Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 9

Văn bản gốc(Tây Tạng)

Trang 14 / 22 (50.000 ký tự/trang)
ཟུགས་དང་སྟོང་པའི་དབུས་དག་ཏུ། །རྣལ་འབྱོར་ཅན་གྱིས་དེ་ཉིད་གཟུང་། །མཉམ་པ་ཉིད་ཀྱི་སེམས་ཀྱིས་ནི། །མཚན་ཉིད་ཇི་བཞིན་བསྒོམ་པར་བྱ། །དེ་ཡི་རྫོགས་པའི་བྱང་ཆུབ་ལམ། །བླ་མ་ཉིད་ཀྱི་
ལུང་བཞིན་དུ། །ད་ནི་མྱུར་དུ་མཐོང་བར་འགྱུར། །རྣམ་ཤེས་ཡེ་ཤེས་གཟུགས་དག་ནི། །བསྟན་བཅོས་ལས་ནི་མཚན་ཉིད་བསྟན། །དེ་ཉིད་ཁོ་ན་དཔའ་བོས་བཤད། །འོད་ཟེར་དཀར་པོས་བརྒྱན་པ་དག །འདི་ནི་རྟག་ཏུ་བསྒོམ་པར་བྱ། །སྒེག་པ་ལྔ་ཡི་མཆོད་རྟེན་ལ། །བདུད་རྩི་
ས་བོན་བསམས་ནས་ནི། །འོད་ཟེར་དཀར་པོ་གསལ་བའི་མདངས། །བདུད་རྩིའི་རྒྱུན་ནི་འཛག་པ་ལས། །སྙིང་གའི་པདྨའི་གེ་སར་ལ། །མཐེ་བོང་ཙམ་གྱི་ཟླུམ་པོ་ལ། །དེ་ཡི་དབུས་སུ་ས་བོན་ནི། །ཨཱ་ལི་ཀཱ་ལི་དག་ལས་བཏུང་། །མདོག་དཀར་དེ་ནི་ཤིན་ཏུ་མཛེས། །ཟླ་བའི་འོད་
ཟེར་ཀུན་དུ་འཕྲོ། །དེ་ཡི་དབུས་ཀྱི་སྒོ་རྣམས་ལ། །ཐིག་ལེ་བསྒོམ་པ་རབ་ཏུ་གྲགས། །སྐྲ་ཡི་རྩེ་མོ་བརྒྱ་ཡི་ཆ། །རྡུལ་ཕྲན་གཟུགས་སུ་རྟག་ཏུ་གནས། །རྣམ་པར་ཤེས་པའི་དངོས་པོ་ཡི། །མཚན་ཉིད་མཚོན་པའི་ཡེ་ཤེས་ཅན། །སེམས་ཀྱི་མཚན་ཉིད་མི་ཤེས་པས། །ཐིག་ལེ་
གནས་ཀྱི་གོ་འཕང་བལྟ། །སྙིང་དང་ཚངས་པའི་སྒོ་དང་ནི། །ཐིགས་པ་ལམ་གྱི་སྒོ་དག་ཏུ། །བླ་མའི་ལུང་ལ་གུས་པ་ཡིས། །རྣམ་ཤེས་ཡེ་ཤེས་གཟུང་བར་བྱ། །ཕྱི་རོལ་པ་ཡི་ལམ་དག་དང་། །བསྟན་བཅོས་ལས་ནི་མི་རྙེད་ཅིང་། །བསྟན་པ་ཡང་ནི་རྙེད་སླར་ཏེ། །དེ་སྦྱོར་བས་ནི་
རྙེད་པར་དཀའ། །བླ་མའི་བསྙེན་བཀུར་གུས་པ་ཡིས། །ཐབས་དང་ལྡན་པའི་སྒྲུབ་པ་པོས། །བླ་མའི་ཞལ་གྱི་ལམ་གྱིས་ནི། །མཁས་པས་འདི་ནི་བསྒོམ་པར་བྱ། །མི་གཡོ་འཚེ་བ་མེད་པ་རུ། །མཉམ་པར་གཞག་སྟེ་དངོས་པོ་བསྒོམ། །ཆོས་ཀྱི་སྔོན་འགྲོ་ཡིད་ཡིན་ཏེ། །
ཡིད་ཀྱིས་འཇུག་ཅིང་ཡིད་ཀྱིས་འདག །ཡིད་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས། །སྨྲ་བ་དག་ནི་བྱེད་པ་འབྱུང་། །དེ་བས་ཐམས་ཅད་ཡིད་རང་བཞིན། །བློ་ལྡན་ཡིད་ལས་བྱུང་ཞེས་བྱ། །གལ་ཏེ་བཟླ་འདོད་རྣལ་འབྱོར་པ། །སྙིང་གི་བསམ་དང་བསྒོམ་པ་སྟེ། །སྡོམ་དང་རྒྱུད་འགྱུར་ས་

བོན་ནི། །དེ་ཉིད་ཁོ་ན་གཟུགས་མེད་དོ། །རྒྱུ་དང་འབྲས་བུའི་ས་བོན་ནི། །ཡེ་ཤེས་དེ་ཉིད་མཐོང་བ་མེད། །གཟུགས་སོགས་སྲིད་པའི་འདོད་སྤྱོད་ལ། །ས་བོན་ལྔ་ནི་བསྒོམ་པར་བྱ། །ཀུན་ནས་ཀུན་དུ་འཇུག་པ་དང་། །འགྲོ་དང་འགྲོ་མིན་ཡང་དག་གནས། །རྟག་ཏུ་རྩ་བ་གཟེར་བར་བྱ། །
ཡེ་ཤེས་རྣམ་ཤེས་ས་བོན་ནི། །ཐིག་ལེའི་སྒྲ་དང་ཡང་དག་ལྡན། །སྲིད་པའི་ལོངས་སྤྱོད་འདོད་པ་ཡིས། །ངག་གི་ཡི་གེ་སྤངས་ནས་ནི། །ཡིད་ཀྱིས་བཟླས་དང་ཡང་དག་ལྡན། །རྟག་པ་ཆོས་ཀྱི་དབྱིངས་ཉིད་ཀྱི། །མི་གཡོ་གོ་འཕང་རྒྱུན་དུ་གནས། །རྟག་ཏུ་འཕང་ཞིང་གོས་མེད་
པས། །ཡེ་ཤེས་ལ་ནི་རྣམ་ཤེས་ཐིམ། །རྣམ་ཤེས་ཡེ་ཤེས་ཉིད་འགྱུར་ན། །བྱང་ཆུབ་རིམ་པ་མཐོང་འགྱུར་ཞེས། །མར་མེ་ལྟ་བུ་ཐམས་ཅད་ལ། །སྣང་འགྱུར་མཚན་མ་དང་པོ་སྟེ། །སྲིན་བུ་མེ་ཁྱེར་ལྟ་བུ་དང་། །རྡུལ་མཐོང་མཚན་མ་གཉིས་པ་ཡིན། །ཉོན་མོངས་འཇོམས་
པའི་མཚན་ཉིད་གདགས། །རྡུལ་ཕྲན་དཀར་པོའི་རྣམ་པར་ནི། །ཕྱོགས་སུ་དེ་བཞིན་མཐོང་འགྱུར་བ། །རྟགས་ནི་གསུམ་པ་ཡིན་པར་ཤེས། །འདོད་པ་ལྷ་ཡི་ལོངས་སྤྱོད་རྣམས། །སེམས་ཀྱིས་མཐོང་བ་བཞི་པ་སྟེ། །གཟུགས་ཀྱི་ལྷ་མཐོང་ལྔ་པ་ཡིན། །གཟུགས་མེད་
སྤྱོད་ཡུལ་དྲུག་པ་སྟེ། །ཆོས་ཀྱི་དབྱིངས་ལ་གནས་པ་བདུན། །སངས་རྒྱས་འབྲས་བུ་བརྒྱད་པ་སྟེ། །རྣལ་འབྱོར་པས་ནི་མ་ཡེངས་བསྒོམ། །སྙིང་རྗེ་ལྡན་པའི་རྣལ་འབྱོར་པས། །རྩེ་གཅིག་བསྒོམས་ན་མཆོག་ཐོབ་འགྱུར། །ཡེ་ཤེས་བསྒོམ་པའི་རྣལ་འབྱོར་པས། །གང་དུ་འཕོ་
བའི་མན་ངག་ནི། །བླ་མའི་བརྒྱུད་པ་ཡོད་ལ་བླང་། །འཆི་བ་རྣམ་རྟོག་མཁའ་སྤྱོད་འགྲོ། །གང་ཞིག་དད་མེད་བརྩོན་མེད་བླུན་པོ་ཤེས་རབ་མེད། །བླ་མའི་སྐྱོན་བལྟ་ཉེས་བརྗོད་གཡོ་སྒྱུས་བླ་མ་བསླུས། །ཚོགས་སུ་མི་བལྟ་ལྐོག་ཏུ་བརྙས་བྱེད་འཛུམ་ཚིག་སྨྲ། །བུ་དང་རྒྱལ་པོ་དགེ་སློང་
རིགས་བཟང་ཡིན་ཡང་སྤང་། །སྐྱོན་རྣམས་སྤངས་པའི་གཟུགས་སྤྱོད་མ་ཡིན་ལ། །བླ་མ་ལ་གུས་སྙིང་རྗེ་གཞན་ཕན་ཤེས་རབ་ཐབས་དང་ལྡན། །སྤྱོད་ལམ་རྣམ་བཞིར་མི་ཡེངས་བསྒོམ་ལ་བརྩོན་ཞིང་རིམ་པར་སྟོན། །དེ་ལྟ་བུ་ལ་སྔགས་ཀྱི་དེ་ཉིད་ལེགས་པར་བསྟན་པར་བྱ། །ཡེ་

ཤེས་ཀྱི་དེ་ཉིད་ཀྱི་རིམ་པ་སྟེ་གཉིས་པའོ།། །།དེ་ནས་སྔགས་ཀྱི་མཚན་ཉིད་བཤད། །རྣལ་འབྱོར་པ་རྣམས་རྟག་ཏུ་བཟླ། །སྔགས་དང་ཡི་གེ་ཐ་མི་དད། །གཉིས་མེད་རྟག་ཏུ་བཟླ་བ་ནི། །གལ་ཏེ་བཟླ་འདོད་རྣལ་འབྱོར་པས། །སྙིང་གིས་བསམ་དང་བསྒོམ་པ་སྟེ། །རྡོ་རྗེ་རྒྱུ་
གྱུར་ས་བོན་ནི། །དེ་ཁོ་ན་ནི་གཟུགས་མེད་དོ། །རང་གི་སྙིང་གར་ས་བོན་ལ། །བསམ་གཏན་སྔགས་ཀྱིས་བསྐོར་ལ་བཟླ། །ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཨཥྚཱ་ན་ནཱ་ཡ། པིཾ་ག་ཨུརྡྷ་ཀེ་ཤ་བརྟྨ་ནེ། ཙ་ཏུ་རྦིཾ་ཤ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་
མཱ་ལཱ་ནེ་ཀཱ་དྷཱ་རི་ཎི། ཨཱདྷྨཱ་ཏ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷེནྡུ་དཾཥྚྲཱི་ཎེ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫྫ་ཡ་གརྫྫ་ཡ། ཏརྫྫ་ཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ན། བནྡྷ་བནྡྷ། ནཱ་ག་ཨཥྚ་ཀཱན། གྲྀཧྞ་གྲྀཧྞ། སརྦ་དུཥྚཱཾ་ཥ་ཏྲཱུཾ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ་ཕཊ་སྭཱ་ཧཱ། རྩ་བའི་
སྔགས་སོ། །ཨོཾ་བཛྲ་གྷུ་ཛུ་སི་ཏ་པ་ར་མ་ལོ་ཀེ་ཤྭ་རེ་ཀ་པཱ་ལ། མཱ་ལ་དྷ་རི་ཎི་རུ་དྷི་ར་པྲྀ་ཡེ་ན་པ་སི་ཧཱུཾ་ཕཊ་སྭཱ་ཧཱ། གཽ་རཱིའི་སྙིང་པོའོ། །ཨོཾ་བཛྲ་ཙཎྜེ་ཤྭཱ་རི་ཁ་ཊྭཱཾ་གི་མ་ཧཱ་བཛྲ་ཀ་པཱ་ལ་མཱ་ལ་ཀུ་ཧོ། །ཨཱ་ཀཌྜྷྱ། སརྦ་དུཥྚཱཾ་ཧྲྀ་ད་ཡ། ཨཱ་ཀཌྜྷྱ་བྷུ་ཧཱུྃ་ཕཊ་སྭཱ་ཧཱ། རྩཽ་རཱིའོ། །ཨོཾ་བཛྲ་བེཏྟཱ་ལཱི་ཁ་
ཁ་ཁཱ་ཧཱི་སརྦ་དུཥྚཾ་བི་ཀ་ཊ། བེ་ཤེ་ཏ་རི་ནི་བི་ཀྲྀ་ཏ་ཨཱ་ལཾ་ཀཱ་ར་བྷཱུ་ཥི་ཏ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བི་ལཾ་བ་ས་མ་ནུ་སྨཱ་ར། པྲ་ཤ་ཡ་མཎྚ་ལ་མ་ཏེ། ཨུ་ཏ་པ་ཡ་སརྦ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། བེཏྟཱ་ལཱིའོ། །ཨོཾ་བཛྲ་མ་ཧེ་ཤྭ་རི་ཧཾ་ཧཾ་ཧཾ་ཧཾ་རུ་ལུ་བྷྱོ་ཧཱུྃ་ཕཊ། པ་ཁྲ་ཡཾ་སརྦ་དུཥྚཱ་ནཱཾ་ནིརྨ་ཐ་ཡ་ཧཱུཾ་ཧཱུཾ་
ཕཊ་སྭཱ་ཧཱ། གྷསྨ་རཱིའི་འོ། །ཨོཾ་བཛྲ་ཧ་བྷ་བ་ཏི་བཛྲ་གུ་ཛ་ཤ་ར་བ་ཧཱུཾ། པི་ཙི་ཏ་བི་ཤི་ཏ་རི་ན། སརྦ་ཏ་ཐཱ་ག་ཏཱ་ཛུསྠེ་ས་མ་ཡ་མ་ནུ་སྨཱ་ར་ཧ་ན་ཧ་ན། རཾ་ག་རཾ་ག་ཡ། སྥུ་ར་སྥུ་ར་ཡ། ཨཱ་བེ་ཤ་སརྦ་བྷཱུ་ཏཾ་ཏ། ན་དྷ་ན་དྷ་ས་ཏ་ཡ། ཧ་ཧ་ཧ་ཧ། ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། པུཀྐ་སཱིའི་འོ། །ཨོཾ་པི་ཤཱ་ཙི་པརྞ་ཤ་བ་རཱི་སརྦ་མ་རི་རཾ་པྲ་
ཤ་མ་ནི། ཧཱུྃ་ཧཱུྃ་ཧཱུྃ་མོ་ཧ་པུ་ཏ་རི་ཧཱུྃ་ཕཊ་སྭཱ་ཧཱ། རི་ཁྲོད་མཱིའིའོ། །ཨོཾ་བཛྲ་སུ་ལཾ་ནི་བྷིནྡ་སརྦ་དུཥྚཱཾ་ཧྲྀ་ད་ཡ། ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། ནིརྨ་ཐ་ར་ཡ་བི་ལཾ་བ། ས་མ་ཡ་མ་ནུ་སྨཱ་ར་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཙཎྜ་ལཱིའོ། །ཨོཾ་བཛྲ་བ་ར་མ་གྷུ་ཛཻ་ཀ་ས་ལ་བི་བྷཱུ་ཥི་ཏ་སརྦ་དུཥྚཱཾ་མོ་ཧ་ནི་པྲི་

