Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 9

Văn bản gốc(Tây Tạng)

Trang 3 / 22 (50.000 ký tự/trang)
བ་ཡི། །ཅི་ཡི་ཕྱིར་ན་
སྟོང་པར་བཞུགས། །སྔོན་སྨོན་བཞིན་དུ་དཔའ་བོ་རོལ། །བདག་ནི་ཌོམྦིའི་མཚན་མ་མེད། །ཁྱོད་ཀྱི་སེམས་ནི་ཤེས་པ་སྟེ། །ཐུགས་རྗེ་མེད་པ་དེ་མི་རུང་། །སྒྱུ་འཕྲུལ་ལྟ་བུར་བཞེངས་སུ་གསོལ། །དང་པོ་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་འབྱུང་། །གསུམ་པ་
ལ་ནི་གཟུགས་རྫོགས་ཏེ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །བདག་པོ་དགའ་མ་ས་བོན་གཉིས། །བར་མ་འཇིགས་པ་སྔོན་པོ་གཉིས། །ཨཾ་ཧཱུཾ་གཉིས་ཀྱི་འོད་ཟེར་ལས། །རྡོ་རྗེ་ཆེན་པོ་བཞེངས་པའོ། །ལྷ་ཡི་གཟུགས་སུ་འཕྲོས་ནས་ནི། །ནམ་མཁའི་ཁམས་ནི་ཡོངས་
གང་པའོ། །སྙིང་གར་ཨཾ་ཧཱུཾ་ལ་བསྡུས་ནས། །རྣལ་འབྱོར་བཛྲ་དྷ་ར་ཞེས། །ཞེ་སྡང་ཆེན་པོའི་རང་བཞིན་གྱུར། །ཞབས་བཞི་ས་ལ་མནན་པ་ཡིས། །ལྷ་དང་ལྷ་མིན་འཇིགས་པར་བྱེད། །ཁ་དོག་ནག་པོ་འཇིགས་པར་བྱེད། །བདག་མེད་མ་ལ་བདེ་བ་སྟེར། །རྟོག་པ་མེད་
པའི་བདེ་བ་རྙེད། །རྟོག་པ་མེད་པའི་རང་བཞིན་གཟུགས། །བདུད་བཞི་རིམ་པར་ཞབས་ཀྱིས་མནན། །འཇིགས་པ་ཐམས་ཅད་འཇིགས་པར་བྱེད། །མགོ་བོའི་ཕྲེང་བ་རྫོགས་པར་བྱ། །ཉི་མའི་གདན་ལ་གར་ཐབས་བྱེད། །སྣ་ཚོགས་རྡོ་རྗེ་སྤྱི་བོར་གནས། །ཁ་དོག་ནག་པོ་
འཇིགས་པར་བྱེད། །དང་པོ་ཞལ་ནི་ནག་པོ་ཆེ། །གཡས་ཀྱི་ཞལ་ནི་ཟླ་ལྟར་དཀར། །གཡོན་གྱི་ཞལ་ནི་དམར་པོ་འཇིགས། །སྟེང་གི་སྔོན་པོ་གཙིགས་པའི་ཞལ། །ཉི་ཤུ་རྩ་བཞི་སྤྱན་དང་ལྡན། །ཞལ་རྣམས་གཞན་ནི་ནག་པོའོ། །ཧཱུྃ་ཞེས་བྱ་བའི་སྒྲ་འབྱིན་ཅིང་། །ཐལ་

བས་ལུས་ཀྱང་བྱུགས་པའོ། །སྨིན་མ་སྐྲ་ཡེངས་སེར་པོ་ཡིན། །ཕྱག་རྒྱ་ལྔ་ཡིས་སྐུ་ལ་བརྒྱན། །སྤྱན་ནི་ལྟ་སྟངས་ཁྲོ་བོར་བལྟ། །ལོ་ནི་བཅུ་དྲུག་ཙམ་གྱི་ཚད། །གླང་པོ་རྟ་དང་བོང་བུ་དང་། །བ་ལང་རྔ་མོ་མི་དག་དང་། །བྱི་ལ་དང་ནི་སེང་གེ་དང་། །གཡས་
ཀྱི་ཕྱག་ན་ཐོད་པ་བརྒྱད། །དེ་རྣམས་རིམ་པ་བཞིན་དུ་གཞག །ས་ཡི་ལྷ་དང་ཆུ་ཡི་ལྷ། །མེ་ཡི་ལྷ་དང་རླུང་གི་ལྷ། །ཟླ་བའི་ལྷ་དང་ཉི་མའི་ལྷ། །གཤིན་རྗེ་ལྷ་དང་ནོར་སྦྱིན་ནོ། །གཡོན་པའི་ཕྱག་ན་བནྡྷ་བརྒྱད། །དེ་རྣམས་རིམ་པར་དགོད་པའོ། །སྒེག་པ་དཔའ་བ་འཇིགས་
སུ་རུང་བ་དང་། རྒོད་དང་གཤེ་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །འབར་བའི་གར་དགུ་རོ་དང་ལྡན། །ཤྲཱི་ནི་ཡེ་ཤེས་མི་གཉིས་པ། །ཧེ་ནི་རྒྱུ་སོགས་རྣམ་པར་སྤངས། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཨོཾ་དྷརྨ་
དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། མིག་གཉིས་ལ་ནི་གཏི་མུག་རྡོ་རྗེའོ། །རྣ་བ་ལ་ཞེ་སྡང་རྡོ་རྗེའོ། །སྣ་ལ་སེར་སྣ་རྡོ་རྗེའོ། །ཁ་ལ་འདོད་ཆགས་རྡོ་རྗེའོ། །རེག་བྱ་ལ་ཕྲག་དོག་རྡོ་རྗེའོ། །ཡིད་ལ་བདག་མེད་རྣལ་འབྱོར་མའོ། །ས་ལ་སྤྱོད་མ་ལུས་རྡོ་རྗེ་མ། མཁའ་ལ་སྤྱོད་མ་གསུང་
རྡོ་རྗེ་མ། །སྙིང་གི་དབུས་ན་གནས་པ་ནི་བདག་མེད་མའོ། །རང་གི་སྙིང་གའི་ས་བོན་ལས། འོད་ནག་པོ་ལྕགས་ཀྱུ་འདྲ་བ་འཕྲོས་པས། ཁམས་གསུམ་གྱི་སངས་རྒྱས་སྤྱན་དྲངས་ནས། མཆོད་པ་ལྷ་མོ་བརྒྱད་དག་གིས་བྱའོ། །དེ་ནས་གསོལ་བ་གདབ་པར་བྱའོ། །ཨོཾ་
ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་བཛྲ་ཏ་ཐཱ་ག་ཏ། རྫོགས་ནས་ཐམས་ཅད་ཧེ་རུ་ཀ །སངས་རྒྱས་ཀུན་གྱིས་དབང་བསྐུར་མཛད། །སངས་རྒྱས་ཀུན་གྱི་རང་བཞིན་ཆུ། །བདུད་རྩི་བུམ་པས་དབང་བསྐུར་རོ། །དེ་ནས་མེ་ཏོག་གི་ཆར་དང་། རས་དང་ཙནྡན་གྱི་ཕྱེ་མ་དང་། གུར་གུམ་ཆར་དུ་ཕབ་པས།
ནམ་མཁའི་ཁམས་སྣ་ཚོགས་པའི་སྒྲས་གང་ནས། སྣ་ཚོགས་པའི་གཟུགས་ཀྱིས་མཆོད་པ་བྱས་ནས། ལོ་ཙ་ན་ལ་སོགས་པ་ཡིས། །རྡོ་རྗེའི་གླུས་ཀྱང་སྟོད་པར་བྱེད། །དེ་ལྟར་དབང་བསྐུར་ཟིན་ནས། མི་བསྐྱེད་པ་འཁོར་ལོའི་གཟུགས་ཅན། རྣ་བ་སྣང་བ་མཐའ་ཡས་ཀྱི་

བདག་ཉིད། །མགུལ་དུ་རིན་ཆེན་འབྱུང་ལྡན། །སྐ་རགས་དོན་ཡོད་གྲུབ་པ། གདུ་བུ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་དྲན་པར་བྱའོ། །ཕྱག་རྒྱ་ལྔ་རྣམ་པར་དག་པ་རིགས་ལྔའོ། །སྙིང་རྗེ་རྣམ་པར་དག་པ་སྤྱན་དམར་པོ། བྱམས་པ་རྣམ་པར་དག་པ་མདོག་ནག་པོ། བྱང་
ཆུབ་ཀྱི་ཡན་ལག་རྣམ་པར་དག་པ་པགས་པ། འཕགས་པའི་བདེན་པ་བཞི་རྣམ་པར་དག་པ་རུས་པ། ཕྱག་རྒྱ་རྣམ་པར་དག་པ་སངས་རྒྱས་ལྔའོ། །གདུག་པའི་སེམས་ཅན་གདུལ་བའི་ཕྱིར། ཁྲོ་བོའི་གཟུགས་སོ། །ཤ་རྣམ་པར་དག་པ་པུཀྐ་སཱིའོ། །ཁྲག་རྣམ་པར་དག་པ་ས་བ་
རཱིའོ། །བྱང་ཆུབ་རྣམ་པར་དག་པ་ཙཎྜ་ལཱིའོ། །རྐང་རྣམ་པར་དག་པ་ཌོམྦི་ནཱིའོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་ཞལ་བརྒྱད། ལུས་ངག་ཡིད་གསུམ་རྣམ་པར་དག་པ་སྤྱན་གསུམ། སྟོང་པ་བཅུ་དྲུག་རྣམ་པར་དག་པ་ཕྱག་བཅུ་དྲུག །བདུད་བཞི་རྣམ་པར་དག་པ་ཞབས་བཞི།
དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། གཽ་རཱི་ལ་སོགས་པ་ཕྱག་རྒྱ་བཞིའོ། །ས་རྣམ་པར་དག་པ་པུཀྐ་སཱིའོ། །ཆུ་རྣམ་པར་དག་པ་ས་བ་རཱིའོ། །མེ་རྣམ་པར་དག་པ་ཙཎྜ་ལཱིའོ། །རླུང་རྣམ་པར་དག་པ་
ཌོམྦི་ནཱི་རུ་གསུངས་སོ། །དུས་གསུམ་དུ་གནས་པ་ལས་ལངས་ནས་ལྷའི་གཟུགས་སུ་བྱའོ། །ཉོན་མོངས་པ་མེད་ན་སྔགས་ཀྱི་བཟླས་པ་བྱ་སྟེ། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །བྱ་བ་ཐམས་ཅད་ཧེ་རུ་ཀའི་གཟུགས་སུ་བྱ་སྟེ། དངོས་གྲུབ་གང་འདོད་ཀྱང་རུང་སྟེ། ཧེ་རུ་ཀའི་
གཟུགས་སུ་བྱའོ། །ཟླ་བ་དྲུག་ཏུ་འདུག་ན་དངོས་གྲུབ་འབྱུང་སྟེ། འཁྲུལ་པའི་བསམ་པ་མེད་ན། སངས་རྒྱས་ཀྱི་རྫུ་འཕྲུལ་ཐོབ་པར་འགྱུར་རོ། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །བརྗོད་པ་ཐམས་ཅད་སྔགས་ཡིན་ཏེ། ཧེ་རུ་ཀ་ནི་གནས་པ་ནི། །རྣམ་ཤེས་ཡང་དག་ཤེས་པ་
ཡིན། །རྒྱུད་ལས་སྒྲུབ་ཐབས་བསྡུས་པའོ། །ཤེས་དང་མི་ཤེས་མི་དཔོགས་པས། །ཟབ་མོ་ཚུལ་ནི་གསལ་བྱེད་པ། །ཤེས་རབ་འོ་མའི་རྒྱ་མཚོ་ལས། །སྐད་ཅིག་མན་ངག་སྲུབས་ཤིང་གིས། །སློབ་དཔོན་བདེ་བའི་མན་ངག་གིས། །བསྡུས་པས་བདུད་རྩི་ཟ་བ་ལྟར། །དེ་ཡི་བློ་ཡི་

ཤེས་པ་ཡིན། །ཧེ་རུ་ཀ་ཡི་སྒྲུབ་ཐབས་འདི། །ལེགས་པར་གསལ་བར་བྱས་པ་ནི། །དགྱེས་པའི་རྡོ་རྗེའི་རྒྱུད་ལས་བརྩམས། །དེ་བཞིན་གསུངས་པའི་རིམ་པ་ཡིས། །བདག་གི་བསོད་ནམས་འདི་དང་ནི། །དཔལ་གྱི་སྔགས་ཀྱི་རིམ་བརྗོད་པས། །ཡིན་པའི་བྱང་
ཆུབ་མན་དགེ་བས། །མྱུར་བར་སེམས་ཅན་གྲོལ་གྱུར་ཅིག །བླ་མ་དང་ནི་ཕ་མ་དང་། །འཁོར་མི་རྣམས་ཀྱིས་ཐོས་དགའ་བ། །བྱང་ཆུབ་སྙིང་པོར་བྱས་པ་འདི། །སྔོན་དུ་དྲན་པའི་ཡེ་ཤེས་ཀྱིས། །དེ་ཉིད་བརྗོད་པར་བྱས་པ་འདིས། །དཔལ་གྱི་ཡིད་ནི་རྙེད་པར་ཤོག །ཧེ་བཛྲའི་སྒྲུབ་ཐབས་སློབ་
དཔོན་བྱང་ཆུབ་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱཾ་པཾ་ཀ་ར་ཙནྡྲ་དང་། བོད་ཀྱི་ལོ་ཙཱ་བ་ལྷ་བཙན་པོ་མུ་ནི་རཱ་ཛས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ཧོ་མ་བི་དྷི། བོད་སྐད་དུ། དཔལ་ཀྱེ་
རྡོ་རྗེ་ལས་སྦྱིན་སྲེག་གི་ཆོ་ག །ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་མཁའ་འགྲོ་འགྲོ་བའི་མགོན། །ལྷ་མོ་དང་བཅས་འཁོར་ལོ་ལ། །ཕྱག་འཚལ་ནས་ནི་སྦྱིན་སྲེག་གི། །རིམ་པ་ཡང་དག་བཤད་པར་བྱ། །རྒྱལ་བས་བྱ་བའི་རྒྱུད་ལས་ནི། །ལས་ནི་རྣམ་པ་བཞིར་གསུངས་པ། །
ཞི་དང་རྒྱས་དང་དབང་མངོན་སྤྱོད། །དེ་ཡི་རིམ་པ་མ་ནོར་བར། །མདོར་བསྡུས་རིམ་པ་བཤད་པར་བྱ། །ཞལ་བསྲོ་ཆོ་ག་བྱ་བ་ལ། །རྒྱས་པའི་ལས་ནི་མཆོག་ཡིན་ཏེ། །རྒྱས་ནས་བརྩམས་ཏེ་ལས་རྣམས་ཀྱི། །རིམ་པ་རབ་ཏུ་བཤད་པར་བྱ། །མེ་ཐབ་རིམ་པ་བཤད་བྱ་སྟེ། །རྒྱས་པ་
པ་ལ་ནི་གྲུ་བཞི་པ། །ཞི་བ་ལ་ནི་ཟླུམ་པོར་འདོད། །དབང་ལ་གཞུ་ཡི་དབྱིབས་ཅན་ཏེ། །གསོད་པ་ལ་ནི་གྲུ་གསུམ་ཤིས། །ཡང་ན་ལས་ཀུན་བྱེད་པའི་མཆོག །ཁྲུ་གང་དང་ནི་ཁྲུ་དོ་ཉིད། །རྒྱས་པའི་སྟེང་དང་འོག་ཏུ་འདོད། །ཁྲུ་གང་དང་ནི་དེ་ཡི་ཕྱེད། །ཞི་བའི་སྟེང་དང་འོག་ཏུ་འདོད། །
གཞུ་ལ་བཞི་བཅུ་ཉི་ཤུ་ཁ། །ཟབས་སུ་སོར་བཅུ་དབང་གི་ཡིན། །ངོས་གསུམ་སོར་ནི་ཉི་ཤུ་ལ། །ཟབས་སུ་དེ་ཕྱེད་གསོད་ལ་འདོད། །རྒྱས་པ་ཁ་དོག་སེར་པོ་སྟེ། །ཞི་བ་དཀར་པོར་ཤེས་པར་བྱ། །དབང་ལ་དམར་པོར་རབ་ཏུ་གྲགས། །དེ་བཞིན་གསོད་ལ་ནག་པོར་འདོད། །

