Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 9
Văn bản gốc(Tây Tạng)
Trang 2 / 22 (50.000 ký tự/trang)
ེམས་དཔའ་ཆེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡིས། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་ལ་འཁོར་བ་ཡི། །སྡུག་བསྔལ་རྣམས་ནི་སེལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མཆོག་གིས། །མ་རིག་ཉེས་པའི་ རབ་རིབ་འཇོམས། །གང་ཕྱིར་བྱང་ཆུབ་བླ་ན་མེད། །དེ་རིང་བདག་གིས་ཐོབ་པར་མཛོད། །ཅེས་བརྗོད་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མས་ཤེས་རབ་མ་བདག་མེད་མར་བསྐྱེད་ལ། དེ་ལ་ཆོ་ག་བྱ་བ་དང་། གནས་གསུམ་དུ་ཡང་ལྷ་གསུམ་བསྐྱེད་ལ། ཡེ་ཤེས་སེམས་ དཔའ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། རྗེས་སུ་དགྱེས་པར་བྱ་སྟེ་བསྟིམས་ལ། མི་བསྐྱོད་པས་དབུ་བརྒྱན་ཏེ་མཁའ་གསང་བྱིན་གྱིས་བརླབ་པ་འདི་སྐད་དོ། །ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་དཏྟ་ཙ་ཏུར་ཨཱ་ནནྡ་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུར་ཨཱ་ ནནྡ་ད་ཡ་ཀ་ཁ་ག་མུ་ཁ་ཨེ་ཀ་རཱ་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ་ཞེས་བརྗོད་པས་ཉེས་པ་མེད་པར་རྣམ་པར་དག་པར་བསམ་མོ། །དེ་ནས་སྙོམས་པར་ཞུགས་པ་བྱ་སྟེ། བསྐྱོད་པ་མཛད་ཅིང་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་ལྟེ་བའི་ཧཱུཾ་ལས་འོད་འཕྲོས་པས་ཕྱོགས་བཅུ་ན་ བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱན་དྲངས་ནས་ཐུགས་ཀར་ཐིམ་པ་ལ་སོགས་པ་བྱ་སྟེ། བྱང་ཆུབ་ཀྱི་སེམས་ནོར་བུའི་སྐེ་རུ་ཕྱིན་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་བ་ཨཱ་ཏྨ་ཀོ྅ཧཾ་ཞེས་བརྗོད་ལ་རྗེས་སུ་ཆགས་པ་རྡོ་རྗེའི་རང་བཞིན་ང་ཡིན་ནོ་བར་ང་རྒྱལ་ བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་བོ་ལའི་ཁ་སྐེར་མཐེབ་སྲིན་གྱིས་མནན་ལ་སློབ་མའི་ཁར་དྲང་བར་བྱའོ། །དེ་ནས་སློབ་དཔོན་གྱིས་ཉེ་བར་ལོངས་སྤྱོད་ལ། བདེ་བར་གནོས་ཤིག་ཅེས་བསྒོའོ། །དེས་ཨེ་མ་རེ་བདེ་ཞེས་བརྗོད་དེ། དབང་བསྐུར་ནས་འཐུངས་པའི་རྗེས་ལ། བདེ་བ་ཆེན་པོ་ དཔལ་ཧེ་རུ་ཀའི་བདག་ཉིད་ནི་བདག་ཅེས་བླ་མས་བརྗོད་དོ། །དེ་ནི་རྡོ་རྗེ་དཔལ་གྱིས་རེག་པ་དེས་ནི་ངག་གི་རྣམ་པར་རྟོག་པའི་ཉེས་པ་དག་པར་བྱེད་པས་གསུང་གི་དབང་ཞེས་བྱའོ། །དེས་འབྲས་བུ་གང་དང་གང་སྐལ་བ་མཉམ་པར་འགྱུར་ན། ས་བཅུ་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་ མཉམ་པར་འགྱུར་རོ། །ས་བཅུ་པ་དང་སྐལ་པ་མཉམ་པ་དེ་ལ་ལུང་བསྟན་པར་བྱ་སྟེ། བླ་མས་ཆོས་གོས་གྱོན་ཏེ་ལག་པ་གཡས་པས་ཆོས་གོས་ཀྱི་མཐར་མ་བཟུང་ལ། འདི་སྐད་བརྗོད་དོ། །འདི་ལྟར་ང་ཡིས་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་པོ་ མཆོག་ཏུ་སྒྲུབ་པའི་ཕྱིར། །སྲིད་པ་ངན་འགྲོ་རྣམས་ལས་བཏོན། །ཤྲཱིཿཧེ་རུ་ཀ་ན་མཿསརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ། ཞེས་བརྗོད་དེ་དོན་ཡོད་གྲུབ་པའི་ཕྱག་རྒྱར་གནས་པ་དང་། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་དོ། ། ལུང་སྟོན་པའོ།། །།ཁམས་གསུམ་གྱི་བདག་པོར་གྱུར་ཅིང་། རྒྱལ་བ་རྣམས་ཀྱི་བདག་པོར་འགྱུར་བ་དང་། ཕྱིན་ཅི་ལོག་གི་བདུད་དང་མུ་སྟེགས་ལ་སོགས་པ་ལས་རྒྱལ་བ་དང་། མྱ་ངན་ལས་འདས་པའི་གྲོང་ཁྱེར་དམ་པར་འཇུག་ཅིང་། འདི་ཉིད་ལས་སངས་རྒྱས་ཉིད་ཐོབ་པར་འགྱུར་ གྱིས། ཐེ་ཚོམ་དང་ཡིད་གཉིས་ལ་སོགས་པ་མ་བྱེད་ཅིག །གཞན་ཡང་བླ་མ་དམ་པས་དབང་བསྐུར་བ་ཙམ་གྱིས་ཇི་ལྟར་བསམས་པ་ལྟར་སློབ་མ་རྣམས་ཀྱིས་གྲུབ་པར་འགྱུར་རོ། །དེ་ནི་དབུགས་དབྱུང་བའོ། །དེ་ནས་ཤེས་རབ་མ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་བརྩམ་པར་བྱའོ། ། དེ་ལ་ཡང་གཉིས་ཏེ། ཤེས་རབ་ཀྱི་དབང་དང་ཡེ་ཤེས་ཀྱི་དབང་ངོ་། །དེ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་གཞུང་དང་མཐུན་པར་མིའི་བུ་མོ་ལོ་གྲངས་གོང་མ་དང་མཐུན་པ་བླ་མ་ལ་ཕུལ་ལ། མཎྜལ་དང་ཆག་ཆག་ལ་སོགས་པ་གོང་མ་དང་མཐུན་པར་བྱའོ། །དེ་ནས་བླ་མས་ཤེས་རབ་མ་བྱིན་གྱིས་ བརླབ་པ་གོང་མ་དང་མཐུན་པར་བྱས་ལ། བླ་མས་ཤེས་རབ་མ་དང་སློབ་མ་ལ་བཀའ་བསྒོ་བར་བྱ་སྟེ། ཁྱོད་ཀྱིས་འདོད་ཆགས་སྤང་དུ་མི་རུང་གི། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོལ་པ་མཛད་པ་ལས་ཡེ་ཤེས་ཆེར་སྐྱེས་ཏེ། མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་པས་ཁྱོད་ཀྱིས་ཀྱང་འདོད་ཆགས་སྤང་དུ་མི་རུང་སྟེ། གཉིས་སུ་མེད་པའི་རོལ་པར་བྱོས་ཤིག །ཡེ་ཤེས་སྐྱེ་བར་འགྱུར་གྱིས་ཞེས་བརྗོད་དེ་བསྒོ་བར་བྱའོ། །བླ་མས་ཀྱང་འདི་སྐད་བརྗོད་དུ་གཞུག་གོ། །ཁྱོད་ཀྱིས་ནུས་སམ་རྡོ་རྗེ་ ཅན། །དྲི་ཆེན་དྲི་ཆུའི་བཟའ་བཏུང་དང་། །རཀྟ་ག་པུར་མཱཾ་ས་དང་། །བུད་མེད་མོས་པས་དད་ནུས་སམ། །བྷ་གར་འོ་བྱེད་མི་རྟོག་གམ། སྨྲོས་ཤིག་རྡོ་རྗེ་བདེ་བ་ཅན། །དེ་ནས་ཡང་སློབ་མས། ཤེས་རབ་མ་ལ་ནུས་པའི་ཚིག་འདི་སྐད་བརྗོད་དུ་གཞུག་གོ། །ལྷ་མོ་ཅི་ཕྱིར་བདག་མི་ཐེག །དྲི་ཆེན་ས་ བོན་སོགས་ཟ་ཞིང་། །ཤེས་རབ་ཡང་དག་དད་པར་བགྱིད། །བྷ་ག་ལ་ཡང་འོ་བྱེད་དོ། །ཤེས་རབ་མ་གཅེར་བུར་ཕྱུང་ལ་ཁྲུས་བྱས་ནས་དྲི་ཞིམ་པོས་བྱུགས་ཏེ་མེ་ཏོག་གི་ཕྲེང་བ་མགོ་ལ་བཅིངས་ལ་ལག་པ་གཉིས་ཀྱིས་གྲྭ་གཉིས་ནས་བཟུང་སྟེ་ཁ་ཕྱེ་ལ། ཤེས་རབ་མས་འདི་སྐད་བརྗོད་དོ། །རྨད་ འབྱུང་ང་ཡི་པདྨ་འདི། །ཐམས་ཅད་བདེ་བ་ཡང་དག་ལྡན། །རྟག་ཏུ་རིམ་བཞིན་འདི་ལ་སྤྱོད། །འདི་དང་ནམ་ཡང་མི་འབྲལ་ལོ། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་རྣམ་པར་གྲོལ། །ཁྲག་འཐུང་རྒྱལ་པོ་འདི་ཉིད་ནི། །རང་བཞིན་ཐམས་ཅད་འདི་ལ་གནས། །ནང་ གི་རྩ་ཡི་འཁོར་ལོ་ལ། །པདྨ་ལ་ཞུགས་རབ་ཏུ་གསུངས། །བྷ་གའི་ནང་དུ་ནམ་མཁའ་བཞིན། །འབྱུང་བ་ལྔ་པོ་རྒྱས་ཤིང་འཆང་། །ལྟེ་བ་ལ་ནི་གེ་སར་བཅས། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །དེ་ཡི་དབུས་ནས་འབྱུང་བ་ཡིན། །དེ་ཉིད་བདུད་རྩི་ཤུ་ཀྲའི་གཟུགས། །བྷ་ཧྫ་མོཀྵ་ ཧོཿ། ཞེས་ཤེས་རབ་མས་བརྗོད་དོ། །དེ་ནས་བླ་མས་སློབ་མའི་ལག་པ་དང་། ཤེས་རབ་མའི་ལག་པ་གཉིས་སྟེང་འོག་ཏུ་བཞག་ལ། ཤེས་རབ་མ་འདིས་ཁྱོད་ཀྱི་ཡེ་ཤེས་སྐྱེད་པར་བྱེད་པ་ཡིན་པས། འདི་དང་ཁྱོད་དུས་རྟག་ཏུ་མི་འབྲལ་བར་འགྲོགས་ཤིག །ཅེས་བརྗོད་ལ་གཏད་པ་དེ་ ཉིད་ནི་ཤེས་རབ་ཀྱི་དབང་ཡིན་ནོ། །དེ་ནས་སློབ་མས་ཡོལ་བའི་ནང་དུ་ཤེས་རབ་མ་དང་གཉིས་འདུག་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་ནོད་པར་བྱའོ། །དེ་ནས་ཤེས་རབ་མ་དེ་ལ། སློབ་མས་གློ་གཡོན་པ་ས་ལ་ཕབ་སྟེ་ཉལ་ལ་དགའ་བའི་གཏམ་བྱ། གནས་དགུ་རུ་སེན་མོས་གདབ་ པར་བྱ་བ་དང་། གཡོན་པའི་ལག་པ་གཡོན་པའི་གློ་རུ་འདུག་པས་པདྨའི་ནང་གི་རྩ་བྱའི་མགོ་འདྲ་བ་ལ། གླང་པོ་ཆེའི་མཛུབ་མོའི་ལག་པས་བྲུད་པ་ལ་སོགས་པ་བྱའོ། །དེ་ནས་ལྕེས་ཀྱང་རོལ་མོ་ཡང་དང་ཡང་དུ་བྱས་པས་པདྨ་རྒྱས་སུ་བཅུག་ལ། དེ་ནས་ཤེས་རབ་མ་དང་གཉིས་ སྦྱོར་བ་བྱ་སྟེ། དལ་ནས་དལ་ནས་བསྐྱོད་པ་ལས། བྱང་ཆུབ་ཀྱི་སེམས་བོ་ལའི་སྐེར་ཕྱིན་པ་ལས་མི་རྟོག་པའི་ཡེ་ཤེས་སྐྱེ་བས་ཇི་ལྟར་གནས་ཀྱི་བར་དུ་བསྒོམ་མོ། །དེས་མ་ཐུབ་ན་ཀཀྐོ་ལར་ཕྱུང་བ་དེ་ཉིད་རྡོ་རྗེའི་རང་བཞིན་ཡིན་པས་ལྕེས་བླང་ངོ་། །དེ་ཡང་རྒྱུད་ལས། ལག་ པས་བླང་བར་མི་བྱ་ཞིང་། །ཉ་ཕྱིས་ཀྱིས་ཀྱང་མི་བླང་སྟེ། །དུང་ལའང་གཞག་པར་མི་བྱའོ། །བདུད་རྩི་ལྕེ་ཡིས་བླང་བར་བྱ། །ཞེས་འབྱུང་བས། ཀཀྐོ་ལ་ནས་ལྕེ་ཁོ་ནས་བླང་བར་བྱའོ། །དེ་ནས་ཤེས་རབ་མའི་ཀཀྐོ་ལ་ནས་ཡེ་ཤེས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བླངས་ཏེ་ཟོས་པས་ ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། །དེ་ལ་དགའ་བ་རྣམ་པ་བཞི་ནི། དགའ་བ་དང་། ཡང་དག་པའི་དགའ་བ་དང་། རང་བཞིན་གྱི་དགའ་བ་དང་། ཁྱད་པར་གྱི་དགའ་བ་དང་བཞིའོ། །དེ་ལ་དགའ་བ་ནི་བི་ཙ་ཡ་ན་བྱ་བ་ནས་བོ་ལའི་རྩར་ཕྱིན་པའི་བར་རོ། །ཡང་དག་པའི་དགའ་བ་ནི་ དཀྱིལ་དུ་ཕྱིན་པ་ཙམ་མོ། །རང་བཞིན་གྱི་དགའ་བ་ནི་བོ་ལའི་སྐེར་ཕྱིན་པ་ལ་བྱ་སྟེ། དེ་ནི་མི་རྟོག་པ་སྐྱེ་བར་བྱེད་པའོ། །འོ་ན་དེར་གར་རྟོགས་པ་ཡིན་ཞེ་ན། སྨྲས་པ་འཁོར་ལོ་བཞིའི་རང་བཞིན་དང་མཉམ་པར་བྱ་བར་རོ། །འོ་ན་ཆད་པ་དགའ་བའི་གྲངས་སུ་མི་འགྲོ་ན། དགའ་བ་ནི་ གསུམ་ལས་མེད་པས་འཁོར་ལོ་བཞི་དང་། དགའ་བ་བཞི་ཇི་ལྟར་སྦྱར་ཞེ་ན། སྨྲས་པ། ཆད་པ་ཡང་དགའ་བའི་གྲངས་སུ་འགྲོ་སྟེ། གང་གི་ཕྱིར་དགའ་བ་ཆེན་པོ་མེད་ཀྱང་སྐད་ཅིག་མའི་དགའ་བའི་གྲངས་ཙམ་ཡོད་པས་ཀྱང་མི་འགལ་ལོ། །རྒྱུད་ལས་ཀྱང་དགའ་བ་བཞི་ཆར་ བསྟན་པས་འཁོར་ལོ་བཞི་དང་སྦྱར་བ་མི་འགྲོལ་ལོ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་ནོ། །དེས་ནི་ཡིད་ཀྱི་ཉེས་པ་ཐམས་ཅད་དག་པར་བྱེད་པས་ཐུགས་ཀྱི་དབང་ཞེས་བྱའོ། །དེས་འབྲས་བུ་གང་དང་སྐལ་པ་མཉམ་པར་འགྱུར་ཞེ་ན། དེ་ལྟ་ བུའི་དབང་ཐོབ་པའི་རྣལ་འབྱོར་པ་ནི་རིགས་ལྔའི་སངས་རྒྱས་དང་སྐལ་བ་མཉམ་པར་འགྱུར་རོ། །དེ་ནས་དེའི་དམ་ཚིག་རྣམས་དཔོག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ཞི་བའི་སྦྱིན་སྲེག་བྱ་སྟེ། དེ་ནི་གཞན་ལས་ཤེས་པར་བྱ་བས་འདིར་མ་བཀོད་དོ། །དེ་ ནས་གསེར་དང་། དངུལ་དང་། ནོར་བུ་རིན་པོ་ཆེ་དང་། བྱི་རུ་དང་། མུ་ཏིག་དང་། ཀཱཪྵཱ་པ་ཎ་དང་། གླང་པོ་ཆེ་དང་། མ་ཧེ་དང་། ཤིང་རྟ་ནོར་དང་བཅས་པ་དང་། ཡིད་ལ་གཅེས་པའི་ནོར་གྱི་མཆོག་རྣམས་བླངས་ནས། བླ་མའི་ཞབས་ལ་ཕྱག་བྱས་ཏེ་དབུལ་བར་བྱའོ། །དེང་ནས་བརྩམས་ཏེ་ བླ་མའི་བྲན་དུ་བདག་མཆི་སྟེ། བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཞེས་བརྗོད་དོ། །སློབ་དཔོན་གྱིས་ཀྱང་རང་གི་སློབ་མ་བྱང་ཆུབ་བསྒྲུབ་པ་ལ་དགའ་བའི་ཕྱིར། མོས་པ་དང་འབྱོར་བའི་ཚོགས་ཆེ་ཞེས་ལེགས་པའི་ཚིག་སྦྱིན་ནོ། །མོས་པ་ཆེ་བའི་སློབ་མ་ཡིས། །དང་པོར་ཡོན་ནི་ དབུལ་བར་བྱ། །དད་མོས་མེད་པའི་སློབ་མ་ཡིས། །དངོས་གྲུབ་ཐོབ་པར་མི་འགྱུར་རོ། །སློབ་དཔོན་གྱི་ཡོན་དབུལ་བའི་རིམ་པའོ། །དེ་ནས་དཀྱིལ་འཁོར་ལ་གླུ་དང་གར་ལ་སོགས་པ་དང་། རོལ་མོའི་ཆ་བྱད་མང་པོ་ཐོགས་ལ། བསྐོར་བ་ལན་གསུམ་དང་ཕྱག་བྱ། ཕྱོགས་སྐྱོང་ལ་ གཏོར་མ་བཏང་སྟེ་སྨོན་ལམ་གྱི་ཚིག་བརྗོད་དོ། །དེ་ནས་ཚོན་ལ་སོགས་པ་སྣ་ཚོགས་པའི་དངོས་པོ་རྣམས་ནང་པར་ཐོ་རངས་ལངས་ལ་བསྡུ་བར་བྱའོ། །བསྡུས་ནས་གསེར་གྱི་བུམ་པར་བླུགས་ལ་ཆུ་བོ་ཆེན་པོར་དོར་བར་བྱའོ། །བུམ་པ་ཐམས་ཅད་ཀྱང་བསྡུས་ལ་ཆུ་བོ་ཆེན་པོར་ཁྱེར་ཏེ་བཀྲུས་ ལ་སྔོན་བཞིན་དུ་ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར། གླུ་དང་གར་གྱི་རྣམ་པ་བརྗོད། །དེ་ནས་བདུད་རྩི་ལྔ་དང་། ཙནྡན་དང་། གུར་ཀུམ་དང་། བ་ཡི་ལྕི་བ་རྣམས་སྦྱར་བས་ས་ལ་བྱུགས་པར་བྱས་ལ། ཚོན་དང་ཐིག་མི་མངོན་པར་བྱའོ། །བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་ པའི་ཆོ་ག་རྒྱས་པ་སློབ་དཔོན་པདྨ་བཛྲས་མཛད་པ་རྫོགས་སོ། །དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་བཅོས་པ་ལེགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་པྲཱ་དཱི་པ་ཤཱུ་ལོ་པ་མ་བཱ་བཱ་ད་ཀ་ནཱ་མ། བོད་སྐད་དུ། དཔལ་ཀྱེ་རྡོ་རྗེའི་མར་མེའི་རྩེ་མོ་ལྟ་བུའི་ གདམས་པ་ཞེས་བྱ་བ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཤེས་རབ་སྙིང་པོའི་རྩེར་གྱུར་པ། །བདག་མེད་མ་ལ་ཕྱག་འཚལ་ནས། །བདག་མེད་རྡོ་རྗེའི་ཞལ་སྔ་ནས། །དབང་དང་གདམས་ངག་འབྲེལ་པ་ཡི། །མར་མེའི་རྩེ་མོ་ལྟ་བུ་ཡི། །ཀྱེ་ཡི་རྡོ་རྗེའི་མན་ངག་བཤད། །རྣལ་འབྱོར་བ་ གང་ཞིག་དཔལ་ཀྱེ་རྡོ་རྗེའི་དབང་དང་ལྡན་ཞིང་། དམ་ཚིག་དང་ལྡན་ཏེ་རྡོ་རྗེ་འཆང་ཆེན་པོ་བསྒྲུབ་པར་འདོད་པས། །དང་པོ་གནས་ལ་སོགས་པ་ཁྱད་ཅན་བཙལ་ཏེ། །ཁམས་དང་ལུས་ཀྱི་འབྱུང་བ་ཆ་བསྙམ་མོ། །དེ་ལྟར་ཁམས་ཤིན་ཏུ་བདེ་བ་དང་། སྟན་བདེ་བའི་སྟེང་དུ་ལུས་ཁོང་གློད་དེ་བདེ་བར་ཉལ་ ལོ། །དེ་ནི་བསམ་གཏན་གྱི་ཚོགས་སྣ་ཚོགས་པས་ཚོགས་ཀྱི་ལམ་གྱི་བདག་ཉིད་དོ། །དེ་ནས་ཐོ་རངས་སྐྱ་རེངས་དང་པོ་ཤར་བ་དང་ལེགས་པར་ལངས་ཏེ། སྐྱོན་མེད་པའི་གོས་ལེགས་པར་གྱོན་ནས་ཁམས་དང་འབྱུང་བའི་དྲོད་སྦྱར་ཏེ། ཁྲུས་དང་གཉིད་སད་པའི་ཆོ་ག་བྱའོ། །དེ་ནས་སྟན་ ནང་ཚངས་ཅན་གྱི་སྟེང་དུ་ལེགས་པར་འདུག་སྟེ། ལུས་ལེགས་པར་ཆ་བསྙམ་མོ། །སེམས་ཀྱང་ཆ་བསྙམ་སྟེ། དེ་ཡན་ཆད་ཀྱིས་ནི་བསམ་གཏན་ལ་སྦྱོར་བས་ན་སྦྱོར་བའི་ལམ་གྱི་བདག་ཉིད་དོ། །དེ་ནས་བདག་ཉིད་དཔལ་ཀྱེ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་གཡས་པ་ན་རྡོ་རྗེ་རྩེ་ལྔ་པ། གཡོན་ པ་ན་ཀ་པཱ་ལ་བསྣམས་པ་བསམ་མོ། །དེ་ནས་རང་གི་སྙིང་གར་ཉི་མ་དང་ཟླ་བའི་སྟེང་དུ་ཧཱུཾ་སྔོན་པོ་བསམས་ཏེ་དེ་ལས་འོད་ཟེར་ཕྱི་རུ་འཕྲོས་ཏེ། ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དང་། ནང་བཅུད་ཀྱི་འཇིག་རྟེན་སྐྱེ་འགྲོ་མོ་རིགས་ཐམས་ཅད་ཀྱི་རྟོག་པ་བསྲེགས་ཏེ་སླར་འདུས་པས་ཡུམ་ བདག་མེད་མ་ཤེས་རབ་ཀྱི་ཆ་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་དུ་བསམ་མོ། །དེ་བཞིན་དུ་སྐྱེ་འགྲོ་ཕོ་རིགས་ཐམས་ཅད་བསྲེགས་ཏེ་སླར་འདུས་པས་རང་ཉིད་དཔལ་ཧེ་རུ་ཀ་བཅུད་ཀྱི་འཇིག་རྟེན་གྱི་རང་བཞིན་དུ་བསམས་ཏེ་གཞན་སྦྱོང་ངོ་། །དེ་ནས་ཡུམ་གྱི་སྙིང་གར་ཟླ་བ་དང་ཉི་མའི་བར་དུ་ ཨོཾ་བསམས་ཏེ། འོད་དེས་ཡུམ་ཉིད་འོད་དུ་ཞུ་སྟེ། ཡབ་ཀྱི་ཐུགས་ཀར་ཐིམ་པར་བསམ་མོ། །དོན་དེ་ཉིད་སྔར་མ་མཐོང་བ་མཐོང་བའི་ལམ་གྱི་བདག་ཉིད་དོ། །དེ་ནས་ཡབ་ཀྱི་སྙིང་གར་ཉི་ཟླའི་བར་དུ་ཧཱུྃ་གི་འོད་ཀྱིས་ཡབ་ཉིད་འོད་དུ་ཞུ་སྟེ་སྟེང་དུ་ཉི་མ་རང་བསམས་སྟེ་ཐབས་སོ། །ཡུམ་ ནི་འོག་ཏུ་ཟླ་བ་སྟེ་ཤེས་རབ་བོ། །ཉི་ཟླའི་བར་དུ་ས་བོན་གྱི་ཡི་གེ་ཧཱུྃ་ལས་ཡན་ལག་གི་ཡི་གེ་ཀཱ་ལི་བརྒྱད་ཅུ་མགོ་ཐུར་དུ་བལྟས་པར་བསམ་མོ། །དེ་བཞིན་དུ་ཉིང་ལག་གི་ཡི་གེ་ཨཱ་ལི་སུམ་ཅུ་རྩ་གཉིས་མགོ་གྱེན་དུ་བལྟས་པར་བསམ་མོ། །ཡི་གེ་ཧཱུྃ་ནི་ཐབས་ཤེས་རབ་ གཉིས་མེད་དུ་བསམ་མོ། །ཉི་མ་དང་ཟླ་བ་ནི་སྲན་མ་ཙམ་མོ། །ཧཱུྃ་ནི་ཡུངས་ཀར་གྱི་འབྲུ་ཙམ་མོ། །ཨཱ་ལི་ཀཱ་ལི་ནི་སྐྲའི་རྩེ་རྨོ་ཙམ་མོ། །དེ་ལྟར་ཐིག་ལེ་བསྒོམས་པ་ནི་སྒོམ་པའི་ལམ་གྱི་བདག་ཉིད་དོ། །དེ་ནས་ཧཱུྃ་དེ་ལས་འོད་ཟེར་བྱུང་སྟེ། ཀཱ་ལི་འོད་དུ་ཞུ་སྟེ་ཨཱ་ལི་ལ་ཐིམ་པས་ཨཱ་ལི་ཡང་ཞུ་སྟེ་ཟླ་ བ་ལ་ཐིམ་པར་བསམ་མོ། །དེ་བཞིན་དུ་ཉི་མ་ཡང་ཟླ་བ་ལ་ཐིམ་པར་བསམ། །ཟླ་བ་ཞབས་ཀྱུ་ལ་ཐིམ་པར་བསམ་མོ། །ཧཱུྃ་ཡང་རིམ་གྱིས་སྤངས་ཏེ་རིམ་གྱིས་བསྒོམས་པ་ནི་ཕྲ་མོའི་རྣལ་འབྱོར་རོ། །དེ་ནས་དཀར་ལ་འཚེར་བའི་བདུད་རྩིའི་ཐིག་ལེ་སྐྲའི་རྩེ་མོ་ཙམ་ལ་སེམས་གཏད་དོ། །དེ་ནས་ ནཱ་ད་སྐྲ་རིངས་རྡུལ་ཕྲ་རབ་ཙམ་ལ། དེ་ནས་སེམས་ཙམ་ལ་སེམས་གཏད་དོ། །དངོས་པོ་སྤོང་བའི་མཐར་ཕྱིན་པས་མཐར་ཕྱིན་པའི་ལམ་གྱི་བདག་ཉིད་དོ། །དེ་ནས་སེམས་འོད་གསལ་བར་བསྒོམ་སྟེ། དེ་ཡང་སྣོད་བཅུད་ནི་ཡབ་དང་ཡུམ་གྱི་བདག་ཉིད་དོ། །ཡབ་ཡུམ་ནི་ཐིག་ལེའི་བདག་ ཉིད། ཐིག་ལེ་འང་ཕྲ་མོའི་བདག་ཉིད། ཕྲ་མོའང་སེམས་ཀྱི་བདག་ཉིད། སེམས་ཀྱང་གདོད་མ་ནས་སྟོང་པའི་རང་བཞིན་ཅན་ཐོག་མ་དང་ཐ་མ་ལ་སོགས་པ་མཐའ་ཐམས་ཅད་དང་བྲལ་བ་བསྒོམས་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། ལམ་ལྔའི་འབྲས་བུའི་བདག་ཉིད་དོ། །གོང་གི་རིམ་པ་དེ་དག་ ཀྱང་རྣལ་འབྱོར་པའི་མོས་པའི་བྱེ་བྲག་གིས་ལོ་འམ་ཟླ་བར་བཞག་ལ་སེམས་བརྟན་པར་བྱ་སྟེ། དེ་ནས་ཡབ་ཡུམ་ལ་བསླབས་ཏེ་རིམ་གྱིས་བསྒོམ་པའང་ཡོད་དོ། །གཞན་ཡང་ཐུན་གཅིག་ལ་རིམ་པ་གཉིས་རྫོགས་པར་བསྒོམ་པ་འང་ཡོད་ཁ་ཅིག་ནི་གོང་མ་ལ་ཅིག་ཅར་འཇུག་པའང་ ཡོད་པས་ཅི་རིགས་པར་སེམས་ངོས་བཟུང་ཞིང་མན་ངག་སྦྱིན་ནོ། །སྐྱོན་ནི་བྱིང་རྒོད་གཉིས་སོ། །དེ་ལ་བྱིང་བ་བསལ་བའི་ཐབས་ནི་སེམས་གཟེངས་བསྟོད་དེ་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་དྲན་པར་བྱས་ཏེ་དེ་ནས་ཡང་བསྒོམ་མོ། །གཉིད་ལ་ནི་གདོང་པ་ལ་ཆུ་གཏོར་བ་འམ་བསྒོས་ པར་བྱས་ཏེ་བསལ་ལ་ཡང་བསྒོམ་མོ། །རྒོད་ན་འཁོར་བའི་སྡུག་བསྔལ་གྱི་ཡུལ་དེ་ཉིད་ལ་སྐྱོ་བ་བསྐྱོད་དེ་ཡང་བསྒོམ་མོ། །དེས་ཀྱང་མ་ཞི་ན་ཡུལ་དེ་ཉིད་དམིགས་པ་བསྒྱུར་ཏེ་སེམས་དེ་ཉིད་ལ་གཏད་དེ་བསྒོམ་མོ། །ཐུན་ནི་བཞི་སྟེ་སེམས་ཉམ་ཆུང་ཙམ་ན་ནི་ཐུན་ཚོད་དབྱུ་གུས་གཟུང་ལ་ཐུན་ ཐུང་བར་བསྒོམ་མཚམས་རིང་བར་བསྒོམ། སེམས་ཅུང་ཟད་བརྟས་ནས་ཆུ་ཚོད་ཀྱིས་ཐུན་ཚོད་གཟུང་ངོ་། །དེ་བཞིན་དུ་སེམས་ཅུང་ཟད་བརྟས་ནས་ཉམས་རྙེད་པ་དང་། སེམས་སྟོབས་དང་ལྡན་པའི་ཐུན་ཚོད་ནི་འཕོ་བ་དང་། ཐུན་དང་། ཉིན་ཞག་དང་། ལོ་ཟླས་ཐུན་མཚམས་གཟུང་སྟེ། རིང་བར་བསྒོམ་ཞིང་ཐུན་མཚམས་ཐུང་བར་བསྒོམ་མོ། །རྟགས་ནི་དང་པོ་ཁམས་མི་རྟོག་པ་འབྱུང་ངོ་། །དེ་ནས་རང་གི་ལུས་ལ་ནད་རྙིང་པ་འབྱང་ཞིང་གསར་པ་མི་སྐྱེད་པ་དང་། ལུས་ཀྱི་ཉེས་པ་ལས་ངང་གིས་ལྡོག །དགེ་བ་ལ་ཐབས་ཀྱིས་འཇུག་སྟེ། ལུས་ཀྱི་རྟགས་འདར་བ་ལ་ སོགས་པ་འབྱུང་ངོ་། །རྣལ་འབྱོར་ཕྱི་ལ་མཆོག་ཏུ་གཞོལ་བས་ནི་ཐུན་བཞི་ཀའི་སྔོན་དུ་མཆོད་པ་དང་བསྟོད་པ་དང་། གཏོར་མའི་མཆོད་པ་བྱས་ཏེ་བསྒོམ་མོ། །བླ་མ་བརྒྱུད་པ་ལས་རྙེད་པའི། །དབང་དང་གདམས་ངག་འབྲེལ་བཅས་པའི། །མར་མེའི་རྩེ་མོའི་གདམས་ངག་བརྩམས། །དེ་ ཡིས་དགེ་བ་གང་ཐོབ་པས། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །སྟོང་པའི་འོད་གསལ་ཐོབ་པར་ཤོག །དཔལ་ཀྱེ་རྡོ་རྗེའི་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། བླ་མ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ ཞུས་པའོ།། །།༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་མཎྜ་ལ་བི་དྷི། བོད་སྐད་དུ། དགྱེས་པ་རྡོ་རྗེའི་མཎྜལ་གྱི་ཆོ་ག །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྣམ་པར་སྨིན་པའི་ལུས་ཀྱི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཟླ་བའི་གཟི་ལྟར་དཀར་པོ་བསམས་ཏེ། དེ་ལས་འོད་ཟེར་དཀར་པོ་སྤྲོས་པས་ལུས་བཀང་སྟེ། སྡིག་པ་དག་པར་བསམས་ལ། དེ་ནས་སྟོང་པ་ཉིད་བསྒོམས་ལ་ཧཱུྃ་ཞེས་བརྗོད་པས་བདག་ཉིད་ལས་ཀྱི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་བསྒོམ་སྟེ། དེའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ་བསམས་ཏེ། ལྐོག་ མར་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཨཱཿདམར་པོ་བསམ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་བསམས་ལ། ཨོཾ་ཨཱཿཧཱུྃ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བས་བསྲུངས་ཏེ། བདུད་རྩི་འམ། བའི་རྣམ་ལྔ་ལ་སོགས་པ་ལ་ཨོཾ་ཨཱཿཧཱུྃ་བཟླས་ལ། ཨོཾ་བཛྲ་རེ་ཁེ་ཧཱུྃ་ཞེས་ཟློས་ཤིང་། མཎྜལ་བྱུག་པར་བྱའོ། །དེ་ནས་ལག་པ་བཤལ་ཏེ་ཐལ་མོ་སྦྱར་ནས་ཕན་ཡོན་བརྗོད་པར་བྱའོ། །ཆུ་བཅས་ལྕི་བ་སྦྱིན་པ་ཡིན། །སྐྱང་ནུལ་བྱས་པ་ཚུལ་ཁྲིམས་ཡིན། །གྲོག་མ་སོགས་བསལ་བཟོད་པ་ཡིན། །བྱ་བ་བརྩམས་པ་བརྩོན་འགྲུས་ཡིན། ། སྐད་ཅིག་རྩེ་གཅིག་བསམ་གཏན་ཡིན། །རི་མོ་སྙོམས་པ་ཤེས་རབ་ཡིན། །ཐུབ་པའི་མཎྜལ་བྱས་པས་ཕ་རོལ་ཕྱིན་དྲུག་དེ་དག་རྙེད་པར་འགྱུར། །ལྷ་མི་ཁྱད་པར་ཅན་སྐྱེ་ཟླ་ལྟར་གཟི་འཕགས་ཤིང་། །ནད་ཀུན་ལས་གྲོལ་གསེར་གྱི་མདོག་དང་འདྲ་བར་འགྱུར། །རྒྱལ་རིགས་འབྲུ་ དང་གསེར་སོགས་འབྱོར་པ་ལྡན་པར་སྐྱེ། །དེས་ན་བདེ་གཤེགས་མཆོག་གི་ཁྱིམ་དུ་ལུས་ལས་བྱ། །ཞེས་བརྗོད་དོ། །དེ་ནས་ལག་པ་གཡོན་པ་ས་ལ་རེག་པར་བྱས་ལ། ཨོཾ་བཛྲ་མེ་དཱི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་ས་གཞི་དེ་སྣ་ཚོགས་རྡོ་རྗེར་གྱུར་པར་བསམ་མོ། ། དེ་ནས་མེ་ཏོག་གི་ཚོམ་བུ་དཀྱིལ་འཁོར་དུ་དགོད་པར་བྱ་སྟེ། དབུས་སུ་ཨོཾ་ཨཱཿཧཱུྃ་ན་མཿ། ཞེས་བརྗོད་དེ་མེ་ཏོག་དོར་རོ། །ཤར་དུ་གྃ་གཽ་རཱི་ན་མཿ། ཞེས་བྱ་བས་མེ་ཏོག་དོར་རོ། །ལྷོར་རྩྃ་རྩ་རཱི་ན་མཿ། ཞེས་བྱ་བས་མེ་ཏོག་དོར་རོ། །ནུབ་ཏུ་པྃ་བེ་ཏཱ་ལཱི་ན་མཿ། ཞེས་བྱ་བས་དོར་རོ། །བྱང་དུ་གྷྃ་གྷསྨ་ དཱི་ན་མཿ། ཞེས་བྱ་བས་དོར་རོ། །དབང་ལྡན་དུ་པྃ་པུཀྐ་སཱི་ན་མཿ། ཞེས་བྱ་བས་དོར་རོ། །མེ་མཚམས་སུ་སཾ་ས་ཝ་རཱི་ན་མཿ། ཞེས་བྱ་བས་དོར་རོ། །བདེན་བྲལ་དུ་ལྃ་ཙཎྜ་ལཱི་ན་མཿ། ཞེས་བྱ་བས་སོ། །རླུང་མཚམས་སུ་ནི་ཌྃ་ཌོམྦི་ནཱི་ན་མཿ། ཞེས་པས་སོ། །དེ་དག་ནི་མེ་ཏོག་གི་ཚོམ་ བུའི་དཀྱིལ་འཁོར་རོ། །དེ་ནས་བདག་ཉིད་ཀྱི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཤངས་བུག་གཡོན་པ་ནས་ཞུགས་ཏེ། ཐུགས་ཀའི་པདྨ་ལ་བསྣུན་པ་ཙམ་གྱིས། ཐུགས་བསྐུལ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དགྱེས་ པ་རྡོ་རྗེའི་ལྷ་དགུའི་དཀྱིལ་འཁོར་དུ་སྤྲུལ་ཏེ། མདུན་གྱི་ནམ་མཁའ་ལ་བྱོན་པར་བསམས་ལ། དེའི་འོད་ཟེར་གྱི་སྣ་ལ་འཇུས་ཏེ་འོངས་པའི་བགེགས་ཐམས་ཅད་ཚར་གཅད་པའི་བསམ་པས་ཧཱུཾ་བཞིས་བགེགས་བསྐྲད་པར་བྱའོ། །དེ་ནས་ཨོཾ་བཛྲ་གཽ་རཱི་ཨཱ་ཀཱཪྵ་ཡ་ཛ། ཨོཾ་བཛྲ་ཙཽ་རཱི་པྲ་ བེ་ཤ་ཡ་ཧཱུྃ། ཨོཾ་བཛྲ་བེཏྟཱ་ལཱི་བནྡྷ་པྃ། ཨོཾ་བཛྲ་གྷསྨ་རཱི་བ་ཤཾ་ཀུ་རུ་ཧོཿ། ཞེས་བརྗོད་པས་ཡེ་ཤེས་ཀྱི་ལྷ་དགུ་མེ་ཏོག་གི་ཚོམ་བུའི་དཀྱིལ་འཁོར་ལ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་སྟེ། ཡི་གེ་བརྒྱ་པས་ཀྱང་བརྟན་པར་བྱའོ། །དེ་ནས་ཕྱག་བྱ་སྟེ། གཏི་ མུག་གིས་མནན་འགྲོ་བལྟས་ཏེ། །འགྲོ་བ་གཏི་མུག་ཞི་བྱའི་ཕྱིར། །རྡོ་རྗེ་ཅན་གྱི་གཽ་རཱི་མཛད། །དེ་བས་གཽ་རཱི་བསྟོད་ཕྱག་འཚལ། །ཞེ་སྡང་གིས་མནན་འགྲོ་བལྟས་ནས། །འགྲོ་བ་ཞེ་སྡང་ཞི་བྱའི་ཕྱིར། །རྡོ་རྗེ་ཅན་གྱི་ཙཽ་རཱིར་མཛད། །དེ་བས་ཙཽ་རཱི་བསྟོད་ཕྱག་འཚལ། །ང་རྒྱལ་གྱིས་ མནན་འགྲོ་བལྟས་ནས། །འགྲོ་བ་ང་རྒྱལ་ཞི་བྱའི་ཕྱིར། །གཙོ་བོས་བེཏྟཱ་ལཱི་གཟུགས་མཛད། །དེ་བས་བེཏྟཱ་བསྟོད་ཕྱག་འཚལ། །འདོད་ཆགས་ཀྱིས་དཀུགས་འགྲོ་བལྟས་ནས། །འགྲོ་བ་འདོད་ཆགས་ཞི་བྱའི་ཕྱིར། །གཙོ་བོས་གྷསྨ་རཱི་གཟུགས་མཛད། །དེ་བས་གྷསྨ་རཱི་བསྟོད་འདུད། ། བདག་མེད་མ་དང་གཉིས་མེད་གཟུགས། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཡེ་ཤེས་ལྔ་དང་སྐུ་གསུམ་བདག །རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ། །དེ་ནས་ཡང་ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བཅོམ་ལྡན་འདས་ལ་མཆོད་ལ། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རི་རཱི་ལི་ལཱི་ཨེ་ཨཱཻ་ཨོ་ ཨཽ་ཨཾ་ཨཿཞེས་བྱ་བས་བཅོམ་ལྡན་འདས་མ་ལ་མཆོད་ལ། ཡང་ཨོཾ་ཨཥྚཱ་ན་ནཱ་ཡ་ན་མཿ། ཨོཾ་པིཾ་གོརྡྷ་ཀེ་ཤ་བརྟྨ་ནཱ་ན་མཿ། ཨོཾ་ཙ་ཏུརྦིྃ་ཤ་ཏི་ནཻ་ཏྲཱ་ཡ་ན་མཿ། ཨོཾ་ཥོ་ཌ་ཤ་བྷུ་ཛཱ་ཡ་ན་མཿ། ཨོཾ་ཀྲིཥྞ་ཛི་མཱུ་ཏ་ཝ་པུ་ཥེ་ན་མཿ། ཨོཾ་ཀ་པཱ་ལ་མཱ་ལ་ཨ་ནེ་ཀ་དྷ་རི་ཎེ་ན་མཿ། ཨོཾ་ཨཱདྷྨ་ཏ་ཀྲཱུ་ར་ཙིཏྟཱ་ཡ་ན་མཿ། ཨོཾ་ཨརྡྷེནྡུ་དཾ་ཥྚི་ཎེ་ན་མཿ། ཞེས་བྱ་ བ་རྐང་པ་བརྒྱད་ཀྱིས་མཆོད་དོ། །དེ་ནས་ནང་དང་ཕྱི་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་ཀྱང་ཡང་དག་པར་མཆོད་དེ། ཕྱི་རོལ་གྱི་བྱ་བའི་མཆོད་པས་ཀྱང་མཆོད་ལ། ཨོཾ་ཨཱཿཧཱུྃ་ཞེས་བཟླས་པའི་མེ་ཏོག་དང་མཆོད་རྫས་ཐམས་ཅད་ལ་བསྣུན་པས། བྱིན་གྱིས་བརླབས་ལ། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ་སྭཱ་ཧཱཿཞེས་བྱ་ བས་དྲི་ཆབ་ཀྱིས་བསངས་ཏེ། ཨོཾ་བཛྲ་ནི་རི་ཏི་ཧཱུཾ་ཞེས་བྱ་བས་ཞབས་བསིལ་ཕུལ་ལ། ཨོཾ་ཧྲི་བི་ཤུདྡྷ་སརྦ་དྷརྨཱ། སརྦ་པཱ་པཾ་ནིཤྩ་སཾ་ཤོ་དྷ་ཡ། སརྦ་བི་ཀལྤ་ཨ་པ་ན་ཡ་ཧཱུཾ་ཞེས་བྱ་བས་ཞབས་བསིལ་ཕུལ། ཛཿཧཱུྃ་པྃ་ཧོཿཁཾ་རྃ་ཞེས་བྱ་བས་ཨརྒྷཾ་ཕུལ་ལ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་བི་ཏྱེ་ཨཱཿཧཱུྃ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ་ཞེས་བྱ་བས་གོ་རིམས་བཞིན་དུ་མེ་ཏོག་དང་། སྤོས་དང་། མར་མེ་དང་། ལྷ་བཤོས་དང་། སིལ་སྙན་རྣམས་དབུལ་བར་བྱའོ། །གཞན་ཡང་དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་འཁོར་ལོ་དང་བཅས་པ་རྣམས་ལ་ བདག་དབུལ་བར་བགྱི་ལགས་ཀྱིས་ཐུགས་རྗེ་ཆེན་པོས་བཞེས་སུ་གསོལ། །དེ་ནས་བསྟོད་པ་ཉི་ཤུ་པས་ཀྱང་བསྟོད་ལ། དེ་ནས་སྡིག་པ་བཤགས་པར་བྱ་སྟེ། ཇི་སྲིད་ཐོག་མ་མེད་པའི་འཁོར་བར་ཕྱིན་ཅི་ལོག་གི་རྟོག་པས་བསགས་པའི་ལས་བདག་གིས་བགྱིས་པ་དང་། བགྱིད་པ་ལ་ རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཤགས་ཤིང་ཕྱིས་སྡོམ་པར་བགྱིད་དོ། །སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཇི་སྙེད་པ་འདི་ལྟ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བར་ བགྱིའོ། །བདག་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཁམས་གསུམ་བདེ་བ་ཆེན་པོར་རྣམ་པར་རོ་གཅིག་པའི་སངས་རྒྱས་དགྱེས་མཛད་རྡོ་རྗེ་དང་། དེས་གསུངས་པའི་སྔགས་དང་ཕྱག་རྒྱ་དང་ཐེག་པ་ཆེན་པོའི་ཆོས་མ་ལུས་པ་དང་། དཀྱིལ་འཁོར་ལ་སོགས་པའི་ ཆོས་དང་། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་དང་། དེའི་འཁོར་ལོ་ལ་འཁོར་བར་གནས་པའི་ལྷ་མོའི་ཚོགས་ལ་བདག་སྐྱབས་སུ་མཆིའོ། །བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་ཐམས་ཅད་ལ་ཕན་ པ་དང་། བདེ་བ་བསྒྲུབས་པ་དང་། འདི་དག་ཇི་སྲིད་མཐར་ཐུག་པའི་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་ སོ་སོར་བཤགས། །འགྲོ་བའི་དགེ་ལ་ཡི་རང་སྟེ། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་སེམས་བསྐྱེད་ལ། དེ་ནས་བླ་ན་མེད་པའི་ཐེག་པ་ཆེན་པོའི་ལམ་འདི་ཉིད་ལ་བརྟེན་པར་བྱའོ། །བདག་ཉིད་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ལུས་འབུལ་ལགས་ ཀྱིས། །ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བཞེས་སུ་གསོལ་ཞེས་ལུས་འབུལ་ཏེ། དེ་ནས་སྨོན་ལམ་གདབ་པར་བྱ་སྟེ། རིགས་སྐྱེས་རྗེས་སུ་མ་ཉམས་ཤིང་། །དམ་ཚིག་ཅན་དགྱེས་རྡོ་རྗེ་འཆང་། །སྙིང་རྗེར་ལྡན་ཞིང་བླ་མར་གུས། །སྐྱེ་ཞིང་སྐྱེ་བར་བདག་གྱུར་ཅིག །ལག་ན་རྡོ་རྗེ་ དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་འདོན་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་བདག་གྱུར་ཅིག །ཧེ་རུ་ཀ་དཔལ་བདག་གྱུར་ནས། །སེམས་ཅན་ཀུན་གྱི་དོན་ཡང་བྱེད། །ཧེ་རུ་ཀ་ཡི་གོ་འཕང་མཆོག་ཐོབ་ནས། །སེམས་ཅན་མ་ལུས་འདི་ལ་འགོད་ཅིང་འཇོག་པར་ ཤོག །དེ་ལྟར་བསྟོད་པའི་མཆོད་སྦྱིན་ལས་ནི་རྡོ་རྗེ་རིགས་མཆོག་ཏུ་ནི་བདག་མྱུར་སྐྱེ་གྱུར་ཅིག །སེམས་ཅན་ཕན་ཕྱིར་ཡང་དག་ཐབས་ཀྱིས་ཡོན་ཏན་དང་ལྡན་འཇམ་པའི་དབྱངས་བཞིན་བདག་གྱུར་ཅིག །རྣལ་འབྱོར་མ་ཀུན་ལ་ནི་དཔེ་མེད་བདེ་སྟེར་རྡོ་རྗེ་སེམས་དཔའ་བཞིན་དུ་བདག་ གྱུར་ཅིག །ཕྱག་རྒྱ་དྲུག་གིས་བདག་བརྒྱན་དུར་ཁྲོད་གནས་སུ་ཚངས་པར་སྤྱོད་དང་ལྡན་པར་བདག་གྱུར་ཅིག །དེའི་འོག་ཏུ་ཡི་གེ་བརྒྱ་པས་ཆོ་ག་ཁ་བསྐང་ཞིང་བཤགས་པ་བྱ་སྟེ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙི་ཏྟཾ་ཤྲེ་ཡཿ། ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། །བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨ་ཧཱུྃ་ཕཊཿ། ཞེས་པས་བཤགས་ལ། ཡེ་ཤེས་ལྷ་ཨོཾ་ཨཱཿཧཱུྃ་བཛྲ་མུཿ། ཞེས་བྱ་བས་གཤེགས་ སུ་གསོལ་ལོ། །དམ་ཚིག་གི་ལྷ་བདག་གི་ཐུགས་ཀར་བསྡུས་ལ། མེ་ཏོག་གི་ཚོམ་བུ་དབུས་སུ་བསྡུས་ནས། ཨོཾ་ཨཱཿཧཱུྃ་བཟླས་ལ་གཞག་གོ།ད གྱེས་པའི་རྡོ་རྗེའི་མཎྜལ་གྱི་ཆོ་ག། སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ་རྫོགས་སོ།། ཐམས་ ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་དེ་བཞིན་གཤེགས། །གཉིས་མེད་དོན་གྱི་བདག་ཉིད་ཅན། །ཀྱེ་ཡི་རྡོ་རྗེ་ཕྱག་འཚལ་བསྟོད། །སྔོན་པོ་ཆོས་ཉིད་མི་འགྱུར་བ། །དམར་པོ་ཐུགས་རྗེ་རྒྱུན་མི་འཆད། །གྱེན་བརྫེས་འགྲོ་བ་འདྲེན་པ་ སྟེ། །ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །སྤྱན་གསུམ་རྣམ་པར་ཐར་པ་གསུམ། །དམར་བ་ཆོས་ཉིད་ཆགས་པའི་དོན། །ཧཱུཾ་སྒྲོགས་སྐྱེ་བ་མེད་པ་སྟེ། །ཀུན་གྱི་གཙོ་ལ་ཕྱག་འཚལ་བསྟོད། །གཡས་ན་གདུག་འཇོམས་རྡོ་རྗེ་སྟེ། །གཡོན་ན་བདེ་སྐྱོང་ཀ་པཱ་ལ། །ཤེས་རབ་ མཚོན་པ་ཁཊྭཱཾ་ག །ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད། །ཐོད་པ་ཡེ་ཤེས་ལྔ་ཡི་དངོས། །ཕྱག་རྒྱ་ལྔ་ནི་རིགས་ལྔ་སྟེ། །དོ་ཤལ་ཕྲེང་བ་འདུ་བྱེད་སྤངས། །སྤྲུལ་སྐུ་ཁྱོད་ལ་ཕྱག་འཚལ་བསྟོད། །ཉོན་མོངས་མ་གོས་པདྨའི་གདན། །རྣམ་རྟོག་མི་མངའ་ཚངས་པའི་རོ། །མ་ རིག་སྲེག་པའི་ཉི་མ་སྟེ། །གོས་མེད་སྐུ་ལ་ཕྱག་འཚལ་བསྟོད། །རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཧོ་མ་བི་དྷི། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་དགྱེས་པའི་རྡོ་རྗེ་དང་། །བདག་མེད་མ་ གུས་ཕྱག་བྱས་ཏེ། །རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས། །སྦྱིན་སྲེག་ཆོ་ག་བཤད་པར་བྱ། །བདག་གཞན་ཕན་པར་འདོད་པ་ཡིས། །རྣམ་རྟོག་ང་རྒྱལ་སོགས་སྤངས་ཏེ། །ཆོས་ཕྱིར་འབྲང་བའི་བློ་ཡིས་ནི། །སྦྱིན་སྲེག་རིམ་པ་མཉན་པར་གྱིས། །བླ་མེད་ནང་དང་ཕྱི་རོལ་ཏེ། ། སྦྱིན་སྲེག་དབྱེ་བ་རྣམ་པ་གསུམ། །ཡེ་ཤེས་མེ་ལྷ་ཕུང་པོ་སོགས། །བུད་ཤིང་བསྲེག་པ་བླ་མེད་ཡིན། །ཕྱི་རོལ་སྦྱིན་སྲེག་གིས་བསྒྲེས་ཏེ། །ཁ་ཟས་བཟའ་སོགས་ནང་གིར་བཤད། །དཀྱིལ་འཁོར་དང་ནི་ལྷ་གནས་དང་། །སྒྲུབ་པའི་དུས་སུ་སྦྱིན་སྲེག་བྱ། །སྦྱིན་སྲེག་ལས་རྣམས་མེད་པ་ལ། ། དངོས་གྲུབ་འབྱུང་བར་མི་འགྱུར་ཏེ། །ལས་རྣམས་ཐམས་ཅད་བསྒྲུབ་པའི་ཕྱིར། །མཁས་པས་སྦྱིན་སྲེག་ལས་རྣམས་བརྩམ། །སྡིག་པ་འཇིག་ཕྱིར་ཞི་བ་སྟེ། །བསོད་ནམས་ཡོངས་འཛིན་རྒྱས་པ་ཡིན། །ཆགས་པ་བསྒོམ་ཕྱིར་དབང་འགྱུར་ཏེ། །རྟོག་པ་ཟད་ཕྱིར་གསོད་པ་ཡིན། །ཉོན་ མོངས་སེར་བ་ཞི་བྱེད་དང་། །ཏིང་ངེ་འཛིན་ནི་རྒྱས་བྱེད་ཕྱིར། །རང་གི་ལྷ་ཡི་སྦྱོར་བས་བདག །ཇི་ལྟ་བར་ནི་སེམས་ཀྱིས་བྱ། །དེ་ནས་ཕྱི་ཡི་བཤད་བྱ་སྟེ། །ཐབ་དང་རྫས་ཀྱི་མཚན་ཉིད་དང་། །སྒྲུབ་པ་པོ་དང་ལྷ་དག་དང་། །སྒྲུབ་པའི་ཐབས་དང་རྣམ་ལྔར་འགྱུར། །དེ་ལ་ཐབ་ཁུང་བཤད་པ་ནི། ། སེམས་ཅན་དབྱེ་བས་མཐའ་ཡས་ཏེ། །ལས་ཀྱི་དབྱེ་བས་བཞི་རུ་འགྱུར། །རིགས་ཀྱི་དབྱེ་བས་ལྔ་རུ་འགྱུར། །ཞི་བ་ལ་ནི་ཟླུམ་པོ་སྟེ། །རྒྱས་པ་ལ་ནི་གྲུ་བཞིའོ། །དབང་ལ་གཞུ་ཡི་དབྱིབས་སུའོ། །མངོན་སྤྱོད་ལ་ནི་གྲུ་གསུམ་མོ། །བསྐྲད་དང་དགུག་ལའང་དེ་བཞིན་ནོ། །རྒྱ་རུ་ཁྲུ་གང་ཟབས་ སུ་ནི། །མཐོ་གང་པ་ནི་ཞི་བ་ཡིན། །རྒྱ་རུ་ཁྲུ་དོ་ཟབས་སུ་ནི། །ཁྲུ་གང་པ་ནི་རྒྱས་པར་བཞེད། །རྒྱ་རུ་ཁྲུ་གང་ཟབས་སུ་ནི། །མཐོ་གང་པ་ནི་དབང་ལའོ། །རྒྱ་རུ་སོར་མོ་ཉི་ཤུ་ལ། །ཟབས་སུ་སོར་བཅུ་མངོན་སྤྱོད་ལ། །བསྐྲད་དང་དགུག་ལའང་དེ་བཞིན་ནོ། །ཞི་ལ་ཁ་དོག་དཀར་པོར་བྱ། །རྒྱས་པ་ ལ་ནི་སེར་པོའོ། །དབང་ལ་དམར་པོར་བྱ་བའོ། །མངོན་སྤྱོད་ལ་ནི་ནག་པོའོ། །དགུག་པ་ལ་ནི་དམར་པོར་བྱ། །བསྐྲད་པ་ལ་ནི་ནག་པོར་བྱའོ། །ཞི་ལ་ཁ་ཁྱེར་སོར་བཞིས་བསྐོར། །ནང་དུའང་སོར་བཞི་དོར་བར་བྱ། །རྒྱས་པ་ལ་ནི་སོར་བརྒྱད་དེ། །ནང་དུའང་དེ་བཞིན་དོར་བར་བྱ། །དབང་ལ་ཁ་ཁྱེར་སོར་ བཞིས་བསྐོར། །ནང་དུའང་སོར་བཞི་དོར་བར་བྱ། །མངོན་སྤྱོད་ལ་ནི་སོར་གསུམ་སྟེ། །ནང་དུའང་སོར་གསུམ་དོར་བར་བྱ། །དགུག་དང་བསྐྲད་ལའང་དེ་བཞིན་ནོ། །ཞི་བའི་ཐབ་ཁུང་དབུས་སུ་ནི། །རྡོ་རྗེ་དང་ནི་གྲི་གུག་བྲི། །ཁ་ཁྱེར་ལ་ནི་རྡོ་རྗེས་བསྐོར། །རྒྱས་ལ་དབུས་སུ་རིན་པོ་ཆེའོ། །ཁ་ཁྱེར་ ལའང་རིན་པོ་ཆེའོ། །དབང་ལ་དབུས་སུ་པདྨས་མཚན། །ཁ་ཁྱེར་དེ་དང་འདྲ་བས་བསྐོར། །མངོན་སྤྱོད་ལ་ནི་རལ་གྲིའོ། །ཁ་ཁྱེར་ལ་ཡང་རལ་གྲིས་བསྐོར། །དགུག་ལ་དབུས་སུ་ལྕགས་ཀྱུ་བཞག །ཁ་ཁྱེར་དེ་དང་འདྲ་བས་བསྐོར། །བསྐྲད་ལ་དབུས་སུ་རྡོ་རྗེ་ནི། །རྩེ་གསུམ་པ་ནི་ གཞག་པར་བྱའོ། །ཁ་ཁྱེར་ལ་ཡང་རྩེ་གསུམ་བྲི། །དབུས་སུ་གྲི་གུག་ཀུན་ལ་མཐུན། །ཐབ་ཁུང་ནང་གི་ཕྱོགས་བཞིར་ནི། །ཁ་ཊྭཱཾ་ག་དང་བདེ་གཤེགས་ཀྱི། །ཕྱག་མཚན་ཕྱི་མ་རིམ་བཞིན་གཞག །ཐབ་ཁུང་ཀུན་ལ་ཁ་དོག་དང་། །མཐུན་པའི་དྲི་ཡིས་བྱུག་པར་བྱ། །ཞི་བ་ཕལ་ཆེར་ སྲོད་ལ་བྱ། །རྒྱས་པ་སྔ་དྲོ་བྱ་བ་ཡིན། །དབང་ནི་དགོངས་ཀའི་དུས་སུ་བྱ། །དགུག་པ་ལ་ཡང་དེ་དང་འདྲ། །མངོན་སྤྱོད་ནམ་ཕྱེད་ཉིན་ཕྱེད་བྱ། །བསྐྲད་པའང་དེ་དང་འདྲ་བ་ཡིན། །ཞི་བ་ཤར་དུ་བྱ་བར་བཤད། །རྒྱས་པ་ལྷོ་ཡི་ཕྱོགས་སུ་བྱ། །དབང་གི་ལས་ནི་ནུབ་ཏུ་བྱ། ། དགུག་ལའང་ནུབ་ཏུ་བྱ་བ་ཡིན། །མངོན་སྤྱོད་བྱང་དུ་བརྩམ་པར་བྱ། །བསྐྲད་པའི་ལས་ཀྱང་དེ་དང་འདྲ། །ཚོན་གྱིས་རྗེས་མཐུན་བྲི་བའམ། །ཡང་ན་མེ་ཏོག་དག་ཀྱང་རུང་། །ཐབ་ཁུང་དག་ནི་དེ་ལྟར་བྱ། །རྫས་ནི་འདི་ལྟར་ཤེས་པར་བྱ། །ཞི་བ་ལ་ནི་ཏིལ་གྱིས་སོ། །རྒྱས་པ་ལ་ནི་ཞོ་ཟན་ནོ། ། དབང་དང་དགུག་ལ་ཨུཏྤ་ལ། །མངོན་སྤྱོད་ལ་ནི་ཚེར་མས་སོ། །བསྐྲད་པ་ལ་ཡང་ཚེར་མའོ། །ཀུན་ལ་མཐུན་པ་འདི་དག་སྟེ། །མཆོད་ཡོན་དང་ནི་ཞབས་བསིལ་དང་། །བསང་གཏོར་དྲི་དང་བྱུག་པ་དང་། །མེ་ཏོག་མར་མེ་ཏིལ་དང་ནི། །ཡམ་ཤིང་མར་དང་ཞོ་ཟན་དང་། །ཀུ་ཤ་དཱུར་བའི་མྱུ་གུ་ནས། ། གྲོ་དང་འབྲུ་དང་མ་ཤ་དང་། །མ་གྲུགས་འབྲས་དང་རྟ་སྒ་དང་། །གླ་གོར་ཤོ་ཤ་ཛཱ་ཏི་པ་ལ། །གཞན་ཡང་ཞུ་བའི་རྫས་རྣམས་དང་། །བདུད་རྩི་མེ་དང་བུད་ཤིང་ངོ་། །མངོན་སྤྱོད་ལ་ནི་བསྒྲུབ་བྱ་ཡི། །གཟུགས་བརྙན་སྐེ་ཚེ་ལན་ཚྭ་དང་། །ཁྲག་དང་མི་རུས་ཕྱེ་མ་དང་། །དུག་དང་དཔའ་བོ་ལྔ་རྣམས་ སོ། །ཨུ་དུམྺཱ་ར་ལ་སོགས་པའི། །ཡལ་ག་རྩེ་མོའི་ཆ་ལས་བྱུང་། །སྲིད་དུ་མཛུབ་གང་སྦོམ་མཐེ་བོའི། །དཔངས་ཙམ་སྦྲང་རྩི་འོ་མ་དང་། །ཙནྡན་དཀར་པོའི་ཆུ་ལ་སྦངས། །རྩེ་གཅིག་ཞི་ལ་རོ་རྒྱས་ནི། །ཡལ་ག་དབུས་ཀྱི་ཆ་ལས་བྱུང་། །སྲིད་དུ་ཁྲུ་གང་སྦོམས་སུ་ནི། མཐེ་བོ་ མཐེའུ་ཆུང་བར་ཁེངས་པ། །ཞོ་དང་མར་དང་སེར་པོ་དྲི། །དེ་ལ་སྦངས་ཏེ་རྩེ་གཅིག་པས། །དབུལ་བྱ་མཁས་པས་དབང་ལ་ནི། །ཙནྡན་དམར་དང་ཡུངས་དམར་ལ། །སྦངས་པ་ཚད་ནི་ཞི་དང་མཐུན། །དྲག་པོ་ལ་ནི་ཚེར་མའི་ཤིང་། །རྩ་བའི་ཆ་ལས་བྱུང་བ་ནི། །སྲིད་དུ་སོར་བཅུ་སྦོམས་སུ་ ནི། །ཕྲ་དང་སྦོམ་པའང་དབུལ་བར་བྱ། །ཁྲག་དང་དུག་དང་ལན་ཚྭ་དང་། །ཚྭ་བའི་དྲི་ལ་སྦངས་པའོ། །བསྐྲད་དང་དགུག་པའང་དེ་བཞིན་ནོ། །རིང་དང་ཐུང་དང་གས་དང་ཕྲ། །སྲོག་ཆགས་བཅས་སོགས་སྤང་བར་བྱ། །ཨུ་དུམྺཱ་ར་ལ་སོགས་པའི། །མངར་བའི་རོ་དང་འོ་མར་བཅས། ། བུད་ཤིང་ཞི་བའི་ལས་ལ་བྱ། །སྐྱུར་བའི་རོར་ལྡན་རྒྱས་པ་ལའོ། །དབང་ལ་དམར་ཞིང་ཚེར་མ་ནི། །ལྕགས་ཀྱུ་ལྟ་བུ་ཡོད་པའོ། །དགུག་པ་ལ་ཡང་དེ་བཞིན་ནོ། །དྲག་པོ་ལ་ནི་ཁ་བ་དང་། །ཚ་བའི་རོར་ལྡན་ཚེར་མར་བཅས། །བསྐྲད་པ་ལ་ཡང་དེ་བཞིན་ནོ། །རིང་ཐུང་ཁ་དོག་ལ་ སོགས་པ། །ཅི་རིགས་པས་ནི་བུད་ཤིང་བྱ། །མཆོད་ཡོན་ལ་སོགས་སྣོད་རྣམས་ནི། །ཞི་བ་ལ་སོགས་ལས་རིམ་བཞིན། །དངུལ་དང་གསེར་དང་ཟངས་མ་དང་། །ལྕགས་ལ་སོགས་པས་བྱས་པ་ཡིན། །དགང་གཟར་བླུགས་གཟར་ཡུ་བ་ཁྲུ། །འོག་ཏུ་རྡོ་རྗེ་རིན་ཆེན་བྱ། །དེ་སྟེང་ རྒྱར་ནི་སོར་བཞི་ལ། །ཟབས་སུ་སོར་གཉིས་ནང་རྡོ་རྗེ། །སོར་བཞིའི་མཐར་ནི་རྡོ་རྗེ་སྟེ། །བར་དུ་པདྨའི་འདབ་མའི་དབྱིབས། །བླུགས་གཟར་པདྨའི་དབྱིབས་སོར་གཉིས། །ཟབས་སུ་སོར་གཅིག་ནང་རྡོ་རྗེ། །འོ་མ་ཅན་ལས་བྱུང་མེའམ། །རྒྱུན་གཞག་མེའམ་བྲམ་ཟེ་ནི། །ཐ་མལ་མེ་ནི་ ཞི་བ་ལའོ། །རྒྱས་པ་ལ་ནི་རྒྱལ་པོ་དང་། །རྒྱལ་རིགས་དང་ནི་བློན་པོའི་མེ། །ཡང་ན་དགོན་པ་ནས་བྱུང་མེའོ། །དབང་དང་དགུག་ལ་སྨད་འཚོང་ངམ། །རྗེ་རིགས་ཁྱིམ་ནས་བྱུང་མེས་བྱ། །དགུག་པ་ལ་ནི་གར་མཁན་དང་། །རོལ་མོ་བ་ལས་བྱུང་བ་འམ། །ལམ་དུ་བུས་པའི་མེས་ བྱའོ། །མངོན་སྤྱོད་ལ་ནི་རྗེ་བོ་དང་། །གདོལ་པའི་ཁྱིམ་ནས་བྱུང་བས་བྱ། །བསྐྲད་པ་ལ་ཡང་དེ་བཞིན་ནོ། །ཀུན་ལའང་དུར་ཁྲོད་མེ་དང་ནི། །སོལ་བར་ལྡན་པས་བྱ་བའོ། །སྦྱིན་སྲེག་ཡོ་བྱད་ཐམས་ཅད་ནི། །བདག་གི་གཡས་སུ་དགོད་པར་བྱ། །རྡོ་རྗེ་དེ་བཞིན་དྲིལ་བུ་དང་། །མཆོད་ ཡོན་སྣོད་ནི་གཡོན་དུ་གཞག །དགང་གཟར་དང་ནི་བླུགས་གཟར་དང་། །མར་ནི་མདུན་དུ་གཞག་པར་བྱ། །མངོན་སྤྱོད་པ་ནི་གོ་བཟློག་པའོ། །ཐམས་ཅད་ཀྱང་ནི་བསངས་ནས་གཞག །སློབ་དཔོན་དག་གམ་སྒྲུབ་པ་པོ། །མཚན་ཉིད་ཐམས་ཅད་ཡང་དག་ལྡན། །སྦྱིན་སྲེག་ལས་ལ་ མཁས་པ་ཡིས། །བརྩོན་པས་སྦྱིན་སྲེག་ལས་བྱའོ། །འདིར་ནི་ལྷ་ནི་རྣམ་གསུམ་སྟེ། །བསྲེག་བྱ་ལེན་དང་ལས་བྱེད་དང་། །མཆོད་པར་བྱ་བའི་མེ་ལྷ་སྟེ། །འདི་རྣམས་མཚན་ཉིད་གཞན་ནས་གསུངས། །ཐབ་ཀྱི་རིམ་པ་བཤད་པར་བྱ། །དེ་ནས་སློབ་དཔོན་དེ་ཡིས་ནི། ། སྦྱིན་སྲེག་ཁང་པར་ལེགས་འདུག་ནས། །ཁྲུས་སོགས་བྱ་བ་སྔོན་བྱས་ཏེ། །སྒྲུབ་ཐབས་ལས་བྱུང་ཆོ་ག་ཡིས། །ལས་ཀྱི་རྗེས་སུ་མཐུན་པ་ཡི། །ལྷ་ཡི་ང་རྒྱལ་བསྐྱེད་ནས་ནི། །རྫས་རྣམས་ཡང་དག་བྱིན་གྱིས་བརླབ། །དང་པོར་བསང་གཏོར་སྣོད་ལ་ནི། ། གསང་སྔགས་འདི་ནི་བཟླས་བྱས་ཏེ། །ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། །དེ་ཡིས་ཀུན་ལ་བསང་གཏོར་བྱ། །དེ་ནས་མཆོད་ཡོན་ལ་སོགས་ལ། །རང་རང་གསང་སྔགས་བཟླས་པའམ། །ཡང་ན་གསང་སྔགས་འདི་བཟླས་ཏེ། །ཨོཾ་ཨཱཿཧཱུྃ། ཐམས་ཅད་དག་པར་བསམ་བྱ་སྟེ། །གོང་ནས་ འབྱུང་བའི་མེ་བླངས་ལ། །དེ་ལ་རཀྵས་བསང་གཏོར་བྱ། །ཐབ་ཏུ་འང་བསང་ཞིང་མེ་བཅུག་ལ། །གསང་སྔགས་འདི་དང་བཅས་པ་ཡི། །རླུང་ཡབ་ཀྱིས་ནི་སྤར་བར་བྱ། །ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་ཛྭ་ལ་ཧཱུྃ་ཧཱུྃ་ཧཱུྃ། དེ་ནས་བགེགས་ནི་བཅིང་བྱའི་ཕྱིར། །ཀུ་ཤ་དྲུངས་ཕྱུང་སྔོ་བ་ལ། །གསང་སྔགས་འདི་ནི་ བཟླས་ནས་ཀྱང་། །ཨོཾ་བཛྲ་སཏྭ་ཨཱ་ཡུ་ཥེ་སྭཱ་ཧཱ། །ཤར་དང་ལྷོ་དང་ནུབ་དང་བྱང་། །དབུས་སུའང་ལེགས་པར་དགྲམ་པར་བྱ། །དེ་ནས་ལེགས་སྦྱངས་གནས་དེར་ནི། །ཡི་གེ་ཧཱུྃ་ལས་བྱུང་བ་ཡི། །ཞི་སོགས་ལས་ཀྱི་རྗེས་མཐུན་པའི། །ཐབ་ཁུང་དག་ནི་བསམ་པར་བྱའོ། །དེ་ཡི་དབུས་སུ་པདྨ་ ནི། །འདབ་བརྒྱད་པ་ནི་ལེགས་དམིགས་ལ། །མངོན་པར་བྱང་ཆུབ་ལྔ་ཡིས་ནི། །རྡོ་རྗེ་སེམས་དཔའ་བསྐྱེད་པར་བྱ། །འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི། །རྡོ་རྗེ་སེམས་དཔའ་ཡོངས་གྱུར་ལས། །རཾ་ལས་བྱུང་བའི་མེ་ལྷ་བསམ། །ཞི་བའི་མེ་ལྷ་དཀར་པོའོ། །རྒྱས་པ་ལ་ནི་ཡེ་ཤེས་མེ། ། དབང་དང་དགུག་ལ་འདོད་པའི་མེ། །མངོན་སྤྱོད་ལས་དང་བསྐྲད་པ་ལ། །རླུང་གི་མེ་ནི་མཁས་པས་བསམ། །ཞལ་གསུམ་ཕྱག་དྲུག་ཁ་དོག་དཀར། །མཆོད་ཕྱིར་ཐོགས་ལ་སོགས་པས་བརྒྱན། །དང་པོས་རིག་མ་ཡང་དག་འཁྱུད། །གཡས་གཉིས་དབྱུག་ཏོ་མི་འཇིགས་པ། །གཡོན་ གཉིས་བགྲང་ཕྲེང་སྤྱི་བླུགས་འཛིན། །རྒྱས་པ་དེ་ལས་ཁ་དོག་སེར། །དབང་དང་དགུག་ལ་དམར་པོ་ལ། །གཡས་གཡོན་གཉིས་ཀྱི་བར་པ་ན། །ལྕགས་ཀྱུ་ཞགས་པ་འཛིན་པའོ། །གསད་དང་བསྐྲད་དང་ནག་པོ་ལ། །དབུ་སྐྲ་གྱེན་བརྫེས་ཟ་བྱེད་ལྟ་བུ་ཡི། །གཡས་ན་རལ་གྲི་འཛིན་པའོ། ། སྔགས་དང་ཕྱག་རྒྱ་སྦྱོར་བ་ཡིས། །ཡེ་ཤེས་མེ་ལྷ་སྤྱན་དྲང་བྱ། །གཡས་པ་མི་འཇིགས་ཕྱག་རྒྱ་ཡི། །མཐེ་བོང་སྲིན་ལག་མཚམས་བཀུག་པའོ། །ཨོཾ་ཨགྣ་མ་ཧཱ་ཏེ་ཛ་སརྦ་ཀཱ་མརྠ་སཱ་དྷ་ཀ །ཀ་རུ་ཙུད་ཀྲི་ཏྭ་སྭཱ་ཧཱ། ཨསྨི་སནྣི་ཧི་ཏོ་བྷ་བ། མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱ་དང་སྔགས་སོ། །བགེགས་ བསྐྲད་བསང་གཏོར་ལ་སོགས་བྱ། །ཛཿཧཱུྃ་པྃ་ཧོཿ། །ཞེས་བརྗོད་པས། དགུག་དང་དེ་བཞིན་གཞུག་པ་དང་། །བཅིང་དང་རྗེས་སུ་དགྱེས་པར་བྱ། །ས་ཏིཾ་ཧཱུྃ་གཙྪ་ཧ་བྱ་བྷུ་ཀ་ཨ་ག་མི་ཤ་སི་ཛ་ཏ་ཀཱ་ལེ་སརྦ་སིདྷི་ཀུ་རུ་ཤ་མེ། མེ་དགའ་བའི་སྔགས་སོ། །དེ་ནས་གཉིས་མེད་མེ་ལྷ་ལ། །ཐུགས་ཀའི་ས་བོན་ འོད་ཟེར་གྱིས། །དེ་བཞིན་གཤེགས་རྣམས་བསྐུལ་བྱས་ཏེ། །བདུད་རྩི་བུམ་པའི་ཆུ་ཡིས་ནི། །དབང་བསྐུར་བ་ནི་བྱ་བའོ། །ཞི་བའི་མེ་ལ་རྣམ་སྣང་མཛད། །དབུ་རྒྱན་དུ་ནི་བྱ་བ་ཡིན། །རྒྱས་ལ་རིན་ཆེན་འབྱུང་ལྡན་ནོ། །དབང་དང་དགུག་ལ་ཚེ་དཔག་མེད། །གསོད་སོགས་ལས་ལ་མི་བསྐྱོད་པའོ། ། དེ་ནས་རང་རང་སྔགས་ཀྱིས་ནི། །བསང་གཏོར་མཆོད་ཡོན་ཞབས་བསིལ་དབུལ། །དེ་ནས་མེ་ལྷའི་ཁ་དང་ནི། །དགང་གཟར་བླུགས་གཟར་ནང་དུ་ནི། །ཡི་གེ་རཾ་ནི་ལེགས་བཀོད་དེ། །མར་གྱིས་ཡོངས་སུ་བཀང་བ་ཡི། །དགང་བླུགས་བདུན་ནམ་གསུམ་མམ་གཅིག །མེ་ལྷའི་སྔགས་ཀྱིས་དབུལ་ བར་བྱ། །ཨོཾ་ཧེ་རུ་ཀ་ཨགྣ་ཡེ་ཨ་མོ་ཀ་སྱ་ཤཱནྟིཾ་གུ་རུ་སྭཱ་ཧཱ། །གཞན་ཡང་རང་རང་སྔགས་དང་སྦྱར། །དེ་ནས་འབར་བའི་མཚན་མ་བརྟག །ངན་ན་བསྲུང་བར་བྱ་བའོ། །དེ་ནས་ལེགས་པར་མེ་དེ་ལ། །མཆོད་པ་ཀུན་གྱིས་རབ་ཏུ་མཆོད། །ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། བསང་གཏོར་སྦྱིན་པའོ། ། ཨོཾ་ཁ་རཾ་ཁཱ་ཧི་སྭཱ་ཧཱ། མཆོད་ཡོན་གྱི་སྔགས་སོ། །ཨོཾ་ནི་རི་ཏི་ཧཱུྃ། ཞབས་བསིལ་གྱི་སྔགས་སོ། །ཨོཾ་བཛྲ་གནྡྷེ་ཧཱུྃ་དྲིའི་སྔགས་སོ། །ཨོཾ་བཛྲ་པུཥྤེ་ཧཱུྃ། མེ་ཏོག་གི་སྔགས་སོ། །ཨོཾ་བཛྲ་དྷཱུ་པེ་ཧཱུྃ། བདུག་སྤོས་ཀྱི་སྔགས་སོ། །ཨོཾ་བཛྲ་དཱི་བེ་ཧཱུྃ། མར་མེའི་སྔགས་སོ། །ཨོཾ་བཛྲ་ནཻ་བི་དྱེ་ཧཱུྃ། ལྷ་ བཤོས་ཀྱི་སྔགས་སོ། །དེ་ནས་སྒྲ་དང་རོལ་མོ་རྣམས། །ཕུལ་ལ་རྫས་རྣམས་ཡང་དག་བསང་། །ཐོག་མ་ཐ་མར་དགང་གཟར་གྱིས། །དབུལ་བྱ་གཞན་དུ་བླུགས་གཟར་གྱིས། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་བཛྲ་ཡ་ཛྙཱ་ན་ཡ་སྭཱ་ཧཱ། ཡམ་ཤིང་གིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཏིལ་དང་ཡུངས་ཀར་རྣམས་ཀྱིའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་དང་ཟན་གྱིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཀུ་ཤའི་འོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའི་མྱུ་གུའི་འོ། །ཨོཾ་བཛྲ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་བཛྲ་གྷསྨ་རི་སྭཱ་ཧཱ། གྲོའི་འོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། འབྲུའི་འོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། མ་ཤའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་གྲུགས་པའིའོ། །ཨོཾ་མ་ཧཱ་ཤི་ཡ་སྭཱ་ཧཱ། རྟ་སྒ་དང་། གླ་གོར་ཞོ་ཤ་དང་། ཛཱ་ཏི་ཕ་ལ་རྣམས་ཀྱིའོ། །ཞུ་བའི་རྫས་རྣམས་ལྷག་མ་ནི། །མེ་ལྷའི་སྔགས་ཀྱིས་སྦྱིན་སྲེག་བྱའོ། །ཨོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ། བྱང་ཆུབ་ཤིང་གིའོ། །ཨོཾ་བཛྲ་རྟ་ཏཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའིའོ། །ཨོཾ་བཛྲ་ས་ཏ་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའིའོ། །ཡམ་ཤིང་འོད་ཀྱི་དཀྱིལ་འཁོར་དུའོ། །ཏིལ་དང་འབྲས་ཆན་ཞོ་ནི་ཕྱག །ཀུ་ཤ་དཱུར་བ་སྤྱི་གཙུག་ཏུའོ། །ནས་དང་གྲོ་དང་འབྲས་དང་ནི། །མོན་སྲན་རྡེའུ་ཞལ་དུའོ། །ཞུ་བའི་རྫས་ཀྱང་ཞལ་ དུའོ། །དྲི་ནི་ཐུགས་ཀར་མེ་ཏོག་དབུ། །ཞལ་བསིལ་ཞལ་ལ་དབུལ་བར་བྱ། །མཆོད་ཡོན་འཐོར་འཐུང་ཕྱག་ལའོ། །མར་མེ་མདུན་དུ་དབུལ་བར་བྱ། །དེ་ནས་བསང་གཏོར་སྦྱིན་ལ་བསྟོད། །ཧཱུཾ་འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། ། ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །བསྟོད་པའོ། །དེ་ནས་བདུད་རྩིའང་འབུལ་བྱས་ལ། །ལས་རྣམས་བསྒོ་བར་བྱ་བའོ། །མེ་ལྷའི་དབང་དུ་བྱས་པའོ། །དེ་ནས་མེ་ལྷའི་ཐུགས་ཀར་ནི། །ཉི་མའི་དཀྱིལ་འཁོར་ལེགས་བསམས་ ལ། །དེར་ནི་ལྷ་རྣམས་བསྐྱེད་པར་བྱའོ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་བྱའོ། །བགེགས་བསྐྲད་བསང་གཏོར་མཆོད་ཡོན་སྦྱིན། །ཛཿཧཱུྃ་པྃ་ཧོཿཞེས་བརྗོད་ལ། གཽ་རཱི་ལ་སོགས་བཞི་པོས་ནི། །དགུག་གཞུག་བཅིངས་ལ་དགྱེས་པ་བསྐྱེད། །ཐུགས་ ཀའི་ས་བོན་འོད་ཟེར་གྱིས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ལ། །དེ་ཡིས་དབང་བསྐུར་ལེགས་པར་བྱ། །དེ་ནས་འཐོར་འཐུང་མཆོད་ཡོན་འབུལ། །ལྷ་རྣམས་ལྕེ་ལ་ཧཱུཾ་བཀོད་དེ། །སྔོན་དུ་གསུངས་པའི་རིམ་གྱིས་ནི། །མཆོད་པ་ཀུན་གྱིས་རིམ་བཞིན་མཆོད། །ཁྱད་པར་བཤད་པའི་རྫས་ རྣམས་ནི། །ཇི་ལྟར་ནུས་པར་བྱ་བའོ། །མཐར་ནི་དགང་བླུགས་ཕུལ་ནས་ནི། །ལྷ་རྣམས་གཟི་བྱིན་བསྐྱེད་པར་བྱ། །ཞི་ལ་སྔགས་ཀྱི་མཐའ་རུ་ནི། །ཤཱནྟིཾ་ཀུ་རུ་སྭཱ་ཧཱ་བཏགས། །རྒྱས་ལ་སྔགས་ཀྱི་མཐའ་རུ་ནི། །པུཥྚིཾ་ཀུ་རུ་ཨོཾ་ཞེས་གདགས། །དབང་ལ་སྔགས་ཀྱི་མཐའ་རུ་ནི། །ཝ་ཤཾ་ཀུ་རུ་ཧོ་ ཞེས་གདགས། །དགུག་ལ་སྔགས་ཀྱི་མཐའ་རུ་ནི། །ཨཱ་ཀཱཪྵ་དང་ཛཿགདགས་སོ། །མངོན་སྤྱོད་ལ་ནི་སྔགས་ཀྱི་མཐར། །མཱ་ར་ཡ་ཕཊ་ཅེས་བྱ་བཏགས། །དེ་ནས་བསང་གཏོར་ཕུལ་ནས་ནི། །བསྟོད་པ་རྣམས་ཀྱིས་ཡང་དག་བསྟོད། །བདུད་རྩི་མྱང་བའང་བྱ་བ་ཡིན། །དངོས་གྲུབ་གང་འདོད་ གསོལ་གདབ་ལ། །ཡེ་ཤེས་དཀྱིལ་འཁོར་སླར་གཤེགས་གསོལ། །དམ་ཚིག་ལྷ་རྣམས་ཐུགས་ཀར་བསྡུ། །ལྷ་དབང་དུ་བྱས་པའོ། །དེ་ནས་བར་ཆད་ཉེར་ཞིའི་ཕྱིར། །ཨ་ཀཱ་ལ་སོགས་སྔགས་ཀྱིས་ནི། །ཕྱོགས་སྐྱོང་ལ་སོགས་མགྲོན་རྣམས་ལ། །གཏོར་མ་འབུལ་བར་བྱས་ ནས་ཀྱང་། །རྫས་རྣམས་ལྷག་མ་མེ་ལྷ་ལ། །སྔགས་ཀྱིས་བསང་ནས་རིམ་བཞིན་དུ། །བསང་གཏོར་མཆོད་ཡོན་ལ་སོགས་པ། །སོ་སོའི་སྔགས་ཀྱིས་དབུལ་བར་བྱ། །དྲིལ་བུ་རོལ་མོའི་སྒྲ་རྣམས་དང་། །བསྟོད་པའང་སྔ་མ་བཞིན་དུ་བྱ། །བདུད་རྩི་མྱང་ བའང་བྱས་ནས་ནི། །ཡེ་ཤེས་མེ་ལྷ་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཡ་ཧི་ཡ་ཏི་སྭ་སརྦ་ཙེ་བཱ་པ་ར་ཨརྠཾ་ཙས་ཏི་ཧཾ་གཙྪ་ཧ་བྱ་བུ་ཀ །སྤྱན་དྲང་བ་ཡི་ཆོ་ག་ལས། །མཐེ་བོང་ཕྱིར་བསྐྱེད་སླར་གཤེགས་པའོ། །སླར་གཤེགས་པའི་སྔགས་དང་ཕྱག་རྒྱའོ། །དེ་ནས་དམ་ཚིག་མེ་ལྷ་ནི། །མེ་ཡི་ གཟུགས་སུ་གྱུར་པར་བརྟག །དགེ་བའི་རྩ་བ་བསྔོ་བྱ་སྟེ། །ཅི་བདེ་བར་ནི་གནས་པར་བྱའོ། །མཁའ་ལས་ཆར་པ་བབ་པ་ཡིས། །རྡོ་རྗེའི་སྟེང་ནས་རྩ་སྐྱེས་ལྟར། །སློབ་དཔོན་དག་གི་བྱིན་རླབས་ཀྱིས། །རྟོག་གེ་བདག་གིས་བྱས་པའོ། །སྦྱིན་སྲེག་གི་ཆོ་ག་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་ རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ས་མ་ཡ་པཉྩ། བོད་སྐད་དུ། དམ་ཚིག་ལྔ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཐུགས་བརྩེ་བ་ལ་ཕྱག་འཚལ་ནས། །ཡང་དག་བདེ་བ་མ་ལུས་དངོས་གྲུབ་རབ་སྟེར་ མཛད་པ་ཡི། །དཔལ་ལྡན་གསང་བའི་རྒྱུད་སོགས་ལས་གསུངས་ཤིན་ཏུ་སྦས་པ་ཉིད། །མདོར་བསྡུས་མཛེས་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་བཤད་པར་བྱ། །སྔགས་པས་ནུབ་མོ་ཁྱད་པར་ཅན་དུས་ཉི་མ་རེ་རེ་ཡི་ནི་ཇི་སྙེད་པར། །ཟླ་བ་རེ་རེ་ཡང་ནི་འཁོར་ལོ་ལས་འདས་ ཉམས་པར་འགྱུར་བ་ཡིན། །ཉེ་བར་འཚེ་བ་མེད་པའི་དུར་ཁྲོད་དགོན་པའི་རྫིང་བུའི་འགྲམ་མམ་སྐྱེད་མོས་ཚལ། །མཚོ་ངོགས་ཆུ་ཀླུང་རི་སུལ་རང་གི་ཁྱིམ་སོགས་འབྲས་བུ་སྟེར་བའི་འཁོར་ལོ་བྱ། །ཡང་དག་བརྒྱུད་པ་ཐོབ་འགྱུར་ལ། །དཔལ་ལྡན་ཆོག་ཤེས་སྙིང་རྗེ་ལྡན། །འཇིག་རྟེན་ ཆོས་ལ་མི་ཆགས་ཤིང་། །སྲེད་དང་རྒྱུ་སོགས་རྣམ་པར་སྤངས། །སྙན་པར་སྨྲ་ཞིང་འཛུམ་པའི་བཞིན། །བཟོད་ཅན་བརྟན་དང་བརྩོན་འགྲུས་ལྡན། །ཚོགས་ཀྱི་འཁོར་ལོའི་གཙོ་བོ་རུ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་གསུངས། །འཁོར་ལོ་ཡང་དག་དེ་ཉིད་ཀྱིས། །སློབ་མ་སྲེད་སོགས་རྣམ་ པར་སྤངས། །དབང་བསྐུར་ཐོབ་ཅིང་བློ་ལྡན་བཟོད། །བརྩོན་དང་དྲན་པ་ལ་སོགས་ལྡན། །དམ་ཚིག་སྤྱད་བྱ་སྤྱོད་པ་རྣམས། །རྒན་པའི་རིམ་པ་བཞིན་དུ་འདོད། །དབང་མ་ཐོབ་པས་མི་རིག་པར། །སྒྲུབ་པོས་འཁོར་ལོ་དེ་བྱའོ། །མེ་ཏོག་བདུག་པ་བྱུག་པ་མར་མེ་ལྡན། །སྣ་ ཚོགས་སྟོན་མོ་བཏུང་བས་རྣམ་བརྒྱན་ཅིང་། །མལ་སྟན་དང་ནི་ཡོན་ཏན་བཅས་པ་ཡིས། །འཕགས་པའི་སྐྱེ་བོ་མང་པོའམ་ནི་ཚོགས་པ་ལའོ། །དེ་ནས་ཚོགས་ཀྱི་གཙོ་བོའི་གདན། །རོའམ་སྟག་ལྤགས་རོ་ཤུན་ལས་བྱའོ། །རྒྱན་ནི་འདམ་བག་གིས་བྱ་བའོ། །ཕྱི་རོལ་ མེད་པའི་ཕྱག་རྒྱས་འཁྱུད། །རང་གི་སློབ་མས་ཡོངས་སུ་བསྐོར། །དེས་ཀྱང་རང་རིག་མ་ལ་འཁྱུད། །མི་ནུས་བསམ་གཏན་དག་གིས་བྱ། །སློབ་མ་ཆོ་ག་ཤེས་ཤིང་དྲན། །བརྩོན་འགྲུས་བཟོད་དང་ལྡན་པ་དང་། །བླ་མ་ལ་གུས་བློ་ལྡན་པ། །ལས་ཀྱི་རྡོ་རྗེ་རབ་ཏུ་བྱ། །དབང་ བསྐུར་ཡང་ནི་གདུག་ཅན་དང་། །ཐོབ་དང་རྒྱུན་ཅན་དག་དང་ནི། །དབང་མ་ཐོབ་པར་འཁོར་ལོ་གང་། །རིང་པོ་ནས་ཀྱང་བསྟན་མི་བྱ། །བླ་མས་བདེ་ཆེན་བསྒོམ་བྱས་ནས། །འབྱུང་པོ་ཀུན་ལ་གཏོར་མ་སྦྱིན། །སྟོབས་ལ་སོགས་པ་སྦྱང་བྱས་ལ། །མེ་ཏོག་གིས་ནི་རང་ལུས་མཆོད། ། སྣོད་ནི་རེ་རེ་ཀུན་ལ་སྦྱིན། །བླ་མ་ལ་ནི་སྣོད་གཉིས་དབུལ། །དེ་བཞིན་ནས་མཚན་བཟའ་བཏུང་ལ་སོགས་གཉིས་འགྱུར་རོ། །དེ་ནས་རང་ཞལ་ཐབ་ཁུང་དུ། །རྣམ་རིག་སཱ་ལའི་མཆོད་ཡོན་བྱ། །ལག་པ་དག་ནི་དགང་གཟར་གྱིས། །ཡིད་ཀྱིས་མེ་ལ་སྟོབས་སོགས་བསྲེག །ནང་གི་ བདག་ཉིད་སྦྱིན་སྲེག་གིས། །རང་འདོད་ལྷ་ནི་ཚིམ་པར་བྱ། །གླུ་སོགས་ཀྱིས་ནི་མཉེས་བྱ་ཞིང་། །ཡང་དང་ཡང་དུ་བརྡ་ཚིག་སྨྲ། །བདུད་རྩི་ལྔ་དང་སྒྲོན་མ་ལྔ། །རིག་མ་རིགས་བཟང་བརྒྱད་ལ་ནི། །ཆོ་ག་བཞིན་དུ་བསྟེན་ཤེས་བྱ། །ཀོ་ལ་ལ་སོགས་ཅི་ཤེས་དང་། །ཧེ་རུ་ཀ་ཡི་ གཟུགས་ཀྱིས་གར། །དྲན་པས་བརྗེད་མེད་རྣལ་འབྱོར་བྱ། །སྒོམ་ལ་ཆགས་པའི་སེམས་ཀྱིས་ནི། །རྟག་ཏུ་སེམས་ཀྱིས་གོམས་པར་བྱ། །རྡོ་རྗེ་ཆོས་དང་སངས་རྒྱས་ཀྱི། །རྣལ་འབྱོར་མ་དང་མ་ཚོགས་ཀྱང་། །གླུ་དང་གར་ལ་གོམས་བྱ་ཞིང་། །མཆོག་ཏུ་གླུ་དང་གར་བྱའོ། །འདི་ཉིད་ ཚོགས་ཀྱི་བསྲུང་བ་སྟེ། །བདག་ཉིད་ཀྱང་ནི་དེ་བཞིན་བསྲུང་། །འདི་ཡིས་འཇིག་རྟེན་དབང་དུ་བྱེད། །སྔགས་ཀྱི་བཟླས་པའི་དེ་ཉིད་ཡིན། །རྒྱུན་དུ་གླུ་ནི་ལེན་པ་དང་། །གང་དུ་རྟག་ཏུ་གར་བྱེད་པ། །ཚོགས་ཀྱི་གཙོ་བོ་མདུན་བྱས་ནས། །དེ་ནས་དྲི་ནི་མཚོན་པར་བྱ། །སྒོག་པའི་དྲི་ནི་དང་པོ་སྟེ། ། དེ་ནས་བྱ་རྒོད་དྲི་ཡང་ངོ་། །དེ་ནས་ག་པུར་ཙནྡན་དྲི། །གླུ་ཡི་དབྱིངས་སུ་མཚོན་བྱ་བ། །སྒྲ་ནི་ངང་པ་བུང་བའི་སྒྲ། །སྒྲ་ཡི་མཐའ་རུ་ཐོས་པ་དང་། །ཅེ་སྤྱང་དག་གི་སྒྲ་ཡང་ནི། །ཕྱི་རོལ་སྐྱེད་མོས་ཚལ་དུ་མཚོན། །གང་ཡང་དག་ནི་མི་རྙེད་པའམ། །སྣོད་མ་ཡིན་པས་འཇིགས་པ་སྤངས། ། བདུད་རྩི་ལྔ་དང་ཤ་ལྔ་སོགས། །བསམ་གཏན་གྱིས་ནི་ཡོངས་སུ་བརྟག །འཁོར་ལོའི་གཙོ་བོས་བྱིན་བརླབས་པ། །སྣོད་སྐྱོན་རྗེས་སུ་གཟུང་བྱའི་ཕྱིར། །བདུད་དང་བཅས་པས་སྣོད་དེ་ནི། །ཧ་ཅང་མྱུར་མིན་བུལ་བ་མིན། །བགེགས་སོགས་བརྙས་པ་སྤང་བའི་ཕྱིར། །པདྨའི་ཕྱག་ རྒྱས་བླང་བར་བྱ། །ཧུབ་སྒྲ་མེད་ཅིང་མ་ཡེངས་པས། །ཅུང་ཟད་འཐུངས་ནས་ལེགས་བཀང་སྟེ། །ཕྱག་འཚལ་བ་ཡི་ཁྱད་པར་གྱིས། །གང་གི་ཕྱག་རྒྱས་དབུལ་བར་བྱ། །སྒྲུབ་པ་པོ་ཡིས་ཡང་དང་ཡང་། །དེ་དག་ཀུན་ལ་ཕྱག་བྱའོ། །སྣོད་ནི་ས་ལ་བཞག་པའམ། །གཞན་ལ་བྱིན་པར་ གྱུར་པ་ནི། །ལག་ན་ས་བོན་ཆད་པས་བཅད། །རང་གིས་ཐམས་ཅད་མི་བཏུང་ངོ་། །བཟའ་དང་བཏུང་བ་རང་གིས་ནི། །ཤིན་ཏུ་ལྟོགས་ཀྱང་བླང་མི་བྱ། །རྩོད་པ་ལ་སོགས་གང་བྱེད་པ། །དེ་ནས་དེ་ནི་གདོན་པར་བྱ། །ཡང་ན་གདོན་པར་མི་ནུས་ན། །དེ་ཚེ་ སྡིག་པ་ལ་བཏགས་པས། །རང་ཉིད་གཞན་དུ་འགྲོ་བའམ། །མི་སྨྲ་བ་ལ་བསྟན་པར་བྱ། །ལས་ཀྱི་རྡོ་རྗེ་བཏུང་སོགས་ལ། །རང་གིས་བླངས་ཀྱང་ཉེས་པ་མེད། །སྤྱོད་ལམ་ཤུགས་ཀྱིས་ཕྱིར་འགྲོ་ན། །དེ་ནི་དགག་པར་མི་བྱའོ། །མངོན་པའི་ང་རྒྱལ་ཞེ་སྡང་གིས། །གཞན་སྨོད་དམ་པ་ མ་ཡིན་པའི། །ཚིག་གིས་སྨད་ཀྱང་རྩོད་པའི་གཏམ། །མི་དགའ་བ་ཡང་སྤང་བར་བྱ། །བཀག་པ་ཡང་ནི་སྤྱོད་གྱུར་ན། །རྩ་བའི་ལྟུང་དང་སྦོམ་པོ་ནི། །མྱུར་དུ་གསོ་བའི་ཆོ་ག་བྱ། །དེ་ནི་ལྡང་བའི་ཆོ་ག་གྲགས། །རྡོ་རྗེ་སློབ་དཔོན་ཚིམ་གྱུར་པས། །བར་དུ་གཏོར་མ་སྦྱིན་པར་བྱ། །གླུ་དང་གར་ ལ་སོགས་རྒྱུན་ནི། །དེ་ཡི་བཀའ་ཡིས་གནང་བར་བྱ། །ཚོགས་ཀྱིས་འདུས་པ་ལ་བྱ་བ། །ལག་པ་རྐང་སོགས་བག་ལྡན་བྱ། །ཤིན་ཏུ་བག་མེད་རྒྱུ་ཡི་ཕྱིར། །བཏུང་བ་མང་པོ་སྤྱད་མི་བྱ། །མང་དག་གིས་ནི་གཡེང་བར་འགྱུར། །གཡེངས་པས་རྣལ་འབྱོར་འཁྲུག་འགྱུར་ཞིང་། །རྣལ་འབྱོར་ ཉམས་པས་དངོས་གྲུབ་མེད། །བདུད་ཀྱི་ལས་ནི་བཟློག་པར་དཀའ། །གང་ཡང་སེམས་ནི་བསྲུང་ནུས་པས། །རང་དམ་གཞན་ཡང་མཆོད་པར་བྱ། །གཟུགས་སོགས་སྣ་ཚོགས་དག་པ་ཡིས། །དེ་ཡིས་འདི་ནི་དངོས་གྲུབ་འགྱུར། །སྐད་ཅིག་ཙམ་ཡང་གཞན་གཟུགས་ཀྱིས། །མ་རིག་གདུག་ ཅན་གྱི་ནི་སེམས། །གྲུབ་འདོད་དངོས་གྲུབ་དོན་གཉེར་བའི། །འབད་པས་མཁས་པས་གནས་མི་བྱ། །ཇི་སྙེད་ལུས་ཀྱི་གཡོ་འགུལ་དང་། །ངག་གི་བརྗོད་པ་ཇི་སྙེད་པ། །དེ་སྙེད་སྔགས་དང་ཕྱག་རྒྱ་སྟེ། །ཧེ་རུ་ཀ་དཔལ་གོ་འཕང་གནས། །གང་གིས་དུག་གི་དུམ་བུ་ཡི། །སྐྱེ་བོ་རྣམས་ནི་ འཆི་འགྱུར་བ། །དུག་གི་དེ་ཉིད་ཤེས་པ་ཡིས། །དུག་གིས་དུག་ནི་འཇོམས་པར་བྱེད། །ཁ་ཅིག་བྲེལ་པ་གཞན་ཡོད་པས། །ཡུན་རིང་འདུག་པར་མི་ནུས་ན། །དེ་ཡིས་ཕྱག་འཚལ་མཁྱེན་གསོལ་ཏེ། །བཟོད་གསོལ་ནས་ནི་འགྲོ་བར་བྱ། །འདི་དང་གཞན་གྱི་རྒྱུད་གསུངས་པའི། ། བྱ་བ་རྣམས་ནི་དལ་ལ་བྱ། །གང་ཕྱིར་མྱུར་དུ་བྱས་པ་ཡིས། །རྣལ་འབྱོར་པ་ཡི་དགའ་ཉམས་བྱེད། །དེ་ལྟར་ཚོགས་ཀྱི་འཁོར་ལོ་ཆེར། །རང་གི་སློབ་མ་དབང་བསྐུར་ཕྱིར། །སྒོམ་པ་ལ་སོགས་སྟོབས་ཉིད་ཀྱིས། །ཚེ་འདི་ཉིད་ལ་དངོས་གྲུབ་འགྱུར། །སྒོམ་པ་ལ་སོགས་དེ་བཞིན་འདིར། ། ཡང་ནི་བཀའ་གསལ་བྱེད་པས་ཀྱང་། །གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ལ་འགྲུབ། །བླ་མས་ཐ་མའི་གཏོར་མི་སྦྱིན། །དེ་བཞིན་ཕྱི་རོལ་ལྷག་གཏོར་མ། །སྒྲུབ་པ་པོ་ཡིས་ཕྱག་འཚལ་ཞིང་། །སྨོན་ལམ་དག་ནི་ཇི་ལྟར་གདབ། །མ་ལུས་རྟོག་པ་ལས་འདས་སྲིད་ དང་ཞི་བ་མཉམ་སྦྱོར་རྟག་ཏུ་མི་འགྱུར་བ། །དཔེ་མེད་བདེ་བར་རོ་ཡིས་དགྱེས་པའི་རྣལ་འབྱོར་མ་ཡི་མཆོག་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཡན་ལག་མ་དང་སྦྱར་བ་ཡི། །རྟོག་པའི་ཕུང་པོ་ཡོངས་སུ་བཅོམ་གྱུར་པ། །བདག་གི་དགེ་བ་འདི་ཡིས་དེ་ཡི་ཐབས། །མྱུར་བ་ཉིད་དུ་སྟོན་པར་བྱེད་པར་ ཤོག །དངོས་པོ་ཀུན་གྱིས་ཕྱག་བྱས་ནས། །དཔལ་ལྡན་ཚོགས་ཀྱི་འཁོར་ལོ་བསྡུས། །ཅི་བདེ་བས་ནི་གནས་པར་བྱ། །འདི་ནི་བླ་མའི་རིམ་ཐོབ་པའི། །བདག་ཉིད་དྲན་པར་བྱ་བའི་ཕྱིར། །ཆོ་ག་ཅུང་ཟད་བརྗོད་པ་ལ། །མཁས་པ་རྣམས་ནི་བཟོད་པར་མཛོད། །དངོས་གྲུབ་ཀུན་ གྱི་རྟེན་གྱུར་ཡོན་ཏན་སྔོན་འགྲོ་ཚོགས་ཀྱི་འཁོར་ལོ་ཡི། །ཆོ་ག་གསལ་པོར་བྲིས་པའི་བསོད་ནམས་བདག་གིས་གང་ཐོབ་དེས། མྱུར་དུ་དཔལ་ལྡན་རྡོ་རྗེ་འཆང་ཡུལ་སྐལ་བཟང་ལ་ཆགས་ཤིང་། སྲིད་པ་ལས་གྲོལ་ཞི་བའི་ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག །དམ་ཚིག་ལྔ་པ་ཞེས་བྱ་བ་ སློབ་དཔོན་དཔལ་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པ་རྫོགས་སོ།། །།དཔལ་རིགས་པའི་འབྱུང་གནས་ཀྲ་མ་ཤཱི་ལིའི་གཙུག་ལག་ཁང་དུ་ཁམས་པ་ལོ་ཙཱ་བ་བ་རི་དྷརྨ་ཀཱིརྟིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་བྷ་ཌ་རཱ་ག་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་ཀྱེ་རྡོ་རྗེའི་བྷ་ཌ་རཱ་གའི་བསྟོད་པ་ཞེས་བྱ་བ། དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པ། །ཀྱེ་ཡི་རྡོ་རྗེ་ ལ་ཕྱག་འཚལ། །བདག་མེད་མ་ཡིས་མགུལ་ནས་འཁྱུད། །དབུ་སྐྲ་སེར་པོ་གྱེན་དུ་འབར། །ཞལ་བརྒྱད་པོ་ལ་སྤྱན་གསུམ་པ། །མགོན་པོ་དེ་ལ་བདག་ཕྱག་འཚལ། །སྤྱི་བོ་དང་སྟེང་ནག་པོ་མཛེས། །དཀར་དང་དམར་པོ་གཡས་དང་གཡོན། །གང་གི་ལྷག་ མའི་ཞལ་རྣམས་ནི། །ནག་པོ་དེ་ལ་བདག་ཕྱག་འཚལ། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་སེང་གེ་དེ་བྱི་ལ། །གཡས་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་བརྒྱད་དང་ལྡན་པ་པོ། །ས་དང་ཆུ་དང་མེ་དང་རླུང་། །ཟླ་ཉི་གཤིན་རྗེ་གསང་བ་པ། །གཡོན་པའི་ཕྱག་བརྒྱད་ལ་གནས་པའི། ། ཐོད་པར་འཛིན་ལ་ཕྱག་འཚལ་ལོ། །ཞབས་བཞི་ཡིས་ནི་བདུད་བཞི་པོ། །མཉམ་པར་མནན་ཅིང་གཅེར་བུ་ཉིད། །ཉི་མར་ཞབས་གཡས་བརྐྱང་དང་སྔོ། །གར་མཛད་དེ་ལ་ཕྱག་འཚལ་ལོ། །འཁོར་ལོ་བཞི་ཡི་བདག་ཉིད་འཇིགས། །འཛག་པའི་མགོ་བོས་རྣམ་པར་བརྒྱན། །དེ་བཞིན་ གཤེགས་པ་རྣམ་དག་པའི། །ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། །སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན། །དཔྲལ་བར་རིགས་ཀྱི་བདག་པོ་ཉིད། །དམ་པའི་དགའ་བ་ཡང་དག་ཐོབ། །བདེ་ཆེན་དེ་ལ་ཕྱག་འཚལ་ལོ། །གཾ་ལས་སྐྱེས་པའི་གཽ་རཱི་ཤར། །ཡན་ལག་གནག་ཅིང་གཡོན་ན་ཉ། ། གཡས་པ་ན་ནི་གྲི་གུག་འཛིན། །ཚངས་པ་མནན་ལ་བདག་ཕྱག་འཚལ། །ཙཾ་ལས་སྐྱེས་པའི་ཆོམ་རྐུན་མ། །བཙོད་ཀྱི་མདོག་ཅན་ལྷོ་ཕྱོགས་སུ། །ཕྱག་ན་ཕག་དང་ཅང་ཏེའུ་བསྣམས། །དབང་པོ་མནན་ལ་བདག་ཕྱག་འཚལ། །བཾ་ལས་སྐྱེས་པའི་སེར་མོ་ནུབ། །རོ་ལངས་མ་ནི་ཉེ་ དབང་མནན། །ཕྱག་གཡོན་ལྷུང་བཟེད་གཡས་པ་ཡིས། །རུས་སྦལ་བསྣམས་ལ་བདག་ཕྱག་འཚལ། །གྷསྨ་རཱི་ནི་བྱང་གི་སྒོར། །ལྗང་གུ་གྷཾ་ལས་བྱུང་བ་ཡི། །ཕྱག་གཉིས་སྦྲུལ་དང་ཐོད་པས་བྲེལ། །དྲག་པོ་མནན་ལ་བདག་ཕྱག་འཚལ། །གཤིན་རྗེ་མནན་ཅིང་པཾ་ལས་བྱུང་། ། གཡོན་ན་དགྲ་སྟ་སེང་གེ་གཡས། །དབང་ལྡན་དུ་ནི་འཇིགས་གཟུགས་མ། །ཕྱག་འཚལ་པུཀྐ་སཱི་སྔོ་ལའོ། །རི་ཁྲོད་མ་དཀར་ཤཾ་ལས་བྱུང་། །མེ་རུ་ནོར་བདག་སྟེང་ན་གནས། །གཡོན་ན་གསིལ་བྱེད་གཡས་པ་ན། །དགེ་སློང་འཛིན་ལ་བདག་ཕྱག་འཚལ། །གཏུམ་མོ་ནམ་མཁའི་སྔོ་ བསངས་མ། །སྲིན་པོར་ལཾ་ལས་བྱུང་བ་ཡི། །གཡོན་ན་ཐོད་པ་འཁོར་ལོ་གཡས། །ཕྱག་འཚལ་སྲིན་པོ་ཉེད་ལའོ། །ཌཾ་ལས་འཁྲུངས་པའི་གཡུང་མོ་ནི། །རླུང་མཚམས་ཐགས་བཟངས་རིས་སྟེང་གནས། །ཕྱག་གཡོན་སྡིགས་མཛུབ་རྡོ་རྗེ་གཡས། །སྣ་ཚོགས་མདོག་ལ་བདག་ལ་ ཕྱག་འཚལ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཅེར་བུ་སྤྱན་གསུམ་ཐམས་ཅད་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །ཕུང་པོ་ཁམས་ནི་རྣམ་དག་པ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །བདེ་རབ་སྟེར་འདི་ཐམས་ཅད་ལ། །དངོས་ པོ་ཀུན་གྱིས་ཕྱག་འཚལ་ལོ། །ཉིད་ཀྱི་གཡས་པའི་ཕྱག་བཟུང་བའི། །ཕྱག་མཚན་ས་བོན་ལས་བྱུང་བའི། །བདེ་ཆེན་འདོད་པ་ཐམས་ཅད་ལ། །རྟག་ཏུ་ཡང་དག་ཕྱག་འཚལ་ལོ། །གང་ཞིག་ཉི་ཟླ་ཁ་སྦྱོར་གནས་ས་བོན། །གཉིས་ལས་སྐྱེས་པའི་གཙོ་བོ་རིག་མར་བཅས། ། ཉིད་ཀྱིས་ཉིད་ཀྱི་དཀྱིལ་འཁོར་འདི་ལས་ནི། །འཇིག་རྟེན་གསུམ་པོ་སྤྲུལ་པར་མཛད་དང་ལྡན། །ཉིད་ལས་འདི་དག་ཐམས་ཅད་མ་ལུས་པར། །ཞི་བའི་བདེ་སྩོལ་རིག་མ་དང་བཅས་ཏེ། །ཤེས་རབ་ཆགས་པ་བདུད་རྩིའི་རོ་ཉིད་ཀྱི། །གནས་སུ་ཞི་བ་དེ་ལ་ཕྱག་འཚལ་ལོ། །མཁའ་ འགྲོ་མའི་གཙོ་ཀྱེ་རྡོ་རྗེ། །ལྷ་མོའི་འཁོར་ལོ་བཅས་བསྟོད་པས། །བདག་གིས་བསོད་ནམས་གང་ཐོབ་པ། །དེས་ནི་འཇིག་རྟེན་དེ་མཚུངས་ཤོག །རྗེ་བཙུན་དཔལ་ཀྱེ་རྡོ་རྗེའི་བྷ་ཌ་རཱ་གའི་བསྟོད་པ་ཉི་ཤུ་པ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེས་ མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ། །༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨེ་ཀ་པཱི་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་དཔའ་བོ་གཅིག་པ་ཞེས་བྱ་བའི་ སྒྲུབ་པའི་ཐབས། ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྙིང་རྗེ་ཤེས་རབ་གཉིས་མེད་བདག །ཧེ་རུ་ཀ་དང་བདག་མེད་དང་། །རྡོ་རྗེ་སློབ་དཔོན་ཞབས་པདྨ། །ཕྱག་འཚལ་དཔའ་བོ་གཅིག་པ་བྲི། །བྱ་མང་རྒན་པོ་བློ་དམན་པས། །དངོས་གྲུབ་ཐོབ་ཕྱིར་རབ་ཏུ་བསྡུས། །དང་པོ་ཁོ་ནར་རྣལ་འབྱོར་ པས། །རྡོ་རྗེ་སློབ་དཔོན་ཡང་དག་པ་ལ་ཀྱེ་རྡོ་རྗེ་ལས་གསུངས་པའི་རིམ་པས་སེམས་ལེགས་པར་སྦྱངས་པས་ཇི་སྐད་གསུངས་པའི་གསུང་ཉམས་དགའ་བར་ལེགས་པར་སྦྱངས་པའི་ཤེས་རབ་དང་། འདོད་པའི་ལོངས་སྤྱོད་ཀྱིས་བདེ་བར་གནས་པར་བྱའོ། །དེ་ནས་ཕྱི་ ནང་གི་ཁྲུས་དང་མཆོད་པ་དང་གཏོར་མ་ཚོགས་པ་དང་། རང་གི་སྙིང་གར་ཉི་མ་ལ་ཧཱུཾ་དཀར་པོ་འོད་ཟེར་ལྔ་དང་ལྡན་པའི་འོད་ཀྱི་སྣང་བས་ནམ་མཁའ་ལ་བླ་མ་དང་སངས་རྒྱས་ཡང་དག་པར་གསལ་བ་ལ། །ལྷ་མོ་བརྒྱད་ཀྱི་ཕྱག་ན་བདུད་རྩི་ལྔ་དང་། རོའི་བཅུད་དང་། ཅང་ཏེའུ་དང་། འཁྱུད་པས་ མཆོད་པ་དང་། དེའི་མདུན་ན་སྡིག་པ་བཤགས་པ་དང་། བྱེད་པ་སྡོམ་པ་དང་། རྗེས་སུ་ཡི་རང་བ་དང་། བསྔོ་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་སྣོད་བཅུད་ཐམས་ཅད་སྙིང་གའི་འོད་ཟེར་ གྱིས་བསྲེགས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་མི་དམིགས་པར་བསྒོམ། དེ་ནས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ནམ་མཁའ་ལ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེར་གྱུར། དེ་ལས་འོད་འཕྲོས། འདུས་པ་ལས་རྡོ་རྗེའི་ར་བ་དང་། གུར་དང་། ས་གཞི་ལ་སོགས་པ་རྒྱས་པར་བསྒོམ། དེའི་དབུས་སུ་ཤེས་རབ་ཨེའི་དབྱིབས་འདྲ་བ་བསྒོམ་མོ། །དེར་ཡཾ། རཾ། བཾ། ལཾ། རྣམས་ལས་རླུང་དང་། མེ་དང་། ཆུ་དང་། སའི་དཀྱིལ་འཁོར་ཟླ་གམ་དང་། གྲུ་གསུམ་དང་། ཟླུམ་པོ་དང་། གྲུ་བཞི་ རྣམས་དང་། བདག་ཉིད་གཅིག་ཏུ་གྱུར་པ་ལས། གཞལ་ཡས་ཁང་གྲུ་བཞི་རྟ་བབས་བཞི་པ། ཀ་བ་བརྒྱད་པ། དྲ་བ་ཕྱེད་དང་། ཉི་ཟླ་དང་སྣ་ཚོགས་པའི་དར་དང་། མེ་ཏོག་ལ་སོགས་པ་འདོད་པའི་ཡོན་ཏན་ལྔས་བརྒྱན་པ་དུར་ཁྲོད་བརྒྱད་ཀྱི་དབུས་སུ་བསྒོམ་མོ། །དེའི་དབུས་སུ་པདྨ་ དམར་པོ་དང་། ཉི་མའི་དབུས་སུ་ཚངས་པ་དང་དབང་པོ་དང་ཁྱབ་འཇུག་དང་། དྲག་པོའི་སྙིང་ཁར་དབྱངས་དང་གསལ་བྱེད་གཉིས་ཡོངས་སུ་གྱུར་པ་ལས། ཟླ་བ་དང་ཉི་མ། དེའི་དབུས་སུ་ཨྃ་དང་ཧཱུྃ་ལས་གྲི་གུག་དང་ཐོད་པ། ཨྃ་ཧཱུཾ་གིས་མཚན་པ་སྤྲོ་བ་དང་བསྡུ་བའི་མཚན་ཉིད་ཅན་ བསམ་མོ། །ཐམས་ཅད་གཅིག་ཏུ་གྱུར་པ་ལས། །བདག་ཉིད་དཔལ་ཀྱེ་རྡོ་རྗེ་བདག་མེད་མ་དང་བདེ་བ་སྡོམ་པ། ཞལ་བརྒྱད་པ། ཕྱག་བཅུ་དྲུག་པ་ཞབས་བཞི་པ། སྐུ་མདོག་ཟླ་བ་དང་ཤེལ་ལྟ་བུ་དང་། རྩ་བའི་ཞལ་སྐུ་ལྟ་བུ། གཡས་སྔོན་པོ། །གཡོན་དམར་པོ་གཞན་ནི་བུང་ བ་ལྟར་གཙིགས་པ། ཕྱག་གཡས་པའི་ཐོད་པ་བརྒྱད་ན། རིམ་པར་གླང་པོ་དང་། རྟ་དང་། བོང་བུ་དང་། གླང་དང་། རྔ་མོ་དང་། མི་དང་། སེང་གེ་དང་། བྱི་ལ་བསྣམས་པ། དེ་བཞིན་དུ་གཡོན་པ་བརྒྱད་ན། ས་དང་། ཆུ་དང་། རླུང་དང་། མེ་དང་། ཟླ་བ་དང་། ཉི་མ་དང་། གཤིན་རྗེ་དང་། གནོད་སྦྱིན་བསྣམས་པ། ཐོད་པའི་དབུ་རྒྱན་དང་། དོ་ཤལ་དང་། ཕྱག་རྒྱ་ལྔ་དང་། སྟག་ལྤགས་ཀྱི་ཤམ་ཐབས་དང་། ཐལ་བ་དང་། ཚངས་སྐུད་དང་ལྡན་པ། སྐྲ་སེར་པོ་གྱེན་དུ་འབར་བ་ལ། སྣ་ཚོགས་རྡོ་རྗེས་མཚན་པ། སྤྱན་ཉི་ཤུ་རྩ་བཞིས་ཕྱུག་པ། ཕྱེད་ཀྲུང་བཅས་པས་ བདུད་ཀྱི་སྟེང་ན་རོལ་པ། བདག་མེད་མ་ནག་མོ་ཞལ་གཅིག་ཕྱག་གཉིས་མ། སྐྲ་སེར་པོ་གྱེན་དུ་འབར་བ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། ལག་གདུབ་དང་། སྐ་རགས་ཀྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གྲི་གུག་དང་ཐོད་པ་འཛིན་པའི་ཕྱག་གིས་ གཙོ་བོའི་མགུལ་ནས་འཁྱུད་པ། གཉིས་སུ་མེད་པའི་མན་ངག་གིས་གནས་པར་བྱའོ། །དེ་ནས་སྙིང་གའི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་གཟུགས་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། མཆོད་པ་དང་། བསྟོད་པ་བྱས་ལ། གཉིས་སུ་མེད་པར་བསྟིམ་པར་བྱའོ། །ཨོཾ་ ཧཱུཾ་ཏྲཾ་ཁཾ་ཧཱུཾ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དུ། གཏི་མུག་རྡོ་རྗེ་ལ་སོགས་པ། དཀར་པོ། སྔོན་པོ། སེར་པོ། དམར་པོ། ལྗང་གུ། ནག་པོ་དང་། གྲི་གུག་དང་། ཐོད་པ་དང་། ཁ་ཊྭཱཾ་ག་བསྣམས་པར་བསྒོམ་པར་བྱའོ། །དེ་ནས་ཐུགས་ཀའི་འོད་ཟེར་གྱི་ལྕགས་ཀྱུས་ དེ་བཞིན་གཤེགས་པ་སྤྱན་དྲངས་ལ་མཆོད་པ་བྱ་སྟེ། ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དེ་དག་ཧེ་རུ་ཀའི་གཟུགས་སུ་གྱུར་པས། བདུད་རྩིའི་བུམ་པས་དབང་བསྐུར་བས། རིགས་ཀྱི་བདག་པོས་སྤྱི་བོར་མཚན་པར་བསམ་མོ། །དེ་ནས་གཏུམ་མོའི་ རྣལ་འབྱོར་བླ་མའི་མན་ངག་གིས་བསྒོམས་པས། བརྟགས་པའི་མཚན་མ་ལ་སོགས་པའི་རིམ་པས་དངོས་གྲུབ་ཐོབ་པོ། །བསྐྱེད་པའི་རིམ་པ་དགའ་བ་ཡིས། །རྩ་སོགས་གསང་སྔགས་བཏུ་བཟླས་ནས། །འབྱུང་པོ་ཆེ་ལ་གཏོར་མ་བྱིན། །དཀྱིལ་འཁོར་ལ་ སོགས་ལས་རྣམས་བྱ། གཽ་རཱི་གླུ་བླང་འདོད་ལོངས་སྤྱོད། །དཀའ་ཐུབ་མི་སྤྱད་བདེ་བས་བསྒྲུབ། །བདུད་རྩི་ལྔ་པོ་རྟག་ཏུ་བཟའ། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །བཅུ་དྲུག་ཕྱག་ནི་སྟོང་པ་སྟེ། །ཞབས་བཞི་བསྡུ་བའི་དངོས་པོ་བཞི། །སྤྱན་གསུམ་པོ་ནི་སྐུ་གསུམ་ཡིན། །སྙིང་རྗེའི་ སྤྱན་ནི་དམར་པོ་སྟེ། །ཡན་ལག་ནག་པོ་བྱམས་པའི་སེམས། །གུག་སྐྱེད་རྣམ་དག་སངས་རྒྱས་ལྔ། །ཁྲོ་བོ་གདུག་པ་འདུལ་བ་པོ། །ཕུང་པོ་ལྔ་ནི་མདོར་བསྡུ་ན། །རྡོ་རྗེ་མ་སོགས་ལྷ་མོ་ལྔ། །ཁམས་བཞི་དག་པས་ལྷ་མོ་བཞི། །མིག་སོགས་གཏི་མུག་རྡོ་རྗེ་སོགས། །ཡུལ་སོགས་ དག་པ་ལྷ་མོ་དྲུག །ཡང་དག་པར་ནི་རང་བཞིན་མེད། །དག་པས་དུག་མེད་བྱས་ནས་ནི། །བསྟེན་བྱ་འདི་དག་བསྟེན་པར་བྱ། །སྤྱོད་ལམ་དག་ནི་ཅི་སྤྱད་དང་། །རྟག་ཏུ་དེ་ཉིད་དྲན་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཤེས་རབ་རྒྱུད་ཀྱི་སྙིང་པོ་ཀྱེ་ཡི་རྡོ་རྗེ་རྒྱ་མཚོ་ལས། །དེ་ཉིད་ བསྡུས་པ་དཔའ་བོ་གཅིག་པའི་སྒྲུབ་པའི་ཐབས། །གསལ་བར་བྱས་པའི་དགེ་བ་གང་ཡིན་དེས། །འགྲོ་བ་མ་ལུས་དངོས་གྲུབ་ཐོབ་པར་ཤོག །དཔལ་དཔའ་བོ་གཅིག་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། སློབ་དཔོན་རྡོ་རྗེ་དྲིལ་བུས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་ པོ་ག་ཡ་དྷ་ར་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་བའོ། །༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཀྱེ་རྡོ་རྗེ་ཞེས་བྱ་བའི་སྒྲུབ་པའི་ཐབས། །དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཨེ་ཝཾ་ཉིད་བཞུགས་ རྗེ་བོ་མགོན་པོ་བཞི། །དང་པོ་ཐ་མ་དབུས་ལས་རྣམ་པར་གྲོལ། །རྡོ་རྗེ་འཛིན་པ་ཁྱོད་ལ་ཕྱག་འཚལ་ལོ། །བླ་མ་དང་སངས་རྒྱས་དང་ཆོས་དང་དགེ་འདུན་རྒན་པ་རྣམས་ཀྱི་རྐང་པ་ལ། དད་པ་སྤྱོད་པས་ཕྱག་བཙལ་ནས་བྲི། དང་པོར་གནས་བསྟན་པར་བྱ་བ་ནི། ཤིང་གཅིག་ གམ་ནི་དུར་ཁྲོད་དུ། །དེ་བཞིན་མ་མོའི་ཁྱིམ་དག་གམ། །ཡང་ན་དབེན་པའམ་བས་མཐའ་རུ། །དེར་ནི་བསྒོམ་པ་བཟང་བར་གསུངས། །ཞེས་འབྱུང་བས་ན་གནས་དེར་རམ། རང་ཉམས་དགའ་བའི་གནས་སུ་འདུག་ནས། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་རྣལ་འབྱོར་མཉམ་ པ་ཉིད་དུ་བྱས་ནས། །ནུབ་མོ་རང་གི་སྙིང་གར་འདུག་ནས། །རཾ་ལས་ཉི་མའི་དཀྱིལ་འཁོར། །དེའི་སྟེང་དུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཡི་གེ་ཧཱུྃ། ནམ་མཁའ་ལ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་ནས། ལྷ་མོ་བརྒྱད་རྒྱན་གྱིས་བརྒྱན་པ་སྤྲོས་ ནས་མཆོད་པ། གཽ་རཱི་ཟླ་བའི་སྣོད་ཅན། ཙཽ་རཱི་ཉི་མའི་སྣོད་ཅན། བེཏྟཱ་ལཱི་དྲི་ཆུའི་སྣོད་ཅན། གྷསྨ་རཱི་སྨན་གྱི་སྣོད་ཅན། །པུཀྐ་སཱི་རྡོ་རྗེ་འཛིན་པ། ས་བ་རཱི་བདུད་རྩིའི་སྣོད་ཅན། །ཙཎྜ་ལཱི་རྔེའུ་ཆུང་འཛིན་མ། དེ་རྣམས་ཀྱིས་མཆོད་པ། ཌོམྦི་ནཱི་རེག་བྱ་དབྱེར་མེད་པའི་ཆགས་པ་ཆེན་པོ་ དང་རྗེས་སུ་ཆགས་པར་བྱེད། དེ་ནས་ཕྱིའི་མཆོད་པ་དང་། སྡིག་པ་བཤགས་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །དེ་ནས་དང་པོ་བྱམས་པ་དང་། གཉིས་པ་སྙིང་རྗེ་དང་། གསུམ་པ་དགའ་བ་དང་། བཞི་པ་བཏང་སྙོམས་སུ་བྱའོ། །དེ་ནས་སེམས་ སྟོང་པ་ཉིད་དུ་བྱེད་པ། འཁོར་བ་བདག་ཏུ་འཛིན་པ་མེད་པར་བྱ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་ཡི་གེ་རཾ་ལས་སྔོན་དུ་ཉི་མའི་དཀྱིལ་འཁོར་བསྒོམ། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ། དེའི་ལྟེ་བ་ལ་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས་བླ་རེ་དང་། ས་གཞི་དང་། རྩིག་ པར་གྱུར། དེའི་དབུས་སུ་ནམ་མཁའི་དབྱིངས་ཀྱི་འབྱུང་གནས་སུ་བསྒོམ་པ་ནི་རླུང་གི་དཀྱིལ་འཁོར་མེའི་དཀྱིལ་འཁོར། ཆུའི་དཀྱིལ་འཁོར། སའི་དཀྱིལ་འཁོར། དེའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་ལྟེ་བ་ལ་བྷཱུཾ་བྷཱུཾ་དང་འཁོར་ལོ་གཉིས་དབྱེར་མེད་པ་ལས་རྣམ་པར་སྣང་མཛད་དེ་དང་འབྱུང་བཞིའི་ དཀྱིལ་འཁོར་གཅིག་ཏུ་འདྲེས་ནས། ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་གཞལ་ཡས་ཁང་དུ་གྱུར། གཞལ་ཡས་ཁང་ཐོག་གཅིག་པ། སྒོ་བཞི་པ་ཏྭ་རན་བཞིས་མཛེས་པ། མེ་ཏོག་སྣ་ཚོགས་པའི་གཟུགས་ཅན། དེའི་དབུས་སུ་ཨཱ་ལི་ལས་ཟླ་བའི་དཀྱིལ་འཁོར། ཀཱ་ལི་ལས་ ཉི་མའི་དཀྱིལ་འཁོར་དང་། ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཉི་མ་མཉམ་པ་ཉིད་ཀྱི་ཡེ་ཤེས་དབུས་སུ་ཧཱུཾ་ལས་རྡོ་རྗེ་སོ་སོར་རྟོག་པའི་ཡེ་ཤེས། གཅིག་ཏུ་འདྲེས་པའི་ངོ་བོ་བྱ་བ་གྲུབ་པའི་ཡེ་ཤེས། རྡོ་རྗེ་སེམས་དཔའི་གཟུགས་སུ་གྱུར་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ ཡེ་ཤེས་ཏེ། འདྲེས་པ་ཡི་གེ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དེ་མངོན་པར་བྱང་ཆུབ་པ་ལྔས་སྐུ་བསྐྱེད་པའོ། །ཞལ་དང་ཕྱག་མཚན་ཡབ་དང་སྲས་སུ་མཐུན་པ། རྡོ་རྗེ་སེམས་དཔའ་རིན་ཆེན་ཟླ་བའི་གཟུགས་ཅན། ཕྱག་བཅུ་དྲུག་ཞལ་བརྒྱད་ཞབས་བཞི་དགའ་བར་བྱེད་པ་ཕྱག་དང་པོ་གཉིས་ཀྱིས་ བདག་མེད་མ་ལ་འཁྱུད་པ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཟླ་བ། གཽ་རཱི་བརྒྱ་བྱིན་ཕྱོགས་སུ་གནས། ཙཽ་རཱི་ཡི་དགས་ཕྱོགས་སུ་གནས། བེཏྟཱ་ལཱི་ཆུ་བདག་ཕྱོགས་སུ་གནས། གྷསྨ་རཱི་གནོད་སྦྱིན་ཕྱོགས་སུ་གནས། བདུད་བཞི་འཇོམས་པའི་ཚུལ་དུའོ། ། གཙིགས་པའི་གཟུགས་ཅན་སྒོར་གནས་པའོ། །པུཀྐ་སཱི་འཇོམས་པའི་གཟུགས་ཅན་དབང་ལྡན་གྲྭར་གནས། ས་བ་རཱི་མེའི་གྲྭར་གནས། ཙཎྜ་ལཱི་བདེན་བྲལ་གྱི་གྲྭར་གནས། ཌོམྦི་ནཱི་རླུང་གི་གྲྭར་གནས་པའོ། །གཾ་ཙཾ་བཾ་གྷཾ་པཾ་སཾ་ལཾ་ཌཾ་ས་བོན་ལས་སྐུ་རྫོགས་ནས་དབྱུང་བར་བྱ། གཽ་ རཱི་ཕྱག་གཡས་ན་གྲི་གུག་གཡོན་ན་ཉ། རྩཽ་རཱི་གཡས་ན་རྔེའུ་ཆུང་། གཡོན་ན་ཕག །གྷསྨ་རཱི་གཡས་ན་སྦྲུལ། གཡོན་པདྨའི་སྣོད། པུཀྐ་སཱི་གཡས་སེང་གེ། གཡོན་དགྲ་སྟ། ས་བ་རཱི་གཡས་ན་དགེ་སློང་། གཡོན་ན་གསེག་ཤང་། ཙཎྜ་ལཱི་གཡས་ན་འཁོར་ལོ། གཡོན་ན་ཐོད་པ། ཌོམྦི་ནཱི་གཡས་རྡོ་རྗེ། གཡོན་སྡིགས་མཛུབ། གཽ་རཱི་ཁ་དོག་ནག་མོ། ཙཽ་རཱི་མདོག་དམར། བེཏྟཱ་ལཱི་མདོག་སེར། གྷསྨ་རཱི་མདོག་ལྗང་། པུཀྐ་སཱི་མདོག་སྔོ། ས་བ་རཱི་མདོག་དཀར། ཙཎྜ་ལཱི་ནམ་མཁའི་མདོག །ཌོམྦི་ནཱི་ཁ་དོག་སྣ་ཚོགས་ཐམས་ཅད་སྤྱན་གསུམ་པ། སྐྲ་གྲོལ་བ། ཕྱག་རྒྱ་བཞི་དང་ལྡན་པ་ཐམས་ཅད་བཞེངས་ནས། བརྐྱང་བསྐུམ་དུ་བཞུགས་པ། ཐམས་ཅད་ཀྱང་ཕྱག་གཉིས་པ། ཚངས་པ་དང་། ཁྱབ་འཇུག་དང་། དྲག་པོ་དང་། གཤིན་རྗེ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་རྣམས། གཽ་རཱི་ལ་སོགས་པ་རྣམས་ཀྱི་གདན་ནོ། ། དེ་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་བཅས་པ་འདོད་ཆགས་ཆེན་པོས་ཞུ་ནས། དེ་ནས་ལྷ་མོ་བཞིས་བསྐུལ་བ། སྣ་ཚོགས་གླུ་ཡིས་རབ་ཏུ་མཆོད། །དགྱེས་པའི་རྡོ་རྗེའི་ཐུགས་རྗེའི་ཡིད། །པུཀྐ་སཱི་ནི་བདག་ལ་སྐྱོབས། །བདེ་བ་ཆེན་པོ་སྦྱོར་འདོད་པས། ། སྟོང་པའི་རང་བཞིན་བསལ་ཏེ་བཞེངས། །སྟོང་པའི་རང་བཞིན་བསལ་ནས་ནི། །ས་བ་རཱི་ལ་དངོས་གྲུབ་སྩོལ། །གལ་ཏེ་གསོན་པར་མཆི་བཞེད་ན། །དགྱེས་པའི་རྡོ་རྗེ་བཞེངས་སུ་གསོལ། །ཙཎྜ་ལཱི་ནི་བདག་གིས་སུ། །མཐོང་བ་མེད་ནས་གསོལ་