ཡེ། ཛྱེ་ཧི་ག་པ་ཏི་བཛྲ་བྷཱུ་ཛེ་ས་རི་ཧཱུྃ། བཾ་བཾ་བ་ས་པ་རི་ནི་སརྦ་དུཥྚཱཾ། ཙཽ་ནི་རི་ཧཱུྃ་ཕཊ། ཌོཾ་བི་ནཱི། ཨོཾ་བཛྲ་བ་ཌ་བ་མུ་ཁཾ་ཡོ་གེ་ཤྭ་རི་ཧི་ཧི་ཧི་ཧི་ཛཿཧཱུྃ་ཕཊ་སྭཱ་ཧཱ། རྟ་གདོང་མའི་འོ། །ཛི་ཏ་པ་ར། ཨོཾ་བཛྲ་དཾ་ཡུ་བཱ་རཱ་ཧ་མུ་ཁཱི་ཏྲཾ་ཧཱུྃ་ཕཊ་སྭཱ་ཧཱ། ཕག་གདོང་མའི་འོ། །ཨོཾ་བཛྲ་སཱ་དྷུ་སཾ་ཛེ་ལི་
ནི་མ་ཧཱ་ཡཀྵ་ནི་ཀྵ་ནི་རཱུ་པ་ནི་མ་ཧཱ་ཕ་ལ་ཡ་ནིར་ན་ཏེ། ཀཱ་མ་རུ་པ་ཏི་ཏཾ་ཏྲ་ད་ཧོ་ཧཱུྃ་ཕཊ་སྭཱ་ཧཱ། ཁྱི་གདོང་མཱའི་འོ། །ཨོཾ་ཙནྡྲ་སཱུརྱ་ཧཱུྃ་ཏྲཱ་ས་ནི་སིཾ་ཧ་ནི་རྟེ་སིཾ་ཧ་བ་ག་ཏེ། སཾ་ཧེ་ནི་ཏཾ་ཏཾ་ཏཾ་བཾ་བཾ་ཧཱུྃ་ཕཊ་སྭཱ་ཧཱ། སེང་གེ་གདོང་ལ་སོགས་པའི་སྔགས་སོ། །ཨོཾ་ཨཾ་སྭཱ་ཧཱ། བདག་མེད་མའི་འོ། །ཨོཾ་ཨིཾ་
སྭཱ་ཧཱ། གཽ་རཱི། །ཨོཾ་ཨཱཾ་སྭཱ་ཧཱ། ཙཽ་རཱིའི་འོ། །ཨོཾ་ཨཱིཾ་སྭཱ་ཧཱ། བེཏྟཱ་ལཱིའི་འོ། །ཨོཾ་ཨོཾ་སྭཱ་ཧཱ། གྷསྨ་རཱིའི་འོ། །ཨོཾ་ཨཱུཾ་སྭཱ་ཧཱ། །པུཀྐ་སཱིའི་འོ། །ཨོཾ་རྀ་སྭཱ་ཧཱ། ཤ་ཝ་རཱིའི་འོ། །ཨོཾ་རཱྀ་སྭཱཾ་སྭཱ་ཧཱ། ཙཎྜ་ལཱིའི་འོ། །ཨོཾ་ལྀཾ་སྭཱ་ཧཱ། ཌོཾ་བི་ནཱིའི་འོ། །རྩ་བའི་འོ། །ཨོཾ་ཧྱ་གྲི་བ་ཧཱུྃ་ཕཊ་སྭཱ་ཧཱ། རྟ་གདོང་མའི་འོ། །ཨོཾ་བཛྲ་སཱུ་ར་གྲི་
བ་ཧཱུྃ་ཕཊ་སྭཱ་ཧཱ། ཕག་གདོང་མའི་འོ། །ཨོཾ་ཀུ་ཀུ་ར་གྲི་བ་ཧཱུྃ་ཕཊ་སྭཱ་ཧཱ། ཁྱི་གདོང་མའི་འོ། །ཨོཾ་བཛྲ་སིདྷ་གྲི་བ་ཧཱུྃ་ཕཊ་སྭཱ་ཧཱ། །སེང་གདོང་མ་ལ་སོགས་པའི་སྙིང་པོ་རིང་པོའོ། །རྣལ་འབྱོར་ཟློས་ལ་བརྩོན་པ་ཡིས། །གནས་ལ་ཕྱག་འཚལ་ཡི་གེ་ལྔ། །
ཞི་བའི་ཐིག་ལེ་དབྱིབས་མདོག་བརླན། །བདེ་བ་མི་རྟོག་སྟོང་པ་ཉིད། །མི་རྟོག་སྟོང་པ་གཉིས་སུ་མེད། །བླ་མའི་མན་ངག་ས་ལ་བཟླ། །བླ་མ་ཐ་མལ་པར་མཐོང་དུག་སེལ་བདུད་རྩི་སྤོང་། །རིགས་དང་བསྙེན་བཀུར་གྱིས་ཁེངས་འཇིག་རྟེན་ཆོས་བརྒྱད་ཚོལ། །དེ་འདྲའི་སློབ་མ་འོང་
བ་སྙིང་རྗེས་དགེ་བ་དེ་ཡང་བཟུང་། །དལ་འཇམ་བརྩོན་ཞིང་བཀའ་སྒྲུབ་ཐོས་བསམ་སྒོམ་པ་པོས། །རིགས་གནས་འབྱོར་པ་དགོས་ཀྱང་དེ་ནི་གཟུང་སྦྱང་བྱ། །དབང་བསྐུར་རྒྱུད་བཤད་སྔགས་དང་གདམས་ངག་བསྟན་པར་འོས། །སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རིམ་པ་སྟེ་གསུམ་པའོ།། །།
ད་ནི་བདག་གི་དེ་ཁོ་ན་ཉིད་བཤད། །དེ་ཉིད་ཤེས་པས་མཉམ་གཞག་མེད། །དངོས་པོ་རྣམས་ནི་ཐམས་ཅད་ཀྱི། །རྣམ་དག་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེ་དབྱེ་བ་ཡིས། །ལྷ་རྣམས་རྣམ་པར་དག་པར་བྱ། །མི་ཤེས་སྒྲིབ་གཡོགས་རྣམ་སྦྱངས་ནས། །ལུས་ཅན་ཕུང་པོ་ཁམས་

སྐྱེ་མཆེད། །རིགས་ལྔ་ཡུམ་ལྔ་རྡོ་རྗེ་མ། །གཅིག་གཉིས་གསུམ་བཞི་ལྔ་དང་བཅུ། །བརྒྱ་སྟོང་ཁྲི་འབུམ་བྱེ་བ་དག །གྲངས་མེད་སྐུ་ཡི་གསང་བ་བསམ་མི་ཁྱབ། །གསུང་དང་ཐུགས་ཀྱི་གཉིས་མེད་བསམ་མི་ཁྱབ། །རྣལ་འབྱོར་རྣམས་ལ་ཕན་པའི་ཕྱིར། །
ལུས་མེད་རྡོ་རྗེ་ཅན་དེ་ཉིད། །ཤེས་རབ་ཕ་རོལ་ཕྱིན་པ་མཆོག །ཁམས་གསུམ་འདི་དག་ཐམས་ཅད་ནི། །རྨི་ལམ་སྒྱུ་མ་ཇི་བཞིན་དུ། །ཆོས་བརྒྱད་རྟོག་པ་རིང་དུ་དོར། །གཉིས་མེད་མི་རྟོག་ངེས་པར་བྱ། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ཡིས། །སངས་རྒྱས་དངོས་གྲུབ་མྱུར་དུ་འགྲུབ། །
སེམས་ཅན་མི་རྟོག་སྒྱུ་མས་བྱས། །ཆོས་ཀྱི་དབྱིངས་ལ་བདག་སྤྱོད་པས། །གྲོགས་པོ་མེད་པར་གཅིག་པུར་རྒྱུ། །དོགས་པ་མེད་པའི་སེམས་ཀྱིས་ནི། །ཇི་ལྟར་བདེ་བར་གནས་པར་བྱ། །ཇི་ལྟར་བདུད་རྩི་དོན་གཉེར་བ། །སྙིང་པོ་བླངས་ནས་ཚིགས་མ་འདོར། །དེ་བཞིན་བདུད་རྩི་ལྔ་རྙེད་ནས། །རྟོག་པ་
ཐམས་ཅད་སྤངས་ནས་སུ། །སངས་རྒྱས་ཐམས་ཅད་བསྟན་པ་བཞིན། །རྟོག་མེད་ཏིང་འཛིན་ལོངས་སྤྱོད་བྱ། །རྒྱུད་རྣམས་ཀུན་ནས་རྒྱལ་བས་བསྟན། །རྟོག་པས་དམྱལ་བར་འགྲོ་འགྱུར་ཞིང་། །འགྲོ་དྲུག་རྒྱ་མཚོ་འཁོར་བར་འགྲོ། །རྟོག་པ་མེད་ན་གྲོལ་བར་འགྱུར། །ཕྱག་རྒྱ་ཆེན་པོའི་གནས་
སུ་འགྲོ། །དེ་བས་རྣལ་འབྱོར་བདག་ཉིད་ནི། །དེ་ནི་ཡང་དག་དོན་རིག་པས། །སྙིང་རྗེ་འགྲོ་དོན་བསམ་པ་ཅན། །དམིགས་པ་མེད་པར་བརྟན་པར་དཔྱད། །དོགས་མེད་སེང་གེ་བཞིན་དུ་རྒྱུ། །འོན་ཀྱང་སློབ་དཔོན་སྨད་མི་བྱ། །རྡོ་རྗེ་སྤུན་ལ་མི་མགུ་མིན། །རྩ་བ་ཡན་ལག་དམ་ཚིག་
རྣམས། །གཏན་མེད་སྒྱུ་མས་སྤང་བྱ་ཞིང་། །དེ་ཉིད་བཅུ་ཤེས་བསྐྱེད་རྫོགས་ཀྱིས། །ཐམས་ཅད་མཁྱེན་པ་བསྒྲུབ་པར་བྱ། །རྣལ་འབྱོར་ཆེན་པོ་སྣ་ཚོགས་ཡེ་ཤེས་རྡོ་རྗེ་སེམས་དཔའ་རྗེས་སུ་བརྒྱན། །ལ་ལས་ཉོན་མོངས་ཞི་བྱེད་ལམ་བཟང་ལམ་ཅན་ལུས་ངག་ཡིད་སྒྲུབ་འབྲས་བུ་
ནི། །སྒྱུ་མ་སྨིག་རྒྱུ་དྲི་ཟའི་གྲོང་འདྲ་ཏིང་འཛིན་དག་ལ་བློ་གནས་པས། །འདོད་ཆགས་ལ་སོགས་ནད་ཅན་ཡེ་ཤེས་སྒྱུ་མའི་སྨན་གྱིས་བདག་གཞན་གསོ་བར་བྱ། །བདག་བྱིན་བརླབ་པ་མན་ངག་དག །གང་གིས་བླ་མ་ལས་མ་བསྒྲུབས། །རྟག་དང་ཆད་པ་ལ་དམིགས་པས། །མི་དེ་

ཕྱིར་ལོག་གྱུར་པ་ཡིན། །མཆོད་པ་ཐམས་ཅད་རྣམ་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་ཐོབ་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་མཆོད་བྱས་པས། །དེ་ཡིས་བསོད་ནམས་
མ་བྱས་ཤིང་། །བཀའ་ཐུབ་མ་བསྙེན་གང་ཞིག་ཡོད། །དེ་ཉིད་མི་ཟད་འདོད་པ་ཡིས། །ཤིན་ཏུ་དགའ་བ་གང་དང་གང་། །ཤིན་ཏུ་ཁྱད་པར་ཅན་དེ་ཉིད། །དེ་དང་དེ་ཉིད་བླ་མས་བྱིན། །བླ་མ་ཡིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་
སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོ་འཇིགས་ལས་ཕ་རོལ་སྒྲོལ། །གང་ཞིག་ང་རྒྱལ་གྱིས་ཁེངས་ཤིང་། །ཡང་དག་མན་པ་སུན་འབྱིན་དང་། །དེ་ཉིད་ཆོས་བརྙེས་བཅས་པ་ལ། །དེ་ལ་དེ་ཉིད་བསྟན་པ་མིན། །བླ་མ་ལ་གུས་བདེན་པར་སྨྲ། །རྣམ་པར་མཁས་
ཤིང་རྒྱུད་གཅིག་ལ། །དམ་ཚིག་སྤྱོད་པ་བསྲུང་བ་དག །རིམ་པ་དེ་ལ་བསྟན་པར་བྱ། །བདག་གི་དེ་ཁོ་ན་ཉིད་ཀྱི་རིམ་པ་སྟེ་བཞི་པའོ།། །།དེ་ཉིད་བཞི་བསྒོམ་རྣལ་འབྱོར་པའི། །སྒྲིབ་སྦྱང་བར་ཆད་ཞི་བ་དང་། །ཚོགས་བསགས་མཁའ་སྤྱོད་འཕོ་བའི་ཕྱིར། །ཆོས་སྐྱོང་
མཁའ་འགྲོ་གཏོར་མ་བྱིན། །ཤར་གྱི་དུར་ཁྲོད་ནམ་མཁའ་ལ། །ཆོས་འབྱུང་སུམ་བརྩེགས་བར་མ་ནི། །ལྟེ་བར་མཾ་ལས་ས་ཡི་ལྷ། །གསེར་མདོག་བུམ་པ་འཛིན་བྱེད་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །པད་ཟླའི་གདན་ལ་ལེགས་བཞུགས་མ། །མཁའ་ཡི་ཡི་
དགས་ཚོགས་ཀྱིས་བསྐོར། །ཤར་ལ་སོགས་པའི་ཕྱོགས་དང་མཚམས། །དུར་ཁྲོད་བསྟན་པ་ཕྱོགས་སྐྱོང་འཁོར། །སྟེང་གི་པདྨའི་ལྟེ་བ་ལ། །པྃ་ལས་ཚངས་པ་གདོང་བཞི་གསེར་གྱི་མདོག །གཡས་ན་མི་འཇིགས་འཕྲེང་བ་འཛིན། །གཡོན་ན་སྤྱི་བླུགས་རྩེ་གསུམ་
འཛིན། །གཟུགས་ཁམས་ལྷ་ཡིས་བསྐོར་ནས་བཞུགས། །པཾ་ལས་པདྨའི་ལྟེ་བ་ལ། །ཕུ་ལས་པདྨ་དཀར་པོ་དཀར། །གདེངས་ཀ་སྦྲུལ་ཞགས་པདྨ་འཛིན། །ཕྱོགས་མཚམས་ཀླུ་ཆེན་བརྒྱད་པོ་ནི། །དུར་ཁྲོད་བསྟན་པ་ལྟ་བུར་བསྒོམ། །ཕྱོགས་མཚམས་ལྷ་རྣམས་