དགུག་པའི་ལས་ནི་དབང་དུ་བྱ། །མངོན་སྤྱོད་དུ་ནི་ཞེ་སྡང་སོགས། །རྒྱས་པ་དབུས་སུ་རིན་ཆེན་ཏེ། །ཤར་དུ་རྡོ་རྗེ་ལྷོར་འཁོར་ལོ། །ནུབ་ཏུ་པདྨ་རལ་གྲི་བྱང་། །སོར་བཞི་འགྱེད་པར་བྱས་པའི་ཕྱིར། །ཁ་ཁྱེར་སོར་བཞི་རྡོ་རྗེས་བསྐོར། །ཕྱི་རོལ་སོར་བཞི་བོར་ལ་ཡང་། །པདྨའི་
ཕྲེང་བ་གཏང་བར་བྱ། །ཞི་བའི་ཕྱག་མཚན་རིམ་པ་ཡང་། །དབུས་སུ་འཁོར་ལོ་ཤར་རྡོ་རྗེ། །ལྷོ་རུ་རིན་ཆེན་ནུབ་པདྨ། །བྱང་དུ་རལ་གྲི་ཤེས་པར་བྱ། །ཙནྡན་དཀར་པོས་བྱུགས་པའོ། །དབང་གི་ཕྱག་མཚན་རིམ་བཤད་བྱ། །ཁ་ཁྱེར་སྤྱི་དང་མཐུན་པ་སྟེ། །དབུས་ལ་རྡོ་རྗེ་ར་བ་
དང་། །དབུས་སུ་པདྨ་འདབ་བརྒྱད་བྱ། །ཕྱི་མ་སྤྱིར་མཐུན་དམར་པོས་བྱུག །མངོན་སྤྱོད་མཚན་ཉིད་བཤད་བྱ་སྟེ། །ཁ་ཁྱེར་སོར་གསུམ་རྡོ་རྗེས་བསྐོར། །དབུས་སུ་རལ་གྲི་ཕྱི་མ་ནི། །བླ་མའི་ཞལ་ཤེས་ནག་པོས་བྱུག །རྒྱས་པ་ཤར་དུ་བལྟས་ལ་བྱ། །ཞི་བ་ལ་ནི་བྱང་དུ་འདོད། །
དབང་དང་བསྐྲད་པ་ནུབ་ཏུ་འདོད། །དྲག་པོའི་ལས་ལ་ལྷོ་རུའོ། །རྒྱས་པ་ལ་ནི་ནང་པར་བྱ། །ཞི་བ་ཉི་མ་ཕྱིད་ནའོ། །དབང་ནི་ཉི་ནུབ་ནམ་ཕྱེད་དྲག །ཅེས་གང་གསུངས་པ་ནི་མེ་ཐབ་ཀྱི་རིམ་པའོ། །མཆོད་རྫས་སྲེག་རྫས་རིམ་ཞེས་བྱ། །སྔགས་མཁན་གཡོན་དུ་དྲི་མེ་ཏོག །དུང་
ཕོར་བཀང་བ་གཞག་པར་བྱ། །ཡོན་ཆབ་སྣོད་ནི་གསེར་ལ་སོགས། །ཆུ་དང་མེ་ཏོག་གིས་བཀང་གཞག །མེད་ན་ས་ལས་བྱས་པའང་རུང་། །ཤིང་ནི་མི་ཤེས་སྤང་བར་བྱ། །དགང་གཟར་བླུགས་གཟར་མར་མདུན་དུ། །གཡས་སུ་དྲིས་བཀང་སྣོད་དུ་ནི། །ཀུ་ཤ་བཅུག་ལ་
གཞག་པར་བྱ། །ལས་ཀུན་བྱེད་པའི་བུམ་པ་ཡང་། །ཚུལ་བཞིན་དུ་ནི་གཞག་པར་བྱ། །འབྱུང་པོའི་གཏོར་མ་མཆོག་ཀྱང་གཞག །ཏིལ་སོགས་སྲེག་རྫས་རིམ་བཞིན་གཞག །རྒྱས་ལ་ཞོ་དང་ཞི་ལ་ཏིལ། །དབང་དང་དགུག་ལ་ཨུཏྤལ་དམར། །དྲག་པོ་ལ་སོགས་ཚེར་ཅན་
ཤིང་། །ཕྱི་མ་འོག་ནས་བཤད་པ་བཞིན། །ཐོག་མར་མར་དང་ཐ་མར་མར། །མཆོད་རྫས་དང་སྲེག་རྫས་ཀྱི་རིམ་པའོ། །དེ་རྣམས་བྱིན་གྱིས་བརླབ་པ་ནི། །རྡོ་རྗེས་རག་པ་དེ་ཉིད་ནི། །བརྗོད་པས་དྲི་མ་དག་ནས་ནི། །ཉི་མའི་ཤེལ་ལྟར་དག་པར་བསམ། །རྫས་བྱིན་གྱིས་བརླབ་

པའི་རིམ་པའོ། །རློན་ཤིང་འདབ་བཅས་རྩེ་ལས་བྱུང་། །སྲིད་དུ་མཛུབ་གང་སྦོམ་ཆག་གང་། །སྦྲང་རྩི་དང་ནི་མར་གྱིས་བྱུག །ཙནྡན་དཀར་པོའི་ཆུ་ལ་སྤངས། །རྩེ་གཅིག་ཞི་བའི་ལས་ལ་དབུལ། །སྲིད་དུ་ཁྲུ་གང་སྦོམས་སུ་ནི། །ཆག་གང་པ་ནི་རབ་ཏུ་
བཟང་། །ཡལ་ག་དབུས་ཀྱི་ཆ་ལས་བྱུང་། །ཞོ་དང་མར་དང་སེར་པོའི་དྲིས། །སྤངས་པ་རྩེ་གཅིག་རྒྱས་པ་ལའོ། །སོར་ལྔ་འདབ་བཅས་སྦོམ་ཆག་གང་། །ཡུངས་མར་བདུད་རྩི་ལྔ་ལ་སོགས། །སྤངས་པ་དབང་གི་ལས་ལ་ཤིས། །སྲིད་དུ་སོར་བཞི་ཚེར་མ་ཅན། །མི་རུས་
དུར་ཁྲོད་ཐལ་ཆེན་དང་། །དུག་ལ་སོགས་པའི་ཆུས་སྤངས་པའོ། །མངོན་སྤྱོད་དག་ལ་དབུལ་བར་རིགས། །ཡམ་ཤིང་གི་རིམ་པའོ། །དེ་ནས་བུད་ཤིང་རིམ་པ་བཤད། །པཱ་ལ་ཤ་དང་ནྱ་གྲོ་སོགས། །ལས་ཀྱི་རྗེས་སུ་མཐུན་པར་བྱ། །ཡང་ན་འོ་མ་ཅན་ཤིང་མཆོག །དེ་ཡང་
ལས་དང་རྗེས་མཐུན་བྱ། །བུད་ཤིང་རིམ་པ་མདོར་བསྟན་པའོ། །དེ་ནས་སློབ་དཔོན་ཕྱག་རྒྱ་ལྔ་དང་ལྡན་པས། བླ་མ་མཆོད་པ་ནས་བརྩམས་ཏེ། ཏིང་ངེ་འཛིན་རྫོགས་པ་དང་། བདག་ཉིད་ཀྱི་དཀྱིལ་འཁོར་ལ། ཀུ་ཤས་བསང་གཏོར་བྱ། ཞལ་བཤལ་དང་། ཨརྒྷཾ་དང་།
ཞབས་བསིལ་དང་། མཆོད་པ་རྣམ་པ་ལྔས་མཆོད། ཕྱག་རྒྱའི་མཆོད་པ་དང་། ཕྱག་བཙལ་བར་བྱའོ། །བདག་གཟི་བྱིན་བསྐྱེད་པའི་རིམ་པའོ། །དེ་ནས་རྫས་རྣམས་ཐམས་ཅད་ལ། བསང་གཏོར་ལན་གསུམ་བྱས་ནས་སུ། །ལས་དང་རྗེས་མཐུན་མེ་བླངས་ནས། །རླུང་ཡབ་
ཀྱིས་ནི་སྦར་བར་བྱ། །སྦར་བའི་སྔགས་ནི་འདི་ཡིན་ཏེ། །ཨོཾ་ཛྭཱ་ལ་ཛྭཱ་ལ་ཧཱུཾ་ཕཊ། མང་བརྗོད་ལེགས་པར་སྦར་ནས་ནི། །ཐབ་ཁུང་བུད་ཤིང་བརྫངས་པ་ལ། །གཞུང་བཞིན་དུ་ནི་མེ་གཞུག་གོ། །མར་གྱིས་གཟི་བྱིན་བསྐྱེད་བྱས་ལ། །དགེ་དང་མི་དགེའི་མཚན་བརྟག་གོ། །མེ་སྦར་བའི་
རིམ་པའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། །འདིས་ནི་ཀུ་ཤ་བྱིན་བརླབས་ནས། །ཤར་དུ་རྩེ་བསྟན་དང་པོ་ཡིན། །ལྷོ་དང་ནུབ་བྱང་དེ་བཞིན་རྩེ། །བསྟན་ཏེ་བཀྲམ་པའི་རིམ་པའོ། །ཀུ་ཤ་དགྲམ་པའི་རིམ་པ་མདོར་བསྟན་པའོ། །སྔོན་དུ་བསྒོམ་པའི་རིམ་པའོ། །ནམ་མཁའི་

ཁམས་སུ་བྷ་ག་བསམ། །དབུས་སུ་ཧཱུཾ་བསྐྱེད་མཆོད་རྟེན་བསམ། །ལས་དང་རྗེས་སུ་མཐུན་པ་ཡི། །དེ་ཡི་དབུས་སུ་ཐབ་ཁུང་བསམ། །དབུས་སུ་པཾ་བསྐྱེད་པདྨ་ལ། །དེ་དབུས་ཉི་མའི་དཀྱིལ་འཁོར་བསམ། །དེ་སྟེང་མངོན་པར་བྱང་ཆུབ་པས། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་
བསྒོམ། །འདོད་ཆགས་སྟོབས་ཀྱིས་འོད་དུ་ཞུ། །འོད་ལས་ཧཱུཾ་དང་རཾ་དུ་གྱུར། །དེ་གྱུར་མེ་ལྷ་ཡབ་ཡུམ་བསམ། །ལས་དང་རྗེས་སུ་མཐུན་པའི་མདོག །ཞལ་གསུམ་པ་ལ་ཕྱག་དྲུག་པ། །རང་དང་འདྲ་བའི་ཤེས་རབ་འཁྱུད། །གཡས་ན་གུནྡྷེ་མཆོག་སྦྱིན་བསྣམས། །གཡོན་
ན་སེའུ་འབྲུ་བགྲང་ཕྲེང་མཐའ། །གསུས་འདིར་རལ་པའི་དབུ་རྒྱན་ཅན། །རིགས་བདག་ཅོད་པན་མཆོད་ཕྱིར་ཐོགས། །དེ་ཡི་ཐུགས་ཀར་བསམ་པ་ནི། །སྣ་ཚོགས་པད་སྟེང་གྲུ་གསུམ་མེ། །དེ་ཡི་སྟེང་དུ་ཧཱུཾ་དང་ཛཿ། །ལྕེ་ལ་ཡི་གེ་རཾ་བསམ་མོ། །བསང་གཏོར་ནས་བརྩམས་ཕྱག་འཚལ་
སོགས། །དེ་ལ་མཆོད་པ་དབུལ་བར་བྱའོ། །དམ་ཚིག་སེམས་དཔའི་མེ་ལྷའི་རིམ་པའོ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ། སརྦ་ཀརྨཱ་པྲ་སཱ་དྷ་ཀ། ཀ་རུ་ཎི་ཀྲི་ཏ་སརྦ། ཨཱསྨིན་སནྣི་ཧི་ཏྭཱབྷ་བ་ཡེ་ཤེས་སེམས་དཔའ་དགུག་པའོ། །རང་གི་མདུན་དུ་བལྟས་ནས་ནི། །བསང་གཏོར་ནས་བརྩམས་ཕྱག་འཚལ་མཐའ། །ཕྱག་
ནས་རབ་ཏུ་བསྟིམ་པར་བྱ། །སྔགས་འདིས་དགྱེས་པར་བཞུགས་སུ་གསོལ། །སརྦཱ་ནྱཻ་པར་ཐན་ཙ་སི་ཏི་ཧཾ་ག་ཙ་ཧ་བྱ་བ་ཀ། ཨ་ཀ་མུ་ཡེ་ཐ་ཀ་ལེ། སརྦ་སིདྡྷི་ཀུ་རུ་ཤ་མེ་མེ་ཛཿཧཱུཾ་བཾ་ཧོཿ། །བཀའ་ལུང་གིས་གར་དང་ལྡན་པར་བསྐུལ་བར་བྱ། གཽ་རཱི་ལྕགས་ཀྱུས་བཀུག་ནས་ནི། །རྩཽ་
རཱི་མ་ཡིས་ཞགས་པས་གཞུག །ལྕགས་སྒྲོག་གིས་བསྡམས་བེཏཱ་ལཱི། །དྲིལ་བུས་མཉེས་བྱེད་གྷསྨ་རཱི། །གཉིས་སུ་མེད་པར་བསྟིམས་ནས་ནི། །བསང་གཏོར་ནས་བརྩམས་མཆོད་པ་དབུལ། །དམ་ཚིག་གི་མེ་ལྷ་ལ་ཡེ་ཤེས་ཀྱི་མེ་ལྷ་གཞུག་པའི་རིམ་པའོ། །དེ་ནས་ལས་དང་
རྗེས་སུ་མཐུན་པའི་སྒྲུབ་པ་པོས་རྒྱུད་རྣམས་བསྒོམས་ནས་ནི། གཟར་བུ་གཉིས་ཀྱི་ནང་དུ་ནི། ཡི་དམ་ལྷ་ཡི་ས་བོན་བསམ། །གྲུ་མོ་གཉིས་སྤྲད་གཟར་བུ་བདུན། །སོ་སོའི་ལས་དང་མཐུན་པར་དབུལ། །རྒྱས་དང་ཞི་བ་པུཥྚིཾ་དང་། །ཤཱནྟིཾ་ཀུ་རུ་ཞེས་པས་དབུལ། །དབང་དྲག་གཉིས་པ་

བ་ཤཾ་དང་། །ཤ་ཏྲཱུཾ་མ་རས་དབུལ་བར་བྱ། །དེ་ནི་དབུལ་བའི་རིམ་པ་བཤད་པར་བྱ་སྟེ། །ཨོཾ་ན་མཿ ས་མནྟ་བུདྡྷཱ་ནཱཾ། ཨགྣ་ཡེ་སྭཱ་ཧཱ། པུ་ཎ་ཧི་མནྟྲ། ཨགྣ་ཡེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་སོ། །གཞན་ནི་བླུགས་གཟར་གྱིས་དབུལ་བར་བྱའོ། །ཨོཾ་སརྦ་སཾ་བ་དེ་
སྭཱ་ཧཱ། ཞོ་ཟན་གྱིའོ། །ཨོཾ་སརྦ་པཱ་པིཾ་ད་ཧ་ན་བཛྲ་ཡ་ཨ་མུ་ཀཾ་བྱ་སརྦ་པཱ་བཾ་ད་ཧ་ན་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། མ་གྲུགས་པའི་དཱུར་བའི་འོ། །ཨོཾ་བཛྲཱཡུ་ཥེ་སྭཱ་ཧཱ། འབྲས་མ་ཆག་པའི་འོ། །ཨོཾ་བཛྲཱ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཀུ་ཤའི་འོ། །ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ།
ལག་པན་གྱིའོ། །ཨོཾ་བཛྲ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་ཆེན་གྱིའོ། །ཨོཾ་བཛྲ་གྷསྨ་རི་སྭཱ་ཧཱ། གྲོའི་འོ། །ཡམ་ཤིང་དབུལ་བའི་རིམ་པ་ནི། ཨོཾ་ཡཛྙཱ་ཡ་སྭཱ་ཧཱ། ཨུ་དུམྺཱ་རའི་འོ། །ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། བྱང་ཆུབ་ཀྱི་ཤིང་གིའོ། །ཨོཾ་བཛྲ་ན་ད་
ཐཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའི་འོ། །ཨོཾ་བཛྲ་ཧ་ས་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའི་འོ། །དེ་ནས་ཨགྣ་ཡེ་པུཥྚིཾ་ཀུ་རུ་ཞེས་པས་མར་དགང་གཟར་ཁེངས་པ་སྟོང་ཡན་ཆད་དབུལ་བར་བྱའོ། །དེ་ནས་བསང་གཏོར་ནས་བརྩམས་ཏེ། མཆོད་ནས་མེ་ལྷ་ལ་བསྟོད་པ་བྱ། རྡོ་རྗེ་དྲིལ་འཛིན་དཔའ་བོ་ཡིས། །
སྲིད་པའི་རང་བཞིན་ཚིགས་བཅད་བརྗོད། དེ་ཡན་ཆད་ནི་མེ་ལྷ་མཆོད་པའི་རིམ་པའོ། །དེ་ནས་ལས་ཀུན་བྱེད་པའི་ཆུས། །མེ་ལྷ་བསང་གཏོར་ཐུགས་ཀ་རུ། །དཀྱིལ་འཁོར་འཁོར་ལོ་བསང་བར་བྱ། །ལས་དང་རྗེས་མཐུན་མེ་ཞལ་ཐབ། །བསངས་ནས་དེ་རུ་དབུལ་བར་བྱ། །
ཛཿཧཱུཾ་བཾ་ཧོཿའི་བཀའ་ལུང་འདིས། །དཀྱིལ་འཁོར་ལྷ་ནི་དཀྱིལ་འཁོར་བསྟིམ། །བསང་གཏོར་ནས་བརྩམས་མཆོད་པ་དབུལ། །མཆོད་བསྟོད་བདུད་རྩི་མཐར་ཐུག་བྱ། །དེ་ནས་མར་གཟར་ཉི་ཤུ་རྩ་གཅིག་ཡན་ཆད་དབུལ་བར་བྱའོ། །དེ་ནས་ཞོ་ལ་སོགས་པའི་རྫས་རྣམས་
ཕུལ་ལ། མར་གྱི་སྦྱིན་སྲེག་བརྒྱའམ་སྟོང་ལ་བརྒྱད་ཀྱིས་བཏགས་པ་དབུལ་བར་བྱའོ། །བསང་གཏོར་ནས་བརྩམས་མར་གྱིས་མཆོད། །བསྟོད་དེ་ཕྱག་འཚལ་གཤེགས་སུ་གསོལ། །རྡོ་རྗེ་དྲིལ་འཛིན་དཔའ་བོ་ཡིས། །རང་བཞིན་དག་གི་ཚིག་བཅད་བརྗོད། །

ཡི་གེ་བརྒྱ་པས་བཟོད་པར་གསོལ། །མཐའ་རུ་མུཿབཏགས་སྙིང་གར་བསྡུ། །ལྷ་ཡི་སྦྱིན་སྲེག་གི་རིམ་པའོ། །དེ་ནས་བླུགས་གཟར་འབའ་ཞིག་གིས། །ལྷག་ནས་མེ་ལྷའི་མཆོད་པར་བྱ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་སོ། །དེ་ནས་རྫས་ཀུན་ཕུལ་བ་དང་། དགང་གཟར་
མར་གྱིས་བཀང་ནས་ནི། །དེ་ནས་སློབ་མས་མེ་ཏོག་བོར། །ལས་དང་མཐུན་པའི་ལེགས་པ་བརྗོད། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་དབུལ། ཤནྟིཾ་ཀུ་རུ་ཞི་བ་ལ། རྒྱས་པ་པུཥྚིཾ་པ་ཤཾ་དབང་། །ཞི་བའི་སྦྱིན་སྲེག་བྱེད་པའི་དུས་སུ་རྣལ་འབྱོར་པས་བྱ་བའི་རིམ་པ་ནི་འདི་དག་ཡིན་ཏེ།
དང་པོར་ཐབ་ཁུང་གི་བྱེ་བྲག་བྱ་བ་དང་། ཚད་དང་ཁ་དོག་དང་། མཚན་མ་བྲི་བ་དང་དུས་དང་ཕྱོགས་དང་། རྫས་ཀྱི་མཚན་ཉིད་དང་། རྫས་བྱིན་གྱིས་བརླབ་པ་དང་། རྣལ་འབྱོར་བསྐྱེད་པ་དང་། ཡམ་ཤིང་གི་མཚན་ཉིད་དང་། བུད་ཤིང་གི་མཚན་ཉིད་དང་། མེ་སྤར་བའི་མཚན་ཉིད་དང་། ཀུ་ཤ་དགྲམ་
པ་དང་། ཐབ་ཁུང་བྱིན་གྱིས་བརླབ་པ་དང་། དེར་དམ་ཚིག་གི་མེ་ལྷ་བསྐྱེད་པ་དང་། དེ་ལ་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲང་བ་དང་། བསང་གཏོར་དང་། ཡང་དེར་བདག་ཉིད་ཀྱི་ལྷའི་འཁོར་ལོ་བསྐྱེད་པ་དང་། དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དང་། དེར་དགང་བླུགས་ལ་སོགས་པ་
དབུལ་བ་དང་། མཆོད་པ་ལ་སོགས་པ་ཕུལ་ལ། ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ་ཏེ། དམ་ཚིག་གི་འཁོར་ལོ་བསྡུ་བ་དང་། ཡང་མེ་ལྷ་ལ་མཆོད་པ་ལ་སོགས་པ་བྱ་སྟེ། ཡེ་ཤེས་ཀྱི་ལྷ་བསྐུལ་བ་དང་། དམ་ཚིག་གི་མེ་ལྷ་བསྡུས་ལ། རྫས་ལྷག་མས་སྦྱིན་སྲེག་བྱ་སྟེ། བདག་
ཉིད་ཅི་བདེར་གནས་པར་བྱའོ། །མངོན་སྤྱོད་ལ་ནི་མཱ་ར་ཡ། །མར་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད། །མེ་ལྷའི་མཆོད་པ་བྱས་ནས་ནི། །མཆོད་པའི་ཞལ་བསིལ་གོང་མ་བཞིན། །སོ་རྩི་ན་བཟའ་ལ་སོགས་པས། །མེ་ལྷ་མཉེས་པར་བྱས་ནས་ནི། །རང་བཞིན་དག་པའི་ཚིགས་
བཅད་བརྗོད། །མེ་ལྷ་ནམ་མཁར་གཤེགས་སུ་གསོལ། །མེ་ལྷའི་མཆོད་པའི་རིམ་པའོ། །ཟབ་མོའི་དོན་ནི་མན་ངག་ཡིན་པས་འདིར་མ་བསྟན། །ཀྱེ་ཡི་རྡོ་རྗེ་ཞེས་བྱ་བའི། །སྦྱིན་སྲེག་རིམ་པ་གསལ་བྱེད་པས། །དགེ་བ་ཐོབ་པ་གང་ཡིན་དེས། །མྱུར་བར་སེམས་ཅན་གྲོལ་གྱུར་

ཅིག །སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་པ། །སློབ་དཔོན་པོ་དྷི་གརྦྷས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མཱ་ལ་ཤྲཱི་དང་། དགེ་སློང་ཤེས་རབ་སྐྱབས་ཀྱིས་བསྒྱུར།། ༄༅༅། །རྒྱ་གར་སྐད་དུ། ད་ཤ་ཏཱཏྟྭ།
བོད་སྐད་དུ། དེ་ཁོ་ན་ཉིད་བཅུ་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཧེ་རུ་ཀ་དང་བླ་མ་ལ། །གུས་པས་ཕྱག་བྱས་དགྱེས་པའི་རྡོ་རྗེ་ལས། །གསུངས་པའི་དེ་ཁོ་ན་ཉིད་བཅུ་པ་ལས། །རྣམ་པ་ངེས་པ་མདོར་བསྡུས་ནས་བཤད་བྱ། །
བསྲུང་བ་དབང་བསྐུར་གཏོར་མ་བཟླས་དགར་དང་། །ཕྱིར་བཟློག་པ་དང་དཀྱིལ་འཁོར་བསྒྲུབ་པ་དང་། །བསྡིགས་སྦྱོར་བ་དང་གཤེགས་སུ་གསོལ་བ་སྟེ། །དེ་ཉིད་བཅུ་ཞེས་སངས་རྒྱས་རྣམས་ཀྱིས་གསུངས། །དེ་ལ་དོན་ནི་འདི་ཡིན་ཏེ། སྲུང་བའི་འཁོར་ལོ་ཞེས་བྱ་བ་ནི་ཡི་གེ་པཾ་
སེར་པོའི་ས་བོན་ལས་བྱུང་བའི་སྣ་ཚོགས་པདྨ་ལ། ཡི་གེ་རཾ་ལས་སྐྱེས་པའི་ཉི་མ་ལ་གནས་པའི་ས་བོན་བྷྲཱུྃ་སེར་པོ་དེ་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བཅུ་པའོ། །དེའི་དབུས་སུ་ཉི་མའི་ལྟེ་བ་ལ་གནས་པའི་ཡི་གེ་ཧཱུཾ་སྔོན་པོ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཧཱུཾ་མཛད་དང་། ཆོ་ག་
བཞིན་དུ་ས་བོན་གྱི་ཡི་གེ་ཧཱུྃ་བཅུ་རྩིབས་བཅུ་ལ་གནས་པ་དེ་ལས་སྐྱེས་པའི་ཁྲོ་བོ་བཅུ་པོ་ཡིན་ནོ། །དེ་ལ་ཤར་གྱི་རྩིབས་ལ་གཤིན་རྗེ་གཤེད་སྔོན་པོ་ཐོ་བ་བསྣམས་པའོ། །ལྷོའི་རྩིབས་ལ་ཤེས་རབ་མཐར་བྱེད་དཀར་པོ་བེ་ཅོན་དཀར་པོ་འཆང་བའོ། །ནུབ་ཀྱི་རྩིབས་ལ་པདྨ་མཐར་བྱེད་
དམར་པོ་པདྨ་དམར་པོ་འཛིན་པའོ། །བྱང་གི་རྩིབས་ལ་བགེགས་མཐར་བྱེད་ནག་པོ་རྡོ་རྗེ་ནག་པོ་འཛིན་པའོ། །དབང་ལྡན་གྱི་རྩིབས་ལ་འདོད་པའི་རྒྱལ་པོ་ནག་པོ་ལྕགས་ཀྱུ་འཆང་བའོ། །མེའི་རྩིབས་ལ་དབྱུག་པ་སྔོན་པོ་ཕྱག་ན་དབྱུག་པ་ནག་པོ་འཛིན་པའོ། །བདེན་བྲལ་གྱི་རྩིབས་
ལ་སྟོབས་པོ་ཆེ་ནག་པོ་ཕྱག་ན་རྩེ་གསུམ་པ་བསྣམས་པའོ། །རླུང་གི་རྩིབས་ལ་མི་གཡོ་བ་རལ་གྲི་ནག་པོ་འཆང་བའོ། །སྟེང་གི་རྩིབས་ལ་གཙུག་ཏོར་འཁོར་ལོས་སྒྱུར་བ་རྣམ་པར་སྣང་མཛད་གྱི་ཅོད་པན་ཅན་འཁོར་ལོ་དཀར་པོ་བསྣམས་པའོ། །འོག་གི་རྩིབས་ལ་གནོད་མཛེས་

རྒྱལ་པོ་མི་བསྐྱོད་པའི་ཅོད་པན་ཅན་ཕྱག་ན་རྡོ་རྗེ་ནག་པོ་བསྣམས་པའོ། །རྡོ་རྗེ་ཧཱུཾ་མཛད་དབུ་མི་བསྐྱོད་པས་གནོན་པ་རྡོ་རྗེ་ནག་པོ་འཆང་བའོ། །ཤར་ལ་སོགས་པའི་ཁྲོ་བོ་བཞི་པོ་དག་ནི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པའི་ཅོད་པན་ཅན་དག་
གོ། །རིམ་པ་དེ་ཁོ་ན་བཞིན་དུ་དབང་ལྡན་ལ་སོགས་པ་ན་བཞུགས་པའི་འདོད་པའི་རྒྱལ་པོ་དང་། དབྱིག་པ་སྔོན་པོ་དང་། སྟོབས་པོ་ཆེ་དང་། མི་གཡོ་བ་དག་ནི་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་འོད་དཔག་མེད་དང་། དོན་ཡོད་གྲུབ་པའི་ཅོད་པན་ཅན་དག་ཡིན་ནོ། །ཁྲོ་བོ་ཐམས་ཅད་ཞལ་
གཅིག་ཕྱག་གཉིས་པ་སྟེ། གཡོན་གྱི་མཛུབ་མོ་དག་ནི་སྡིགས་མཛུབ་དང་བཅས་པ་དང་། གཡས་པ་རྣམས་ནི་རང་གི་ཕྱག་མཚན་འཆང་བའོ། །ཁྲོ་བ་དང་བཅས་པའི་ཞལ་གདོང་ཟླུམ་ལ་དམར་བ་སྐྲ་སེར་བ་གྱེན་དུ་བརྫེས་པ་ཁྲོ་བོ་རང་འདྲ་བའི་གཟུགས་འཕྲོ་བ་བདུད་རྣམས་བསྡིགས་
པར་མཛད་པ་ཉི་མ་ལ་བཞུགས་ཤིང་ཉི་མའི་དཀྱིལ་འཁོར་གྱི་འོད་ཅན་དག་གོ། །གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་དག་ནི་སྦོམ་ལ་གསུས་པ་འཕྱང་བ་སྦྲུལ་གྱིས་བརྒྱན་པ། སྨིན་མ་སེར་བ་གྱེན་དུ་བརྫེས་པ་ཡིན་ལ།
གཞན་རྣམས་རོལ་པའི་སྐུ་ཅན་ཡིན་ནོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དང་པོའོ། །ད་ནི་དབང་བསྐུར་བ་བརྗོད་པར་བྱ་སྟེ། གོ་རིམས་བཞིན་དུ་དཀྱིལ་འཁོར་གྱི་གནས་སུ་དཀྱིལ་འཁོར་བྱས་ལ། དཀྱིལ་འཁོར་ལ་འཇུག་པའི་ཆོ་གས་དཀྱིལ་འཁོར་ལ་བཅུག་པ། རྒྱགས་པ་དང་། ང་རྒྱལ་
དང་། དྲེགས་པ་ཆུད་ཟད་མེད་པ། གཞན་ལ་དད་པ་མེད་པ། ཤིན་ཏུ་དད་པས་བལྟ་བ། ཆུ་དང་ཅོད་པན་དང་། རྡོ་རྗེ་དང་བདག་པོ་ལ་སོགས་པ་བདུན་པོས་དབང་བསྐུར་བའི་སློབ་མ་ལ་ཆོ་ག་བཞིན་དུ་གསང་བའི་དབང་སྦྱིན་པར་བྱའོ། །དེའི་རྗེས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་གྱི་
ཆོ་ག་དང་ལྡན་པ་བདུན་པོ་དང་། གསང་བའི་དབང་བསྐུར་བ་ཐོབ་པ་ཤེས་རབ་ཡེ་ཤེས་ལ་སེམས་རབ་ཏུ་དགའ་བ། ཤེས་རབ་དང་སྦྱོར་བ་བདེ་བའི་བརྡས་བསྟན་པ་ལ་ཤེས་རབ་ཡང་དག་པར་གཏད་པའི་ཆོ་གས་ལུང་ལས་གསུངས་པ་བཞིན་ཤེས་རབ་གཏད་པར་བྱའོ། །ཤེས་

རབ་ཡང་དག་པར་གཏད་པ་བླངས་པའི་བདེ་བའི་བརྡ་གང་ཡིན་པ་དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རོ། །དེ་ནས་ཀྱང་འོག་ཏུ་བླ་མ་དམ་པས་བསྟན་པས་རེག་པར་བྱ་བ་དེ་ནི་དབང་བསྐུར་བ་བཞི་པ་ཡིན་ནོ། །དེ་ཁོ་ན་ཉིད་གཉིས་པའོ། །ད་ནི་གཏོར་མ་བཤད་
པར་བྱ་སྟེ། གསང་སྔགས་ཧཱུྃ་བརྗོད་ནས་བདག་ཉིད་དཔལ་ཧེ་རུ་ཀའི་རྣམ་པར་གྱུར་པ་དང་། ཐམས་ཅད་བསྲུང་བ་དེའི་གནས་དང་། དཀྱིལ་འཁོར་མདུན་དུ་བསམ་མོ། །གོང་མ་གོང་མའི་རིམ་པས་ཆོས་འབྱུང་སུམ་བརྒྱུད་ཀྱི་དབུས་སུ་ཆུད་པ་པདྨ་དམར་པོ་འདབ་མ་བརྒྱད་པ་བལྟས་
ལ། དེ་ལས་སྟེང་དུ་གཽ་རཱི་ལ་སོགས་པས་དཔག་ཏུ་མེད་པའི་འཇིག་རྟེན་ན་གནས་པའི་ཁྱབ་འཇུག་དང་། ལྷ་ཆེན་པོ་དང་དབང་ཕྱུག་ཆེན་པོ་དང་། ཉི་མ་དང་ཟླ་བ་ལ་སོགས་པའི་ལྷའི་སྐྱེ་གནས་པ་འཁོར་དང་བཅས་པ་ཐམས་ཅད་དྲངས་ལ། ས་བོན་གྱི་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་
ཕྱག་གཉིས་པ་རྡོ་རྗེ་དྲིལ་བུ་བསྣམས་པ། སྐུ་མདོག་དཀར་པོ་རང་གི་ཤེས་རབ་ཀྱིས་འཁྱུད་པའི་ལུས་ཅན། གཡས་བརྐྱང་བས་བཞུགས་པ། ཡན་ལག་བཞིས་བྱིན་གྱིས་བརླབས་པ། རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན་ཨརྒྷ་དང་། བཏུང་བ་ལ་སོགས་པ་བསྟབས་པ།
ཟས་ལ་ཆགས་པ་མེད་པའི་སེམས་ཀྱིས་བསྒོམ་པར་བྱའོ། །དབུས་སུ་ཕྱོགས་སྐྱོང་རང་རང་གི་ཕྱོགས་སུ་གྱུར་པའི་འདབ་མར་ཆུད་པ་རྣམས་ས་བོན་གྱི་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་ནག་པོ་མི་བསྐྱོད་པའི་ཅོད་པན་ཅན་ནོ། །འོག་ཏུ་སྟོབས་ཀྱི་རྒྱུ་དང་། མཐའ་མེད་དང་། ནོར་
རྒྱས་ཀྱི་བུ་དང་། འཇོག་པོ་དང་། རིགས་སྦྱིན་དང་། དུང་དང་། པདྨ་དང་། པདྨ་ཆེན་པོ་རང་གི་ཕྱོགས་ཀྱི་འདབ་མར་ཆུད་པ། ལྷ་མ་ཡིན་དང་བཅས་པ་ས་བོན་གྱི་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་མདོག་དམར་པོ་སྣང་བ་མཐའ་ཡས་ཀྱི་ཅོད་པན་ཅན་ཡིན་ལ། ཕྱི་མ་སྔ་མ་བཞིན་ནོ། །
དེའི་འོག་ཏུ་བཟའ་བ་དང་། བཏུང་བ་དང་། བདུད་རྩི་ལ་སོགས་པ་བདུད་རྩི་ཉིད་དུ་བསྒྲུབ་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། ཡཾ་ལས་གྱུར་པའི་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུའི་དབྱིབས་ལྟ་བུ་དང་། དེའི་སྟེང་དུ་རྃ་ལས་གྱུར་པའི་མེའི་དཀྱིལ་འཁོར་དམར་པོ། །

