚོགས་མདོག་གོ། །བསམ་པ་མ་རུངས་པའི་སྐྱེ་བོ་རབ་ཏུ་སད་པའི་ཕྱིར་དང་མི་ཕྱེད་པའི་ཡེ་ཤེས་རྟོགས་པའི་ཕྱིར་དུ་གཡས་པས་འབར་བའི་རྡོ་རྗེ་འཛིན་པ། གདུག་པ་མ་ལུས་པ་བསྡིགས་པའི་ཕྱིར་དུ་གཡོན་པས་སྡིགས་མཛུབ་འཛིན་པ། ཐགས་བཟངས་རིས་ ལ་མཉམ་པར་ཞོན་པ། རླུང་གི་ཁམས་ཀྱི་རང་བཞིན་དུ་བསམ་པར་བྱའོ། །ཡེ་ཤེས་ཀྱི་ཕྱག་རྒྱའི་ཕྱོགས་ལ་བདག་མེད་མ་ཡང་སླར་རྗེ་བཙུན་ལ་ཕྱུང་བའི་རྗེས་སུ་གཞུག་ཅིང་ཞུགས་པར་བསམ་པར་བྱའོ། །དེ་ཕྱུང་བའི་རྗེས་སུ་གཞུག་པ་དག་དང་ཉེ་བའི་མཚན་ཉིད་ཀྱི་ཕྱིར་ དེ་བཞིན་དུ་གཽ་རཱི་ལ་སོགས་པ་གཞན་དང་གཞན་རྣམས་ཕྱུང་བའི་རྗེས་སུ་གཞུག་པར་ཤེས་པར་བྱའོ། །འདི་རྣམས་ཀྱིས་ནི་ཇི་སྲིད་ཡན་ལག་དགོད་པ་དེ་སྲིད་དུ་འབྱུང་བའོ་ཞེས་པ་འདི་གསུངས་པ་ཡིན་ནོ། །འདི་རྣམས་ཐམས་ཅད་དམར་ཞིང་ཟླུམ་པའི་སྤྱན་གསུམ་པ། སེར་ སྐྱ་གྱེན་དུ་བརྫེས་པ། ཞལ་མཆེ་བ་གཙིགས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ། སྐྱིལ་ཀྲུང་ཕྱེད་པའི་ཏཱ་ཎ་ཌ་བས་ཟླ་བའི་གདན་ལ་གནས་པ། དྲག་མོ་བརྒྱད་གཉིས་ཀྱི་ལོའི་རྣམ་པ་མའོ། །བྱང་ཆུབ་ཀྱི་སེམས་ཕྱུང་བ་ལམ་ཡང་དག་པར་བྱུང་མ་བཅོམ་ལྡན་འདས་དང་ འདོད་པ་ལ་སྙོམས་པར་ཞུགས་པ་བལྟ་བར་བྱའོ། །ད་ནི་གཽ་རཱི་ལ་སོགས་པ་རྣམས་ཀྱི་གདན་བརྒྱད་ཀྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། འདོད་ཆགས་དང་། རིག་མ་དང་། འཛག་པ་དང་། བཏུང་བ་དང་། བཟའ་བ་དང་། གཉིད་དང་། རྟོག་གེ་དང་། དད་པ་ རྣམས་སུ་མངོན་པར་ཞེན་པ་གཅོད་པའི་ཕྱིར་དུ་ཚངས་པ་ལ་སོགས་པ་ནས་ཐགས་བཟངས་རིས་ཀྱི་མཐར་ཐུག་པའི་གདན་བརྒྱད་པོ་རྣམས་གསུངས་པ་ཡིན་ནོ། །དེ་ལྟར་ཇི་སྐད་དུ་བསྟན་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ནང་དུ་སོན་པའི་མ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་རང་ གི་སྐུ་ལས་རྣམ་པར་སྤྲོས་པའི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའི་མཐིལ་ཁྱབ་པར་ཡང་དག་པར་རྣམ་པར་བསྒོམ་པར་བྱ་ཞིང་ཡེ་ཤེས་ཀྱི་འཁོར་ལོ་དགུག་པར་བྱའོ། །བདག་ཉིད་དམ་ཚིག་གི་ཐུགས་ཀའི་པདྨར་ཧཱུྃ་ལས་བྱུང་བའི་ཐོད་པར་གནས་པའི་ཉི་མ་ལ་ཧཱུྃ་ཡིག་སྔོན་པོའི་ འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་ཡང་མདུན་དུ་བཀུག་པར་རྣམ་པར་བསམས་ཏེ་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ནས་ཡང་དག་པར་མཆོད་ཅིང་བསྟོད་པ་ཡང་བྱས་ཏེ། ཛཿཧཱུྃ་བཾ་ཧོཿཞེས་པ་འདིས་ དགུག་པ་དང་གཞུག་པ་དང་བཅིང་བ་དང་མཉེས་པར་བྱའོ། །དེ་ནས་ཨོཾ་བཛྲ་གཽ་རཱི་ཨཱ་ཀཱཪྵ་ཡ་ཛཿཨོཾ་བཛྲ་རྩཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཨོཾ་བཛྲ་བེཏྟཱ་ལཱི་བནྡྷ་ཡ་བཾ། ཨོཾ་བཛྲ་གྷསྨ་རཱི་ཏོ་ཥ་ཡ་ཧོཿཞེས་པས་ཇི་ལྟ་བའི་ལམ་ནས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་འཁོར་ལོ་ལ་གཞུག་གོ། །འདིས་ དཔལ་ཧེ་རུ་ཀའི་ང་རྒྱལ་བརྟན་པར་བྱའོ། །གལ་ཏེ་ཡང་བདག་ཉིད་དམ་ཚིག་པ་བཞིན་དུ་ཡེ་ཤེས་ཀྱི་དམ་ཚིག་གོ། །དེ་ལྟ་ན་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་དང་བར་མེད་པར་ཡེ་ཤེས་ཀྱི་དམ་ཚིག་ཞལ་གཅིག་ཕྱག་གཉིས་པ་དམར་པོ་རང་འོད་ཀྱི་ཤེས་རབ་སྟེ་རང་གི་སྙིང་གར་བསམ་ པར་བྱའོ། །དེའི་སྙིང་གར་ཏིང་ངེ་འཛིན་གྱི་མགོན་པོ་ཡང་ངོ་། །དེ་ནས་བཅོམ་ལྡན་འདས་མ་ཡང་དེ་བཞིན་ཏེ་ཡེ་ཤེས་ཀྱི་དམ་ཚིག་གི་སྙིང་གར་པདྨ་དང་ཟླ་བ་ལ་གནས་པའི་ཨཾ་ཡིག་ལས་སྐྱེས་པའི་གྲི་གུག་ལ་གནས་པའི་ཟླ་བར་གནས་པའི་ཨཾ་ཡིག་བལྟ་བར་བྱའོ། །རྣལ་འབྱོར་མ་ བརྒྱད་རྣམས་ཀྱི་དེ་བཞིན་དུ་ཡེ་ཤེས་ཀྱི་དམ་ཚིག་གི་སྙིང་གར་པདྨ་དང་ཟླ་བ་རྣམས་སུ་རང་རང་གི་ས་བོན་ལས་སྐྱེས་པའི་མཚན་མ། སླར་ཡང་ཟླ་བ་ལ་གནས་པའི་དེའི་ས་བོན་གྱིས་བྱིན་གྱིས་བརླབས་ལ་བལྟ་བར་བྱའོ་ཞེས་པ་ཡེ་ཤེས་ཀྱི་འཁོར་ལོའོ། །ཡེ་ཤེས་ཀྱི་འཁོར་ལོ་དང་ དམ་ཚིག་གི་འཁོར་ལོ་དག་གཅིག་ཏུ་བྱས་པའི་དུས་སུ་རང་གི་སྐུ་ལས་རྣམ་པར་སྤྲོས་པའི་འོད་ཟེར་རྣམས་ཀྱིས་བཀུག་པའི་དེ་བཞིན་གཤེགས་པ་ལྔ་པོ་དཔལ་ཧེ་རུ་ཀའི་གཟུགས་ཐོབ་པ་རྣམས་དང་རྡོ་རྗེ་རྣལ་འབྱོར་མ་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དང་ཁྲོ་བོ་ལ་སོགས་པ་རྣམས་ ཀྱང་ནམ་མཁའ་ལ་མངོན་དུ་བལྟས་ནས་མངོན་པར་དབང་བསྐུར་བར་གསོལ་བ་གདབ་སྟེ། ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་པས་སོ། །དེ་བཞིན་གཤེགས་པ་ལྔ་དེ་རྣམས་ཀྱང་བདུད་རྩི་ལྔས་གང་བའི་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཞེས་གསུང་ཞིང་འཁྲུ་བར་མཛད་དོ་ཞེས་པ་མངོན་པར་དབང་བསྐུར་བའོ། །དེ་ནས་དམ་ཚིག་རྡོ་རྗེའི་རྣལ་འབྱོར་མ་རྣམས་ཀྱིས་ཛོ་ཛོའི་སྒྲ་སྒྲོགས་པར་བྱེད་ དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སླར་ཡང་དགའ་བའི་བདག་ཉིད་དུ་གཟིགས་པར་མཛད་དོ། །ཁྲོ་བོ་ལ་སོགས་པ་རྣམས་ཀྱིས་དགའ་བར་མཛད་དོ། །ནམ་མཁའ་ལ་སྣ་ཚོགས་པའི་དྲི་བཟང་པོ་ཅན་གྱི་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །གུར་ཀུམ་དང་ཙནྡན་གྱི་ ཆར་དང་རིན་པོ་ཆེ་སྣ་ཚོགས་པའི་ཆར་རབ་ཏུ་འབབ་པའོ། །གར་དང་སིལ་སྙན་དང་གླུ་དང་བསྟོད་པའི་སྒྲས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་སྟེང་དུ་ཅ་ཅོའི་སྒྲ་ཆེན་པོ་འབྱུང་བར་འགྱུར་རོ། །དབང་བསྐུར་བ་ན་བཅོམ་ལྡན་འདས་ཀྱི་སྤྱི་བོར་ཐུགས་ཀྱི་དབང་པོར་འགྱུར་ཏེ་བཅོམ་ ལྡན་འདས་མའི་ཡང་དེ་བཞིན་ནོ། །གཽ་རཱི་ལ་སོགས་པ་རྣམས་ལ་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་ཀྱིས་རྒྱས་གདབ་པར་བྱའོ། །སླར་ཡང་སངས་རྒྱས་དེ་རྣམས་ཁོ་ནས་པུཀྐ་སཱི་ལ་སོགས་པ་རྣམས་ཀྱིས་གླུའི་བསྟོད་ པས་བསྟོད་པར་ཡང་འགྱུར་ཏེ། རྣལ་འབྱོར་མ་ཚོགས་གྲོགས་མོས་ཡོངས་བསྐོར་ཁྱོད། །ཁྱོད་ནི་རང་གི་ཐུགས་ལ་མཆོག་བརྙེས་པ། །དེས་ནི་རྒྱུ་དང་མི་རྒྱུའི་འགྲོ་ཀུན་མཛེས། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་པར་མཛད། །ཧེ་རུ་ཀ་དཔལ་རྒྱལ་པོ་ མིག་འཕྲུལ་གྱི། །སྤྲོས་པས་བྱ་བ་སྒྲུབས་ལ་ཐུགས་དགྱེས་མཛོད། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་རིག་མ་དང་ལྷ་མོ་དང་ཁྲོ་བོ་ལ་སོགས་པ་རྣམས་ཀྱིས་ཀྱང་ནམ་མཁའ་ལ་བཞུགས་ནས་སྙིང་པོ་དང་ཉེ་བའི་སྙིང་པོ་དང་རྐང་པ་བརྒྱད་པའི་ཕྲེང་བའི་སྔགས་རྣམས་ ཀྱིས་མངོན་པར་བསྟོད་པར་འགྱུར་རོ་ཞེས་རྒྱས་གདབ་པོ། །དེ་ནས་མ་མོའི་ཚོགས་ཀྱི་དབུས་སུ་རིག་མ་དང་ལྡན་པའི་རྡོ་རྗེ་ཅན་བདུད་རྩི་ཟ་བ་རྫོགས་པར་བྱས་ཏེ། ཡཾ་ཡིག་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་བ་ཕྱེད་པའི་རྣམ་པའོ། །དེའི་སྟེང་དུ་རཾ་ཡིག་ལས་སྐྱེས་པའི་མེ་དམར་པོ་ གྲུ་གསུམ་མོ། །དེའི་སྟེང་དུ་ཨཱཿཡིག་ལས་སྐྱེས་པའི་མགོ་བོ་གསུམ་གྱི་སྟེང་དུ་པདྨའི་སྣོད་ཕྱི་དཀར་བ་ནང་དམར་བ་ཨཱཿཡིག་གིས་བྱིན་གྱིས་བརླབ་པ་ཡང་ངོ་། །དེའི་ནང་དུ་བུཾ་ཡིག་ལ་སོགས་པའི་སྔགས་ཀྱིས་བཅའ་བ་དང་བདུད་རྩི་ལྔ་དང་སྒྲོན་མ་ལྔ་ཡང་རྫོགས་པར་བྱས་ནས་ ཨོཾ་ཡིག་གིས་བྱིན་གྱིས་བརླབས་པ་ཡང་ངོ་། །དེའི་སྟེང་དུ་ཧཱུྃ་ཡིག་ལས་བྱུང་བའི་རྡོ་རྗེ་དཀར་པོ་བལྟ་བར་བྱའོ། །དེའི་རྗེས་སུ་རླུང་གིས་བསྐུལ་བའི་མེ་ཚ་བ་ཉིད་ལས་དངུལ་ཆུའི་རོའི་རྣམ་པ་བཞིན་དུ་གྱུར་པའོ། །ཨོཾ་ཨཱཿཧཱུྃ་གི་ཡི་གེ་རྣམས་ཀྱིས་སྦྱང་བ་དང་རྟོགས་པ་དང་འབར་བར་བྱས་ ནས་མཐའ་ཡས་ཤིང་མུ་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལ་རྗེས་སུ་ཆགས་པར་བྱས་ནས་འཇིག་རྟེན་གྱི་ཁམས་རྣམས་སུ་སོང་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་དེ་ཉིད་དུ་ཞུགས་པ་ལས་གཅིག་ཏུ་བྱས་ནས་དེ་ཉིད་རྡོ་རྗེས་དཀྲུགས་པས་རོ་མཉམ་ པར་བྱས་ཏེ་རྡོ་རྗེ་ཡང་བདུད་རྩི་ལ་ཐིམ་པར་བལྟ་བར་བྱ་སྟེ། རྡོ་རྗེ་དང་ཆུ་སྐྱེས་སྦྱོར་བ་ལས་བསིལ་བར་གྱུར་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདུད་རྩི་ཡང་ཞུགས་པའོ། །རྫོགས་པ་དེ་ཁོ་ན་ཉིད་གསུམ་གྱི་བྱིན་གྱིས་བརླབས་པའི་ལག་པའི་བླུགས་གཟར་གྱིས་བླངས་ནས་ཧཱུྃ་ ལས་བྱུང་བའི་ལྗགས་རྡོ་རྗེའི་འོད་ཟེར་གྱིས་དྲངས་ཏེ་བདུད་རྩི་དེ་ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་ཏིང་ངེ་འཛིན་གྱི་དམ་ཚིག་ལ་སྦྱིན་སྲེག་བྱའོ། །དེ་ནི་དཀྱིལ་འཁོར་པ་ལ་དེ་དང་འདྲ་བར་བསམ་མོ་ཞེས་པ་བདུད་རྩི་མྱང་བའོ། །དེའི་རྗེས་སུ་དཀྱིལ་འཁོར་གྱི་བདག་པོ་དང་། དཀྱིལ་ འཁོར་བ་དེ་ལས་སྤྲོས་པའི་ལྷའི་སྤྲུལ་པ་དུ་མ་གང་དང་གང་ན་གདུལ་བར་བྱ་བ་ཡོད་པ། དེ་དང་དེར་སོང་ནས་དེ་རྣམས་བཏུལ་ཏེ་སླར་འོངས་ནས་སྤྲུལ་པ་རྣམས་རྡོ་རྗེ་ཅན་གྱི་རང་རང་གི་སྐུ་ལ་ཉེ་བར་བསྡུ་བར་བྱའོ་ཞེས་པ་འགྲོ་བའི་དོན་ནོ། །དབྱུང་བ་ལ་སོགས་པ་ནས་འགྲོ་བའི་དོན་གྱི་མཐར་ ཐུག་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེའི་རྗེས་སུ། མཚོ་སྐྱེས་ཞབས་ཀྱིས་ཁ་དོག་ནི། །ལས་ཀྱི་དབྱེ་བས་དབྱེ་བར་བྱའོ། །ཞེས་པ་ནི་ཡན་ལག་དྲུག་སྦས་པ་སྟེ། །བཟང་པོའི་ཞབས་ཀྱིས་སླར་ཅུང་ཟད་གསལ་བར་མཛད་དེ་ཧཱུྃ་ཡིག་ལས་གྱུར་ པའི་ཁ་དོག་སྟེ་ཇི་ལྟར་རིགས་པར་རབ་ཏུ་སྦྱོར་བ་ལས་ཞེས་སོ། །འདི་ཡང་ཛཱ་ལནྡྷ་རི་པའི་ཞབས་ཀྱིས་རྒྱས་པར་རྣམ་པར་བཤད་དེ། འདི་ལྟ་སྟེ། རི་བོང་ཅན་དང་ཉི་མ་ཁ་སྦྱོར་བའི་དབུས་སུ་སྔགས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོའི་ས་བོན་གྱི་ཡི་གེ་བལྟས་ནས་ཡན་ལག་དྲུག་ བསྒོམ་པར་བྱའོ། །འདིས་འདི་གསུངས་པ་ཡིན་ཏེ། བདག་ཉིད་དམ་ཚིག་གི་ཐུགས་ཀར་པདྨ་ལ་གནས་པའི་ཟླ་བ་དང་ཉི་མའི་དབུས་སུ་སོན་པའི་ཧཱུཾ་ཡིག་ལས་སྤྲོས་པའི་འོད་ཟེར་གྱི་ཚོགས་རྗེས་སུ་ཞུགས་པ་ལས་དང་པོར་ཏིང་ངེ་འཛིན་གྱི་མགོན་པོ་ནག་པོ་བསྒོམ་པར་བྱའོ། ། དེ་ཡོངས་སུ་གྱུར་པ་ལས་ཐིག་ལེའི་གཟུགས་སུ་བསམས་ནས་འོད་ཟེར་རྣམས་བཅོམ་ལྡན་འདས་ཀྱི་བ་སྤུའི་བུ་ག་ལས་ཕྱུང་སྟེ་དཀྱིལ་འཁོར་དང་དཀྱིལ་འཁོར་པ་ཐམས་ཅད་ལ་མངོན་པར་ཁྱབ་པར་བྱས་པ་ལས་ཆེར་གནས་པར་བལྟ་བར་བྱའོ། །འདི་ལྟར་གཉིས་པར་དམར་ པོ་དང་། གསུམ་པར་སེར་པོ་དང་། བཞི་པར་ལྗང་གུ་དང་། ལྔ་པར་སྔོན་པོ་དང་། དྲུག་པར་དཀར་པོ་ཡང་སྟེ། ཞི་བ་ལ་སོགས་པའི་ལས་ལ་ཇི་ལྟར་རིགས་པར་ཤེས་པར་བྱའོ་ཞེས་པ་ཡན་ལག་དྲུག་གོ། །ཡན་ལག་དྲུག་བསྒོམ་པ་བྱས་ནས་དེ་ནས་འོད་གསལ་བ་བརྩམ་ པར་བྱ་སྟེ། ཨཱ་ལི་ཀཱ་ལིའི་ཕྲེང་བར་སྤྲོས་པའི་དབུགས་དབུགས་ཀྱི་ལམ་ནས་ཕྱུང་སྟེ། འཐོན་པོའི་འོད་ཟེར་རྣམས་ཀྱི་མཚན་དང་དཔེ་བྱད་ཡང་དག་པར་སྦྱངས་ནས་རྒྱུ་བ་དང་བཅས་པའི་མི་རྒྱུ་བ་གཅིག་ཏ