སྔོན་ལྟར་བསྒོམ། །འདོད་པའི་ལྷ་ཡི་འཁོར་གྱིས་བསྐོར། །ཛཿཧཱུྃ་བཾ་ཧོཿརིམ་བརྗོད་ནས། །གཽ་རཱི་ལ་སོགས་ལྷ་མོ་ཡིས། །དགུག་གཞུག་གཉིས་མེད་གྱུར་ནས་ཀྱང་། །ཕྱོགས་སྐྱོང་འཁོར་བཅས་ཐུགས་ཀྱི་རིགས། །མི་བསྐྱོད་རང་ཉིད་དུར་ཁྲོད་བརྒྱན། །མཐིང་ནག་
རྡོར་དྲིལ་ཡུམ་དང་བཅས། །ཞལ་གཅིག་གཡས་བརྐྱང་བསྒོམ་པར་བྱ། །ལྷ་རྣམས་སྐུ་ཡི་རིགས་ཡིན་ཏེ། །དཀར་པོ་དུར་ཁྲོད་རྒྱན་དང་ལྡན། །རྡོ་རྗེ་དྲིལ་བུ་ཡུམ་དང་བཅས། །ཞལ་གཅིག་གཡས་བརྐྱང་བསྒོམ་པར་བྱ། །ཀླུ་བརྒྱད་གསུང་རིགས་དམར་པོ་སྟེ། །འོད་དཔག་
རང་བཞིན་དུར་ཁྲོད་རྒྱན། །མདོག་དམར་རྡོར་དྲིལ་ཡུམ་དང་བཅས། །ཞལ་གཅིག་གཡས་བརྐྱང་བསྒོམ་པར་བྱ། །རང་རང་རྒྱན་དང་སྐུ་གསུང་ཐུགས། །ལྕེ་རྣམས་རྡོ་རྗེ་སྦུ་གུས་མྱང་། །བདག་ཉིད་བདུད་རྩི་མྱངས་པར་བལྟ། །གཏོར་མ་གསུམ་ནི་བྱིན་བརླབས་ལ། །ཕྱོགས་སྐྱོང་རྣམས་
ལ་དབུལ་བ་ནི། །ཨོཾ་ཨིནྡ་ཛ་མ་ཛ་ལ། ཛཀྑ་བྷཱུ་ཏ་བཧྞི་བཱ་ཨུ་རཱཀྑ། ཙནྡ་སུཛྫ་མཱ་ད་པཔྤ་ཏ་ལ་པཱ་ཏཱ་ལ་ཨཥྛ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ། བྷུཉྫ། ཛིཾ་གྷ་ཕུལླ་དྷཱུ་པྤ་མཱཾ་ས་པིཾ་ག་ཨམྦ་སབྦ་ཀཛྫ་ས་ད་ཁཱནྟི་ཁུ་ཎི་ཕེ་ཊ་གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཀོལླ་ཨི་རིཌྛི།
ཨ་བོ་ལཱ་མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎེ་ཀྲི་པི་ཏ་ཧོ་བཱཛྫ་ཨི། ཀ་རུ་ཎེ་ཀི་ཨ་ཨི་ཎ་རོ་ལཱ། ཏ་ཧིཾ་བ་ལ་ཁཱཛྫ་ཨི། གྷ་ཌྷེཾ་མ་ཨནཱ་པིཛྫ་ཨ་ཨི། ཧ་ལེ་ཀཱ་ལིཾ་ཛ་ར་པ་ཎི་ཨ་ཨི། དུནྡུ་ར་བཛྫི་ཨ་ཨི། ཙ་ཨུ་ས་མ་ཀཱ་ཏྠུ་རི་སིཧླ། ཀཔྤུ་ར་ལཱ། ཨི་ཨ་ཨི། མཱ་ལ་ཨིནྡྷ་ཎཾ་སཱ་ལིཉྫ། ཏི་ཧཾ། བྷ་རུ་ཁཱ་ཨི་
ཨ་ཨི། ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ། ཤུདྡྷཱ་ཤུདྡྷ་ན་མུ་ཎི་ཨ་ཨི། ནི་རཱཾ་ཤུ་ཨཾ་གེ་ཙ་ཊཱ་ཝི་ཨ་ཨི། ཏ་ཧིཾ་ཛ་ས་རཱ་བ་པ་ནི་ཨ་ཨི། མ་ལ་ཡ་ཛ་ཀུནྡུ་རུ་བཊྚ་ཨི། ཌིཎྜི་མ་ཏ་ཧིནྣ་བཱཛྫ་ཨ་ཨི། །ཞེས་བྱ་བའི་རྡོ་རྗེའི་གླུས་སོ། །ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་སྟེ། ཕྱི་ནང་འཐོར་
འཐུང་བྱིན་ལ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་

བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཿ། རང་ཉིད་ལྷར་བསྒོམས་ལག་གཉིས་ཀྱིས། །པདྨའི་ཕྱག་རྒྱ་བསྐོར་བར་བྱ། །ཧཱུྃ་ཧཱུྃ་ཧཱུྃ་གསུམ་བརྗོད་དྲིལ་བུ་དཀྲོལ། །རྡོར་དྲིལ་ཐལ་མོ་ཐུགས་ཀར་སྦྱར། །སྙིང་རྗེ་ཆེན་པོ་བསྐྱེད་ནས་ནི། །རྡོ་རྗེ་གླུ་བླང་སྨོན་ལམ་གདབ། །མཆོག་གསུམ་སྡིག་དང་སྒྲིབ་མེད་
ཅིང་། །འདོད་ཆགས་ལ་སོགས་སྐྱོན་དང་བྲལ། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཆོས་རྣམས་སྒྱུ་མ་ལྟ་བུར་མཛེས། །གཉིས་སྤྲོས་གཉིས་སྦྱང་གཉིས་སུ་མེད། །ལུས་ཅན་དོན་དུ་སྒྱུ་མས་སྤྱད། །དངོས་པོ་བྲལ་བ་བདག་ཕྱག་འཚལ། །
སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སངས་རྒྱས་ཉིད་དང་ཕྲད་གྱུར་ཅིག །ལམ་དེ་ཉིད་ནས་ཞུགས་ནས་ཀྱང་། །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་གྲོལ་བར་ཤོག །རྣལ་འབྱོར་ཆོས་དང་དམ་ཚིག་ལ། །ད་ལྟ་ཉིད་དུ་
གནས་པར་ཤོག །གཡོན་པ་ཁུ་ཚུར་སྙིང་གར་གཞག །ཕྱག་གཡས་བརྐྱང་སྟེ་གཤེགས་གསོལ་བ། །སརྦ་གྷ་ཊ་ནྀ་གྲྀཧྣ་གྲྀཧྣ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ་མུཿབསམ་གཏན་མི་སྦྱོར་ཉལ་མི་ནུས། །ཐབས་དང་ཤེས་རབ་ཕ་རོལ་ཕྱིན། །ལྡང་ཚེ་ལྷ་མོའི་གླུས་བསྐུལ་ཞིང་། །ལངས་ནས་ཁྲུས་
བྱེད་དབང་བསྐུར་བསམ། །གཏོར་མ་མཎྜལ་མཆོད་སོགས་རྣམས། །བསྐུར་བ་བཅས་པས་བྱ་བ་ཡིན། །བཟའ་བ་ཕུད་དབུལ་བདུད་རྩི་མྱང་། །སྤྱོད་ལམ་རྣམ་བཞིར་ཅི་སྤྱོད་པ། །དེ་ཉིད་བཞི་ཡི་རིམ་པས་སྤྱད། །རྒྱུད་དང་བླ་མའི་མན་ངག་ལ་བརྟེན་ནས། །དགྱེས་རྡོར་རིམ་པ་བཞི་
ཡི་སྒྲུབ་ཐབས་བྱས། །འདི་ལས་དྲི་མེད་དགེ་བ་གང་བསགས་པས། །འགྲོ་ཀུན་དགྱེས་པའི་རྡོ་རྗེ་འགྲུབ་པར་ཤོག །སློབ་དཔོན་ཀམྤ་ལས་མཛད་པའི་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ་ཞེས་བྱ་བ་རྫོགས་སོ།། །།པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏ་དང་ལོ་
ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་སཱ་དྷ་ནཾ། བོད་སྐད་དུ། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །

ནམ་མཁའ་ཁྱབ་པར་གར་མཛད་ཅིང་། །བདག་མེད་མ་དང་གཉིས་མེད་གཟུགས། །བདེ་ཆེན་དེ་ལ་ཕྱག་འཚལ་འདུད། །དེ་ཉིད་རྙེད་དཀའ་དེ་བས་ཀྱང་། །བླ་མའི་བཀའ་སྟོན་ཤིན་ཏུ་དཀའ། །བདག་གཞན་དོན་འབྱུང་སྔགས་ཀྱི་ཚུལ། །འགྲོ་ཕན་ལམ་ལ་བརྟེན་
པར་གྱིས། །ཡོན་ཏན་བརྒྱད་ལྡན་སྔགས་པ་ཡིས། །བདེ་བའི་སྟན་ལ་ཉེར་འདུག་སྟེ། །སེམས་ཉིད་རང་གི་སྙིང་གར་བསམ། །འོད་ཀྱིས་བདག་དང་སེམས་ཅན་སྦྱངས། །དེ་ལ་ཆོས་འབྱུང་ཡངས་ལ་བལྟ། །མི་འགྱུར་བ་ཉིད་ཡོངས་གྱུར་ལས། །དཔལ་ལྡན་རྡོ་རྗེ་ཧེ་རུ་
ཀ། །ཞལ་གཅིག་ཕྱག་གཉིས་ནག་པོ་ཆེ། །གར་གྱི་ཞབས་ཀྱིས་ཉི་མ་མནན། །ཕྱག་རྒྱ་དྲུག་གིས་བརྒྱན་པ་སྟེ། །རྡོ་རྗེ་ཐོད་པ་གཡས་གཡོན་འཆང་། །གྲི་གུག་ཐོད་པ་འཛིན་པ་ཡི། །བདག་མེད་མ་ཡིས་མགུལ་ནས་འཁྱུད། །སྤྱན་གསུམ་དབུ་སྐྲ་གྱེན་དུ་འབར། །བདེ་བས་
གང་བའི་རང་བཞིན་དུ། །བདག་ཉིད་རྣམ་པར་བསྒོམ་པར་བྱ། །སྙིང་གར་ཡེ་ཤེས་སེམས་དཔའ་ཡི། །འོད་ཀྱིས་གྲུབ་པའི་ལྷ་བཀུག་སྟེ། །མཆོད་པ་ལ་སོགས་བྱས་པའི་མཐར། །བདག་དང་གཉིས་སུ་མེད་པར་བསམ། །དེ་ནས་དབང་བསྐུར་བྱིན་གྱིས་བརླབ། །ཡང་ན་མཆོད་
པས་མཉེས་བྱ་སྟེ། །དབང་པོ་གཉིས་ཀྱིས་སྦྱོར་བ་ཡིས། །དང་པོ་སངས་རྒྱས་མཆོད་པར་བྱ། །བདེ་ཆེན་དམ་པ་དེ་བླངས་ནས། །ལྟེ་བའི་རྩ་བར་ངལ་བསོ་ཏེ། །བདུད་རྩི་བཏུང་བར་བྱ་བ་ཉིད། །དེ་ཡི་ལུས་ནི་རྣམ་དག་འབྱུང་། །ལྟེ་བར་ཙཎྜ་ལཱི་འབར་བས། །བདེ་བར་གཤེགས་པ་
ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པ་ཧཾ་ལས་རི་བོང་འཛག །ཐོག་མ་ཐ་མ་དབུས་མེད་ཅིང་། །འཁོར་བའི་མྱ་ངན་འདས་པ་མིན། །བདག་དང་གཞན་ཡང་ཡོད་མིན་པ། །འོད་ནི་མཆོག་ཏུ་བདེ་ཆེན་པོ། །དེ་ལྟ་བུ་དང་ལྡན་པའི་རྣལ་འབྱོར་
པས། །དང་པོ་ཉིད་དུ་བདེན་པའི་བྱིན་རླབས་བརྗོད་དེ། གནས་དང་ཡུལ་དུ་རྒྱུ་བའོ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་བདག་ལ་བྱིན་གྱིས་རློབས་ཤིག་ཅེས་བརྗོད་ལ། མཐར་ཡང་། ཡེ་ཤེས་འོད་ནི་ཤིན་ཏུ་ཟབ། །རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་མཐར་སྟེར་

ཞི་བ་སྟེ། །ང་ཡི་ཕ་ནི་ང་ཉིད་དོ། །འདིར་ནི་རིགས་སྐྱེས་དམ་ཚིག་ལྡན། །རྗེས་སུ་ཆགས་པར་དགྱེས་རྡོར་འཆང་། །བླ་མ་ལ་གུས་སྙིང་རྗེ་ཅན། །སྐྱེ་ཞིང་སྐྱེ་བར་བདག་གྱུར་ཅིག །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་འདི་འདོན་པ་དང་། །བཙུན་མོའི་ཁུ་བས་
མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །དེ་ནས་གཏོར་མ་བཏང་ནས་སུ། །འདོད་པའི་དོན་ལ་གསོལ་བ་གདབ། །བདེ་བར་གཤེགས་པའི་སྔགས་བཟླས་ཤིང་། །ལྷ་ཡི་སྦྱོར་བས་རྒྱུ་བར་བྱ། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང་། །རྟག་ཏུ་དམ་ཆོས་བཤད་པར་བྱ། །སེམས་
ཅན་ཐམས་ཅད་རྟག་ཏུ་བསྐྱང་། །ཧེ་རུ་ཀ་དཔལ་རྟག་ཏུ་མཆོད། །སཱ་ཚ་སྦྱིན་སྲེག་མཆོད་སྦྱིན་བྱ། །ཆུ་སྦྱིན་རང་གི་སྦྱིན་པས་བྱ། །བླ་མ་བདེ་གཤེགས་མདུན་བདར་ཏེ། །མཎྜལ་བྱི་དོར་བྱས་ནས་སུ། །མཆོད་ཅིང་བསྟོད་དེ་གཤེགས་གསོལ་བགྱི། །གླིང་བཞི་ཉི་མ་རེ་རེ་བྱ། །
དེ་བཞིན་ཐུན་མཚམས་གཞན་ལ་ཡང་། །བདག་ལ་བྱིན་གྱིས་བརླབ་པར་བྱ། །སྐྱིལ་ཀྲུང་བཅས་ནས་དམིགས་བརྟན་ཏེ། །སྣ་རྩེར་བསམས་པ་མི་གཡོ་བས། །བྲེལ་ཀྱང་སྐད་ཅིག་སྐབས་བཤོལ་ལ། །ཁྱིམ་པ་ཡིས་ཀྱང་བསྒོམ་པར་བྱ། །སྤྱོད་ལམ་དག་ལ་བབ་ན་ཡང་། །
སྒྱུ་མ་རྨི་ལམ་ལྟ་བུར་བསྒོམ། །ལྷན་ཅིག་སྐྱེས་པའི་ཡིད་ཀྱིས་ཉལ། །སེམས་ཅན་དོན་ལ་ཆགས་པས་ལྡང་། །གློ་བུར་ཉིད་དུ་དྲན་བྱ་ཞིང་། །གློ་བུར་ཚུལ་དུ་རྣལ་འབྱོར་སྤྱོད། །མཁའ་ལ་རྒྱུ་བའི་བྱ་བཞིན་དུ། །སྔགས་པས་ཆགས་པ་མེད་པར་གནས། །གཞན་དུ་གཡེང་བས་
ཆགས་སེམས་དང་། །གཉིད་ཀྱི་ཟིལ་གནོན་མ་གྱུར་ཅིག །སྒྲུབ་པའི་ཐབས་འདི་རིན་པོ་ཆེ། །རྣལ་འབྱོར་པ་ཡང་སྐལ་བ་བཟང་། །བཟང་པོ་ང་ཡིས་མདོར་བསྡུས་པས། །དགེ་ཅན་གང་ཡིན་རོལ་པར་ཤོག །དཔལ་ཧེ་རུ་ཀ་ཞལ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་ཡན་ལག་
མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཀྱེའི་རྡོ་རྗེའི་སྒྲུབ་ཐབས། དཔལ་ཀྱེ་

རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་དགྱེས་པའི་རྡོ་རྗེ་དང་། །སྒོ་བཞིར་གནས་པའི་གཽ་རཱི་སོགས། །མཚམས་ཀྱི་སྐུལ་བྱེད་མ་བཞི་ལ། །སྒོ་གསུམ་དད་པས་ཕྱག་འཚལ་ཏེ། །རྣལ་འབྱོར་བློ་ཞན་དོན་དུ་ནི། །བདག་གིས་དགྱེས་པའི་རྡོ་རྗེ་ཡི། །
ཞལ་གཅིག་ཕྱག་གཉིས་སྒྲུབ་ཐབས་འདི། །མི་ནུས་བཞིན་དུ་བརྩམ་པར་བྱ། །སློབ་དཔོན་དེ་ཉིད་ཐོས་པ་དང་། །དབང་རྣམས་ཚུལ་བཞིན་མནོས་པ་དང་། །བསྒོམ་དང་ཆོ་ག་མཁས་པ་དང་། །བཀའ་ཡི་གནང་བ་ཐོབ་པ་ཡིས། །དངོས་གྲུབ་འདོད་པའི་སེམས་ཀྱིས་སུ། །དུར་
ཁྲོད་དང་ནི་ལྷ་རྟེན་དང་། །རང་གི་ཁྱིམ་དང་ཆུ་འགྲམ་དུ། །འཇིགས་པའི་སེམས་མེད་བསམ་གཏན་བྱ། །དྲན་ཐར་རྣམ་པ་བདུན་དག་གིས། །ལུས་སོགས་བདུན་པོ་དག་ནས་ནི། །སྐད་ཅིག་མ་ཡི་རྣལ་འབྱོར་མས། །རྡོ་རྗེ་སེམས་དཔའི་ལུས་བྱས་ཏེ། །སྙིང་གར་པདྨ་འདབ་
བརྒྱད་བསྒོམ། །དེ་སྟེང་ཉི་དཀྱིལ་ཧཱུྃ་བསམ་སྟེ། །འབར་བ་མེ་ཡིས་རབ་བསྲེགས་པས། །ཡེ་ཤེས་མིག་དང་ལྡན་བྱ་སྟེ། །སྔོན་དུ་དགྱེས་པའི་རྡོ་རྗེ་དང་། །ལྷ་མོ་བརྒྱད་དག་མངོན་པར་མཐོང་། །ཕྱི་དང་ནང་དང་བླ་མེད་པའི། །མཆོད་པ་རྣམས་ཀྱིས་ཡང་དག་མཆོད། །སྔོན་
འགྲོ་རྗེས་སུ་ཕྱག་བྱས་ཏེ། །སྡིག་པ་བྱས་པ་བཤགས་པ་དང་། །ཕྱིས་མི་བྱེད་པར་སྡོམ་པ་གཟུང་། །དགེ་བ་བྱས་བྱེད་ཡི་རང་བྱ། །སངས་རྒྱས་དགྱེས་པའི་རྡོ་རྗེ་དང་། །དེ་གསུངས་པ་ཡི་ཆོས་རྣམས་དང་། །མ་བརྒྱད་ལྷ་མོ་དགེ་འདུན་ལ། །བདག་ནི་དང་བས་སྐྱབས་སུ་
མཆི། །བྱང་ཆུབ་སེམས་ཀྱང་བདག་གིས་བསྐྱེད། །ཐེག་པ་ཆེན་པོ་ལ་གནས་བགྱི། །ཀུན་གྱི་དོན་ནི་བདག་ཉིད་དབུལ། །དེ་ཡང་རྒྱ་ཆེར་བསྔོ་བར་བགྱི། །དང་པོ་བྱམས་པ་བསྒོམ་པར་བྱ། །གཉིས་པ་སྙིང་རྗེ་བྱེ་བྲག་བསྒོམ། །གསུམ་པ་དགའ་བ་བསྒོམ་པ་སྟེ། །ཀུན་གྱི་
ཐ་མར་བཏང་སྙོམས་སོ། །དང་པོ་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་འདུས། །གསུམ་པ་ལ་ནི་གཟུགས་རྫོགས་ཏེ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །དེ་འོག་སྟོང་པའི་བྱང་ཆུབ་ནི། །ཕྱི་དང་ནང་མེད་སྟོང་སྨོན་ནོ། །བསམས་ནས་དེ་ཉིད་ཁོ་ན་ཡི། །ལུས་སུ་ཡང་དག་

བསྒོམ་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ས་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྔོན་གྱི་སྨོན་ལམ་རྗེས་དྲན་ན། །དེ་ཁོ་ན་ཉིད་ལས་ལངས་ནས། །འོག་ཕྱོགས་པདྨ་འདབ་བརྒྱད་ལ། །དེ་སྟེང་ཉི་མ་ཧཱུྃ་བསམས་པས། །ཧཱུྃ་ལས་རྡོ་རྗེའི་ས་གཞིར་གྱུར། །དེ་སྟེང་བགེགས་སྐྲད་ཧཱུྃ་བསམས་པའི། །
རཀྵ་སྒྲ་དང་ལྡན་པ་ཡིས། །ཚོགས་ཀྱི་བགེགས་རྣམས་སེལ་བར་བྱེད། །སླར་འདུས་རྡོ་རྗེའི་གུར་དུ་གྱུར། །བླ་རེ་ཡང་ནི་བསྒོམ་པར་བྱ། །སྟེང་འོག་ཕྱོགས་མེད་རྡོ་རྗེའི་དབྱིངས། །སྒོ་ཡི་དབྱིབས་འདྲ་ཉིད་དུ་བསྒོམ། །ཨེ་གཟུགས་བདག་མེད་མ་འདྲ་བར། །བསམས་ཏེ་དེ་ལས་
འབྱུང་འགྱུར་བའི། །ཆོས་ཀྱི་འབྱུང་གནས་དེ་དབྱིབས་ནི། །གྲུ་གསུམ་གྱེན་དཀར་ཡང་དག་ལྡན། །དེ་ཡི་དབུས་སུ་བསམ་པ་ནི། །ཡཾ་དང་རྃ་དང་བྃ་དང་ལཾ། །དེ་སྟེང་བདག་ཉིད་རྣམ་ཤེས་ནི། །ཨྃ་བྃ་ཉིད་ནི་ཡང་དག་གནས། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །གཞལ་ཡས་ཁང་དུ་
གྱུར་པ་སྟེ། །ཐོག་གཅིག་པ་རུ་བསམ་པར་བྱ། །ངོས་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་དང་ཡང་དག་ལྡན། །རྟ་བབས་བཞིས་ཀྱང་རྣམ་པར་མཛེས། །དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ། །ལྷ་མོ་བརྒྱད་ཀྱི་འོད་ཀྱིས་ཀྱང་། །གསལ་བར་ལྷ་ཡི་རྣམ་པས་བྱས། །དེ་ནས་པདྨ་འདབ་བརྒྱད་
པ། །ཁ་དོག་དམར་པོ་ཉི་མ་གནས། །དེ་སྟེང་བདུད་བཞི་རྣམ་པར་བརྒྱན། །ཚངས་པ་དབང་པོ་ཉེ་དབང་དྲག །ཤར་སྒོ་ལ་སོགས་བཞིར་གནས་པ། །ཚངས་པ་དང་ནི་དབང་པོ་དང་། །ཉེ་དབང་དང་ནི་དྲག་པོ་སྟེ། །རིམ་པ་བཞིན་དུ་གནས་པའོ། །མཚམས་བཞི་པོར་ནི་ཤེས་བྱ་བ། །
གཤིན་རྗེ་དང་ནི་ནོར་བདག་དང་། །བདེན་བྲལ་དང་ནི་ཐགས་བཟངས་རིས། །པུཀྐ་སཱི་སོགས་གདན་དུ་བརྟག །དེ་ལྟར་ཕོ་བྲང་བྱེ་བྲག་རྫོགས། །དེ་བཞིན་གཤེགས་པ་འབྱུང་བ་ཡི། །ང་རྒྱལ་འདི་ཡིས་བྱ་བ་སྟེ། །ང་འམ་བདག་ཏུ་བསམ་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སྭ་བྷཱ་བ་
ཨཱཏྨ་ཀོ྅ཧཾ། དབུས་ཀྱི་གཞི་སྟེང་ཨཱ་ལི་ནི། །བཅུ་དྲུག་རིམ་པ་གཉིས་ཤེས་བྱ། །དེ་འགྱུར་ཟླ་བ་གཉིས་པ་ནི། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་སྟེང་ཡང་དག་བསམ་པ་ནི། །ཀཱ་ལི་བཞི་བཅུ་ཉིས་འགྱུར་ལས། །རྟ་བདུན་པ་རུ་གྱུར་པ་སྟེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་

དབུས་ཧཱུཾ་ལས་བྱུང་བ་ནི། །རྡོ་རྗེ་ནག་པོ་རྩེ་ལྔ་པ། །ལྟེ་བ་ཧཱུྃ་གིས་མཚན་པ་སྟེ། །སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལས་འོད་འཕྲོས་སེམས་ཅན་དོན། །བྱས་ཏེ་བཞི་པོ་ཉིད་ལ་བསྟིམ། །འོད་ཀྱི་གོང་བུར་གྱུར་པ་ནི། །བྱ་བ་ནན་ཏན་ཡེ་ཤེས་སོ། །དེ་ལས་
ཐིག་ལེ་བརྒྱད་ཆད་དེ། །གྃ་དང་ཙྃ་དང་བྃ་དང་གྷྃ། །པྃ་དང་སྃ་དང་ལྃ་དང་ཌྃ། །ཟླ་བ་ཉི་མ་ཡང་དག་ལྡན། །ས་བོན་བརྒྱད་ལས་གྱུར་པ་ནི། །གྲི་དང་རྔེའུ་ཆུང་རུས་སྦལ་སྦྲུལ། །སེང་གེ་དགེ་སློང་འཁོར་ལོ་དང་། །རྡོ་རྗེ་ལ་སོགས་རིམ་པར་སྐྱེས། །གཽ་རཱི་ཤར་གྱི་སྒོ་ན་གནས། །ཙཽ་རཱི་ལྷོ་ཡི་
སྒོ་ན་གནས། །ནུབ་ཀྱི་སྒོ་རུ་བེཏྟཱ་ལཱི། །བྱང་གི་སྒོ་རུ་གྷསྨ་རཱི། །པུཀྐ་སཱི་ནི་དབང་ལྡན་དུ། །རི་ཁྲོད་མ་ནི་བྱིན་ཟའི་གྲྭར། །གཏུམ་མོ་བདེན་བྲལ་ལ་གནས་ཏེ། །གཡུང་མོ་འདི་རུ་རླུང་ན་གནས། །ལྷ་མོ་བསྐྱེད་པ་རྫོགས་ནས་སུ། །གཙོ་བོ་འོད་ཀྱི་གོང་བུ་ལ། །ལྷ་མོས་བདག་པོ་
མེད་མཐོང་ནས། །གོང་བུ་མཆོག་ལ་གསོལ་བ་གདབ། །སྙིང་རྗེ་ཡིད་ཀྱིས་བཅོམ་ལྡན་བཞེངས། །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་ཏིང་འཛིན་སྤངས་ནས་ནི། །བདག་ལ་འདོད་པའི་བདེ་བ་མཛོད། །ཁྱོད་མི་བཞུགས་ན་བདག་འགུམ་པས། །སྟོང་པའི་རང་བཞིན་
ཡངས་སྤངས་ཏེ། །རི་ཁྲོད་མ་འབྲས་གྲུབ་པར་ནི། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །འཇིག་རྟེན་ཕྱིར་སྨོན་འདོད་པའི་གཙོ། །ཅི་ཕྱིར་སྟོང་པ་ཉིད་ལ་བཞུགས། །ཁྱོད་མི་བཞུགས་ན་ཕྱོགས་མི་ཁུམས། །གཏུམ་མོ་བདག་ནི་གསོལ་བ་འདེབས། །གཡུང་མོ་བདག་ནི་ཡིད་རྨོངས་
པས། །སྙིང་རྗེ་རྒྱུན་ཆད་མ་མཛད་པར། །ཁྱོད་ཀྱི་བདག་ནི་ཐུགས་འཚལ་གྱིས། །མིག་འཕྲུལ་ལྟ་བུར་ཁྱོད་བཞེངས་ཤིག །བསྐུལ་བའི་གླུའོ། །བསྐུལ་བས་སྔོན་གྱི་བྱང་ཆུབ་ནི། །སྨོན་ལམ་རྗེས་སུ་དྲན་ཏེ་བཞེངས། །ཞལ་གཅིག་ཕྱག་གཉིས་ནག་པོ་ཆེ། །གཅེར་བུ་
སྤྱན་གསུམ་མཆེ་བ་གཙིགས། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །སྣ་ཚོགས་རྡོ་རྗེ་སྤྱི་བོར་གནས། །གཡས་ན་རྡོ་རྗེ་རྩེ་ལྔ་འཛིན། །གཡོན་པ་ན་ནི་ཐོད་པ་འཛིན། །ཞབས་ཀྱིས་བདུད་བཞི་རྣམ་པར་མནན། །བརྐྱང་བསྐུམ་ཚུལ་དུ་གནས་པའོ། །གཽ་རཱི་ཁ་དོག་ནག་མོ་སྟེ། །ཙཽ་

རཱི་ཁ་དོག་བཙོད་དང་མཚུངས། །རོ་ལངས་མ་ནི་གསེར་བསྲེགས་མདོག །ཟ་ཕོད་མ་ནི་མརྒཏ་མཚུངས། །སྦོས་མོའི་མདོག་ནི་སྔོན་མོའོ། །རི་ཁྲོད་མ་ནི་ཟླ་ནོར་འོད། །གཏུམ་མོ་ནམ་མཁའ་ལྗང་གུ་སྟེ། །གཡུང་མོ་སྣ་ཚོགས་པ་རུ་འདོད། །གཽ་རཱི་གཡས་ན་གྲི་གུག་སྟེ། །གཡོན་
ན་ཉ་ནི་དེ་བཞིན་ནོ། །ཆོམ་རྐུན་གཡས་ན་ཌ་མ་རུ། །གཡོན་པ་ན་ནི་ཕག་པའོ། །རོ་ལངས་གཡས་ན་རུས་སྦལ་ཏེ། །གཡོན་པ་ན་ནི་པདྨའི་སྣོད། །ཟ་ཕོད་མ་ཡི་གཡས་ན་སྦྲུལ། །གཡོན་པའི་ལག་ན་ཐོད་པའོ། །སྦོས་མོ་གཡས་ན་སེང་གེ་སྟེ། །གཡོན་གྱི་ཕྱག་ན་དགྲ་སྟ་འཛིན། །
རྔོན་པ་མ་གཡས་དགེ་སློང་སྟེ། །གཡོན་པ་ན་ནི་གསིལ་བྱེད་དོ། །གཏུམ་མོ་གཡས་ན་འཁོར་ལོ་སྟེ། །གཡོན་པ་ན་ནི་ཐོད་པ་འཛིན། །གཡུང་མོ་གཡས་ན་རྡོ་རྗེ་སྟེ། །གཡོན་ན་སྡིགས་མཛུབ་དེ་བཞིན་ནོ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །གཽ་རཱི་ལ་སོགས་ཕྱག་གཉིས་
ཤེས། །སྤྱན་གསུམ་སྐྲ་ནི་གྱེན་དུ་ཡིན། །ཕྱག་རྒྱ་ལྔས་ནི་ཤིན་ཏུ་མཛེས། །ཚངས་པ་ལ་སོགས་གདན་ལ་བཞུགས། །དེ་ལྟར་སྐུ་རྣམས་རྫོགས་པ་དང་། །རང་གི་སྙིང་གར་པདྨ་བསམ། །དེ་དབུས་ཉི་མ་ཧཱུྃ་ལས་བསམ། །དེ་ལས་རྡོ་རྗེ་རྩེ་ལྔ་པ། །དེ་ལས་ཧཱུྃ་གིས་མཚན་པ་
སྟེ། །དེ་འགྱུར་ཡེ་ཤེས་སེམས་དཔའ་བསམ། །དེ་ཉིད་པད་ཉིར་ཧཱུྃ་རྡོ་རྗེ། །ཡེ་ཤེས་སེམས་དཔའ་རྫོགས་པའོ། །དེ་ལྟར་རིམ་པ་ཀུན་ལ་ཡང་། །དེ་ལྟར་ནང་དུ་ཤེས་པར་བྱ། །དེ་ལས་འོད་འཕྲོས་བདེ་གཤེགས་རྣམས། །ཛཿཧཱུྃ་བཾ་ཧོཿབཀའ་ལུང་གིས། །གཽ་རཱི་ལ་སོགས་རྣམས་
ཀྱིས་ནི། །སྤྱན་དྲངས་ནས་ནི་དེ་བསྟིམས་ནས། །ཡེ་ཤེས་འཁོར་ལོ་ཆེན་པོ་འབར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །བསྒྲུབས་ཏེ་གཞན་ན་ཡོད་མ་ཡིན། །མྃ་ལས་གཏི་མུག་རྡོ་རྗེ་མ། །ཌྃ་ལས་ཞེ་སྡང་རྡོ་རྗེ་མ། །མྃ་ལས་སེར་སྣ་རྡོ་རྗེ་མ། །རྃ་ལས་འདོད་ཆགས་
རྡོ་རྗེ་མ། །ཨཾ་ལས་ཕྲག་དོག་རྡོ་རྗེ་མ། །ནྃ་ལས་བདག་མེད་རྡོ་རྗེ་མ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཡིད་རིམ་བཞིན་དེ་ལྟར་དགོད། །ཕྱག་གཉིས་ཞལ་གཅིག་རོ་ཡི་གདན། །གྲི་གུག་ཐོད་པ་ཕྱག་ན་བསྣམས། །ཨྃ་ལས་མཁའ་སྤྱོད་མར་ཤེས་བྱ། །ཨ་ལས་ས་སྤྱོད་