དེའི་སྟེང་དུ་ཡི་གེ་ཨ་ཡོངས་སུ་གྱུར་པའི་པདྨའི་སྣོད་བཟའ་བ་ལ་སོགས་པས་བཀང་བ། ས་བོན་ལྔས་བྱིན་གྱིས་བརླབས་པ། འབར་བ་དང་དྲོས་པ་དག་གིས་ཞུ་བར་གྱུར་པ། དེའི་སྟེང་དུ་ས་བོན་གྱི་ཡི་གེ་ཨོཾ་ཡོངས་སུ་གྱུར་པའི་ཟླ་བ་ཞུ་བ་བདུད་རྩིར་བྱས་ལ། དྲི་དང་། མེ་ཏོག་དང་།
སྤོས་དང་། རྒྱལ་མཚན་དང་། གདུགས་དང་། གོས་དང་། རོལ་མོ་ལ་སོགས་པ་དང་། བཏུང་བ་ལ་སོགས་པ་དང་བཅས་པ་སློབ་དཔོན་དྲིལ་བུ་བརྡུང་བ་ལ་ཕྱོགས་པ། ཨོཾ་ཨིནྡ་ཛ་མ་ཛ་ལ་ཛ་ཀྑ་ཞེས་བྱ་བ་ལ་སོགས་པས་གཏོར་མ་སྦྱིན་པར་བྱ་ཞིང་། དེ་ནས་རང་གི་སྙིང་གའི་ཡེ་ཤེས་
སེམས་དཔའི་ཐུགས་ཀའི་ས་བོན་ལས་བྱུང་བའི་གཽ་རཱི་ལ་སོགས་པའི་ཕྱག་ན་མཆོད་པ་སྣ་ཚོགས་ཐོགས་པ་ལ་སོགས་པས་མཆོད་པ་བྱ་ཞིང་དེའི་འོག་ཏུ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྟོད་པར་བྱ། བསྟོད་མ་ཐག་ཏུ། ཨོཾ་བཛྲ་སཏྭ་ས་མ་ཡ།
མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷིཾ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ་བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿམུཿཞེས་བྱ་བའི་སྔགས་ཀྱིས་གཤེགས་
སུ་གསོལ་བར་བྱ་སྟེ། གཏོར་མ་རྒྱས་པའོ། །དེ་ནི་གཏོར་མ་མདོར་བསྡུས་པ་བསྟན་པར་བྱ་སྟེ། ལྷའི་རྣལ་འབྱོར་དང་ལྡན་པས་རྣལ་འབྱོར་པ་དྲིལ་བུ་བརྡུང་བ་ལ་མཆོག་ཏུ་གཞོལ་བས་ཆོས་འབྱུང་གསུམ་གྱི་དབུས་ཀྱི་པདྨ་དམར་པོ་ལ་གོང་དུ་སྨོས་པའི་ལྷའི་དེ་ཉིད་གོ་རིམས་བཞིན་གཽ་རཱི་ལ་
སོགས་པས་བཀུག་ལ་ཡུད་ཙམ་གྱིས་སྔར་བསྒྲུབས་པའི་གཏོར་མ་དང་དབང་པོ་ལ་སོགས་པའི་སྔགས་ཀྱིས་ཚིམ་པར་བྱས་པ་ཡིན་ཏེ། ལྷག་མ་སྔ་མ་བཞིན་ནོ། །མདོར་བསྡུས་པའི་གཏོར་མ་སྟེ་དེ་ཁོ་ན་ཉིད་གསུམ་པའོ།། །།ད་ནི་བཟླས་པ་བསྟན་པར་བྱ་སྟེ། ཏིང་ངེ་འཛིན་གསུམ་
སྔོན་དུ་སོང་བའི་རང་གི་ལྷའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་ལྷན་ཅིག་སྐྱེས་པ་བསྒོམ་པའི་དེ་མ་ཐག་རང་གི་ལྷ་དྲན་པས་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་གར་ཉི་མ་ལ་གནས་པའི་ཧཱུཾ་གི་ས་བོན་ལས་ངེས་པར་བྱུང་བའི་འོད་ཟེར་གྱིས་འགྲོ་བ་མ་ལུས་པའི་

ལུས་ངག་ཡིད་དུ་སོན་ནས་དྲི་མ་མ་ལུས་པར་བཀུག་ནས། ཡང་བདག་ཉིད་ལ་གཞུག་པར་བྱའོ། །ཡང་དེ་བཞིན་དུ་བལྟས་ཏེ། རང་གི་ལྷའི་སྔགས་བཟླས་པ་བྱས་ཤིང་མཆོད་པ་ལ་སོགས་པ་བྱས་ནས་ལྡང་བར་བྱའོ། །གསང་སྔགས་བཟླས་པ་སྟེ་དེ་ཁོ་ན་
ཉིད་བཞི་པའོ།། །།དགར་བ་ཡང་བརྗོད་པར་བྱ་སྟེ། བསྟན་པ་ལ་གནོད་པར་བྱེད་པ་དང་། བླ་མ་དང་སངས་རྒྱས་བསླུས་པ་དང་། ཕ་དང་མ་གསོད་པ་ལ་འཆེལ་བ་མཐོང་ན་གཞན་གྱི་ལས་དགེ་བ་དང་མི་དགེ་བ་མངོན་པར་ཤེས་པའི་མངོན་པར་ཤེས་པ་ཡོད་པའི་རྣལ་འབྱོར་པས་
སྙིང་བརྩེ་བ་དང་ལྡན་པའི་སེམས་ཀྱིས་སྦྱིན་པ་དང་གུས་པ་ལ་སོགས་པས་དོན་དུ་གཉེར་བ་ན་བདག་ཉིད་ངན་པར་བྱེད་ན་ཡང་དེ་བཞིན་དུ་ལས་བྱེད་ན་ཡང་དང་ཡང་དུ་གཉེར་བར་བྱའོ། །གལ་ཏེ་ཚིག་མི་ཉན་ན་དེའི་ཚེ་བརྩེ་བ་དང་ལྡན་པའི་སེམས་ཀྱིས་དཔལ་དགྱེས་པའི་རྡོ་རྗེ་ལས་གསུངས་པའི་ཆོ་ག་
དྲག་པོའི་ལས་བྱ་སྟེ། དེ་ལ་རིམ་པ་ནི་འདི་ཡིན་ཏེ། དུས་མཚམས་སུ་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་དང་ལྡན་པས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་དེ་རྣམས་ཀྱི་སྤྱན་སྔར་དེ་ལྟ་བུའི་ལས་བྱེད་པའི་བསྒྲུབ་བྱ་ལ་
བལྟས་ནས་སངས་རྒྱས་རྣམས་ལ་བསྒྲགས་པར་བྱའོ། །དེའི་འོག་ཏུ་དཀྱིལ་འཁོར་བ་དང་བཅས་པ་སྤྱན་དྲངས་ལ། མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་བྱས་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རང་གི་འཁོར་ལོའི་གཙོ་བོ་སྤྱན་
དྲངས་ལ། རྡོ་རྗེའི་ལམ་ལས་པདྨར་ཞུ་བར་གྱུར་པ་ལས་ཞགས་པ་དང་ལྕགས་ཀྱུ་དང་ཐོ་བ་ཐོགས་པའི་གཽ་རཱིའི་གཟུགས་སུ་འབྱུང་བར་བལྟའོ། །གཽ་རཱི་དེ་རང་གི་འོད་ཟེར་རྡོ་རྗེ་གཟུགས་སུ་སྤྲོས་པས་བསྒྲུབ་བྱ་དེའི་སྔགས་དང་ཕྱག་རྒྱ་ལ་སོགས་པ་བསལ་ནས་ཞགས་
པས་བཅིངས་ཤིང་ལྕགས་ཀྱུས་དྲངས་ནས་འཁོར་ལོའི་མདུན་དུ་བཀུག་ལ། རྣལ་འབྱོར་པ་དེས་ཡེ་ཤེས་སེམས་དཔའ་དེ་ལ། བདག་ནི་ངོ་བོའི་དབང་དང་ནི། །མི་བསྐྱོད་ངོ་བོ་ལ་ཆགས་པས། །སྨད་པའི་ལས་རྣམས་ཀུན་འབྱུང་བའི། །ལུས་འདི་ཁྱོད་ཀྱིས་སྤང་བྱ་ཞེས། །

དོན་དུ་གཉེར་བ་བྱས་ནས་ནི། །གཽ་རཱི་ལྕགས་ཀྱུ་ཞགས་པ་ཡིས། །ཡེ་ཤེས་སེམས་དཔའ་ངེས་ཕྱུང་ནས། །གཽ་རཱིའི་ལག་པའི་ལྕགས་ཀྱུ་ཡིས། །བསྒྲུབ་བྱའི་ལྟེ་བའི་རྩ་བ་ནས། །རྒྱུ་མ་མ་ལུས་དྲངས་ནས་ནི། །དཀའ་ཐུབ་ཅན་གྱིས་དེ་མ་ཐག །དྲག་པོའི་ལས་ལ་
སྦྱར་བར་བྱ། །ཡང་ན། དུད་འགྲོའི་གཟུགས་སུ་བལྟས་ནས་ནི། །སྤྱི་འགྲེང་ཁ་ནས་ཁྲག་སྐྱུག་པ། འདར་བ་སྐྱབས་མེད་པ་ཏིལ་མར་གྱིས་བྱུགས་པ། གོས་མེད་པ། སྐྲ་གྱེན་དུ་བརྗེས་པ་དེའི་ལམ་ལ་མེ་ཁབ་ཀྱི་གཟུགས་ཅན་རབ་ཏུ་ཞུགས་པར་བསམས་ལ། སྙིང་གར་མེའི་ས་བོན་བསམས་
ནས་དེ་མ་ཐག་ཏུ་བསྒྲལ་བར་བྱའོ། །ཡེ་ཤེས་སེམས་དཔའ་ཡང་མི་བསྐྱོད་པར་བསྒྲུབས་ལ་ཆོ་གའི་རིམ་པ་ཇི་ལྟ་བ་བཞིན་དུ་མཆོད་པ་དང་། བསྟོད་པ་དང་བདུད་རྩི་མྱང་བ་བྱས་ནས་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་བལྟ་བར་བྱའོ། །དགར་བའི་དེ་ཁོ་ན་ཉིད་དེ་ལྔ་
པའོ།། །།དེ་ནི་བསྒོམ་པའི་ཕྱིར་བཟློག་པ་བསྟན་པར་བྱ་སྟེ། གཙོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ཕྱག་གཉིས་རང་གི་ཕྱག་མཚན་འཁོར་ལོ་དང་། སྡིགས་མཛུབ་ཅན། ཁྲོ་བ་དང་བཅས་པ་ཉི་མའི་གདན་ལ་གཡས་བརྐྱང་བས་བཞུགས་པ། འོད་འཕྲོ་བའི་
གཟུགས་ཅན་དབང་བསྐུར་བ་ལ་སོགས་པ་བླངས་ལ། དགྲ་བོའི་ཚོགས་ལ་བསྡིགས་པ། གཡོན་དུ་འཁོར་བས་གཡོ་བར་རྣམ་པར་བསམས་ལ། ན་མ་ས་མནྟ་བུདྷ་ནཱཾ། ན་མ་ས་མནྟ་ནརྨཱ་ནཱཾ། ན་མ་ས་མནྟ་སཾ་གྷྲཱ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲ་ཨོཾ་བི་མ་ལ། ཨོཾ་ཤྃ་ཀ་ར། ཨོཾ་པྲ་
ཏྱཾ་གེ་ར་བཛྲ་ཨུཥྞཱི་ཥ། ཙཀྐྲ་བརྟི་སརྦ་ཡནྟྲ་མནྟྲ། ཏནྟྲ་མཱུ་ལ་ཀརྨ། བནྡྷ་ན། ཏཱ་ཌ་ན། ཀཱི་ལ་ནཾ་བ་མ་མ་ཀྲྀ་ཏེ་ཡེ་ན་ཀཻ་ན། ཙིཏ་ཀྲྀ་ཏཾ་ཏཏ་སརྦནྟུ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མ་ར་མ་ར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཉལ་བའི་དུས་སུ་
ལན་བདུན་བཟླས་ནས་བསྒོམ་པར་བྱའོ། །བསྒོམ་པའི་ཕྱིར་བཟློག་པའི་དེ་ཁོ་ན་སྟེ་དྲུག་པའོ།། །།གྲོ་ག་ལ་སོགས་པ་ལ་རྩིབས་བརྩུ་པའི་འཁོར་ལོ་བྲིས་ལ། ཤར་གྱི་རྩིབས་ལ། ན་མཿས་མནྟ་བུདྡྷེ་བྷྱོ། ན་མཿས་མུངྒ་ར་ཧསྟཱ་ཡ། ཙཎྜ་མཎྜ་ལ་ཨ་ཀཱེ་པ་ཀ་རཱ་ཡ། ཆེ་

གེ་མོ་རཀྵཾ་ཀུ་རུ་ཧཱུྃ་ཕཊ། ལྷོའི་རྩིབས་ལ་ན་མཿས་མནྟ་བུདྡྷེ་བྷྱོ། མ་ཧཱ་དཎྜ་དྷ་ར་བི་བི་དྷ་ར། སུ་ར་ཨ་སུ་ར། མརྡྷ་ན། བྷཱུ་ཏཱ་ནཾ་ནིརྨ་ཐ། ཆེ་གེ་མོ་རཀྵཾ་ཀུ་རུ་ཧཱུྃ་ཕཊ། ནུབ་ཀྱི་རྩིབས་ལ་ན་མཿས་མནྟ་བུདྡྷེ་བྷྱོ། །ཧུ་ལུ་ཧུ་ལུ། མ་ཧཱ་པདྨ་ཨ་མྲྀ་ཏཾ་ཀུ་རུ་མ་ཧཱ་བི་
ཤཾ་ཆེ་གེ་མོ་རཀྵཾ་ཀུ་རུ་ཧཱུྃ་ཕཊ། བྱང་གི་རྩིབས་ལ་ན་མཿས་མནྟ་བུདྡྷེ་བྷྱོ། ན་མ་བཛྲ་ཀྲོ་དྷ་ཡ། མ་ཧཱ་དཾ་ཥྚཱོ་ཏ་ཀ་ཊ་བྷཻ་ར་བ་ཡ། བཛྲ་སནྟོ་དརྦཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཆེ་གེ་མོ་རཀྵཾ་ཀུ་རུ་ཧཱུྃ་ཕཊ། དབང་ལྡན་ལ་ན་མཿས་མནྟ་བུདྡྷེ་བྷྱོ། ཨོཾ་ཡ་མ་དཎྜ་ཡ།
ནཱི་ལ་དཎྜ་ཡ། ཏུ་རུ་ཏུ་རུ། མུ་རུ་མུ་རུ། སརྦ་དུཥྚཱཾ་མཱ་ར་ཡ། མཱ་ར་ཡ། ཆེ་གེ་མོ་རཀྵཾ་ཀུ་རུ་ཧཱུྃ་ཕཊ། མེ་ལ་ན་མཿས་མནྟ་བུདྡྷེ་བྷྱོ། ན་མོ་མ་ཧཱ་བ་ལཱ་ཡ། ཨུ་ཙྪུཥྨ་ཀྲོ་དྷཱ་ཡ། ཀྲོ་དྷ་རཱ་ཛཱ་ཡ། སརྦ་ནཱ་གཱ་ནཱཾ། ཧྲྀ་ད་ཡ་ཨ། ཏ་ཌ་ཡ་ཆེ་གེ་མོ་རཀྵཾ་ཀུ་རུ་ཧཱུཾ་ཕཊ། བདེན་བྲལ་ལ་ན་མཿས་མནྟ་བུདྡྷེ་
བྷྱོ། ན་མོ་ཨ་ཙ་ལ་ཀ་ཥཱ་ཡ། ཙེཊྚ་ཙེཊྚ། མོཊྚ་མོཊྚ། ཏུཊྚ་ཏུཊྚ། གྷཊྚ་གྷཊྚ། གྷཱཊྚ་ཡ་གྷཱཊྚ་ཡ། ཆེ་གེ་མོ་རཀྵཾ་ཀུ་རུ་ཧཱུྃ་ཕཊ། རླུང་གི་ཕྱོགས་ལ་ན་མཿས་མནྟ་བུདྡྷེ་བྷྱོ། ཨོཾ་ཊཀྐི་རཱ་ཛཱ་ཆེ་གེ་མོ་རཀྵ་ཀུ་རུ་ཧཱུྃ་ཕཊ། འཁོར་ལོའི་ལྟེ་བ་ལ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ།
གྷྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱན། བིདྱཱ་རཱ་ཛཱ་ཡ། ཆེ་གེ་མོ་རཀྵཾ་ཤཱནྟིཾ་ཀུ་རུ་ཧཱུྃ་ཕཊ་སྭཱ་ཧཱ། འཁོར་ལོའི་མུ་ཁྱུད་ལ་སྔགས་འདི་བྲི་བར་བྱ་སྟེ། ན་མཿས་མནྟ་བུདྡྷཱ་ནཱཾ། ན་མཿས་མནྟ་དྷརྨཱ་ནཱཾ། ན་མཿས་མནྟ་སཾ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་པྲ་ཏྲ། ཨོཾ་བི་མ་ལ། ཨོཾ་ཤཾ་ཀ་ར།
ཨོཾ་པྲ་ཏྱཾ་གཱི་ར། ཨོཾ་བཛྲོཥྞཱི་ཥ་ཙཀྲ་བརྟི། སརྦ་ཡནྟྲ། མནྟྲ། མཱུ་ལ་ཀརྨ། བནྡྷ་ནཾ། ཏཱ་ཌ་ནཾ། ཀཱི་ལ་ནཾ་བམ་མ་ཀྲྀ་ཏེ། ཡེ་ན་ཀེ་ན། ཙིཏྟ་ཀྲྀ་ཏཾ་ཏ་ཏ་སརྦནྟུ་ཙྪིནྡ་ཙྪིནྡ། བྷིནྡ་བིནྡ། ཙི་རི་ཙི་རི། གི་རི་གི་རི། མ་ར་མ་ར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། བདག་བསྲུང་བའི་སྤྱོར་བ་འདིས་
འཁྲུལ་འཁོར་དང་སྔགས་ལ་སོགས་པ་འཇིག་པར་བྱེད་པ་ཡིན་ཏེ། སྲུང་བའི་འཁོར་ལོ་བྱས་པ་དཔུང་པ་ལ་བཏགས་ན་ཁམས་གསུམ་པོས་ཟིལ་གྱིས་གནོན་པར་མི་འགྱུར་རོ། །བྲིས་པའི་ཕྱིར་བཟློག་པ་སྟེ། དེ་ཁོ་ན་ཉིད་བདུན་པའོ།། །།དེ་མ་ཐག་ཏུ་དཀྱིལ་འཁོར་

གྱི་སྒྲུབ་པ་བརྗོད་པར་བྱ་སྟེ། སྔགས་པ་ནུབ་ཏུ་ཁ་བལྟས་ནས་དཀྱིལ་འཁོར་གྱི་སྒྲུབ་པ་བརྩམ་པར་བྱའོ། །ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ནམ་མཁའ་ལ་གནས་པའི་དཀྱིལ་འཁོར་དྲངས་ནས་རང་གི་རིག་མའི་པདྨ་ལ་ཞུགས་པར་གྱུར་པར་
བསམ་མོ། །ཞུ་བ་དེ་ལས་རང་གི་ས་བོན་གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཁོར་ལོའི་གཙོ་བོ་ལ་སོགས་པ་གོ་རིམས་བཞིན་དུ་སྤྲོ་བར་བྱའོ། །དེའི་འོག་ཏུ་མིག་ལ་སོགས་པ་བྱིན་གྱིས་བརླབས་ལ་མཆོད་པ་དང་བསྟོད་པ་དང་། བདུད་རྩི་མྱང་བའི་བར་དུ་བྱའོ། །དཀྱིལ་འཁོར་གྱི་སྒྲུབ་པ་
སྟེ་དེ་ཁོ་ན་ཉིད་བརྒྱད་པའོ།། །།ད་ནི་བསྡིགས་པའི་སྦྱོར་བ་བརྗོད་པར་བྱ་སྟེ། རྣལ་འབྱོར་པའི་སེམས་བསྒོམ་པ་ལ་ཅུང་ཞིག་བརྟན་པོར་གྱུར་ཅིང་མཚན་མ་ཅུང་ཞིག་རྙེད་པར་གྱུར་པས་ཟླ་བ་དྲུག་གི་བར་དུ་བསྒོམ་པར་བྱའོ། །དེ་ལྟ་ན་ཡང་གལ་ཏེ་མ་གྲུབ་ན་དེའི་ཚེ་རང་གི་
འདོད་པའི་ལྷ་ཉིད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བ་ཅན་གྱི་ཇི་སྐད་བརྗོད་པའི་ཆོ་ག་དམ་ཚིག་ལ་སོགས་པ་སྔོན་དུ་འགྲོ་བས་ཟླ་བ་བཅོ་བརྒྱད་བསྒོམ་པར་བྱའོ། །དེ་ལྟ་ན་ཡང་གྲུབ་པར་མ་གྱུར་ཏོ་ཞེ་ན། དེའི་ཚེ་ཐུན་མཚམས་རྣམས་སུ་བསྡིགས་པའི་སྦྱོར་བ་བརྩམ་པར་བྱ་སྟེ།
དེ་ལ་རིམ་པ་ནི་འདི་ཡིན་ནོ། །མི་བསྐྱོད་པའི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་པ་ཏིང་ངེ་འཛིན་གསུམ་དང་ལྡན་པ། དཀྱིལ་འཁོར་ནག་པོས་ཡོངས་སུ་བསྐོར་བ། གཞལ་ཡས་ཁང་ནག་པོར་གྱུར་པར་བསྒོམ་མོ། །དེའི་འོག་ཏུ་མཆོད་པ་དང་བསྟོད་པ་དང་། བདུད་རྩི་
མྱང་བ་བྱས་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པའི་འཁོར་ལོ་སྤྱན་དྲངས་ཏེ་པདྨའི་དཀྱིལ་འཁོར་དུ་ལྷུང་བར་གྱུར་པ་མེའི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བ། འཇིགས་ཤིང་སྐྲག་ལ་རབ་ཏུ་འདར་བར་གྱུར་པ་བལྟས་
ལ། དེའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པའི་ཚོགས་ཤེས་རབ་ལ་ཆགས་པས་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ནས་བྱུང་བ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་གཤེད་ཕྱག་གཉིས་པས་ཕྱོགས་བརྒྱད་ནས་ཨོཾ་ཨཱཿབཛྲ་རཱ་ཛ་ཨ་ཀྵོ་བྷྱ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་བྱ་བས་ཕུར་

བུ་གདབ་པར་བྱའོ། །འདི་ནི་མི་བསྐྱོད་པའི་ཆོ་ག་ཡིན་ནོ། །དེ་དག་ཐམས་ཅད་ལ་གདབ་པར་བྱ་བ་དང་། འདེབས་པ་པོ་དང་། འདེབས་པར་བྱེད་པར་མངོན་པར་ཞེན་པ་མེད་པས་བྱས་ན་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །བསྡིགས་པའི་
སྒྲུབ་པ་སྟེ་དེ་ཁོ་ན་ཉིད་དགུ་པའོ།། །།དེའི་འོག་ཏུ་གཤེགས་སུ་གསོལ་པ་བསྟན་པར་བྱ་སྟེ། དེ་ལ་རིམ་པ་ནི་འདི་ཡིན་ནོ། །དཀྱིལ་འཁོར་གྱི་ཁང་པ་ལས་བྱུང་ལ་ཞི་བའི་སྦྱིན་སྲེག་བྱས་ནས་ཡང་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་མཆོད་པ་སྣ་ཚོགས་པས་དཀྱིལ་འཁོར་
མཆོད་པ་བྱས་ནས་སྤོས་དང་བཅས་པའི་དྲིལ་བུ་དཀྲོལ་ལ། ཨོཾ་ཁྱེད་ཀྱིས་འགྲོ་བའི་དོན་ཀུན་མཛད། །རྗེས་སུ་མཐུན་པར་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མུཿཞེས་བྱ་བའི་ཚིགས་སུ་བཅད་པ་བརྗོད་ལ། དེའི་
འོག་ཏུ་ས་ཚོན་གྱི་དཀྱིལ་འཁོར་ལས་བསྐྱེད་དེ་དཀྱིལ་འཁོར་གྱི་འཁོར་ལོ་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་བསམ་མོ། །ཡི་གེ་གསུམ་མུཿའི་མཐའ་ཅན་གྱིས་དཀྱིལ་འཁོར་གྱི་ས་ཚོན་ཕྱགས་ལ་དྲི་ཞིམ་པོའི་སྣོད་དུ་བཅུག་ལ། རྒྱ་མཚོར་འབབ་པའི་ཆུ་བོ་ལ་དོར་བར་བྱའོ། །
དཀྱིལ་འཁོར་གྱི་ས་བ་བྱུང་གིས་བྱུགས་ཤིང་ཡི་གེ་མུཿའི་མཐའ་ཅན་གྱི་ཆོ་གས་བསང་གཏོར་བྱས་ལ་གཏོར་མ་སྦྱིན་པར་བྱའོ། །གཤེགས་སུ་གསོལ་བའི་དེ་ཁོ་ན་ཉིད་དེ་བཅུ་པའོ། །དེ་ཉིད་བཅུ་པ་ངེས་བྱས་ལས། །བདག་གིས་བསོད་ནམས་གང་བསགས་པ། །དེས་ནི་འགྲོ་བ་
མི་ཤེས་པའི། །རབ་རིབ་རྣམས་ནི་ཞི་འགྱུར་ཤོག །སློབ་དཔོན་ཌོམྦི་པས་མཛད་པའི་དེ་ཁོ་ན་ཉིད་བཅུ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་
ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཡོ་ག་ཡོ་གཱི་ནི་ནཱཾ་ཨཱ་ས་དར་ན་ཨ་ལོ་པེ་དེ་ཤ་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ་ཞེས་བྱ་བ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དུར་ཁྲོད་ཧ་ཧ་

སྒྲོགས་པ་ཞེས་བྱ་བ་རུ། རྒྱལ་པོ་ས་མུཉྫ་ཡ་ཞེས་བྱ་བས་ཡོན་བདག་བྱས་ཏེ། སློབ་དཔོན་ཌོམྦི་ཧེ་རུ་ཀ་ལ་སོགས་པ་རྣལ་འབྱོར་པའི་ཚོགས་དཔག་ཏུ་མེད་པ་འདུས་ཏེ་ཚོགས་ཀྱི་འཁོར་ལོ་བསྐོར་བ་ལས། བྲམ་ཟེ་མུ་པ་ཁ་ད་ཞེས་པས་སློབ་དཔོན་ལ་མ་ཞུས་པར་སྟན་ལས་ལངས་
ནས་ཕྱིར་སོང་བ་ལས། རྣལ་འབྱོར་པ་རྣམས་ཀྱིས་བག་དང་མི་ལྡན་པར་རྟོགས་ནས་ཕྱིར་དབྱུང་བའི་ལས་བྱས་ཏེ་ཚོགས་ཁང་དུ་མ་བཙུད་དོ། །དེ་ནས་སློབ་དཔོན་ཌོམྦི་ཧེ་རུ་ཀས་རྣལ་འབྱོར་པ་རྣམས་ལ་གདམས་པ། ཀྱེ་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལམ་འདི་ལ་ཞུགས་
ནས་དམ་ཚིག་དང་བརྟུལ་ཞུགས་དང་འགལ་བར་མི་བྱ་སྟེ། དེ་སྐད་དུ་ཡང་རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་རྒྱུད་ལས། དབང་ཐོབ་ནས་ནི་དམ་ཚིག་ཉམས་མི་བྱ། །ཚོགས་ཀྱི་འཁོར་ལོ་མཐུན་བྱས་གནས་སུ་བསྐོར། །བྱ་བ་ཐམས་ཅད་ཧེ་རུ་ཀ་ཡི་བདག །ཚུལ་མ་ཡིན་པ་བྱེད་པ་
ཚར་གཅོད་དོ། །ཞེས་འབྱུང་བས་སོ། །ཨེ་མའོ་རྣལ་འབྱོར་པ་རྣམས་ཀྱིས་རྩོད་པའི་དུས་སུ་གྱུར་ན་ཡང་ཚེ་གཅིག་གི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ཚོགས་ཀྱི་འཁོར་ལོ་འདི་དག་ལ་ལོངས་སྤྱོད་དུ་ཡོད་པ་འདི་ནི་ཐུན་མོང་མ་ཡིན་པའི་བསོད་
ནམས་ཀྱི་མཐུ་ལས་གྲུབ་པས་ན། །ཀྱེ་རྡོ་རྗེ་འཛིན་པ་རྣམས་དགའ་བར་བྱོས་ཤིག །འཁོར་ལོ་དམ་པ་འདི་དག་ཀྱང་ཕལ་པའི་གནས་དག་ཏུ་བསྐོར་བར་མི་བྱ་སྟེ་ཚོང་འདུས་སྤང་བར་བྱའོ། །གཡེང་བའི་གྲོང་དང་། བྲམ་ཟེའི་ཁྱིམ་དང་རྒྱལ་པོའི་ཕོ་བྲང་དང་། རྗེ་རིགས་ཀྱི་ཁྱིམ་
དང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་། ཀླ་ཀློ་བག་མེད་པ་དག་སྤང་བར་བྱའོ། །མུ་སྟེགས་ཀྱི་གྲོང་དང་འབྲོག་དགོན་པ་དང་། གཅན་གཟན་གདུག་པ་ཅན་རྒྱུ་བའི་གནས་དག་ཀྱང་སྤང་བར་བྱའོ། །མཁའ་འགྲོ་མ་རྒྱུ་བའི་གནས་དང་། གྲོང་ཟད་པའི་མཐའ་དང་། དགོན་
པ་དང་། ལྷ་ཁང་དང་། དུར་ཁྲོད་དང་། ཕུག་སྟོང་དང་། ཤིང་དྲུང་དང་། ནགས་ཚལ་གྱི་མཐོངས་དག་ཏུ་ཚོགས་ཀྱི་ཁང་པ་རིམ་པ་གསུམ་དང་ལྡན་པ་བརྩིགས་ཏེ། ཚོགས་ཀྱི་འཁོར་ལོ་འམ། དཔའ་བོའི་སྟོན་མོ་བྱའོ། །དེ་དག་བརྡ་དང་མི་ལྡན་པ་དག་འདུ་བར་མི་བྱའོ། །སློབ་

དཔོན་གྱིས་མ་བསྒོ་བར་བརྡ་མི་བྱའོ། །གསོལ་བ་མ་བཏབ་པར་སྒོ་མི་དབྱེའོ། །བསང་གཏོར་མ་བྱས་པར་ནང་དུ་མི་འགྲོའོ། །མཆོད་ཡོན་མ་གྲངས་པར་གཏམ་མི་བྱའོ། །སློབ་དཔོན་ལ་མེ་ཏོག་པ་མ་ཕུལ་བར་ཐང་ལ་འདུག་པར་མི་བྱའོ། །ལས་ཀྱི་
སེམས་དཔའ་དང་སེམས་མས་མ་བསྒོས་པར་གྲལ་དུ་འདུག་པར་མི་བྱའོ། །གསོལ་བ་མ་བཏབ་པར་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་མི་བྱའོ། །ཐིག་ལེ་མ་བཀོད་པར་རྣལ་འབྱོར་པ་ལ་མཆོད་པར་མི་བྱའོ། །བདུད་རྩིས་མ་བྲན་པར་ཁ་ཟས་བྱིན་གྱིས་བརླབ་པར་མི་བྱའོ། །
འཇིགས་པ་དང་དོགས་པ་ངོ་ཚ་བ་མེད་པར་ལོངས་སྤྱད་པར་བྱའོ། །ཟས་ལ་ཞེན་པར་མི་བྱའོ། །རྣལ་འབྱོར་ཕོ་མོ་ལ་ཆགས་པར་མི་བྱའོ། །གཅེར་བུ་པའི་ཆ་བྱད་ཀྱིས་གནས་པར་མི་བྱའོ། །དུར་ཁྲོད་ཀྱི་རྒྱན་བྱིན་གྱིས་མ་བརླབས་པར་བགོ་བར་མི་བྱའོ། །རྟོག་པ་དང་
འཛེམ་པས་ཟོས་ན་དམྱལ་བ་ཆུ་བུར་ཅན་དུ་སྐྱེའོ། །དེས་དགེ་སློང་ལ་སོགས་པ་རྟོག་པ་དང་ལྡན་པས་ཀྱང་འདིར་རྟོག་པར་མི་བྱའོ། །སྐྱིལ་ཀྲུང་གིས་གནས་པར་བྱའོ། །རྒན་པོའི་རིམ་པ་བཞིན་དུ་གྲལ་ལ་འདུག་པར་བྱའོ། །སློབ་དཔོན་གྱིས་སྙོམས་པར་མ་ཞུགས་
པར་སྙོམས་པར་འཇུག་པར་མི་བྱའོ། །ཟས་ལ་ལག་པ་གཉིས་ཀྱིས་དྲང་ཞིང་གཉིས་ཀྱིས་བླང་བར་བྱའོ། །སློབ་དཔོན་ལ་མ་ཞུས་པར་གླུ་དང་གར་དང་བག་ཡངས་པའི་སྤྱོད་པ་མི་བྱའོ། །ཤིང་ལ་སོགས་པ་འོག་གཞི་མེད་པའི་ཕྱོགས་སུ་ཟས་གཞག་པར་མི་བྱའོ། །ཁྱིམ་
པ་ལ་སོགས་པའི་བློ་ཆུང་བ་རྣམས་ཀྱང་མ་གུས་པ་དང་སྐུར་པ་འདེབས་པར་མི་བྱའོ། །བཏབ་ན་མནར་མེད་པའི་སེམས་ཅན་དམྱལ་བར་སྐྱེའོ་ཞེས་རྒྱུད་ལས་གསུངས་སོ། །ཨེ་མའོ་རྣལ་འབྱོར་པ་རྣམས་ཕ་རོལ་གྱི་སྐྱོན་རྟོག་པར་མ་བྱེད་ཅིག །མཚང་འབྲུ་བ་དང་། རྩོད་པ་
དང་། ང་རྒྱལ་དུས་ཐམས་ཅད་དུ་སྤང་བར་བྱའོ། །བླ་མ་ལ་མ་ཞུས་པར་བྱ་བ་ལ་མ་འཇུག་ཅིག །རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པའི་བརྟུལ་ཞུགས་ལ་མ་སྐྲག་ཅིག །གལ་ཏེ་སྐྲག་ན་རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར་རོ། །དཔའ་བོ་དང་མི་ལྡན་པའི་དཔའ་མོ་དང་། དཔའ་མོ་