མ་རུ་འདོད། །ཧཱུྃ་ལས་ཞབས་བསྐྱེད་འོག་ནས་བསམ། །དེ་ལྟར་སྐུ་གསུང་ཐུགས་དེ་ཡང་། །རྣལ་འབྱོར་མ་ནི་རིགས་གསུམ་འདོད། །རང་སྙིང་ས་བོན་ཁྱད་པར་སྤྲོ། །ལྕགས་ཀྱུའི་གཟུགས་ཀྱི་འོད་ཟེར་གྱིས། །སངས་རྒྱས་སྤྱན་དྲངས་མདུན་དུ་མཆོད། །
དབང་བསྐུར་བ་ནི་བླང་བ་སྟེ། །མགོན་པོ་དེ་བཞིན་གཤེགས་ཐམས་ཅད། །ཁྱོད་ཀྱིས་བདག་ལ་དབང་བསྐུར་ཅིག །དེ་བཞིན་གཤེགས་པ་ཁྲོ་བོ་དང་། །ལྷ་རྣམས་ཀྱིས་ནི་མདུན་བདར་ནས། །བུམ་པས་དེ་ལ་དབང་བསྐུར་བས། །བི་ཙི་ཏ། པི་པ་ཀ །བི་མརྟ། བི་ལ། སྐད་ཅིག་བཞི་
ལའོ། །ཨཱ་ནན་ད། པ་ར་མཱ་ནན་ད་དང་། བི་ར་མཱ་ནན་ད་དང་། ས་མ་ཛཱ་ནན་དའོ། །དགའ་བ་བཞིའོ། །དགོད་པ་དང་། བལྟ་བ་དང་། ལག་བཅངས་དང་། འཁྱུད་པ་ནི་སློབ་དཔོན་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་དོ། །མཐའ་རུ་དབང་རྣམས་འབྲས་བུ་ནི། །རྩ་བར་མི་
བསྐྱོད་པས་བརྒྱན་པའོ། །སེམས་དང་ཕན་པ་རིན་ཆེན་དང་། །འོད་དཔག་མེད་པས་བརྒྱན་པའོ། །གཽ་རཱི་རྩཽ་རཱི་བེཏྟཱ་ལཱི། །གྷསྨ་རཱི་རྣམས་བརྒྱན་པའོ། །མི་བསྐྱོད་སངས་རྒྱས་རིན་ཆེན་དང་། །ཚེ་དཔག་མེད་ཀྱིས་བརྒྱན་པ་ནི། །སྦོས་མོ་རྔོན་མ་གཏུམ་མོ་དང་། །གཡུང་མོ་ལ་སོགས་
བརྒྱད་པའོ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཧོ། འབུད་དང་འབར་དང་ཐོད་པ་དང་། །འཛིན་པ་ལྔ་དང་འབྲས་བུ་ལྔ། །དེ་འགྱུར་བདུད་རྩི་རོ་མྱང་བ། །རྡོ་རྗེ་ནས་ཀྱི་འབྲུ་བསམ་སྟེ། །དགྱེས་པའི་རྡོ་རྗེ་དེ་བཀླག་གོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ལྷ་མོ་
བརྒྱད་རྣམས་སྤྲོས་ནས་ནི། །མཆོད་པ་བརྒྱད་ཀྱིས་སྔོན་བཞིན་དུ། །དཀྱིལ་འཁོར་གཙོ་བོ་ཉིད་ལ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རྣལ་འབྱོར་མ་རྣམས་དེ་དག་གིས། །འཁོར་ལོའི་གཙོ་བོ་ལ་བསྟོད་ལ། །ཁྱོད་ནི་རྣལ་འབྱོར་བརྒྱད་ཀྱིས་བསྐོར། །ཉིད་
ཀྱི་ཐུགས་ཀྱི་ཁྱོད་དགོངས་འགྲུབ། །རྒྱུ་དང་མི་རྒྱུ་འཁོར་བ་ཀུན་འགྲུབ་པ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་ཏུ། །ཀུན་རྫོབ་སྒྱུ་མས་སྒྲུབ་པའི་ཡིད་དགྱེས་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏིར་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ཡན་ཆད་བསྙེན་པ་དང་ཉེ་བའི་བསྙེན་པ་བཤད་ནས། །

སྒྲུབ་པ་དང་སྒྲུབ་པ་ཆེན་པོ་བཤད་པར་བྱ་སྟེ། དཀྱིལ་འཁོར་ལྷ་རྣམས་ལུས་ལ་བསྡུ། །ལྟེ་བར་ཙཎྜ་ལཱི་སྦར་ལ། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་ཧཾ་ལས་རི་བོང་འབྱུང་། །དང་པོ་སྤྲིན་དང་འདྲ་བ་མཐོང་། །གཉིས་སུ་
དུ་བ་འདྲ་བ་མཐོང་། །གསུམ་པ་གློག་གི་རྣམ་པ་སྟེ། །བཞི་པ་མར་མེ་འདྲ་བ་དང་། །ལྔ་པ་ཐམས་ཅད་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་སྟེ། །ཕྱིས་ནི་སྒྱུ་མའི་རྣམ་པ་མཚུངས། །རྨི་ལམ་རྣམ་པ་སྐད་ཅིག་གོ། །རང་གི་སྙིང་ག་འདི་ཉིད་དུ། །སྤྲོས་དང་བསྡུ་བའི་སྦྱོར་བ་ཡིས། །
སྤྲོས་མེད་བསྒོམ་པའི་སྦྱོར་བ་སྟེ། །ཐོག་མ་མཐའ་དབུས་མེད་པ་ཡི། །འཁོར་མེད་མྱ་ངན་འདས་པ་མེད། །དེ་ལྟར་མ་ཡིན་དམིགས་མ་ཡིན། །ཞེས་མར་མེའི་རྩེ་མོའི་བར་དུའོ། །བར་ཆོད་བགེགས་ཀྱིས་མི་ཚུགས་ཕྱིར། །གཏོར་མ་རྒྱུན་ཏུ་སྦྱིན་པར་བྱ། །ཨོཾ་ཨིནྡ་ཛ་མ་ཛ་ལ། ཡཀྵ་
བྷཱུ་ཏ། བཧྣི་བ་ཨུ། རཱཀྵ་ཙནྡ། སཱུ་ཛྫ། མཱ་ད་བཔྤ། ཏ་ལེ་པཱ་ཏཱ་ལ། ཨཥྚ་སཔྤ། ཨི་དཾ། བ་ལི། བྷུཾ་ཛ། ཛིཾ་གྷ། པུཥྤ། དྷཱུ་པ། མཱཾ་ས། པིཾ་གྷ། ཨཾ་བྷ་སཔྤ། ཀཛྫ་སཱ་དྷ། ཁནྟི་ཁུ་ནི་ཕེ་ཌ་གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཏྲཻ་ལོཀྱཱ་
ཀྵེ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའོ། །བསམ་གཏན་མི་ནུས་རྣལ་འབྱོར་གང་། །དེ་ནི་དག་པ་རྗེས་སུ་དྲན། །སྙིང་རྗེའི་སྤྱན་ནི་དམར་པོ་སྟེ། །ཡན་ལག་ནག་པོ་བྱམས་པ་ཡིན། །ཕྱག་རྒྱ་ལྔ་ནི་སངས་རྒྱས་ཡིན། །ཁྲོས་པས་གདུག་པ་འདུལ་བ་ཡིན། །སྤྱན་གསུམ་པ་ནི་
སྐུ་གསུམ་མོ། །རུས་པ་བདེན་པ་བཞི་པོའོ། །གཟུགས་ཀྱི་ཕུང་པོ་རྡོ་རྗེ་མ། །ཚོར་བ་གསང་བའི་གཽ་རཱི་མ། །འདུ་ཤེས་ཕུང་པོ་ཆུ་མའོ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་པར་ཤེས་པ་བདག་མེད་མ། །དོན་དམ་ལ་ནི་ཕུང་པོ་མེད། །སྐྱེ་མཆེད་དྲུག་ནི་དག་པ་ནི། །མིག་ནི་གཏི་
མུག་རྡོ་རྗེ་མ། །རྣ་བ་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་རྡོ་རྗེ་མ། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ས་ནི་པུཀྐ་སཱི་རུ་བཤད། །ཆུ་ཡི་ཁམས་ནི་རྔོན་པ་མ། །དྲོད་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །གཟུགས་ནི་གཽ་རཱིར་ཡང་

དག་བརྗོད། །སྒྲ་ནི་ཆོམ་རྐུན་མ་རབ་བརྗོད། །དྲི་ནི་རོ་ལངས་མ་རུ་བཤད། །རོ་ཡི་ཚུལ་ནི་ཟ་ཕོད་མ། །རེག་བྱ་ས་སྤྱོད་མ་ཞེས་བྱ། །ཆོས་ཀྱི་དབྱིངས་ནི་མཁའ་སྤྱོད་མ། །དེ་ལྟར་དག་པས་རྗེས་དྲན་བྱ། །བདག་གི་སྒྲུབ་ཐབས་རིམ་པ་འདི། །བློ་ཞན་དོན་དུ་བདག་
གིས་བརྩམས། །དེ་ཡི་དགེ་བ་གང་ཡིན་པས། །སེམས་ཅན་འཁོར་བ་ལས་གྲོལ་ཤོག །དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་བདེ་བའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཙནྡྲ་དང་། ལོ་ཙཱ་བ་དྷརྨ་ཙནྡྲས་རང་འགྱུར་དུ་བསྒྱུར་
ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། རཏྣ་ཛཱ་ལ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རིན་ཆེན་འབར་བ་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་
ལོ། །རྟོག་པས་བརྟགས་པའི་གནས་དོན་ཇི་སྙེད་ལ། །ཁྱབ་པར་བཞུགས་ནས་དེ་དག་སྡུད་མཛད་པ། །ཤེས་རབ་ཐབས་གཉིས་དགའ་བཞི་ཐིག་ལེ་བཞི། །སྐུ་བཞི་སྤྲོས་པས་འགྲོ་དོན་མཛད་ལ་འདུད། །ཧ་ཅང་རྒྱས་དང་ཧ་ཅང་བསྡུས་པ་ཡིས། །འཇིགས་པ་བདག་དང་དེ་འདྲ་
རྣམས་ཀྱི་ཕྱིར། །ཀྱེ་ཡི་རྡོ་རྗེའི་བྱ་བའི་རིམ་པའི་ལམ། །རིན་ཆེན་འབར་བ་ཞེས་བྱའི་སྒྲུབ་ཐབས་བརྩམ། །རྣལ་འབྱོར་པ་གང་ཉན་ཐོས་དང་། །བྱང་ཆུབ་སྔགས་སྤྱོད་རིམ་པར་གུས། །དལ་ཞིང་ཟབ་ལ་རིག་ཀུན་མཁས། །སྔགས་རྒྱུད་སྦྱོར་བས་བདེ་བྱེད་ཅིང་། །རྡོ་རྗེ་དྲིལ་བུའི་
ཡེ་ཤེས་དང་། །ལྷ་དང་དཀྱིལ་འཁོར་སྦྱིན་སྲེག་དང་། །སྔགས་དང་རྡུལ་ཚོན་གཏོར་མ་དང་། །དབང་བསྐུར་དེ་ཉིད་བཅུ་རིག་པས། །དུར་ཁྲོད་ཆུ་འགྲམ་ཤིང་གཅིག་དང་། །རི་དང་ཚང་ཚིང་བྱ་སྐྱིབས་སོགས། །མེ་ཏོག་འབྲས་བུ་སོགས་རྒྱན་པར། །བདུད་རྩི་ལྔ་དང་དྲིས་བྱུགས་ནས། །
སྒྲུབ་པའི་སྔོན་དུ་བསྙེན་པ་བྱ། །དེ་མེད་ན་ནི་འགྲུབ་མི་འགྱུར། །ལས་ཀྱི་ཆོ་ག་གང་དག་ལ། །ཉེ་བར་བསྙེན་པས་འགྲུབ་འགྱུར་བའོ། །དངོས་དང་དངོས་བྲལ་ཀུན་ངོ་བོ། །ཀྱེ་ཡི་རྡོ་རྗེ་འཁོར་བཅས་ལ། །མཆོད་གཏོར་ལྡན་པར་ཐུན་བཞིར་བསྒོམ། །ཐུན་མཚམས་བཟླས་པ་འབུམ་

མམ་ཁྲི། །ཡང་ན་མཚན་བཟང་མཐོང་བ་སྟེ། །ཚོགས་འཕེལ་བགེགས་ཞི་དོན་གྲུབ་པའོ། །དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས་བསྙེན་པའི་བྱ་བ་སྟེ་དང་པའོ།། །།མཁས་པས་གྲོང་དང་གྲོང་ཁྱེར་དང་། །རི་བོ་འམ་ས་ཕྱོགས་ཉམས་དགའ་བའམ། །མེ་ཏོག་ཚལ་
དང་དབེན་གནས་དང་། །རྒྱལ་སྲས་ཁྱིམ་མམ་དཀྱིལ་འཁོར་སར། །དཀྱིལ་འཁོར་མཆོག་འདི་བྲི་བའི་ཕྱིར། །དང་པོར་ས་ནི་ལེགས་པར་བརྟག །ཆུ་ནི་གཡས་འཁོར་ཤར་དང་བྱང་། །དམའ་བ་དཀར་སོགས་གྲུ་བཞི་སོགས། །བརྐོས་ནས་སླར་བཀང་ལྷག་གྱུར་པ། །ཁྲུ་ཕྱེད་
བརྐོས་ནས་ཆུ་ཡིས་དགང་། །གོམ་པ་བརྒྱར་ནི་འགྲོ་བར་བྱ། །མྱུར་འོངས་དེ་ལྟར་ཉིད་ནས་བསྔགས། །ཨུ་དུམྺཱ་ར་ནྱ་གྲོ་དྷ། །ཨ་ཤྭདྠ་དང་པཱ་ལ་ཤ། །བ་ཀུ་ལ་དང་ཨརྫུ་ནར། །བཅས་པ་རུས་སྦལ་རྒྱབ་འདྲ་སྤང་། །རང་བདག་སྦྱོར་བས་གཏོར་མ་སྦྱིན། །དེ་ནས་ས་ནི་བསླང་བར་
བྱ། །ས་ཕྱོགས་འདིར་བདག་ཆེ་གེ་མོ། །དཀྱིལ་འཁོར་རྒྱལ་པོ་ཀྱེ་རྡོ་རྗེ། །བཞེངས་ཀྱིས་འདི་ན་གནས་པའི་བགེགས། །འདི་ནས་གཞན་དུ་འགྲོ་བར་གྱིས། །དགུན་ཟླ་ར་བ་སོགས་བརྩམས་ཏེ། །ཟླ་བ་གསུམ་གསུམ་ལྟོ་འཕྱེའི་མགོ། །ལྷོ་དང་ནུབ་དང་བྱང་དང་ཤར། །བལྟས་ཏེ་
གཡོན་པའི་ཟུར་གྱིས་ཉལ། །པུས་མོ་ལྟེ་བ་རྐེད་ཙམ་དུ། །དངོས་གྲུབ་རྗེས་མཐུན་ལྟོ་ནས་བརྐོ། །ཕུབ་མ་གསེག་མ་རྡོ་བ་དང་། །ཤིང་བུ་སོལ་བ་ལ་སོགས་དོར། །རིན་ཆེན་འབྲུ་སྨན་ནང་དུ་གཞུག །དེ་ནས་ཤིན་ཏུ་འཐས་པར་བརྡུང་། །གལ་ཏེ་དེ་ལྟར་མ་ནུས་ན། །མཁར་
བསམས་ལག་མནན་སྔགས་འདི་བཟླ། །ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་བྷུ་ཁཾ་ཧཱུྃ། ས་ནམ་མཁར་བྱིན་གྱིས་བརླབ་པའོ། །མཆོད་དང་གཏོར་མར་ལྡན་པར་ནི། །རིམ་བཞིན་བསྒོམས་ཏེ་མཚན་མ་བརྟག །བཀྲ་མི་ཤིས་ན་སྤོང་བ་འམ། །དྲག་པོའི་སྦྱིན་སྲེག་ཞི་བའང་བྱ། །
དེ་ནས་སྲུང་བའི་འཁོར་ལོ་ཡིས། །བགེགས་དགྲ་ཚར་བཅད་བསྲུང་བར་བྱ། །རྡོ་རྗེ་ར་བ་བླ་རེ་གུར། །ཧཱུྃ་ལས་གསལ་བར་བསྒོམ་པར་བྱ། །དེར་ནི་འཁོར་ལོ་སེར་པོ་འབར། །རྩིབས་བཅུ་བྷྲཱུྃ་ལས་བསྒོམ་པར་བྱ། །དེར་ནི་ཧཱུྃ་བཅུའི་སྦྱོར་བ་ལས། །ཁྲོ་བོ་བཅུ་ནི་རིམ་པར་དགོད། །