དང་མི་ལྡན་པའི་དཔའ་བོ་དག་གིས་ཚོགས་ཀྱི་འཁོར་ལོ་བསྐོར་བར་མི་བྱའོ། །དཀྱིལ་འཁོར་དང་མི་ལྡན་པར་དཔའ་བོའི་སྟོན་མོ་དག་ཀྱང་མི་བྱའོ། །ཀྱེ་མ་རྣལ་འབྱོར་རྣམས་ཟས་ལ་བརྐམ་པ་དང་། ཆགས་པ་དང་། ལུས་ཀྱི་ཆེད་དང་སྟོབས་ཀྱི་ཕྱིར་མི་བཟའ་སྟེ། གལ་
ཏེ་ཟོས་ན་ཡི་དགས་རྒྱུ་བཅིངས་སུ་སྐྱེ་བར་འགྱུར་རོ། །ཀྱེ་མ་རྣལ་འབྱོར་པ་རྣམས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲ་དོག་གིས་གནས་པར་མ་བྱེད་ཅིག །སྒྱུ་མ་མཁན་གྱི་གཏམ་དང་། རོལ་མོ་མཁན་དང་། རྒྱལ་པོའི་གཏམ་དང་
དམག་དང་། ཚོང་དང་། སྨན་དང་། བཟོ་དང་། དོན་མེད་པའི་བསྟན་བཅོས་དང་། ཉན་ཐོས་ཀྱི་བསླབ་པར་བྱ་བ་དང་། རིགས་ངན་དང་། སྨད་འཚོང་མ་ལ་སོགས་པའི་གཏམ་སྨྲ་བར་མ་བྱེད་ཅིག །རྐང་པ་བརྐྱང་བ་ལ་སོགས་པའི་འདུག་སྟངས་ཀྱིས་ལུས་མ་བསྡམས་
པར་འདུག་པར་མི་བྱའོ། །ལར་ལུས་ངག་ཡིད་གསུམ་མ་བསྡམས་པར་གནས་པར་མི་བྱའོ། །ལས་དང་པོ་པ་ལ་རྟོག་པ་དང་མི་ལྡན་པ་དག་གིས་ཀྱང་སྤྱོད་པ་དམ་པ་དག་གིས་ཉེ་སར་ཞོག་ཅིག །སྤྱོད་པ་གང་ལ་ཡང་མི་དད་པར་མ་བྱེད་ཅིག །ཟས་མང་དུ་བཟའ་བར་བྱའོ། །
ཟས་ལ་དཔྱ་བར་མི་བྱའོ། །ཟས་མཉེ་བར་མི་བྱའོ། །སྐོམ་ཅི་རྙེད་པ་བཏུང་བར་བྱའོ། །བླ་མས་བཀའ་སྩལ་པ་དག་ནི་ཐམས་ཅད་བྱའོ། །ཟས་ཀྱིས་ལུས་མ་འབྱོངས་པའི་ཕྱིར་འབྱུང་བར་མི་བྱའོ། །གཏོར་མ་མ་བཏང་བའི་ཕྱིར་འབྱུང་བར་མི་བྱའོ། །མ་ཞུས་པ་དང་། བསྔོ་
བ་མ་བྱས་པ་དང་། སྨོན་ལམ་མ་བཏབ་པར་ཉལ་བར་མི་བྱའོ། །ཀྱེ་མ་རྣལ་འབྱོར་པ་རྣམས་དོན་ཆེན་པོ་དང་ལྡན་པར་གོ་བར་གྱིས་ཤིག །དགའ་བ་དང་། སྤྲོ་བ་དང་། སེམས་གཟེངས་མཐོ་བར་གྱིས་ཤིག །ཚུལ་འདི་དག་གཞན་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲས་ན་
མཁའ་འགྲོ་མ་རྣམས་ཀྱིས་མགོ་འགས་པར་བྱེད་ཅིང་། དངོས་གྲུབ་ཀྱང་འཇིག་པར་བྱེད་དོ། །དེ་བས་ན་འདི་དག་ལས་མ་ཉམས་པར་བྱའོ་ཞེས་གདམས་ངག་གསུངས་པའོ། །སློབ་དཔོན་ཌོམྦི་ཧེ་རུ་ཀས་ཐུན་མོང་མ་ཡིན་པའི་དོན་གྱི་གདམས་ངག་བརྗོད་པ་རྫོགས་སོ།། །།

རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ནས་བསྡུས་པའོ།།༄༅༅། །རྒྱ་གར་སྐད་དུ། ག་ཎ་ཙཀྲ་བི་དྷི་ནཱ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ནམ་
མཁའི་མདོག་ལ་དྲི་མེད་རྒྱས་པ་སྦྱོར་བས་རྣམ་པར་རོལ། །བདུད་བཞི་ཞབས་ཀྱིས་རྣམ་པར་མནན་པས་འཇིག་རྟེན་ལེགས་པར་སྐྱོང་། །མཁའ་འགྲོ་མ་ཡི་གཙོ་བཟང་འཇིགས་པ་དེ་ལ་ཕྱག་འཚལ་ཏེ། འགྲོ་བ་རྣམས་ཀྱི་བསོད་ནམས་ཚོགས་ནི་རབ་ཏུ་བསགས་པའི་ཕྱིར། །
རྒྱུད་རྣམས་ཀུན་གྱི་མཆོག་ཏུ་བསྔགས་པའི་ཚོགས་ཆེན་ཉོན་མོངས་བསྲེག །ཐབས་དང་ཤེས་རབ་རོལ་པས་ཆོ་ག་བསྡུས་པ་བཤད་པར་བྱའོ། །དེ་ལ་དང་པོར་ཚོགས་འདོད་པས། །རིག་པ་ཡིས་ནི་རྗེས་འབྲངས་ནས། །ཡོངས་སུ་དང་བའི་དད་པ་ཡིས། །བླ་མ་དང་ནི་འདོད་ལྷ་གཟུང་། །
དེ་ལ་སངས་རྒྱས་ཐོབ་པའི་རྒྱུ། །བསོད་ནམས་ཡེ་ཤེས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེ་ཕྱིར་རྟག་ཏུ་ཚོགས་བསག་བྱ། །ཡེ་ཤེས་མངོན་པར་རྟོགས་པ་སྟེ། །བསོད་ནམས་རྣམ་པ་མང་ཡོད་ཀྱང་། །རང་གི་ལྷ་ཡི་འཁོར་ལོ་ཡིས། །འདོད་ཡོན་
ལྔ་སྦྱོར་བླ་ན་མེད། །དེ་ཕྱིར་དེ་ཡི་ཆོ་ག་ནི། །ཡར་རོའི་བརྒྱད་དང་བཅུ་བཞི་དང་། །བཅོ་ལྔ་དག་ནི་རབ་ཏུ་བསྔགས། །དེ་བཞིན་མར་ངོའི་བརྒྱད་དང་ནི། །བཅུ་བཞི་དང་ནི་བཅོ་ལྔ་ལ། །མཁས་པ་ཡིས་ནི་འཁོར་ལོ་བསྐོར། །དུར་ཁྲོད་དམ་ནི་ཤིང་གཅིག་གམ། །སྐྱེད་མོས་ཚལ་ལམ་
ཀུན་དགའ་དང་། །དེ་བཞིན་རང་གི་ཁྱིམ་དང་ནི། །གཞན་ཡང་དབེན་པའི་ཁྱིམ་རྣམས་སུ། །ས་གཞི་བ་ཡི་ལྔས་བྱུགས་ལ། །མེ་ཏོག་དྲི་ཞིམ་སྣ་ཚོགས་དགྲམ། །དེ་ལ་དང་པོར་ཚོགས་འདོད་པས། །ཚོགས་ཀྱི་སློབ་དཔོན་དགེ་སློང་ལ། །རྒྱུད་རྣམས་མང་པོ་ཤེས་གྱུར་པ། །རྣལ་
འབྱོར་བརྩོན་ལ་རྟོག་པ་སྤངས། །དེ་ཉིད་བཅུ་ཤེས་སྙིང་རྗེ་ཆེ། །དམ་ཚིག་ལྡན་ལ་འདོད་པ་ཆུང་། །ཡང་ན་དེ་འདྲའི་སློབ་དཔོན་ལ། །སེམས་བསྐྱེད་པ་ནས་སྙན་གསན་དབབ། །དེ་ནས་གཞན་ཡང་དམ་ཚིག་ལྡན། །བླ་མ་ལ་གུས་རྟོག་པ་ཆུང་། །འཁོན་གཅུགས་མེད་ཅིང་རང་དད་

པའི། །ལྷ་གྲངས་མི་ལ་གསོལ་བ་གདབ། །མགྲོན་རྣམས་དགའ་བར་བྱ་བའི་ཕྱིར། །དེ་ལ་ཤ་དང་ཆང་དག་དང་། །འབྲས་ཆན་ལ་དུ་ཁུར་བ་དང་། །དེ་བཞིན་བཟའ་དང་བཅའ་བ་དང་། །བཏུང་དང་དེ་བཞིན་བལྡག་དང་མྱང་། །འཇིག་རྟེན་པ་ཡི་འབྱོར་པ་ཡིས། །ཚོགས་ནི་འབྱོར་ཚད་
སྟ་གོན་བྱ། །དེ་བཞིན་སྤོས་དང་བྱུག་པ་དང་། །དྲི་དང་མེ་ཏོག་ཕྲེང་མཆོག་དང་། །མར་མེ་བདུག་པ་སྣ་ཚོགས་གཞག །དེ་ནས་སློབ་དཔོན་སྟན་བཟང་ལ། །དབུས་ཕྱོགས་སུ་ནི་ཡང་དག་བཞུགས། །དེ་བཞིན་སྟན་ནི་བཟང་པོ་ལ། །རྣལ་འབྱོར་པ་ཡི་འཁོར་ལོ་གཡས། །རྣལ་
འབྱོར་མ་ཡི་གཡོན་དུ་བཤམ། །དེ་ནས་སློབ་དཔོན་བདག་ཉིད་ཀྱིས། །རྡོ་རྗེ་དང་བཅས་ཐིག་ལེ་ཡིས། །ལུས་ངག་ཡིད་ཀྱི་གནས་གསུམ་དུ། །ཀུན་ལ་བྱིན་གྱིས་བརླབ་པར་བྱ། །དེ་བཞིན་མེ་ཏོག་ཕྲེང་མཆོག་གིས། །ཐོད་དང་ག་ཤལ་རྣམ་པར་བརྒྱན། །དེས་ན་བདུད་རྩི་བཟང་པོའི་
ཆུས། །ཁ་ཟས་ཀུན་ལ་བསྲེ་བར་བྱ། །གཙོ་བོ་དེ་ཡི་བྱ་བའི་ལས། །སྣོད་རྣམས་ཨ་ལས་ཐོད་པར་བསམ། །དེ་ནས་བདུད་རྩི་ལྔ་བསམས་ཏེ། །ཡང་ནི་ཧཱུཾ་ལས་རྡོ་རྗེ་བསྒོམ། །དེ་འོག་ལས་ཀྱི་རླུང་དང་མེ། །སྦར་ནས་ཐོད་ནང་རྡོ་རྗེ་ལྷུང་། །དེ་ཡིས་ལྷ་ཡི་བདུད་རྩིར་བསམ། །
བདུད་རྩི་བྱུང་ནས་སྔགས་ཀྱང་བརྗོད། །ཡང་ན་རྡོ་རྗེ་ལས་ཀྱང་ནི། །འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི། །བདུད་རྩི་བཀུག་ནས་ཡེ་ཤེས་དང་། །རོ་གཅིག་ཏུ་ནི་གསུམ་བསྲེས་པས། །རྡོ་རྗེ་བདུད་རྩི་ཞེས་བྱ་སྟེ། །རང་བཞིན་དག་པའི་སྔགས་ཀྱང་བརྗོད། །དེ་དག་ཚོགས་ཀྱི་འཁོར་
ལོ་ཡི། །ཆ་ནི་དང་པོ་ཡིན་པར་འདོད། །དེ་ནས་རྣལ་འབྱོར་མ་རྣམས་ཀྱིས། །ཆུ་གནས་སུ་ནི་རཾ་ལས་ཀྱང་། །འབར་བའི་ཁོང་དུ་འོད་གསལ་བསམ། །དེ་དབུས་པཾ་ལས་པདྨ་བརྒྱད། །དེ་སྟེང་ལྷ་ཡི་འཁོར་ལོ་བསམ། །ཁ་ནི་ཧོམ་ཁུང་རབ་བསམས་ཏེ། །ལག་གཉིས་ཧཱུཾ་ལས་རྡོ་རྗེ་
ཡི། །གཟར་བུ་གཉིས་ནི་ཡང་དག་བསྒོམ། །རང་རང་སོ་སོའི་ལྷ་རུ་བསམ། །རྡོ་རྗེའི་བཟླས་པའི་ཚུལ་གྱིས་ནི། །མི་རྟོག་སེམས་ཀྱིས་གསང་སྔགས་བཟླས། །ནང་གི་རྣལ་འབྱོར་ངེས་པ་ནི། །ཐུགས་ཀྱི་འཁོར་ལོ་ཞེས་བྱར་བརྗོད། །དེས་ནི་ཚོགས་ཀྱི་འཁོར་ལོ་ཡི། །ཆ་ནི་གཉིས་

པ་ཡིན་པར་འདོད། །དེ་ནས་ཚོགས་ཀྱི་བདག་པོ་ཡིས། །སོ་སོའི་མདུན་དུ་མཎྜལ་བྱ། །དེ་རྗེས་ཀུན་ལ་མཆོད་པའི་ཚོགས། །ཡོངས་སུ་དག་པ་མདུན་དུ་གཞག །མེ་ཏོག་ཐོགས་ཏེ་མདུན་གནས་ནས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །རྡོ་རྗེ་འཛིན་
སོགས་དགོངས་སུ་གསོལ། །བདག་ནི་ཚོགས་ཀྱི་ཁྱད་པར་འདི། །དད་པའི་སེམས་ཀྱིས་འབུལ་ལགས་ན། །ཅི་བདེ་བར་ཡང་བཞེས་སུ་གསོལ། །དེ་འདྲའི་ཚིག་གིས་གསོལ་བཏབ་ནས། །མེ་ཏོག་དག་ནི་གཏོར་བར་བྱ། །དེ་ནས་གཙོ་བོས་ལྷ་རྣམས་ལ། །ཨེ་མའོ་ཡེ་ཤེས་ཆེན་
པོ་རྣམས། །ཚོགས་ཆེན་འབར་བས་ཉོན་མོངས་བསྲེག །འདི་འདྲའི་བདེ་བ་ཐོབ་ནས་ནི། །ཀུན་གྱིས་ཨ་ཧོ་སུ་ཁ་བརྗོད། །དེ་ནས་ཡུན་གྱིས་མགྲིན་གཅིག་ཏུ། །སྔགས་འདི་དག་ནི་བརྗོད་པར་བྱ། །ཨ་ཧོ་སུ་ཁ་བྷཀྵ་ནཱཾ། ཨ་ཧོ་སུ་ཁ་པྲཱ་ཡ་ནཱཾ། མ་ཧཱ་མུ་དྲ་སིདྡྷི་ན་པྲ་པ་ཐ་ཏ་ནིར་ཏེ་ན།
ཧཱུྃ་ཧ་ཧ་ཧོ། དེ་ནས་དང་པོའི་རྣལ་འབྱོར་ལས། །ཧཱུྃ་གི་སྒྲ་དང་རབ་ལྡན་ཞིང་། །ཕྱག་རྒྱ་ལྔ་དང་རབ་ལྡན་པས། །གཟར་བུས་བདུད་རྩི་བླངས་ནས་ནི། །འབར་བའི་ནང་དུ་བསྲེག་པར་བྱ། །ཐོད་པ་དུམ་བུ་གཅིག་པའི་ནང་། །བདུད་རྩི་ཡིས་ནི་བཀང་ནས་ཀྱང་། །གཙོ་བོ་ལ་ནི་རྣལ་
འབྱོར་མས། །པདྨའི་ཕྱག་རྒྱས་དྲང་བར་བྱ། །དེ་བཞིན་གཅིག་ནས་གཅིག་ཏུ་ནི། །བསྐོར་བ་ཕྱག་རྒྱའི་འཁོར་ལོ་སྟེ། །དེ་དག་ཚོགས་ཀྱི་འཁོར་ལོ་ཡི། །ཆ་ནི་གསུམ་པ་ཡིན་པར་འདོད། །དེ་ནས་གཙོ་བོས་ཟབ་མོའི་ཆོས། །མཉམ་པར་གཞག་པས་བསྒྲུབ་པར་བྱ། །རྡོ་རྗེ་དེ་
ཡིས་བདེ་བསྐུལ་བྱ། །བདེ་བ་ཆེན་པོའི་ཚོགས་རྣམས་ཀྱིས། །ཡོན་བདག་ཚོགས་ནི་བསག་པའི་ཕྱིར། །ཟབ་མོའི་ཆོས་ནི་སྒྲོགས་ཞེས་བྱ། །དེ་ལྟར་ཐབས་དང་ཤེས་རབ་ཚོགས། །གོ་རིམས་བཞིན་དུ་ཆོས་སྨྲ་བ། །དམ་ཆོས་གསུང་གི་འཁོར་ལོ་ཡིན། །དེ་ནས་གཙོ་བོས་
བསྐུལ་ནས་ནི། །རྣམ་པར་རྟོག་བྲལ་རོལ་པ་ཡིས། །ཐབས་ཀྱི་གལ་ཏེ་ཤེས་རབ་གླུ། །ཡང་ན་དེ་ལས་བཟློག་བྱ་བ། །སྐུ་དང་གསུང་གི་འཁོར་ལོ་ཡིན། །དེ་དག་གོ་རིམས་ཇི་བཞིན་དུ། །ཀུན་གྱིས་འཁོར་ལོ་བསྐོར་བར་བྱ། །དེ་ནས་ཕན་ཚུན་རིམ་པ་ལ། །དེའང་ཡོན་གྱི་

བདག་པོས་ནི། །མཆོད་ཕྱིར་རང་གི་ཆུང་མའམ། །དེ་ལ་སོགས་པའི་བུད་མེད་ནི། །མཛེས་མ་དག་ནི་དབུལ་བ་འམ། །བསོད་ནམས་འདོད་པའི་རྣལ་འབྱོར་པས། །གཙོ་བོ་ལ་ནི་གསོལ་བ་གདབ། །དེ་ནས་གཙོ་བོས་ལྷ་རྣམས་ཀུན། །དམ་ཚིག་ལ་ནི་གནས་བྱའི་ཕྱིར། །བདེ་
བ་ཆེན་པོའི་རྣལ་འབྱོར་གྱིས། །ཡོལ་བའི་ནང་དུ་དམ་འཁྱུད་དེ། །སྟན་བདེ་བ་ལ་སྙོམས་ཞུགས་ཏེ། །ཇི་སྲིད་བདེ་བར་གནས་ཀྱི་བར། །དེ་སྲིད་ཁམས་གསུམ་པོ་རྣམས་སྟོང་། །ཡིད་ཀྱིས་གཅིག་ཏུ་བྱས་ནས་ནི། །ག་པུར་ལྕེ་ཡིས་བླངས་ནས་ཀྱང་། །ལྷ་རྣམས་ཀུན་ལ་ཐིག་ལེ་
དག། །གདོང་གི་པདྨའི་ནང་དུ་བཏང་། །དེ་ནི་ཡེ་ཤེས་བདེ་བ་སྟེ། །ལོངས་སྤྱོད་འཁོར་ལོར་ཞུགས་པར་བྱ། །དེ་ལྟར་རིམ་པ་ཇི་ལྟ་བར། །དེར་ནི་ལྷ་རྣམས་མ་ལུས་ཀུན། །བདག་བྱིན་བརླབ་པའི་རིམ་པ་ཡིས། །སྟན་བདེ་བ་ལ་སྙོམས་ཞུགས་ནས། །རང་གི་བདུད་རྩི་རང་གིས་བཟའ། །
དེ་བདེ་ཐབས་ཀྱིས་ཡང་དག་མཁྱེན། །སེམས་ཀྱི་བདེ་བ་གང་སྐྱེས་པ། །ཐུགས་ཀྱི་འཁོར་ལོ་ཡིན་པར་འདོད། །དེ་དག་ཡོངས་སུ་མ་གྲུབ་ན། །སྨན་དང་མར་གྱི་ཁུ་བ་ཡིས། །སྙིང་ག་རུ་ནི་བྱུགས་ནས་ཀྱང་། །དལ་གྱིས་ཅུང་ཟད་མཉེ་བར་བྱ། །དེ་ཡང་སེམས་ཀྱི་བདེ་བ་ཆེ། །
ཐུགས་ཀྱི་འཁོར་ལོ་ངེས་པར་ཡིན། །དེ་ལྟར་ཡོངས་སུ་སྦྱོར་བའི་ཚོགས། །རང་རང་ལྷ་ཡི་རྣལ་འབྱོར་གྱིས། །ལོངས་སྤྱོད་རྣམས་ནི་ཡོན་ཕུལ་ནས། །གསེར་དང་རིན་ཆེན་ལ་སོགས་དང་། །དར་དང་རས་དང་ཡང་ན་སྨན། །གཙོ་བོ་དང་ནི་བདེ་བ་ཡི། །ཤེས་རབ་ཏུ་ནི་མཉམ་པ་
སྟེ། །དེ་དག་གཞན་ལས་ཉིས་འགྱུར་ཚད། །གཞན་ལ་དེ་ཡི་ཕྱེད་ཕུལ་ནས། །ཡོན་གྱི་བདག་པོས་དགེ་བསྐུལ་བྱ། །དཀྱིལ་འཁོར་མེ་ཏོག་བཅས་ལྡན་དང་། །ལག་པར་མེ་ཏོག་ཐོགས་ནས་ནི། །ཚིག་ནི་འདི་སྐད་བརྗོད་པར་བྱ། །རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །ཁྱེད་
ལ་རབ་ཏུ་དད་པ་ཡིས། །མཆོད་པའི་ཚོགས་ནི་རབ་ཕུལ་ནས། །བདག་མཐའ་སེམས་ཅན་མ་ལུས་རྣམས། །འཁོར་བའི་སྡུག་བསྔལ་སྤངས་ནས་ནི། །བདེ་ཆེན་རྡོ་རྗེ་འཛིན་རྒྱལ་ཤོག །དེ་ནས་དེ་ཡི་སྤྲོ་སྐྱེད་ཕྱིར། །གཙོ་བོས་ཚིག་འདི་བརྗོད་པར་བྱ། །ཨེ་མའོ་སེམས་ཅན་ཆེན་པོ་

ཁྱོད། །སངས་རྒྱས་རྣམས་ཀྱིས་དེ་རིང་ནི། །ཁྱོད་ལ་རབ་ཏུ་དགོངས་འགྱུར་ཏེ། །སངས་རྒྱས་ཉིད་དུ་འགྱུར་བས་ན། །འབྲས་བུ་ཆེན་པོ་མཐོང་བ་སྟེ། །ཡིད་ཆེས་པ་ཡིས་བརྩོན་པར་བྱ། །དེ་དག་བསོད་ནམས་ཀྱི་གཞིར་རོ། །དེ་ནས་ལྷག་དང་ཕུད་བསྲེས་ཏེ། །འབྱུང་
པོ་ཀུན་ལ་གཏོར་མ་ནི། །རྣལ་འབྱོར་ཕུན་སུམ་ཚོགས་པས་བཏང་། །མེ་ཏོག་ལ་སོགས་བསྡུས་ནས་ནི། །ཐིག་ལེ་དག་ནི་དབྱི་བར་བྱ། །རང་རང་ལྷ་ཡི་རྣལ་འབྱོར་ནི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་ནི། །འགྲོ་བའི་དོན་དུ་གཤེགས་གསོལ་གདབ། །དེ་ནས་གཙོ་བོས་ལྷ་ཚོགས་ལ། །
དམ་ཚིག་བསྟན་པར་བྱ་བའི་ཕྱིར། །དམྱལ་སོགས་སྡུག་བསྔལ་མཐོང་ནས་ནི། །ཚུལ་འདི་སྨྲ་བར་མ་བྱེད་བརྗོད། །བདག་གིས་ཚོགས་བསྒྲུབ་དོན་བྱས་པས། །དགེ་བ་དྲི་མེད་གང་ཐོབ་དེས། །ཚོགས་གཉིས་ཚོགས་ནི་བསགས་ནས་ཀྱང་། །འགྲོ་ཀུན་རྡོ་རྗེ་འཛིན་ཐོབ་ཤོག །ཚོགས་ཀྱི་
འཁོར་ལོའི་ཆོ་ག །སློབ་དཔོན་ཌོམྦི་ཧེ་རུ་ཀའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་ཨཱ་ཀར་དང་ལོ་ཙཱ་བ་མར་པ་བློ་གྲོས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་སཱ་དྷ་ན། བོད་སྐད་དུ། དཔལ་ཀྱེ་རྡོ་རྗེའི་
སྒྲུབ་པའི་ཐབས། དཔལ་ཧེ་རུ་ཀ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀུན་དུ་རྟོག་པ་ཀུན་སྤངས་ཀྱང་། །ཐབས་ཆེན་བདག་ཉིད་ཅན་གང་ལས། །དངོས་པོ་ཀུན་གྱི་རང་བཞིན་ཏེ། །ཧེ་རུ་ཀ་དཔལ་མགོན་ལ་འདུད། །རབ་སྦས་ས་ཡི་ཆ་འགའ་ཞིག །གླ་རྩི་ལ་སོགས་པས་བྱུགས་པར། །འཇམ་པའི་
སྟན་གྱི་སྟེང་འདུག་ནས། །རྣལ་འབྱོར་འདི་ལྟར་གོམས་པར་བྱ། །སྙིང་གར་པཾ་སྐྱེས་པདྨ་བསམ། །ཨ་ཡིག་ལས་སྐྱེས་ཟླ་བའོ། །དེར་ནི་དུགས་འཐུང་སྣང་བ་ཡིས། །རང་ལུས་རྣམ་པར་དཔྱད་བྱ་སྟེ། །རྐང་པ་ནས་ནི་མགོ་མཐར་ཡང་། །བཤང་གཅི་སོགས་ཀྱིས་རབ་གང་བ། །རྡུལ་ཕྲན་ལ་
སོགས་དབྱེ་བ་ཡིས། །རྣམ་པར་དཔྱད་ན་རང་བཞིན་མེད། །ལུས་དྲན་ཉེ་བར་གཞག་བྱས་ནས། །བདེ་སྡུག་ལ་སོགས་རྣམ་པ་ཡི། །ཚོར་བ་ཡང་ནི་དེ་ཉིད་དུ། །མེད་པར་ཕྱི་ནས་རྣམ་པར་དཔྱད། །ཚོར་དྲན་ཉེ་བར་གཞག་བྱས་ནས། །སེམས་ལས་དཔྱད་བྱ་དེ་ཉིད་དུ། །ལུས་སོགས་རྣམས་ལས་

ཕྱིར་གྱུར་པའི། །སེམས་ཞེས་བྱ་བ་ཡོད་མ་ཡིན། །གཟུང་བའམ་ནི་འཛིན་པའི་གཟུགས། །ཡོད་མིན་དངོས་པོའི་རང་བཞིན་ནོ། །སེམས་ནི་དྲན་པ་ཉེར་གཞག་པས། །ཆོས་ཀུན་རྣམ་པར་དཔྱད་བྱ་སྟེ། །ཕུང་ཁམས་སྐྱེ་མཆེད་སོགས་མཚན་ཉིད། །དེ་ཡང་དེ་ཉིད་དུ་མེད་དོ། །ཆོས་ནི་དྲན་པ་
ཉེར་གཞག་པ། །བྱས་ནས་སླར་ཡང་སྔགས་དྲན་བྱ། །བ་སྤུའི་བུ་ག་ལས་སྤྲོས་དེའི། །སྣང་བས་མ་ལུས་འགྲོ་བ་ནི། །དམྱལ་བ་ཡི་དགས་དུད་འགྲོ་ལྷ། །ལྷ་མིན་མི་ཡི་འགྲོ་བ་ཡང་། །སྐྱེ་དང་རྒ་དང་འཆི་བ་དང་། །ལྟུང་བ་རྣམས་ཀྱིས་གདུངས་མཐོང་སྟེ། །སྙིང་རྗེ་ཆེན་པོ་ལ་དམིགས་ནས། །
དེ་རྣམས་ཀྱི་ནི་སྒྲོལ་བའི་རྒྱུར། །བསོད་ནམས་དག་ནི་འཕེལ་སླད་དུ། །བླ་མ་ལྷ་དང་རྒྱལ་བ་ཡང་། །བྱང་ཆུབ་སེམས་དཔའི་ཚོགས་བཅས་རྣམས། །མཐོང་ནས་མཆོད་པ་རབ་ཏུ་བརྟག །ཐོག་མར་སྔགས་སྟེ་རང་སྙིང་གི། །ས་བོན་མེ་ཏོག་བདུག་སོགས་སྤྲོ། །སྔགས་ནི། ཨོཾ་བཛྲ་པུཥྤེ་
ཨཱཿཧཱུཾ་ཕཊ་སྭཱ་ཧཱ། །མེ་ཏོག་བདུག་སྤོས་དེ་བཞིན་སྒྲོན། །དྲི་དང་ལྔ་པ་ཞལ་ཟས་སོ། །གདུགས་དང་རྒྱལ་མཚན་བ་དན་སོགས། །ཕྲེང་མ་བླ་གོས་ཡང་དག་ལྡན། །རྟ་གླང་མི་ཡི་བུད་མེད་སོགས། །ཐམས་ཅད་རིན་ཆེན་རིགས་ལས་བྱུང་། །ཕྱི་རོལ་ཀུན་དུ་གཽ་རཱི་སོགས། །བདུད་རྩི་ལྔ་འཛིན་
སྤྲོ་བར་བྱ། །སྡིག་པ་རྣམས་ནི་བཤགས་པར་བྱ། །བསོད་ནམས་ལ་ནི་རྗེས་ཡི་རང་། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བྱང་ཆུབ་སེམས་ནི་བསམ་པར་བྱ། །དེ་ནས་ལམ་རྟེན་མཐར་ཐུག་པའི། །ཚིགས་སུ་བཅད་པ་ཐོག་མར་བརྗོད། །དཀོན་མཆོག་གསུམ་ལ་ཞེས་པ་ལ་
སོགས་པའོ། །དེ་ནས་དེ་བཞིན་གཤེགས་པའི་བཀའ། །ཐོབ་ནས་སེམས་ཅན་དོན་བྱེད་རྒྱུ། །གང་ཞིག་འགྲོ་ཀུན་དབྱེར་མེད་པས། །བྱམས་པ་ཆེན་པོ་རབ་ཏུ་གཟུང་། །སྙིང་རྗེ་བསྐྱེད་དེ་དགའ་བ་དང་། །དེ་ནས་བཏང་སྙོམས་བསྒོམ་པར་བྱ། །རང་བཞིན་བྲལ་ཕྱིར་སྟོང་པ་སྟེ། །རྒྱུ་མེད་
པ་ལས་མཚན་མ་སྟེ། །རང་གི་རྟོག་པས་མི་ཕྱེད་པས། །འགྲོ་བ་སྨོན་པ་དང་ཡང་བྲལ། །དེ་ནས་ཐམས་ཅད་སྟོང་བལྟས་ནས། །དང་པོར་ཉིད་དུ་སྔགས་བརྗོད་བྱ། །དེ་ནས་ཉི་གནས་ཧཱུཾ་ཡིག་གི། །སྔགས་ལས་འཐོན་པའི་རྡོ་རྗེའི་གུར། །ཆོས་ཀྱི་དབྱིངས་སོན་བསམ་བྱ་ཞིང་། །ཁང་

བརྩེགས་ཡང་ནི་འབྱུང་ལས་སྐྱེས། །གྲུ་བཞི་པ་ལ་སྒོ་བཞི་པ། །དོ་ཤལ་སྣམ་བུ་སོགས་ཀྱིས་བརྒྱན། །དེར་ནི་དབུས་སུ་པདྨ་དམར། །འདབ་མ་བརྒྱད་པ་བསམ་པར་བྱ། །དེར་ནི་ཟེ་འབྲུ་ལ་གནས་པའི། །བདུད་བཞི་པོ་ནི་བསམ་པར་བྱ། །ཚངས་པ་དབང་པོ་
ཉེ་དབང་དྲག །དེ་བཞིན་གཤིན་རྗེ་ནོར་སྦྱིན་དང་། །བདེན་བྲལ་དང་ནི་ཐགས་བཟངས་རིས། །འདབ་བརྒྱད་རྣམས་སུ་ལེགས་བསམ་བྱ། །ཨཱ་ལི་ཀཱ་ལི་ཟླ་ཉིའི་དབུས། །ཧཱུཾ་ཨཾ་བསམ་བྱ་དེ་དག་གིས། །ཐོད་གྲི་རང་གི་ས་བོན་གྱིས། །བྱིན་གྱིས་བརླབས་པའང་སྤྲོ་བར་བྱ། །དེ་ལ་རྣམ་
ལྔ་མངོན་བྱང་ཆུབ། །རྣལ་འབྱོར་རིག་པས་བསྒོམ་པར་བྱ། །མེ་ལོང་མཉམ་ཉིད་ཡེ་ཤེས་དག །ཟླ་ཉི་དག་ཏུ་རབ་ཏུ་གྲགས། །ལྷ་ཡི་ས་བོན་ཕྱག་མཚན་གྱིས། །སོ་སོར་རྟོག་པར་བརྗོད་པར་བྱ། །དེ་རྣམས་གཅིག་ཉིད་ནན་ཏན་ཏེ། །རྫོགས་པ་དག་པའི་ཆོས་ཉིད་དོ། །སྤྲོ་དང་བསྡུ་བ་བྱས་
ནས་ནི། །རྡོ་རྗེ་སེམས་དཔར་རང་ཉིད་འགྱུར། །ཕྱག་མཚན་ཞལ་སོགས་སྲས་བཞིན་ཏེ། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །དགའ་བས་གཉིས་གཉིས་སྙོམས་འཇུག་པས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ཡིས། །བདེ་ཆེན་གོ་འཕང་ལ་བཞུགས་
སོ། །པདྨར་བྱང་སེམས་རྣམ་པ་ལས། །གཽ་རཱི་ལ་སོགས་རྣམ་པ་འཛིན། །དེ་ནས་གཽ་རཱི་སྐུ་མདོག་གནག །གྲི་གུག་དང་ནི་ཉ་འཛིན་པ། །ཡང་ན་ཙཽ་རཱི་བཙོད་ཀྱི་མདོག །ཌ་མ་རུ་དང་ཕག་པ་ཅན། །འཛིན་པ་ལྷོ་རུ་བསམ་པར་བྱ། །རོ་ལངས་མ་ནི་ནུབ་ཏུ་དགོད། །སེར་མོ་རུས་སྦལ་
སྣོད་འཆང་མ། །སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ཡིན། །གྷསྨ་རཱི་ནི་མརྒད་འོད། །སྦྲུལ་དང་གཡོན་ན་སྣོད་དག་གོ། །དབང་ལྡན་དུ་ནི་པུཀྐ་སཱི། །དབང་སྔོན་འོད་དེ་སེང་གེ་འཛིན། །ཕྱག་གཡོན་ན་ནི་དགྲ་སྟའོ། །ཤ་བ་རཱི་ནི་མེ་རུ་དགོད། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཕྱག་ན་དགེ་སློང་
འཁར་སིལ་ཡང་། །བདེན་བྲལ་དུ་ནི་གཏུམ་མོ་གནག །འཁོར་ལོ་དང་ནི་གཤོལ་འཛིན་མ། །རླུང་དུ་གཡུང་མོ་སྣ་ཚོགས་མདོག །དེ་བཞིན་གཤེགས་པ་རྣམ་དག་པས། །གཡོན་པས་རྡོ་རྗེ་དང་བཅས་པའི། །སྡིགས་མཛུབ་མཛད་པ་བསམ་པར་བྱ། །གཾ་ཙཾ་བཾ་གཾ་པཾ་ཤཾ་ལཾ། །