གཤིན་རྗེ་མཐར་བྱེད་ཤེས་རབ་མཐར། །པདྨ་མཐར་བྱེད་བགེགས་མཐར་བྱེད། །ཊཀྐི་ཁྲོ་བོ་དབྱུག་པ་བཞིན། །སྟོབས་ཆེན་མི་གཡོ་མགོན་པོ་དང་། །གཙུག་ཏོར་གདུགས་ནི་དཀར་པོ་དང་། །རྡོ་རྗེ་ཞབས་འོག་གནས་པའོ། །རྡོ་རྗེ་ཁྲོ་བོ་སྐྱེས་བུ་ཆེ། །ཐམས་ཅད་
ཞལ་གཅིག་ཕྱག་གཉིས་པ། །སྙིང་གར་གཡོན་པའི་ཁུ་ཚུར་མཛུབ། །གཡས་ན་རང་གི་མཚོན་ཆ་འཆང་། །གཤིན་རྗེ་གསོད་པའི་དབྱིག་ཐོ་སྟེ། །གཞན་གྱིས་མི་ཐུབ་རྡོ་རྗེ་དབྱིག །རྟ་མགྲིན་ལ་ནི་དབང་མཆོག་དམར། །མི་ཕྱེད་བདུད་རྩི་ཐབ་སྦྱོར་ལའོ། །ཌཀྐི་རྒྱལ་པོ་
ལྕགས་ཀྱུ་སྟེ། །དབྱིག་སྔོན་ཅན་ལ་རང་གི་མིང་། །སྟོབས་ཀྱི་རྒྱལ་པོ་རྩེ་གསུམ་པ། །མི་གཡོ་མགོན་པོ་རྡོ་རྗེ་སྟེ། །ཚ་སྐྱོབ་དཀར་པོ་རྒྱལ་པོ་ཡི། །ཆོས་ཀྱི་འཁོར་ལོ་རྣམ་པར་བསྒོམ། །གཏུན་ཤིང་རྡོ་རྗེ་རྐང་འོག་ལའོ། །ཞབས་གཡོན་བརྐྱང་བས་གནས་པའོ། །དབང་པོ་
སྔོན་པོའི་རྣམ་པ་ལྟར། །མཐར་བྱེད་རྣམ་པར་བསྒོམ་པར་བྱ། །གཞན་གྱིས་མི་ཐུབ་རྡོ་རྗེ་ནི། །འཇིགས་བྱེད་ཟླ་བའི་ནོར་བུ་འདྲ། །པདྨའི་ཁྲོ་བོ་དམར་པོ་ཆེ། །རྡོ་རྗེ་བདུད་རྩི་བདག་ཉིད་གནག །མཚམས་ཀྱི་ཁྲོ་བོ་ཆེར་གནག་ཅིང་། །སྤྱི་བོར་རྡོ་རྗེ་འཆང་བ་འཛིན། །གཤིན་རྗེ་རྣམ་
སྣང་ཉིད་ཀྱིས་ཏེ། །རྡོ་རྗེ་སེམས་དཔའ་དབྱིག་པ་ཅན། །པདྨའི་ཁྲོ་བོ་རྣམས་གཟིགས་རྗེས། །རྡོ་རྗེ་སེམས་དཔས་ཐལ་སྦྱོར་ལའོ། །རྡོ་རྗེ་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་ཉི་མ་བསྒོམ་པར་བྱ། །འོག་དུ་པདྨའི་གདན་བསམས་ནས། །ཁྲོ་བོ་བཅུ་རྣམས་བསྒོམ་པར་བྱ། །
སྲུང་བའི་འཁོར་ལོ་གཟི་བརྗིད་ཆེ། །བསྐལ་པའི་མེ་ལྟར་འབར་བ་སྟེ། །འཁོར་ཞིང་རབ་ཏུ་མི་གཡོ་བར། །དཔག་ཚད་བརྒྱ་ཡི་ཚད་ཙམ་མོ། །ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས་སའི་ཆོ་གའི་བྱ་བ་སྟེ་གཉིས་པའོ།། །།བློ་ལྡན་
འཁོར་ལོའི་ས་དབུས་སུ། །ལེགས་ལྡན་སྔོན་འགྲོ་ནས་བརྩམས་ཏེ། །མཆོད་བསྟོད་བར་གྱི་སྦྱོར་ལྡན་པས། །སངས་རྒྱས་རྣམས་ལ་གསོལ་བ་གདབ། །མ་ལུས་ཕྱོགས་བཅུ་ན་བཞུགས་པའི། །མགོན་པོ་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་ཆེ་གེ་མོ། །

བདག་ནི་ཀྱཻ་ཡི་རྡོ་རྗེ་ཡི། །དཀྱིལ་འཁོར་མཆོག་འདི་འབྲི་བར་བྱེད། བདག་གི་བསྒྲུབ་བྱ་བསྒྲུབ་པའི་ཕྱིར། །མཐུ་ཆེན་ལྡན་པ་ཁྱེད་རྣམས་ཀྱིས། །དཀྱིལ་འཁོར་བྱིན་གྱིས་བརླབ་ཏུ་གསོལ། །དཔའ་བོ་རྡོ་རྗེ་དྲིལ་འཛིན་ལ། །སློབ་མ་འམ་འཁོར་སྤྲུལ་གསོལ་བ་གདབ། །དེ་བཞིན་གཤེགས་
པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་
བཤད་དུ་གསོལ། །ཞི་བ་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྤྱོད་མཛད། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་
དམ་པ་བཤད་དུ་གསོལ། །ལངས་ཏེ་མཁའ་བཞུགས་རྒྱལ་ཕྱག་བྱ། །སངས་རྒྱས་ཀུན་སྦྱོར་ང་རྒྱལ་བསྐྱེད། །སངས་རྒྱས་རྡོ་རྗེ་སེམས་དཔའ་བདག །རྡོ་རྗེ་ཉི་མའང་བདག་ཉིད་དེ། །དོན་ཡོད་རྡོ་རྗེ་ཆོས་བདག་ཉིད། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །དེ་ནས་ཀྱེ་རྡོར་ཁྲོས་བལྟས་
ནས། །འཁོར་ལོ་མཁའ་ལ་གདེགས་པར་བྱ། །ཡི་གེ་མ་ཊས་ཉི་ཟླའི་མིག །ཕྱོགས་དུས་ཐམས་ཅད་སྦར་བ་དང་། །བློ་ལྡན་འགྲོ་ལ་བལྟས་ནས་ནི། །འཁོར་ལོའི་ས་ནི་ཡོངས་སུ་བསྐོར། །རྐང་འོག་རྡོ་རྗེ་འབར་བ་དང་། །རྡོ་རྗེ་གསོར་བར་ཤིན་ཏུ་བརྩོན། །རོལ་པའི་རྡོ་རྗེ་འགྲོས་ཀྱི་གར། །
མཆེ་བ་གཙིགས་བཅས་ཧཱུྃ་སྒྲོགས་པས། །མེ་ཏོག་སྙིམ་པའི་སྦྱོར་བས་བྱ། །སྤོས་ལ་ཡལ་གའི་སྦྱོར་བ་ཉིད། །མར་མེ་མཐེ་བོང་བརྟན་པར་བྱ། །བྱུག་པ་དེ་ཡི་རྣམ་པ་ཡང་། །ལག་པས་མིག་དང་དེ་བཞིན་རྣ། །རྐང་པ་ཟུར་གྱི་གཡས་ཕྱོགས་སུ། །ཕེག་རྡོབ་པ་ཡི་སྦྱོར་བས་བྱ། །
དེ་བཞིན་དུ་ཡང་གཡོན་དུ་བསྐོར། །རྒྱུན་གྱི་གར་བྱས་དེ་འོག་ཏུ། །བསྐྱོད་པའི་གར་བྱས་དེ་ཡི་རྗེས། །མྱུར་བསྐོར་དེ་བཞིན་གར་བྱས་ཏེ། །འཁོར་ལོ་བཞིན་དུ་འཁོར་བར་བྱ། །གཡས་བརྐྱང་བ་དང་གཡོན་བརྐྱང་བ། །མཉམ་པའི་རྐང་སྟབས་དང་། རྡོ་རྗེའི་རྐང་སྟབས་དང་།

དཀྱིལ་འཁོར་དང་། སྣ་ཚོགས་ཐམས་ཅད་དང་། རུས་སྦལ་གྱི་རྐང་སྟབས་དང་། བུང་བའི་དྲ་བ་དང་། རྒྱ་མཚོ་བསྐྱོད་པ་དང་། རི་བོའི་མཆོག་དང་། མཛེས་པའི་གོམ་པ་དང་། ཁྲོ་བོའི་གོམ་པ་སྟེ་རྐང་སྟབས་ཀྱི་བཀོད་པའོ། །རལ་གྲི་ལུགས་དང་། འཁོར་ལོའི་ཚུལ་
དང་། རིན་པོ་ཆེའི་ཚུལ་དང་། པདྨའི་ལག་པ་དང་། རལ་གྲིའི་ལག་པ་དང་། མདུང་གི་ཚུལ་དང་། གཞུའི་ཚུལ་དང་། དབྱིག་པའི་ཚུལ་དང་། དབྱིག་ཐོའི་ཚུལ་དང་། གཏུན་ཤིང་གི་ཚུལ་དང་། རྡོ་རྗེ་རྩེ་གཅིག་པའི་ཚུལ་དང་། ཁ་བཅུ་པའི་ཚུལ་དང་། རལ་གྲི་བུ་མོའི་ཚུལ་དང་། སྣ་
ཚོགས་དབྱིག་པའི་ཚུལ་དང་། མདུང་གི་ཚུལ་དང་། གོང་བུ་སྐྱོང་བའི་ཚུལ་དང་། འཕན་གཉིས་པ་དང་། འཕན་གསུམ་པ་དང་། མེ་ཏོག་གི་ཚུལ་དང་། བདུག་སྤོས་ཀྱི་ཚུལ་དང་། མར་མེའི་ཚུལ་དང་། དྲིའི་ཚུལ་དང་། ལཱ་སྱེའི་ལག་པ་དང་། ཕྲེང་བའི་ལག་པ་དང་། གླུའི་ལག་པ་དང་། གར་གྱི་ལག་
པ་དང་། གླིང་བུའི་ལག་པ་དང་། པི་ཝང་གི་ལག་པ་དང་། རྫ་རྔའི་ལག་པ་དང་། ཀུ་མུ་ཏའི་ལག་པ་སྟེ། ལག་པའི་བཀོད་པའོ། །རྡོ་རྗེའི་སྐྱིལ་ཀྲུང་དང་། སེམས་དཔའི་སྐྱིལ་ཀྲུང་དང་། པདྨའི་འདུག་སྟངས་དང་། བཟང་པོའི་འདུག་སྟངས་དང་། སྐྱིལ་ཀྲུང་ཕྱེད་པ་དང་། བཀྲ་ཤིས་ཀྱི་
འདུག་སྟངས་ཏེ། འདུག་སྟངས་ཀྱི་དགོད་པའོ། །སྒེག་པའི་རོ་དང་། དཔའ་བོའི་རོ་དང་། མི་སྡུག་པའི་རོ་དང་། རྒོད་པའི་རོ་དང་། དྲག་པོའི་རོ་དང་། འཇིགས་སུ་རུང་བའི་རོ་དང་། ཞི་བའི་རོ་དང་། རྔམ་པའི་རོ་དང་། སྙིང་རྗེའི་རོ་དང་། དྲུག་གིས་རྗེས་སུ་བསྐྱེད་པའི་གླུ་དང་། དྲང་སྲོང་
གི་རྗེས་ཀྱི་གླུ་དང་། དྲི་ཟའི་རྗེས་ཀྱི་གླུ་དང་། བར་མའི་རྗེས་གྱི་གླུ་དང་། ལྔ་པའི་རྗེས་ཀྱི་གླུ་དང་། བློ་གསལ་གྱི་རྗེས་ཀྱི་གླུ་དང་། འཁོར་ཉན་པའི་གླུའོ། །ཉུང་ངུའི་དབྱེ་བ་དང་། སྒྲོལ་བའི་དབྱེ་བ་དང་། འཇིགས་པའི་དབྱེ་བ་དང་། གང་བ་དང་། དབྱེ་བ་ཕྱེད་ཕྱི་བ་དང་། རྣམ་པར་
འདྲེ་བ་དང་། འདོད་ཆགས་གཉིས་མཚུངས་པར་བྱེད་པ་དང་། དཀྱུས་གསུམ་ལེན་པར་བྱེད་པ་དང་། ལྐོག་མ་ཉེད་པ་དང་། རྐན་ཉེད་པ་དང་། ལྕེ་ཉེད་པ་དང་། སོ་ཉེད་པ་སྟེ་གླུའི་དགོད་པའོ། །ས་གཞི་ཡོངས་བཟུང་དུས་སུ་ཡང་། །དམ་ཚིག་འདི་ནི་རབ་བསྐུལ་བ། ཡེ་ཤེས་རྡོ་རྗེ་

ཅན་གྱིས་བྱ། །འདི་ནི་དམ་ཚིག་རིམ་པ་མཆོག །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ཐམས་ཅད་ཉོན། །ང་ནི་སྙིང་རྗེའི་སྟོབས་དཔལ་ལྡན། །སྲུང་བའི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་ཡིས་ནི་གསལ་བའི་ལུས། །སྐུ་གསུམ་ལས་ནི་སྐྱེས་པ་སྤྲོ། །གལ་ཏེ་
ལས་ལ་འདའ་བྱེད་ན། །འཇིག་པར་འདི་ལ་ཐེ་ཚོམ་མེད། །ལུས་སྲུལ་པོ་དང་ཁ་ཅིག་གང་། །བདེ་ཆེན་ཡེ་ཤེས་འབྱུང་བ་དང་། །རྡོ་རྗེ་སེམས་དཔའི་རང་བཞིན་སྐྱེས། །ཟུར་ཅིག་བགེགས་ནི་ཆེན་པོ་རྣམས། །ན་མཿས་མནྟ་བུདྡྷེ་བྷྱོ་ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཥྚོ་ཏ་ཀ་ཊ་བྷཻ་ར་ཝཱ་ཡ་བཛྲ་སནྡོ་ཧ་
དརྦཱ་ཡ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ་ཅེས་བྱ་བའམ། ན་མཿས་མནྟ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ན་མ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོ་ཏ་ཀ་ར་བྷཻ་ར་བཱ་ཡ། ཨ་སི་མུ་ས་ལ། པ་ར་ཤུ་ཤ་གྲྀ་ཧི་ཏ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་
སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བཛྲ་བིགྷྣཾ། བི་ནཱ་ཡ་ཀཱ་ན། མ་ཧཱ་ག་ཎ་པ་ཏི། ཛི་པི་ཏ་ཨནྟ་ཀ་རཱ་ཡ། ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་བརྗོད་པར་བྱའོ། །དེ་ལྟར་ས་ནི་ཡོངས་བཟུང་ལ། །བགེགས་མེད་ཕྱིར་ནི་ཕུར་བུ་གདབ། །སྟོད་དུ་བགེགས་འཇོམས་ཁྲོ་བོ་ལ། །སྨད་དུ་རྩེ་གཅིག་བསམས་ནས་གདབ། །
ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲིཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་ཝཱན། བིདྱཱ་རཱ་ཛཱ་ཧཱུྃ་ཕཊ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་ཕཊ། བཛྲ་དྷ་རོད་ཨཱཛྙཱ་པ་ཡ་ཏི་ཀཱ་ཡ་བཱཀ་ཙིཏྟཱ་བཛྲ་ནཾ་ཀཱི་ལ་ཧཱུྃ་ཕཊ།
བགེགས་མེད་ས་ནི་ཕྱོགས་བཅིངས་ནས། །དེ་ནས་ལྷག་པར་གནས་པར་བྱ། །མཆོད་གཏོར་རྒྱ་ཆེན་བཤམས་ནས་ཀྱང་། །དཀྱིལ་འཁོར་དབུས་སུ་དྲིས་བྱུགས་ནས། །ལྷ་མོ་བསྐྱེད་དེ་མཆོད་བྱས་ལ། །ལྷག་པར་གནས་ཏེ་གཤེགས་སུ་གསོལ། །ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པའི། །མ་
མ་རིན་ཆེན་སྣ་ཚོགས་འཛིན། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཆེ་གེ་མོ་བདག་དཀྱིལ་འཁོར་འདྲི། །ལྷ་ཡི་གནས་སུ་ངེས་པ་དེར། །བ་ཡི་ལྔ་དང་དྲི་ཞིམ་སོགས། །ས་བྱུགས་མེ་ཏོག་ཚོམ་བུ་དགྲམ། །མཁས་པས་ལྷ་ཡི་གནས་དེ་ལ། །དཀྱིལ་འཁོར་རང་སྔགས་ཡི་གེས་སྤྲུལ། །

སྤྱན་དྲངས་མཆོད་བསྟོད་བར་དུ་བྱ། །དེ་ནས་སློབ་ལྡན་པུས་བཙུགས་ཏེ། །ལག་པར་སྤོས་ཐོགས་གསོལ་བ་གདབ། །བཅོམ་ལྡན་ཀྱེ་ཡི་རྡོ་རྗེ་མཆོག །རྡོ་རྗེ་འཛིན་རྒྱལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་
ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །དཀྱིལ་འཁོར་བདག་ནི་འདྲི་བར་བགྱིད། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་གནང་བ་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གང་གཞན་གསང་སྔགས་ལྷ་
རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཅན་དང་། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཀྱེ་ཡི་རྡོ་རྗེའི་དཀྱིལ་འཁོར་ནི། །འགྲོ་
བ་དག་པར་བྱ་བའི་ཕྱིར། །ཡོ་བྱད་ཅི་འབྱོར་བས་འདྲི་ན། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །དཀྱིལ་འཁོར་དུ་ནི་ཚོགས་པ་ཀུན། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །དེ་ལྟར་ལན་གསུམ་གསོལ་བཏབ་ནས། །བུམ་པ་ལྷག་པར་
གནས་པར་བྱ། །བུམ་པ་ནག་པོ་ར་རི་མེད། །མགྲིན་པ་རིང་བ་ལྟོ་ཆེ་བ། །དཀར་པོས་བྱུགས་ཏེ་མཚན་མས་གདབ། །ཁ་རྣམས་ཡལ་ག་གོས་རྒྱན་དུ། །ཏིལ་དང་གྲོ་དང་སྲན་མ་དང་། །ནས་དང་འབྲས་ནི་འབྲུ་ལྔའོ། །ཧ་ས་དེ་བ་ཀ་པི་རེ། །ཀྲི་ཏ་ཛཾ ལི་བྲི་ཧ་པ་ལ། །ཀརྣི་ཀ་ནི་སྨན་
ལྔ་ཡིན། །གསེར་དངུལ་མུ་ཏིག་བྱུ་རུ་དང་། །ནོར་བུ་རིན་ཆེན་རིན་ཆེན་ལྔ། །མར་དང་འོ་མ་སྦྲང་རྩི་མངར། །ལན་ཚྭ་སྤོས་དང་དྲི་བཟངས་གཞུག །ཧཱུྃ་བདུན་བཟླས་པའི་སྲད་བུ་དཀར། །མེ་ཏོག་ཕྲེང་བཏགས་རྡོ་རྗེ་ནི། །དྲི་ཆུར་བཅུག་པ་སྟེང་དུ་གཞག །བུམ་པར་ལྷ་བསྐྱེད་མཆོད་
ནས་ནི། །ཕྲེང་བའི་མགོ་ནས་ལག་བཟུང་ལ། །ཉིན་རེ་བཞིན་དུ་ཐུན་གསུམ་དུ། །གཏོར་མ་བྱིན་ཞིང་བཟླས་པར་བྱ། །དེ་ནས་བུམ་པ་སོ་སོར་གཞག །ལས་ཀུན་བྱེད་པ་བྱང་ཤར་དུའོ། །སློབ་མ་ཡན་ལག་ཀུན་རྫོགས་ཤིང་། །ཤིན་ཏུ་དུལ་དང་སྤྱོད་པ་ཞི། །ཆོས་གསུམ་ལ་ནི་

མངོན་དགའ་ཞིང་། །ཐེག་པ་ཆེ་ལ་དགའ་བའི་བློ། །སྔགས་དང་རྒྱུད་ལ་སྦྱོར་བ་དང་། །བཟོ་སོགས་ཐམས་ཅད་རྟོག་འདོད་ཅིང་། །སྦྱོར་དང་བསམ་གཏན་དགའ་བ་དང་། །ཉན་དང་ཀློག་ལ་བརྩོན་པ་དང་། །རྟག་ཏུ་བླ་མ་གུས་འདོད་དང་། །སྦྱིན་པ་ལ་སོགས་དགེ་ལ་དགའ། །དེ་བཞིན་
འདོད་ལ་མི་དགའ་བ། །ལོངས་སྤྱོད་ལ་ནི་མི་གནས་པ། །ང་རྒྱལ་ཁྲོ་བ་མེད་པ་གཟུང་། །གང་ཞིག་ཚུལ་ཁྲིམས་འཚལ་བ་དང་། །སློབ་དཔོན་དང་ནི་རྒན་པའི་ལྷ། །སེམས་ཅན་ཀུན་ལ་སྨོད་པ་དང་། །ངན་པའི་བདག་ཉིད་གདུག་སེམས་དང་། །རྟག་ཏུ་སྡིག་པའི་བློ་ངན་དང་། །ཚིག་
རྐྱལ་ངག་རྩུབ་སྨྲ་བ་རྣམས། །འདི་དག་འདྲ་བ་སྤང་བར་བྱ། །གལ་ཏེ་བདེ་གཤེགས་དགོངས་པ་ནི། །སྒྲུབ་པ་དོན་གཉེར་བརྩོན་ལྡན་ན། །གཟུགས་ངན་ཡོན་ཏན་མེད་པ་འམ། །དམན་པ་འམ་ལྷག་གནས་བྱ་བར་རིགས། །སྟོན་པས་དེ་ལ་འདི་སྐད་བརྗོད། །ཚེ་
འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །དེ་ཕྱིར་འབྲས་བུ་མཆོག་འདོད་བྱ། །དེ་སྐད་བརྗོད་ནས་སློབ་མ་དེ། །རྟག་པར་བསམས་
ལ་གསོལ་བ་གདབ། །དགའ་ཆེན་ཁྱོད་བདག་སྟོན་པ་པས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་
ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་སྐད་ལན་གསུམ་བརྗོད་པར་བྱ། །དེ་ནས་དཔའ་བོས་སློབ་མ་ཡི། །ཡོན་ཏན་དམིགས་བྱས་ཚིག་འདི་བརྗོད། །ཁྱོད་ནི་ཚུལ་
ཆེན་སྣོད་ཡིན་ཏེ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །

དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡི། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་
ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག། །ད་ལྟར་སློབ་མ་ལ་གདམས་ནས། །འདི་སྐད་ཅེས་ཀྱང་བརྗོད་དུ་གཞུག །བདག་གིས་ཐོག་མ་མེད་དུས་ནས། །ལོག་རྟོག་དབང་གིས་སྡིག་བགྱིས་པས། །ཐུགས་རྗེའི་མངའ་བདག་ཁྱེད་རྣམས་ཀྱི། །
སྤྱན་སྔར་བཤགས་བགྱིད་སླན་ཆད་སྡོམ། །རྒྱལ་དང་དེ་ཡི་སྲས་རྣམས་དང་། །འགྲོ་བའི་བསོད་ནམས་མ་ལུས་པ། །དེ་ལ་ཡང་དག་ཡི་རང་ཞིང་། །བྱང་ཆུབ་དམ་པར་བསྔོ་བར་བགྱི། །གང་དང་གང་གིས་འདུལ་འགྱུར་བ། །དེ་དང་དེ་ཡི་སྐུར་སྟོན་པ། །སྣ་ཚོགས་གཟུགས་ནོར་ཇི་
ལྟ་བུའི། །རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །ཀུན་རྟོག་མ་ལུས་དག་གྱུར་པ། །རང་རིག་ཡང་དག་ཡེ་ཤེས་བསྐྱེད། །ལྷན་ཅིག་སྐྱེས་དགའི་ངོ་བོ་ཉིད། །དམ་པའི་ཆོས་ལ་འང་སྐྱབས་སུ་མཆི། །གོ་རིམས་ཇི་བཞིན་དབང་བསྐུར་ཐོབ། །མ་ལོག་ལམ་འདི་ངེས་གནས་དང་། །
སྲས་མཆོག་འཁོར་འདུས་ཚོགས་མཆོག་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཡང་དག་ཡེ་ཤེས་མེ་བོ་ཆེ། །གཏི་མུག་མུན་པ་བསལ་བ་དང་། །སྒྲིབ་པ་མ་ལུས་སྦྱང་བའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་ལམ། །སྤྱོད་པ་དཔག་
ཡས་གང་ཡིན་དང་། །མ་བཅོས་ཇི་བཞིན་གནས་ལམ་ལ། །ད་ནི་ཡང་དག་གནས་པར་བགྱི། །དེ་ནས་བླ་མས་བྱང་ཆུབ་སེམས། །མ་སྐྱེས་པ་ནི་བསྐྱེད་པར་བྱ། །བསྐྱེད་པ་སླར་ཡང་དྲན་དུ་གཞུག །ལས་ཀུན་བྱེད་པས་བསྲུངས་ནས་ནི། །སྙིང་ག་ལྐོག་མ་སྤྱི་བོ་རུ། །རྡོ་རྗེ་པདྨ་
འཁོར་ལོ་དག །ཧཱུྃ་ཨཱཿཨོཾ་ལས་དེ་དག་དགོད། །སྤོས་ཆུ་རྡོ་རྗེ་ཁུ་ཚུར་དག །སྙིང་ག་ལྐོག་མ་སྤྱི་བོར་གཏུག །དེ་བཞིན་ཧཱུྃ་ཨཱཿཨོཾ་བརྗོད་བྱ། །ཨོཾ་ཨཱཿཧཱུྃ་བརྗོད། །མེ་ཏོག་ལ་སོགས་རིམ་བཞིན་བྱིན། །སྤྱི་བོར་མེ་ཏོག་མདུན་དུ་སྤོས། །མར་མེ་དྲི་ནི་སྙིང་ག་རུ། །ཀུན་བྱེད་བཟླས་

ནས་གུས་པ་ཡི། །སློབ་མ་རྣམས་ལ་སྦྱིན་པར་བྱ། །ཨ་ཤྭཏ་ཨུ་དུམ་བཱ་ར་ཡི། །སོ་ཤིང་སོར་ནི་བཅུ་གཉིས་པ། །མ་ཡོ་མ་གས་སྲོག་ཆགས་མེད། །རྩེ་མོ་མེ་ཏོག་བཅས་པ་བྱིན། །ཤར་རམ་བྱང་དུ་ཁ་བལྟས་གཞག །བཅས་ནས་ལྟོས་པ་མེད་པར་ནི། །བ་ཀོ་ཙམ་ཏུ་བྱུགས་པར་
དོར། །ཞི་བ་ལ་སོགས་དངོས་གྲུབ་བསྟན། །འཐོར་འཐུང་སྐྱོར་ཆུ་ལན་གསུམ་བླུད། །ཨོཾ་ཨཱ་ཛི་ཧྭ་སཾ་བརྡྷ་ནི་ཧཱུཾ་ཕཊ། སོ་ཤིང་ལ་བཟླས་པའི་སྔགས་སོ། །ཨོཾ་ཧྲཱི་བི་ཤུདྡྷ་སརྦ་དྷརྨཱ་སརྦ་པཱ་པཾ་ནི་ཥྩ་སྱེ་ཤོ་དྷ་ཡ་སརྦ་བི་ཀ་ལྦན་ཨ་པ་ན་ཡ་ཧཱུྃ། འཐོར་འཐུང་བླུད་པའི་སྔགས་སོ། །
བདུད་རྩི་འཁྱིལ་བའི་སྔགས་བཟླས་པའི། །སྲུང་སྐུད་དཔུང་པ་གཡས་པར་བཏགས། །ཀུ་ཤའི་སྙིང་པོ་རྩེ་མ་ཉམས། །དྷི་ལས་བྱུང་བ་བསམ་པར་བྱ། །དང་པོར་སྤྱི་བོར་གཅིག་གཟུང་བྱ། །གཞན་དག་སྔས་དང་སྟན་ཕྱིར་བྱིན། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །
ཨུ་དུམ་བཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་དེ། །གང་ཞིག་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མར་
ནི། །སྡིག་པ་བྱས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བར། །མཐོང་བས་འབྱང་བར་འགྱུར་བ་སྟེ། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པ་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་
དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་འཆང་། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །
བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཅན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་འབྱུང་སྐལ་བ་ཆེན་

པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །དོན་བཤད་སྲུང་བ་བྱས་ནས་ནི། །ཀུ་ཤའི་སྟན་ལ་ཉལ་དུ་གཞུག །རྨི་ལམ་གང་དག་ཅི་མཐོང་བ། །དེ་ཀུན་དང་པོར་ང་ལ་སྨྲོས། །རྨི་ལམ་བཟང་ངན་དྲིས་ནས་ནི། །མི་
དགེ་ཐབ་སྦྱོར་དག་གིས་གཞོམ། །དཔལ་ཀྱེ་རྡོ་རྗེའི་བྱ་བའི་རིམ་པ་ལས། །སྟ་གོན་བྱ་བ་སྟེ་གསུམ་པའོ།། །།མཁས་པས་མཉམ་ཞིང་ཡིད་འོང་བར། །བ་ཡི་ལྔ་དང་བདུད་རྩི་ལྔ། །དྲི་ཞིམ་ཆུ་ཡི་ལེགས་བྱུག་པ། །ཕྱི་ཡི་རྒྱ་ནི་ཁྲུ་བདུན་པ། །ནང་གི་ཁྲུ་གསུམ་མཐེ་བོང་
གསུམ། །དཀྱིལ་འཁོར་ཐིག་ནི་གདབ་པར་བྱ། །ཐིག་སྐུད་གསར་པ་མཛེས་པར་ལྡན། །རིགས་ལྔའི་ས་བོན་དེ་མདོག་བྱུང་། །ཡེ་ཤེས་ལྔ་ལྡན་སྲད་བུ་གང་། །ལྔ་ཕྲག་ལྔ་ནི་རྣམ་ཕྱེ་བ། །ཉི་ཟླའི་འབར་མིག་ལྕགས་ཀྱུས་དགུག །ལས་ཀུན་བྱེད་པའི་སྲད་བུ་ཡང་། །གཙང་
མས་ལེགས་བཀལ་དྲི་ཞིམ་དང་། །བདུད་རྩིས་སྤང་ཞིང་ཡི་གེ་གསུམ། །ཐིག་འཛིན་གྲོགས་དང་བསྒྲིལ་བར་བྱ། །ཛྫ་ཡིས་བཏང་ཞིང་རང་ཡང་ཟློ། །ཁུ་ཚུར་གཡོན་པས་ལྟེ་བར་གཟུང་། །ནུབ་དང་ཤར་ནས་བློ་ལྡན་གྱིས། །མཁའ་དང་འོག་གི་ཐིག་གདབ་བྱ། །ཨོཾ་བཛྲ་ས་
མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ། ནམ་མཁའ་གང་བའི་བདེ་གཤེགས་རྣམས། །ཁྱེད་ཀྱིས་འགྲོ་དོན་མཛད་དུས་ལགས། །ཐིག་གི་སྒྲ་ཡིས་བསྐུལ་ནས་ནི། །དེ་རྣམས་འདིར་ནི་གཤེགས་སུ་གསོལ། །ལྟས་ངན་གྱིས་ནི་དངོས་མི་འགྲུབ། །ཐིག་སྐུད་ཆད་ན་སློབ་དཔོན་འཆི། །
རིང་ཐུང་ཁྱེར་ན་ནད་ཀྱིས་ཐེབས། །ཕྱོགས་འཁྲུལ་བ་ཡིས་སློབ་མ་དང་། །སློབ་དཔོན་ལ་ཡང་ཉེས་པར་གསུངས། །སློབ་དཔོན་སློབ་མ་ཤར་ནུབ་ཏུ། །བལྟས་ཏེ་ཚངས་པའི་ཐིག་གདབ་བྱ། །འཕེལ་འགྲིབ་མེད་པའི་ཤིང་ཤུན་སོགས། །ཕྱེད་དང་ཕྱེད་དུ་བགོས་བྱས་ལ། །ཕྱེད་
ཀྱི་ཕྱེད་ན་ལྷོ་བྱང་དུ། །བྱ་རོག་རྗེས་བཙལ་ཚངས་ཐིག་གདབ། །དེ་ནས་དཀྱིལ་འཁོར་ཕྱེད་ཚད་ཀྱི། །གཡས་དང་གཡོན་དུ་རྒྱ་གྲམ་བྱ། །ཤར་ནུབ་ཕྱོགས་དང་ལྷོ་ཕྱོགས་ཐིག །བྱང་ལྷོ་ཤར་ནུབ་བལྟས་པས་གདབ། །མེར་གནས་རླུང་བལྟས་བདེན་བྲལ་ནས། །དབང་ལྡན་

བལྟས་ཏེ་ཚངས་ཐིག་གདབ། །ཕྱེད་ལ་ཕྱེད་ཕྱེད་ཕྱེད་དུ་བགོ །ཚངས་ཐིག་ངོས་རེར་བརྒྱད་བརྒྱད་འགྱུར། །དང་པོ་ཕྱེད་རྒྱབ་དེ་ནང་ཕྱེད། །སྔར་བྱས་སྒོ་ཁྱུད་ཕྱེད་ཉིད་དཀྱིལ། །གཉིས་པ་ཕྱེད་ཕྱེད་དང་པོ་ལ། །ཕྱེད་ཕྱེད་བྱས་པ་ལོགས་ཞེས་བྱ། །དེ་རྒྱབ་མེ་ཏོག་ཆུན་འཕྱང་ཏེ། །
དེ་རྒྱབ་རྟ་བབས་ཀ་བ་ཡིན། །གསུམ་པའི་ཕྱེད་རྒྱབ་དེ་ཕྱེད་ནང་། །རྡོར་ཕྲེང་བཞི་པ་ལྷ་སྣམ་ཡིན། །ལྔ་པའི་ཕྱེད་ཕྱེད་དང་པོ་ལ། །ཕྱེད་ཕྱེད་བྱས་པ་ཚོན་ལྔའི་གནས། །བར་གཉིས་འདོད་ཡོན་མཐར་ལྔར་བྱས། །སྒོ་འགྲམ་རིན་ཆེན་ཕ་གུ་འང་དེ། །དྲུག་པའི་ཕྱེད་ནང་མུ་
ཏིག་ཕྲེང་། །དེ་རྒྱབ་ཕྱེད་ནང་ཕྱེད་ཕྱེད་བྱས། །ཡ་ཕུབས་ཐ་མ་རྡོ་རྗེ་གདུང་། །བདུན་པ་རྟ་བབས་དག་ཏུ་འགྱུར། །བརྒྱད་པ་པདྨ་འཁོར་ལོ་གདུགས། །དེ་རྒྱབ་ཉི་མའི་དཀྱིལ་འཁོར་ཏེ། །སྣ་ཚོགས་པདྨ་རྡོ་རྗེ་རྭ། །མེ་འོད་རིམ་བཞིན་བསྐོར་བར་བྱ། །དེ་ནས་མཁས་པས་ཚོན་
རྣམས་ལ། །བྷྲཱུྃ་ཨྃ་ཛྲཱྀཾ་ཁྃ་ཧཱུྃ་རྣམས་ཀྱིས། །རྡུལ་ཚོན་ལྷ་ཡི་རྣམ་པར་སྦྱོར། །འབར་བའི་བལྟ་བྱ་ཡེ་ཤེས་སྦར། །ཡང་དག་གཟི་བསྐྱེད་སྔགས་བཟླས་མཆོད། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་དག་པར་བྱེད། །ཀྱེ་ཡི་རྡོ་རྗེ་
རྒྱལ་ཆེན་གྱི། །དཀྱིལ་འཁོར་དམ་པ་བཞེངས་པར་བྱ། །བླ་མས་གཡོན་པའི་ཁུ་ཚུར་གྱིས། །དབང་ལྡན་ཕྱོགས་ནས་བརྩམས་ནས་ནི། །དཀར་དང་སེར་དང་དེ་བཞིན་དམར། །ལྗང་གུ་དང་ནི་ནག་པོ་ཉིད། །མཉམ་ཞིང་གཡས་བསྐོར་རྒྱུན་མ་ཆད། །མ་ཡོ་བར་ནི་ཚོན་རྩི་
དགྱེ། །སྒོ་ཡི་ཉི་ཤུ་ཆ་རུ་ནི། །རི་མོ་མཉམ་པར་དགྱེ་པར་བྱ། །སྦོམ་པོར་སྐྱེ་བས་ནད་ཀྱིས་འདེབས། །ཕྲ་མོས་ནོར་ནི་རྣམ་པར་འཇིག །ཡོན་པོས་རྣམ་འགྲས་ཆད་པ་ཡིས། །བླ་མ་དང་ནི་སློབ་མ་འཆི། །གཡས་བསྐོར་མིན་པར་སྐྱེ་བ་ཡིས། །ཚོན་ནི་ཕུར་བུས་བཏབ་པར་འགྱུར། །
དཀར་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལས་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་རྩེ། །དེ་བཞིན་གཞན་དག་མརྒད་ཡིན། །ནག་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །ཤར་དུ་དཀར་པོ་ཆེན་པོ་སྟེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆ་

ལ་དམར་པོ་སྟེ། །བྱང་ནི་ལྗང་གུ་ཡང་དག་ལྡན། །དབུས་ཀྱི་ས་གཞིའི་ཆ་དག་ནི། །ཨིནྡྲ་ནི་ལའི་འོད་གསལ་བར། །བརྟག་པར་བདག་ཉིད་ཤེས་རབ་ཐབས། །ཤིན་ཏུ་མཉམ་གཞག་ལེགས་པར་བྲི། །རི་མོ་བར་ནི་ནས་གང་གིས། །མ་རེག་པར་ནི་བྲི་བར་
བྱ། །ཁ་སྦྱོར་གཅིག་པ་སྒོ་བཞི་པ། །སྣ་ཚོགས་འོད་ཀྱིས་ཡང་དག་ཁྱབ། །རྟ་བབས་བཞི་དང་ཡང་དག་ལྡན། །རྡོ་རྗེ་ཐིག་གིས་རྣམ་པར་བརྒྱན། །རི་མོ་ལྔ་དང་ངེས་པར་ལྡན། །དེར་ནི་བུམ་པ་བརྒྱད་བྲི་བྱ། །རིན་ཆེན་ལྔ་ཕྱེད་རང་བཞིན་ནམ། །ཡང་ན་འབྲས་ལ་སོགས་པའོ། །
དུར་ཁྲོད་སོ་ཕག་དག་གིས་སམ། །དེ་བཞིན་དུར་ཁྲོད་སོལ་བས་སོ། །དེ་དབུས་པདྨ་འདབ་མ་ནི། །བརྒྱད་པ་གེ་སར་ལྡན་པ་བྲི། །དེ་དབུས་ཐོད་པ་དཀར་པོ་ནི། །སྣ་ཚོགས་རྡོ་རྗེས་མཚན་པ་བྲི། །དབང་ལྡན་དུ་ནི་སེང་གེ་སྟེ། །མེ་ཡི་མཚམས་ནི་དགེ་སློང་ངོ་། །བདེན་བྲལ་དུ་ནི་འཁོར་
ལོ་སྟེ། །རླུང་དུ་རྡོ་རྗེ་བྲི་བར་བྱ། །ཤར་གྱི་སྒོར་ནི་གྲི་གུག་བྲི། །ལྷོར་ནི་ཅང་ཏེའུ་བྲི་བར་བྱ། །ནུབ་དུ་རུས་སྦལ་བྲི་བྱ་སྟེ། །དེ་བཞིན་སྦྲུལ་ནི་བྱང་དུའོ། །ལྷ་མོའི་ཁ་དོག་དབྱེ་བ་ཡིས། །ཕྱག་མཚན་བརྒྱད་དུ་རབ་ཏུ་གྲགས། །བླ་རེ་རྒྱལ་མཚན་འཕན་གདུགས་སོགས། །བླ་རྒྱན་
འོག་རྒྱན་བྲེ་བར་བྱ། །མཆོད་གཏོར་རྒྱ་ཆེར་བཤམས་བཀྲམ་ལ། །འབར་མིག་ལ་སོགས་གོང་ལྟ་བུར། །རྡོ་རྗེ་སེམས་དཔའི་བསྙེམས་བྱས་ལ། །རྐང་པ་གཡས་པ་བརྒྱང་བྱས་ཏེ། །ཕྱག་གཉིས་ཀྱེ་རྡོར་རྣལ་འབྱོར་གྱིས། །སློབ་དཔོན་དཀྱིལ་འཁོར་འཇུག་པར་བྱ། །
ལུས་བཀྲུས་གཙང་སྦྲ་དྲི་ཞིམ་དང་། །སྣ་ཚོགས་རྒྱན་གྱིས་བརྒྱན་པའོ། །ཧཱུྃ་ཧཱུྃ་སྒྲ་ཡིས་ང་རྒྱལ་བྱེད། །ཧི་ཧི་སྒྲ་ཡིས་འཇིགས་པར་བྱེད། །དེ་ལྟར་དཀྱིལ་འཁོར་ལན་གསུམ་བསྐོར། །མ་དག་མ་ཚང་སྐྱོན་རྣམས་བསལ། །དེ་ནས་སློབ་དཔོན་རང་ལྷ་ཡི། །སྦྱོར་ཚོགས་གཙོ་
བོའི་བདག་ཉིད་ཀྱིས། །དཀྱིལ་འཁོར་སྤྲུལ་པ་རྡུལ་ཚོན་དང་། །གཉིས་མེད་མཁར་གནས་ཀྱང་དེར་གཞུག །བྱིན་གྱིས་བརླབ་དང་དབང་བསྐུར་གྱི། །བར་རྫོགས་བྱས་ནས་འཆད་པ་ཡི། །ཆོ་གས་དཀྱིལ་འཁོར་རབ་ཏུ་མཆོད། །རང་ལྕེས་རྡོ་རྗེ་བདུད་རྩི་མྱང་། །ཕྱི་རོལ་

འབྱུང་པོས་གཏོར་མ་སྦྱིན། །སྔ་གྲོ་རྒྱས་པའི་སྦྱིན་སྲེག་བྱ། །མ་དག་ལ་སོགས་ཉེས་པ་རྣམས། །རྒྱལ་བ་རྣམས་ལ་བཟོད་པར་གསོལ། །དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་ལས། དཀྱིལ་འཁོར་གྱི་བྱ་བའི་རིམ་པ་སྟེ་བཞི་པའོ།། །།དེ་ནས་སློབ་དཔོན་རང་ལྷ་ཡི། །
སྦྱོར་གནས་དཀྱིལ་འཁོར་ལེགས་བལྟས་ལ། །མཆོད་དང་བསྟོད་པ་ལ་སོགས་བྱ། །ཕྱི་ནང་སྦྱིན་སྲེག་དག་གིས་ཀྱང་། །འཁོར་ལོ་མཆོད་དེ་བདག་ཉིད་ཀྱང་། །སློབ་མའི་རིམ་བཞིན་དབང་བླངས་ལ། །གཟུགས་བརྙན་ལྟ་བུའི་འཁོར་ལོ་རུ། །སློབ་མ་གཞུག་ཕྱིར་བདེན་པ་བསྒྲགས། །
ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །ཀྱེ་ཡི་རྡོ་རྗེ་དེང་འགྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །
ཉེས་པ་མི་མངའ་རྟག་པའང་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་འགྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་
དཔས་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་མཆོག་གིས། །གྲུབ་པའི་རྡོ་རྗེ་ཆེར་སྟོན་པ། །རྡོ་རྗེ་བསྙེམས་བདག་བདག་མཛོད་ཅིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །སེམས་ཅན་ཀུན་གྱི་ཡིད་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་
གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པའོ། །བདེན་པ་དག་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་དག་དཀྱིལ་འཁོར་ནི། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱེད་ཀྱིས་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་
རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་དུ་འབྱུང་། །དེ་བཞིན་ཉིད་ལ་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །དེ་ལྟར་བསྟོད་ཅིང་ཕྱག་བགྱིས་ནས། །འདི་ལྟར་ཡང་

ནི་གསོལ་བ་གདབ། །དཀྱིལ་འཁོར་གཙོ་བོའི་དཀྱིལ་འཁོར་དུ། །སློབ་མ་རབ་ཏུ་གཞུག་པར་བགྱི། །སེམས་ཅན་དོན་དུ་བདག་གསོལ་འདེབས། །བཟོད་པ་མཛད་དེ་དགོངས་སུ་གསོལ། །དེ་ནས་སློབ་མས་སློབ་དཔོན་གྱི། །ཞབས་ལ་གཏུགས་ལ་འདི་སྐད་བརྗོད། །དགའ་
ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་
ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་ཆེན་པོ་བདག་འཇུག་གོ། །སློབ་དཔོན་གྱིས་བསྒོ་བ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །སངས་རྒྱས་ཆོས་དང་དགེ་འདུན་ལའོ། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །
རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་གྱིས་ནི་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །རིན་ཆེན་
རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །
ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ཀྱང་མི་ནུས་བྱ། །དེ་ལས་གཞན་ཡང་བཅུ་བཞི་འདི། །ཕས་ཕམ་པས་ན་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་
མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་འགྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་ལ་ལོག་པར་མི་སྤྱད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་

ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ངེས་པར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་ཀུན་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་རྣམས་དང་། །ཡིད་ཀྱི་རྣམ་པ་གསུམ་དག་
ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོང་། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡང་མི་སྤང་། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་
མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སློབ་མས་བརྗོད་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །
འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