ཌཾ་གི་ས་བོན་རྣམས་ཀྱིས་དབྱུང་། །ཀཀྐོ་ལ་ལས་རིམ་ཇི་བཞིན། །གར་གྱིས་རོ་ཡི་སྟེང་དུའོ། །སྤྱན་གསུམ་སྐྲ་ནི་གྱེན་དུ་སྟེ། །མགོ་བོའི་མེ་ཏོག་ཕྲེང་བས་བརྒྱན། །ལྷ་མོ་ཕྱག་རྒྱ་ལྔ་འཛིན་པ། །སྤྱི་བོ་རྣམས་སུ་ཐོད་པ་བྱས། །སྟག་གི་ཤམ་ཐབས་སྐེད་པར་གནས། །སྤྱན་དམར་
སྨིན་མ་སེར་སྐྱའོ། །འཁོར་ལོ་འདི་ལྟར་རྣམ་བསམས་ནས། །གཙོ་བོ་རིག་མར་བཅས་པ་དག །ཞུ་བས་འདོད་ཆགས་ཆེན་པོ་ལས། །ཞུ་བ་མར་གྱི་བུམ་པ་བཞིན། །དེ་མཐོང་ནས་ནི་སྦོམ་པོ་སྔོན། །གྲྭ་བཞིའི་ལྷ་མོ་རྣམས་ཀྱིས་ནི། །སྒྲ་སྙན་པ་ཡི་གླུ་རྣམས་ཀྱིས། །སེམས་ཅན་
དོན་དུ་སད་པར་བྱེད། །ཁྱོད་བཞེངས་རྗེ་བཙུན་སྙིང་རྗེའི་ཡིད། །པུཀྐ་སཱི་དག་ཡོངས་སུ་སྐྱོབས། །སྟོང་ཉིད་རང་བཞིན་དོར་ནས་ནི། །བདེ་ཆེན་སྦྱོར་བས་བདག་འདོད་མཛོད། །ཁྱོད་མེད་ན་ནི་བདག་འགུམ་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་ཉིད་རང་བཞིན་ཉིད་དོར་ནས། །རི་ཁྲོད་
མ་ཡི་བྱ་བ་སྒྲུབས། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་མ། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་པས། །གདོལ་པ་མོ་བདག་ཞུ་བ་བགྱིད། །བདག་གིས་ཁྱོད་ཐུགས་མིག་འཕྲུལ་ཤེས། །ཀྱེ་མ་མིག་འཕྲུལ་ཅན་ཁྱོད་བཞེངས། །གཡུང་མོ་བདག་ནི་གྲོང་ཁྱེར་རམ། །
སྙིང་རྗེ་ཆད་པར་མ་མཛད་ཅིག །ཨཾ་ཧཱུཾ་དག་གིས་གྲི་གུག་དང་། །པདྨའི་སྣོད་ཀྱང་བསམ་པར་བྱ། །སྤྲོས་ལས་ཞུ་བ་ལས་རབ་བཞེངས། །རང་གི་ལྷ་ཡི་རྣམ་པའི་སྐུ། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །བཅུ་དྲུག་ཕྱག་གིས་བརྒྱན་པ་སྟེ། །ཉི་ཤུ་རྩ་བཞིའི་སྤྱན་གྱིས་ཕྱུག །སྟེང་གི་ཞལ་ནི་རྣམ་པར་གཙིགས། །
གཡས་སུ་ཡང་ནི་དཀར་བའི་ཞལ། །གཡོན་པ་དམར་པོར་རྣམ་བསྒོམ་བྱ། །སྤྱི་བོར་སྣ་ཚོགས་རྡོ་རྗེ་དང་། །མགོ་བོའི་མེ་ཏོག་ཕྲེང་བས་བརྒྱན། །ལྷ་ཡི་ཕྱག་རྒྱ་ལྔ་འཆང་ཞིང་། །སྤྱི་བོར་ཐོད་པ་བྱས་པའོ། །སྒེག་པ་ལ་སོགས་རོ་དང་ལྡན། །སྐུ་མདོག་ནག་ཅིང་ཤིན་ཏུ་འཇིགས། །འཁོར་
ལོ་རྣ་ཆ་མགུལ་རྒྱན་དང་། །ལག་གདུག་སྐ་རགས་རྣམས་ཀྱིས་བརྒྱན། །བདུད་ཀྱི་རྒྱབ་ཏུ་བཞུགས་ནས་ཀྱང་། །ལྷ་དང་ལྷ་མིན་བསྡིགས་པར་མཛད། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །ཕྲག་པར་འཁྱུད་པའི་བདག་མེད་མ། །གཡོན་ན་ཐོད་པ་ཁ་ཊྭཱཾ་ག། །གཡས་ན་གྲི་གུག་

འཆང་བ་མོ། །རབ་འཇིགས་ལྷ་མོ་ནག་མོར་གྱུར། །རྗེ་བཞིན་རྒྱན་དང་ལྡན་པའོ། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་ར་བྷ་བྱི་ལ། །སྐྲག་པ་ཐོད་པ་བརྒྱད་རྣམས་སུ། །གཡས་པའི་ཕྱག་རྣམས་ཀྱིས་འཆང་ངོ་། །ས་དང་ཆུ་རླུང་མེ་དང་ནི། །ཟླ་བ་ཉི་མ་ཡང་དག་
ལྡན། །མཐར་བྱེད་དང་ནི་ནོར་སྦྱིན་ཉིད། །ཕྱག་གཡོན་ཐོད་པ་རྣམས་ཀྱིས་སོ། །སྤྱན་དམར་སེར་སྐྱའི་སྨིན་མ་ཅན། །མགོ་སྐྱེས་གྱེན་དུ་འབར་བའོ། །དེ་ནས་རྣལ་འབྱོར་རང་ཉིད་འགྱུར། །གདུག་པ་ཐམས་ཅད་ངེས་གནོན་བྱེད། །ཡེ་ཤེས་འཁོར་ལོ་ཡང་དག་པར། །དགུག་གཞུག་བཅིང་
དང་དབང་དུ་བྱ། ཛཿཧཱུྃ་བཾ་ཧོཿསྔགས་བརྗོད་པས། །རང་གི་འཁོར་ལོ་གཅིག་ཉིད་བྱ། །མིག་ལ་གཏི་མུག་རྡོ་རྗེར་གྱུར། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་རྡོ་རྗེ་མ། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ཕྲག་དོག་ཏུ་བཤད་ལུས་ལ་བསམ། །ཡིད་ལ་བདག་མེད་མ་དགོད་དོ། །གཟུགས་
ནི་གཽ་རཱི་སྒྲ་ཆོམ་རྐུན། །རོ་ལངས་མ་ནི་དྲིར་བརྗོད་བྱ། །གྷསྨ་རཱི་ནི་རོ་ལངས་མ། །རེག་ལ་ས་སྤྱོད་མ་རུ་དྲན། །ཆོས་ཁམས་མཁའ་སྤྱོད་མ་རུ་འགྱུར། །ཞེས་པ་སྐྱེ་མཆེད་སྦྱོང་བའོ། །གཟུགས་ཕུང་རྡོ་རྗེ་མ་རུ་འགྱུར། །ཚོར་བ་ཡང་ནི་དཀར་པོ་ཉིད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་
བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་རང་བཞིན་གྱིས། །བདག་མེད་རྣལ་འབྱོར་མ་གནས་སོ། །སྦོས་མོ་རི་ཁྲོད་མ་ཉིད་དང་། །གཏུམ་མོ་གཡུང་མོ་དེ་བཞིན་ཏེ། །ས་ཆུ་མེ་དང་རླུང་རྣམས་ལ། །སྦྱང་སླད་རྣལ་འབྱོར་པས་དགོད་བྱ། །དེ་ནས་དཀྱིལ་འཁོར་འཁོར་ལོའི་བདག །
ཡེ་ཤེས་ས་བོན་འོད་སྤྲོས་པས། །མཁར་བཞུགས་སངས་རྒྱས་རྣམས་ལ་ནི། །དབང་གི་སླད་དུ་གསོལ་བ་གདབ། །སངས་རྒྱས་དེ་རྣམས་ཧེ་རུ་ཀའི། །རྣམ་པས་ཆོ་གས་དབང་བསྐུར་རོ། །གཽ་རཱི་སོགས་དང་སྤྱན་མ་སོགས། །ལྷ་མོའི་ཚོགས་རྣམས་ཀྱིས་རབ་མཆོད། །བདུད་རྩི་
ལྔ་པོས་རྒྱས་པ་ཡི། །བུམ་པ་མེ་ཏོག་ཆར་ལྡན་པས། །རྣལ་འབྱོར་པ་ནི་དབང་བསྐུར་འགྱུར། །དབུ་རྒྱན་དཔལ་ལྡན་ཐུགས་ཀྱིས་ཏེ། །གཽ་རཱི་པུཀྐ་སཱི་ཉིད་ཀྱང་། །ཐུགས་དབང་ཉིད་ཀྱིས་རྒྱས་གདབ་བྱ། །ཆོམ་རྐུན་རི་ཁྲོད་སྐུ་ཡི་དབང་། །རོ་ལངས་མ་ནི་རིན་ཆེན་འབྱུང་། །གཏུམ་

མོའི་དབུ་རྒྱན་ལ་ཡང་དེ། །གཡུང་མོ་ཆགས་པའི་རྡོ་རྗེ་ཅན། །གྷསྨ་རཱི་ཡང་དབང་བསྐུར་གནས། །རྣལ་འབྱོར་རིག་པས་རྟག་བསྒོམ་བྱ། །དེ་ནས་མཆོད་དེ་བདག་ཉིད་ནི། །བསྟོད་པས་ཀུན་དུ་དགྱེས་པར་བྱ། །རྣལ་འབྱོར་མ་ཚོགས་གྲོགས་མོས་ཡོངས་བསྐོར་ཁྱོད། །ཁྱོད་ནི་
རང་གི་ཐུགས་ཀྱིས་མཆོག་བརྙེས་པ། །འདིས་ནི་རྒྱུ་དང་མི་རྒྱུའི་འགྲོ་ཀུན་མཛེས། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་པར་མཛད། །སྒྱུ་མའི་སྒྲོས་པ་ལྟུང་མཛད་རྡོ་རྗེ་ཀྱེ། །དགྱེས་མཛོད་དཔལ་ལྡན་ཧེ་རུ་ཀ་རྡོ་རྗེ། །བདུད་རྩི་མྱང་བ་བྱས་ནས་ནི། །སྤྲོ་དང་བསྡུ་བ་སྔོན་མ་ཅན། །
བརྟན་ཞིང་རྩེ་གཅིག་སེམས་ཀྱིས་ནི། །སྔགས་ཀྱི་བཟླས་པ་རབ་ཏུ་བྱ། །ཡེ་ཤེས་སེམས་དཔའི་སྙིང་ཟླར་གནས། །ས་བོན་ཐིག་ལེར་སོང་ཞིང་སྤྲོ། །སྔགས་ཕྲེང་ཕྱི་རོལ་འགྲོ་བ་ན། །སེམས་ཅན་ཀུན་གྱི་དོན་བྱེད་དོ། །བསྡུ་ཞིང་སླར་ཡང་སྔགས་པ་ཡིས། །སྲོག་དང་ཐུར་སེལ་ཤིན་ཏུ་
བསྡམ། །བཟླས་པ་བྱས་ནས་བསོད་ནམས་དེ། །སེམས་ཅན་རྣམས་ལ་བསྔོ་བར་བྱ། །ཏིང་ངེ་འཛིན་ལས་ལངས་པ་ན། །སྨོན་ལམ་འདི་ནི་བཀླག་པར་བྱ། །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱེ་ཡི་རྡོ་རྗེ་སྟོན། །བརྩེར་ལྡན་བླ་མར་གུས་པ་དང་། །སྐྱེ་བ་ནས་ནི་སྐྱེ་བར་གྱུར།
ལག་པ་རྡོ་རྗེ་དྲིལ་བུས་མཚན། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་ཡང་དག་པར། །སྐྱེ་བ་སྐྱེ་བར་འཐུང་གྱུར་ཅིག །དེ་ནས་གཏོར་སོགས་ཆོ་ག་ནི། །ཇི་བཞིན་ངལ་སོའི་དོན་དུའོ། །ཐུན་མཚམས་སུ་ཡང་དེ་བཞིན་དུ། །དང་པོར་མཆོད་དེ་བཟླ་ཞིང་བཟླ། །ཐུགས་
ཀའི་འཁོར་ལོར་འཇུག་པའི་མཐར། །ཤེས་རབ་ཐབས་དག་བདེ་བའོ། །གླུ་རྣམས་ཀྱིས་བསྐུལ་སྔ་བར་ནི། །བཤད་པའི་ཆོ་གས་ལངས་ནས་ནི། །བཟླ་བྱ་ནུས་པ་རྙེད་པ་ན། །རྫོགས་པར་སེམས་ཅན་དོན་བརྩམ་མོ། །ཞེས་པ་འདི་བྱས་དགེ་ཞིང་བདེ་བའི་སྒྲུབ་ཐབས་ནི། །མ་ལུས་སེམས་
ཅན་བདེ་བ་ཆེན་པོ་སྒྲུབ་བྱེད་པ། །དྲི་མ་དང་བྲལ་དགེ་བར་བསགས་པ་གང་། །དེ་ཡིས་འགྲོ་བས་ནམ་མཁའ་ཐོབ་གྱུར་ཅིག །དཔལ་ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཌོམྦི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།ཆོས་ཀྱི་རྒྱལ་པོ་ཆེན་པོ་གྲགས་པ་འབྱུང་གནས་ཀྱི་

སྤྱན་སྔར། པཎྜི་ཏ་ཆེན་པོ་བ་ན་རཏྣ་དང་། གཞོན་ནུ་དཔལ་གྱིས་ཁ་ཆེ་དངུལ་གྱི་བུམ་པའི་འགྲེལ་པ་དང་མཐུན་པར་བསྒྱུར།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་སཱ་དྷ་ན་པཉྫི་ཀཱ། བོད་སྐད་དུ། ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་
དཀའ་འགྲེལ། །བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྲིད་མུན་ཉིན་མོར་མཛད་པ་ཡི། །ཀྱེ་ཡི་རྡོ་རྗེར་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་མདོར་བསྡུས་པའི། །དཀའ་འགྲེལ་བདག་གིས་བཤད་པར་བགྱི། །དེ་ལ་སློབ་
དཔོན་ཌོམྦི་པའི་ཞབས་ཀྱིས་ཕྱིར་བགེགས་ཉེ་བར་ཞི་བའི་དོན་དུ། ཆོས་དང་། ལོངས་སྤྱོད་སྔགས་པ་དང་། སྤྲུལ་པ་སྟེ་སྐུ་གསུམ་གྱི་བདག་ཉིད་ཀྱི་དཔལ་ཧེ་རུ་ཀ་ལ་རབ་ཏུ་བསྔགས་ནས་ཕྱག་མཛད་པ། ཀུན་དུ་རྟོག་པ་ཀུན་སྤངས་ཀྱང་། །ཐབས་ཆེན་བདག་ཉིད་ཅན་གང་ལས། །
དངོས་པོ་ཀུན་གྱི་རང་བཞིན་ཏེ། །ཧེ་རུ་ཀ་དཔལ་མགོན་ལ་འདུད། །ཅེས་བྱ་བ་གསུངས་ཏེ། ཧེ་རུ་ཀ་དཔལ་ཞེས་བྱ་བ་ལ། དཔལ་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ཉིད་ཀྱི་ཕྱིར་ཧེ་རུ་ཀ་དཔལ་ཏེ། འདིར་ལྡན་པའི་སྒྲ་ཕྱིས་པའོ། །ཧེ་ཡིག་གིས་ནི་སྙིང་རྗེ་གསུངས་ལ། །
རུ་ཡིག་གིས་ནི་རྣམ་པར་རྟོག་པ་ལ་སོགས་པའི་གནས་སྐབས་ཀྱི་མཚན་ཉིད་ཉམས་པའི་དོན་དུ་སྟོང་པ་ཉིད་དོ། །ཀ་ཡིག་གིས་དེ་དག་གི་དབྱེར་མེད་པའི་གཟུགས་ཏེ། དཔལ་ཧེ་རུ་ཀ་ཞེས་གསུངས་སོ། །ཡང་ན། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །
རུ་ནི་བཀོད་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པ། །གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་ཀྱིས་གཉིས་མེད་དོ། །རྒྱུ་དང་རྐྱེན་དང་དེའི་ཡན་ལག་རྣམས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བསྐྱེད་བཞིན་དུ་མ་སྐྱེས་པ་ཉིད་ལས་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་ཧེ་ནི་རྒྱུ་སོགས་སྟོང་པ་ཉིད་
དོ། །གཡོ་བ་དང་མི་གཡོ་བ་དང་བྲལ་བ་ཉིད་ཀྱི་ཕྱིར་བཀོད་པ་དང་བྲལ་བ་རྫས་ཀྱི་གཟུགས་མེད་པས་རང་གི་ཡུལ་གྱི་གནས་སྐབས་མེད་པའི་ཕྱིར་ན། རང་བཞིན་མེད་པའི་གཟུགས་ཉིད་ལས། །གང་དུ་ཡང་མི་གནས་པ་ཞེས་པའི་དོན་ཏོ། །མགོན་པོ་ནི། འགྲོ་བ་ཐམས་ཅད་ཀྱི་སྐྱབས་

སུ་གྱུར་པའོ། །ཀུན་དུ་རྟོག་པ་ཀུན་སྤངས་ཞེས་པ་ལ། རྟོག་པ་ཡང་དེ་ཡིན་ལ་ཀུན་དུ་རྟོག་པ་ཀུན་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་རྟོག་པ་རྣམས་སོ། །དེ་རྣམས་དང་བྲལ་བ་ནི་སྤངས་པའོ། །འདིར་ནི་རང་གི་དོན་གྱི་མཚན་ཉིད་ཆོས་ཀྱི་སྐུ་གསུངས་པ་ཡིན་ནོ། །ཀྱང་གི་སྒྲ་
ནི་ཡང