Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 9
Văn bản gốc(Tây Tạng)
Trang 13 / 22 (50.000 ký tự/trang)
་ཏུ་ཡང་རྡོ་རྗེའི་རང་བཞིན་གྱི་གཞི་འོག་གི་ས་གཞི་ལ་ཐུག་ པར་གྱུར་པ་བལྟ་བར་བྱའོ། །དེ་ནས་ཉི་མ་དང་སྣ་ཚོགས་རྡོ་རྗེ་འོད་ཟེར་དུ་གྱུར་ཏེ། ཕྱོགས་ཕྱོགས་སུ་སྤྲོས་ནས་གཏམས་པར་གྱུར་པས་ཕྱི་རོལ་ཐག་རིང་པོར་མཚམས་གཅད་པར་བྱའོ་ཞེས་པ་ནི་ཚིགས་སུ་བཅད་པའི་དོན་ཏོ། །དེ་ནས་དེའི་རྒྱུ་མཐུན་པར་གྱུར་པ་སྟེ་ཉིད་ཀྱི་འབྱུང་བ་ཆེན་པོ་ ལྔ་རྣམ་པར་དག་པ་བསམ་པར་བྱ་སྟེ། དེ་ལ་ནམ་མཁའ་འབྱུང་བ་ཆེན་པོ་ཆོས་འབྱུང་ཞེས་བྱ་བ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་སྟོན་ཀའི་ཟླ་བ་བཞིན་དཀར་བ་འོག་ཕྲ་ཞིང་སྟེང་རྒྱ་ཆེ་པ། གྲུ་གསུམ་པ་ནང་ནམ་མཁའི་རང་བཞིན་ནང་དུ་པདྨ་འདབ་མ་སྣ་ཚོགས་པ་སྐྱེས་པའི་སྙིང་པོ་ ལ་སྣ་ཚོགས་རྡོ་རྗེ་རྒྱ་ཆེན་པོ་གནས་པའོ། །དེའི་དབུས་སུ་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་རྣམ་པ་བཞི་ལྷ་མོ་བཞིའི་རང་བཞིན་གོང་ནས་གོང་དུ་བལྟ་བར་བྱ་སྟེ། དང་པོར་ཡི་གེ་ལཾ་ལས་དབང་ཆེན་གྱི་དཀྱིལ་འཁོར་ཆེན་པོ་གྲུ་བཞི་པ་སེར་པོ་གྲྭར་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེ་ནས་ བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་བ་བུམ་པས་མཚན་པའོ། །དེ་ནས་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་དམར་པོ་གྲྭར་རཾ་གྱིས་མཚན་པའོ། །དེ་ནས་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་ནག་པོ་མཐའ་མ་གཉིས་སུ་དར་དཔྱང་གཡོ་བས་མཚན་པའོ། །སྒོམ་ པ་པོས་ཡང་དེའི་ཚེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁྱབ་པར་བྱེད་པ་དེ་ཉིད་ཁོ་ན་གནས་སོ། །དེ་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས་སུ་འབྱུང་བ་ཆེན་པོ་བཞི་ཡོངས་སུ་གྱུར་པ་ལས་སྐྱེས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བསྡུས་པའི་ངོ་བོ། །ཐར་པ་ཆེན་པོའི་ཁང་པ་རྣམ་པར་ སྣང་མཛད་ཀྱི་རང་བཞིན་རིན་པོ་ཆེ་སྣ་ཚོགས་ལས་གྱུར་པའི་ཁང་པ་བརྩེགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་མེད་པར་སྟོན་པའི་དུར་ཁྲོད་བརྒྱད་ཀྱིས་ཉེ་བར་བསྐོར་བ་བསྒོམ་པར་བྱའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །སྟེགས་བུ་བཞི་ ཡིས་ཡོངས་སུ་བསྐོར། །ཏྭ་ར་ན་ནི་བཞིས་བརྒྱན་ཞིང་། །དོ་ཤལ་དང་ནི་དོ་ཕྱེད་དང་། །དར་དང་མེ་ཏོག་ཕྲེང་བ་དང་། །བླ་རེ་མེ་ལོང་རྔ་ཡབ་དང་། །རྡོ་རྗེ་ཐིག་སྐུད་རྣམས་ཀྱིས་མཛེས། །འོད་ལས་སངས་རྒྱས་ཚོགས་འཕྲོ་ཞིང་། །གཡོ་ཞིང་བཀྲ་བའི་བ་དན་མཆོག །ཕྱོགས་ཀྱི་སྒོ་ལ་ དྲིལ་བུ་འཁྲོལ། །འདོད་པ་ལྔ་པོ་མཆོག་རྣམས་དང་། །དམ་པའི་མཆོད་པ་རྣམ་ལྔས་སྤྲས། །དེ་ཡི་ནང་གི་རིམ་པ་ལས། །པདྨ་འདབ་བརྒྱད་གེ་སར་བཅས། །སྒོ་བཞི་དང་ནི་གྲུ་བཞི་དང་། །དབུས་མ་དག་ཏུ་སྟན་དག་ནི། །ཚངས་དབང་ཉེ་དབང་དྲག་པོ་དང་། །གཤིན་རྗེ་གནོད་ སྦྱིན་ཡང་དེ་བཞིན། །བདེན་བྲལ་དང་ནི་ཐགས་བཟངས་རིས། །དབུས་སུ་བདུད་རྩི་བཞི་པ་སྟེ། །གོང་ནས་གོང་དུ་བཀན་པའོ། །འཇིགས་ལྡན་བདུད་ནི་བཞི་པོ་ཡི། །སྙིང་ག་དག་ཏུ་ཉི་མས་མནན། །འཇིགས་པ་གཞན་ཡང་ཟླ་བས་སོ། །དེ་ཡི་དབུས་ཀྱི་གདན་གྱི་སྟེང་དུ་དབྱངས་ ཡིག་བཅོ་ལྔས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དང་། དེའི་སྟེང་དུ་གསལ་བྱེད་སུམ་ཅུ་རྩ་བཞིས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དང་། དེའི་དབུས་སུ་ཨཾ་དང་ཧཱུྃ་ཡོངས་སུ་གྱུར་པ་ལས་གྲི་གུག་དང་ཐོད་པའི་ དབུས་སུ་རང་གི་ས་བོན་གྱིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་བསམ་པར་བྱའོ། །དེ་ནས་ས་བོན་གཉིས་ལས་རྣལ་འབྱོར་མའི་འཁོར་ལོའི་རྣམ་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་སྤྲོས་ནས་སླར་འདུས་ཏེ་ས་བོན་དང་ལྷན་ཅིག་ཏུ་གྱུར་པ་ནི་བྱ་བ་ནན་ ཏན་གྱི་ཡེ་ཤེས་སོ། །དེ་ནས་ཟླ་བ་དང་ཉི་མ་དང་མཚན་མ་དང་ས་བོན་ཡོངས་སུ་གྱུར་པ་ལས་སྐྱེས་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཆད་པར་འགྱུར་བའི་ཁ་དོག་དང་རྣམ་པ་དང་མཚན་མ་ལ་སོགས་པ་རྣམས་ཀྱིས། དཔལ་ཧེ་རུ་ཀའི་གཟུགས་སུ་བསྐྱེད་ཅིང་དེ་བཞིན་དུ་བདག་ མེད་མས་མགུལ་ནས་འཁྱུད་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དུ་བལྟའོ་ཞེས་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པ་ལྔའོ། །ཧོཿགཉིས་ཀྱི་ནི་བར་གནས་པའི། །འབར་བའི་ས་བོན་གཉིས་པོ་ནི། །དགའ་ལྡན་དེ་ཡི་ཞལ་ནས་ཞུགས། ། པདྨའི་མཐའ་རུ་ཆགས་པས་ཞུ། །དེ་ནས་རྡོ་རྗེ་ཆགས་ཆེན་གྱིས། །རིག་མ་དང་ནི་ལྷན་ཅིག་ཞུ། །སྟོན་ཀའི་ཟླ་བ་དང་འདྲ་བར། །དེ་ནི་ཟླུམ་པོར་གྱུར་ནས་གནས། །དེ་ནས་ཟླ་གདན་གྲྭར་གནས་པའོ། །ལྷ་མོ་བཞི་པོ་དག་གིས་ནི། །རྡོ་རྗེའི་གླུ་ནི་བཞི་དག་གིས། །བཞེངས་ཕྱིར་དེ་ལ་ སྐུལ་བར་བྱེད། །རྗེ་བཙུན་སྙིང་རྗེའི་ཡིད་ཀྱིས་བཞེངས། །སྦོས་མོ་བདག་ལ་ཡོངས་སུ་སྐྱོབས། །སྟོང་པའི་ཏིང་ངེ་འཛིན་སྤོངས་ལ། །བདེ་ཆེན་འདོད་པས་བདག་ལ་སྦྱོར། །ཁྱོད་མེད་ན་ནི་བདག་འགུམ་པས། །ཀྱེ་ཡི་རྡོ་རྗེ་ཁྱེད་བཞེངས་ཤིག །སྟོང་པའི་ཏིང་ངེ་འཛིན་སྤོངས་ལ། །རི་ ཁྲོད་དགོས་པ་སྒྲུབ་མཛོད་ཅིག །གཙོ་བོ་འཇིག་རྟེན་མགྲོན་གཉེར་ནས། །ཅི་ཕྱིར་སྟོང་པ་ཉིད་ལ་བཞུགས། །ཁྱོད་མི་བཞུགས་ན་ཕྱོགས་རྨོངས་པས། །གཏུམ་མོ་བདག་ནི་གསོལ་བ་འདེབས། །མིག་འཕྲུལ་ལྟ་བུ་ཁྱོད་བཞེངས་ཤིག །བདག་གིས་ཁྱེད་ཀྱི་ཐུགས་འཚལ་གྱིས། ། སྨེ་མོ་བདག་ནི་མཁས་པར་དགོངས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །དེ་ནས་གླུ་ཡི་ངོར་བྱས་ཏེ། །ཞུ་བ་བསྡུས་པ་ལས་སྐྱེས་པ། །དེའི་དབུས་སུ་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཨཾ་དང་ཧཱུྃ་གཉིས་དང་། ལྷའི་མཚན་མ་དང་། ལུས་ལ་སོགས་པ་ནམ་མཁའ་ལྟ་བུ་དང་ སྒྱུ་མ་ལྟ་བུར་ངེས་པར་བྱས་ནས། དེ་ཡོངས་སུ་གྱུར་པ་ལ་བརྟེན་པའི་ཏིང་ངེ་འཛིན་གྱི་རང་བཞིན་གྱི་གྲི་གུག་དང་ཐོད་པ་གཉིས་སྦྱོར་བའི་སྙིང་པོ་ལ་ཡང་དག་པར་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་རང་བཞིན་གྱི་ལྷའི་ས་བོན་གཉིས་དང་ལྡན་པ་བལྟ་བར་བྱའོ། །དེ་ནས་དེ་ཉིད་ལས་ རྣལ་འབྱོར་གྱིས་དེ་བཞིན་གཤེགས་པ་མཐའ་ཡས་པའི་རང་བཞིན་གྱི་རྣལ་འབྱོར་མའི་འཁོར་ལོའི་རྣམ་པ་སྤྲོས་ཏེ། ཐམས་ཅད་སེམས་ཀྱི་རང་བཞིན་དུ་ངེས་པར་བྱས་ནས། ཡང་སླར་རྣལ་འབྱོར་གྱིས་བསྡུས་ཏེ། དེ་དག་ཐམས་ཅད་སྒྱུ་མ་ལྟ་བུ་དང་ནམ་མཁའ་ལྟ་བུ་ཡོངས་སུ་ཤེས་ནས་ཉི་མ་ གཉིས་དང་མཚན་མ་དང་ས་བོན་རྣམས་ཡོངས་སུ་གྱུར་པ་ལས་སྐྱེས་པའི་བདག་ཉིད་ཧེ་རུ་ཀར་བལྟ་བར་བྱའོ། །ཞབས་རྣམས་ཀྱིས་ནི་སྟང་སྟབས་དང་། །ལྷ་དང་ལྷ་མིན་ལ་སྡིགས་མཛུབ། །སྤྱན་ནི་གདུག་ཅིང་ཟླུམ་ལ་དམར། །ལང་ཚོ་གཞོན་ཞིང་འགྱིང་བག་ཅན། །ཞབས་ བཞི་དང་ནི་ཞལ་བརྒྱད་པ། །བརྒྱད་གཉིས་ཕྱག་གིས་ཉེར་བརྒྱན་ཅིང་། །བདུད་བཞི་དག་ནི་ཡང་དག་མནན། །སྐྱིལ་ཀྲུང་ཕྱེད་པའི་གར་བྱེད་པས། །མགོ་ཕྲེང་དོ་ཤལ་ཆེན་པོ་དང་། །ཉི་མ་ལ་བཞུགས་འཇིགས་ཀྱང་འཇིགས། །སྤྱི་བོར་སྣ་ཚོགས་རྡོ་རྗེ་འཛིན། །གནག་ ཅིང་ཉི་མ་འབར་བའི་འོད། །ཞལ་ནས་ཧཱུྃ་ནི་སྤྲོ་བར་བྱེད། །ཐལ་བ་དག་གིས་སྐུ་ལ་བྱུགས། །རྩ་བའི་ཞལ་ནི་ནག་ཆེན་པོ། །གཡས་ནི་ཀུནྡ་དག་དང་མཚུངས། །གཡོན་པ་མི་བཟད་ཆེན་པོ་དམར། །སྤྱི་བོའི་ཞལ་ནི་གཙིགས་པའོ། །ལྷག་མའི་ཞལ་ནི་བུང་བ་འདྲ། །ཞལ་གདོང་ རེ་རེར་སྤྱན་གསུམ་པ། །སྒེག་ཅིང་དཔའ་ལ་འཇིགས་དང་འདྲ། །གདུག་དང་རྒོད་དང་འཇིགས་པར་བྱེད། །སྙིང་རྗེ་ངོ་མཚར་ཞི་བ་དང་། །གར་དགུ་ཡི་ནི་རོ་དང་ལྡན། །དབུས་སྐྲ་ཁམ་སེར་གྱེན་དུ་ཕྱོགས། །འཁོར་ལོ་རྣ་ཆ་མགུལ་རྒྱན་དང་། །ལག་གདུབ་དང་ནི་སྐ་རགས་ཀྱི། ། ཕྱག་རྒྱ་ལྔ་ཡིས་ཡོངས་སུ་བརྒྱན། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་ར་བྷ་བྱི་ལ། །གཡས་ཀྱི་ཐོད་པར་གོ་རིམས་བཞིན། །གླང་པོ་ལ་སོགས་ཤེས་པར་བྱ། །ས་དང་ཆུ་དང་རླུང་རྣམས་དང་། །མེ་དང་ཟླ་བ་ཉི་མ་ཉིད། །གནོད་སྦྱིན་དང་ནི་ནོར་ལྷ་སྟེ། །དེ་དག་ གཡོན་གྱི་ཐོད་བརྒྱད་དུ། །བདག་མེད་མ་ཡིས་འཁྱུད་པ་སྟེ། །རང་གི་ལྟ་བུའི་ཕྱག་རྒྱ་ལྔ། །ཕྱག་གཉིས་ཞལ་གཅིག་ཞབས་གཉིས་པ། །དེ་ཡང་གྲི་གུག་ཐོད་པ་འཛིན། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མ་ལ་ཐོད་པ་གནས་པའི་སྟེང་དུ་ཉི་མ་ལ་ཧཱུྃ་སྟེ། བཅོམ་ ལྡན་འདས་མའི་ཐུགས་ཀར་ཡང་ཟླ་བ་ལ་གྲི་གུག་གནས་པ། དེའི་ཡུ་བར་ཟླ་བ་ལ་ཨཾ་བསམ་པར་བྱའོ། །དེ་ནས་དེའི་རྣ་བ་ལ་བདག་མེད་མ་མིག་ལ་རྡོ་རྗེ་མ། སྣ་ལ་གསང་བའི་དཀར་མོ། །ལྕེ་ལ་ཆུའི་རྣལ་འབྱོར་མ། ལུས་ཀྱི་དབང་པོ་ལ་རྡོ་རྗེ་མཁའ་འགྲོ་མ་ཡིད་ལ་བདག་མེད་མ་ བསམ་པར་བྱའོ། །རྡོ་རྗེ་མ་ལ་སོགས་པ་ལྔ་པོ་དེ་དག་ཉིད་གོ་རིམས་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམས་ལའོ། །གཏི་མུག་དང་། སེར་སྣ་དང་། འདོད་ཆགས་དང་། ཕྲག་དོག་དང་། ཞེ་སྡང་རྣམས་ལ་ཡང་དེ་བཞིན་ ནོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་སྐྱེ་མཆེད་རྣམས་ལ་ཕྱིའི་དཀར་མོ་དང་། ཆོམ་རྐུན་མ་དང་། རོ་ལངས་མ་དང་། ཟ་ཕོད་མ་དང་། ས་སྤྱོད་མ་དང་། མཁའ་སྤྱོད་མའོ། །ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་རྣམས་ལ་སྦོས་མོ་དང་། རི་ཁྲོད་མ་དང་། གཏུམ་མོ་དང་། གཡུང་མོ་རྣམས་སོ། །ལུས་དང་། ངག་དང་། ཡིད་ལ་ས་སྤྱོད་མ་དང་། བདག་མེད་མའོ། །ཤ་ལ་སྦོས་མོའོ། །ཁྲག་ལ་རི་ཁྲོད་མའོ། །ཁུ་བ་ལ་གཏུམ་མོའོ། །རྐང་དང་ཚིལ་གཉིས་ལ་གཡུང་མོའོ། །པགས་པ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །རུས་པ་ལ་བདེན་པ་བཞི་ སྟེ། དེ་ལྟར་ན་ཐམས་ཅད་ལྷར་གྱུར་པ་ཡིན་ནོ། །དེའི་རྣམ་པར་དག་པ་གཞན་ཡང་བཤད་པར་བྱ་སྟེ། སྙིང་རྗེ་ཡི་ནི་སྤྱན་དམར་ལ། །ཡན་ལག་ནག་པོ་བྱམས་པའི་ཐུགས། །ཞབས་ནི་བསྡུ་བའི་དངོས་པོ་སྟེ། །བཅུ་དྲུག་ཕྱག་ནི་སྟོང་པ་ཉིད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །དེ་ཉིད་ གསུམ་ནི་སྤྱན་གསུམ་མོ། །ཕྱག་རྒྱ་ལྔ་ནི་རྒྱལ་བ་ལྔ། །ཁྲོ་བོས་གདུག་པ་རྗེས་སུ་འདུལ། །མགྲིན་སྙིང་བྷ་ག་སྤྱི་བོ་ལ། །འཁོར་ལོ་བཞི་ནི་གོ་རིམས་བཞིན། །ལོངས་སྤྱོད་རྫོགས་དང་ཆོས་སྤྲུལ་དང་། །བདེ་བ་ཆེན་པོ་དེ་བརྗོད་པ། །ཆུ་སྐྱེས་འདབ་མ་བཅུ་དྲུག་བརྒྱད། །དྲུག་ཅུ་རྩ་བཞི་སུམ་ཅུ་ གཉིས། །ཨོཾ་དང་ཧཱུྃ་དང་ཨཱཿདང་ནི། །ཧཾ་རྣམས་ཀྱིས་ནི་དབུས་སུ་བརྒྱན། །དེའི་རྗེས་ལ་རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་འོད་ཟེར་ལྕགས་ཀྱུ་རྣམས་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ། ནམ་མཁའ་ལ་བཞུགས་སུ་གསོལ་ལ། དེ་དག་ལ་ལྷ་ མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་དག་དཔལ་ཧེ་རུ་ཀའི་གཟུགས་སུ་གྱུར་པ་རྣམས་ཀྱིས། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱིས་བདུད་རྩི་ལྔས་གང་བའི་བུམ་ པས་དབང་བསྐུར་རོ། །དབང་བསྐུར་བ་དང་ལྡན་པའི་སྤྱི་བོར་བཅོམ་ལྡན་འདས་མི་བསྐྱོད་པ་བསྐྱེད་དོ། །དེའི་མདུན་དུ་མེ་ཏོག་གི་ཆར་དང་གུར་ཀུམ་གྱི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་ཡང་གྲག་གོ། །གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་དོ། །སྤྱན་མ་ལ་ སོགས་པ་རྣམས་ཀྱིས་ཀྱང་རྡོ་རྗེའི་གླུས་བསྟོད་དོ་ཞེས་བྱ་བ་ནི་དང་པོའི་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་དང་པོ་ངོ་བོ་ཉིད་ཀྱི་སྐུ་བསྟན་ཏོ། །དེ་ནས་པདྨ་བྱིན་གྱིས་བརླབ་པ་ནི། ཨོཾ་པདྨ་སུ་ཁཱ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་དཏྟ་ཙ་ཏུ་རཱ་ནནྡ་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། དེ་ནས་རྡོ་རྗེ་བྱིན་གྱིས་བརླབ་ པ་ནི། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་དཱ་ཡ་ཀ་ཁ་ག་མུ་ཀ་ཨེ་ཀ་ར་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། དེ་ནས་ཨོཾ་ཤཱི་ཤཱི་ཧ་སྭཱ་ཧཱ། ཞེས་སྦྱོར་བ་བརྩམ་མོ། །དེ་ནས་པདྨའི་ནང་དུ་ལྷུང་བའི་ཟླ་བ་ཞུ་བའི་ཐིགས་པ་ཡོངས་སུ་གྱུར་པ་ལས། གྃ་གིས་གྲུབ་པའི་དཀར་མོ་ཁ་དོག་ནག་མོ་གྲི་གུག་དང་རོ་ཧི་ཏའི་ཉ་ འཛིན་པ་ཤར་གྱི་སྒོར་ཟླ་བའི་གདན་ལ་བསམ་མོ། །དེ་བཞིན་དུ་ཙྃ་གིས་ཆོམ་རྐུན་མ་བཙོད་ཀྱི་མདོག་ཅན་ཅང་ཏེའུ་དང་ཕག་འཛིན་པ། ལྷོར་ཟླ་བའི་གདན་ལའོ། །དེ་བཞིན་དུ་བྃ་གྱིས་རོ་ལངས་མ་གསེར་གྱི་མདོག་ཅན་རུས་སྦལ་དང་ཐོད་པ་འཛིན་པ་ནུབ་ཀྱི་སྒོར་ཟླ་བའི་གདན་ལའོ། །དེ་ བཞིན་དུ་གྷྃ་གིས་ཟ་ཕོད་མ་མརྒད་ཀྱི་མདོག་ཅན་སྦྲུལ་དང་རྣལ་འབྱོར་གྱི་སྣོད་འཛིན་པ། བྱང་གི་སྒོར་ཟླ་བའི་གདན་ལའོ། །དེ་བཞིན་དུ་པྃ་གིས་སྤོས་མོ་ཨནྡ་རྙིལ་གྱི་མདོག་ཅན་སེང་གེ་དང་དགྲ་སྟ་འཛིན་པ་དབང་ལྡན་གྱི་གྲྭའི་གདན་ལའོ། །དེ་བཞིན་དུ་སྃ་གིས་རི་ཁྲོད་མ་ཆུ་ ཤེལ་གྱི་ཁ་དོག་ལྟ་བུ་དགེ་སློང་དང་འཁར་གསིལ་འཛིན་པ་མེའི་གྲྭའི་གདན་ལའོ། །དེ་བཞིན་དུ་ལྃ་གིས་གཏུམ་མོ་ནམ་མཁའ་ལྟར་སྔོ་བསངས་ཅན་འཁོར་ལོ་དང་གཤོལ་འཛིན་པ་བདེན་བྲལ་གྱི་གྲྭའི་གདན་ལའོ། །དེ་བཞིན་དུ་ཌྃ་གིས་གཡུང་མོ་ཁ་དོག་སྣ་ཚོགས་པ་རྡོ་རྗེ་དང་སྡིགས་མཛུབ་ བྱེད་པ་རླུང་གི་གྲྭར་ཟླ་བའི་གདན་ལ་བསམ་པར་བྱའོ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །ཟླུམ་ཞིང་དམར་བའི་སྤྱན་གསུམ་པ། །ཕྱག་གཉིས་སྐྲ་ཁམ་གྱེན་དུ་ཕྱོགས། །ཕྱག་རྒྱ་ལྔ་འཛིན་དེ་དག་ཀྱང་། །དེ་ནས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ་བལྟས་ནས། སྙིང་གའི་ས་ བོན་གྱི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། ཤར་ཕྱོགས་ཀྱི་སྒོ་ལ་མངོན་པར་ཕྱོགས་ཤིང་བར་སྣང་ལ་བཞུགས་པ་ལ། ཞལ་བརྒྱད་ནས་ཧཱུྃ་རྣམས་ཀྱིས་བགེགས་བསྐྲད་དེ་མཆོད་ཡོན་དང་ཞབས་བསིལ་ཕུལ་ནས། ཛཿཧཱུྃ་བྃ་ཧོཿཞེས་བྱ་བས་གོ་ རིམས་བཞིན་དུ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ནས། དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་གཅིག་ཏུ་འདྲེས་པར་བསྒོམ་ཞིང་རྣམ་པར་བསྒོམས་ལ། སྙིང་གའི་སྔགས་ཀྱི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ནས་ཡང་དག་པར་ མཆོད་དེ། གསོལ་བ་བཏབ་ལ་དབང་བསྐུར་བ་བྱིན་པར་བསམ་མོ། །དབང་བསྐུར་བ་དང་ལྡན་པ་ལ་དབང་བསྐུར་བའི་རྒྱལ་བས་མགོ་བོར་བསྐྱེད་དོ། །འདིར་ཚིགས་སུ་བཅད་པ། སྦོས་མོ་ལ་སོགས་བཞི་པོ་དག་དང་ནི། །དཀར་མོ་ལ་སོགས་དག་ལ་རིམ་བཞིན་དུ། །སྙིང་གའི་མི་བསྐྱོད་ སངས་རྒྱས་རིན་ཆེན་འབྱུང་། །ངག་དབང་རྣམས་ཀྱི་སྐབས་འདིར་ཕྱག་རྒྱས་གདབ། །ལུས་དང་ངག་སེམས་རིགས་བདག་རྣམས་ཀྱིས་ནི། །སྲིད་དང་མྱང་འདས་ཧེ་རུ་ཀ་རྣམས་ལའོ། །རྡོ་རྗེ་མ་སོགས་ལ་ནི་རིགས་ཀྱི་བདག །ལྔ་པོ་རྒྱལ་བ་མི་བསྐྱོད་སོགས་རྣམས་ཀྱི། །དེ་ ནས་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་ཡིད་ལ་བྱ་སྟེ། འདིར་ལུས་དང་ངག་དང་ཡིད་དང་ཡེ་ཤེས་རྣམས་ཀྱི་ཆོས་ཐམས་ཅད་བསྡུས་ལ། ལུས་ལ་སོགས་པ་དེ་དག་ཆོས་ཉིད་རྣམ་པར་རིག་པ་ཙམ་གཉིས་ཀྱིས་སྟོང་པ་ཉིད་གང་ཡིན་པ་དེ་དག་ལ་སོ་སོར་རྟོག་པ་ནི། ཅི་རིགས་པར་སྒོ་སྐྱོང་རྣམས་ཀྱི་ དེ་ཁོ་ན་ཉིད་དོ། །སྟོང་པ་ཉིད་དེ་ཉིད་ཀྱིས་ཡང་དག་པའི་ཡེ་ཤེས་གང་ཡིན་པ་སྤྲོས་པ་དང་བྲལ་བ་ཟག་པ་མེད་པའི་ཤེས་རབ་བླ་ན་མེད་པའི་རྡོ་རྗེ་ཐེག་པ་ནི་ཅི་རིགས་པར་སྦོས་མོ་ལ་སོགས་པ་བཞིའི་དེ་ཁོ་ན་ཉིད་དོ། །རྡོ་རྗེ་ཐེག་པ་དེ་ཉིད་ཀྱིས་འབྲས་བུ་རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕང་གོང་ ན་མེད་པའི་བྱང་ཆུབ་ནི་དཀྱིལ་འཁོར་གྱི་བདག་པོའི་དེ་ཁོ་ན་ཉིད་དོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་མཆོད་པའི་ལྷ་མོ་བརྒྱད་ཡང་དག་པར་སྤྲོས་ཏེ། ཡང་དག་པར་སྤྲོས་པའི་སྤྲིན་རྣམས་ཀྱིས་ནམ་མཁའ་གང་བར་གྱུར་པས། གཙོ་བོ་དང་བཅས་པའི་དཀྱིལ་འཁོར་ལ་མཆོད་པར་ བྱའོ། །དེ་ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མོས་པར་བྱས་ནས། གླུ་གཉིས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ་བྱ་སྟེ། སྣ་ཚོགས་དུ་མའི་སྒེག་དང་ལྟ་བ་རྣམས་ཀྱིས་རབ་ཏུ་དགའ། །སྣ་ཚོགས་དུ་མའི་འོད་དང་འཁྱུག་པ་རྣམས་ཀྱིས་རབ་ཏུ་དགའ། །སྣ་ཚོགས་དུ་མའི་བདེ་ བའི་སྟོན་མོ་རྣམས་ཀྱང་རབ་ཏུ་གསོལ། །སྣ་ཚོགས་དུ་མའི་སྡོམ་པ་ཆེན་པོ་རྣམས་ནི་རབ་ཏུ་སྟོན། །ནམ་མཁའ་ཀུན་གྱི་རྣལ་འབྱོར་གྱིས། །ནམ་མཁའི་དམ་ཚིག་ལ་ཞུགས་ཤིང་། །འཇིག་རྟེན་མ་ལུས་པ་རྣམས་ནི། །ནམ་མཁའ་ཐམས་ཅད་ཀྱིས་གསོལ་ལོ། །དེ་ནས་བར་ སྣང་ལ་ཧཱུྃ་ལས་རྡོ་རྗེ་རྣམ་པར་བསམས་ལ། དེའི་འོག་ཏུ་ཨ་ལས་པདྨ་སྟེ། དེའི་དབུས་སུ་རྫས་རྣམས་ལ་ཨོཾ་གྱིས་མཚན་ནས། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལས་འདོད་ཆགས་ཆེན་པོའི་མེ་འབར་ཏེ། དེས་དེ་རྣམས་བསྐོལ་ཞིང་སྨིན་པ་ཞུ་བར་བྱས་ནས་ཡེ་ཤེས་ཀྱི་ཉི་མའི་སྣང་ བར་གྱུར་ཏེ། དེ་དག་གི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་སྣང་བར་བྱས་ནས། འོད་ཟེར་དེ་དག་ཉིད་ཀྱིས་དེ་དག་གི་ཡེ་ཤེས་ཀྱི་ས་བོན་ལས་ཡེ་ཤེས་ཀྱི་བདུད་རྩི་བླངས་ནས། དེར་ལྷུང་ཞིང་འདྲེས་པར་བྱས་ལ། དེ་བཞིན་དུ་དེ་དག་ བདུད་རྩིར་གྱུར་ནས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་ལྕེ་ལ་ཧཱུྃ་དང་རྡོ་རྗེ་མཆོག་དང་། སྙིང་གར་ཉི་མ་ལ་དཀྱིལ་འཁོར་མོས་པར་བྱས་ནས། དེ་དག་གི་བདག་ཉིད་དང་དཀྱིལ་འཁོར་ཡང་དག་པར་མཆོད་པར་བྱའོ། །མ་མོའི་འཁོར་ལོ་ཉམས་དགའ་བར། ། རླབས་དང་བྲལ་བའི་བདེ་བ་ཐོབ། །རླབས་མེད་པ་ཡི་རང་བཞིན་ཅན། །འདི་འདྲའི་ཁྱབ་བདག་བསྒོམ་པར་བྱའོ། །དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བ་ཏིང་ངེ་འཛིན་གཉིས་པ་ལས་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ནས་དཀར་མོ་དང་ཆོམ་རྐུན་མ་དང་། དཀྱིལ་འཁོར་ གྱི་བདག་པོའི་བར་དུ་རེ་རེ་ནས་རིམ་གྱིས་ཕྱོགས་བཅུར་རྒྱུན་མི་འཆད་པར་སྤྲོས་ཏེ། སེམས་ཅན་རྣམས་ཀྱི་དོན་བྱས་ནས། དེ་ཉིད་དུ་བསྡུས་པ་ནི་བྱ་བ་བྱས་པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་གྱི་བདག་པོ་ཡང་སྤྲོས་པ་དང་བྲལ་བའི་བདེ་བ་སྟེར་བར་བལྟ་སྟེ། དེ་ལ་དཀར་མོས་ནི་ ལུས་ཀྱི་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པ་ལ་སེམས་ཅན་རྣམས་རྣམ་པར་གནས་པར་བྱེད་དོ། །ཆོམ་རྐུན་མས་ནི་སེམས་ཀྱིའོ། །རོ་ལངས་མས་ནི་ངག་གིའོ། །ཟ་ཕོད་མས་ནི་ཡེ་ཤེས་ཀྱིའོ། །སྦོས་མོས་ནི་ལུས་ཀྱི་ཡང་དག་པའི་ཡེ་ཤེས་ལའོ། །རི་ཁྲོད་མས་ནི་སེམས་ཀྱིའོ། །གཏུམ་ མོས་ནི་ངག་གིའོ། །སྨེ་མོས་ནི་ཡེ་ཤེས་ཀྱིའོ། །དཀྱིལ་འཁོར་གྱི་བདག་པོས་ཀྱང་རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕང་ལ་སེམས་ཅན་རྣམས་གནས་པར་བྱེད་དོ། །དེ་ནས་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་མཉམ་པ་ཉིད་བསྒོམ་པར་བྱ་སྟེ། ནག་པོ་དམར་པོ་དེ་ནས་སེར། །ལྗང་སྔོན་ དཀར་པོ་རིམ་པ་ལས། །ལྷན་ཅིག་སྐྱེས་དགའ་ཙམ་དུ་ནི། །འཁོར་ལོ་གཙོ་བྱས་བསམ་པར་བྱ། །ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་སྤྲུལ་པའི་སྐུའོ། །བསྒོམ་པས་སྐྱོ་ན་སྔགས་བཟླ་བར་བྱ་སྟེ། བདག་ཉིད་དཀྱིལ་འཁོར་དང་བཅས་པ་ལྷའི་གཟུགས་སུ་ བརྟན་པར་རྣམ་པར་བསམས་ལ། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་གར་སྔགས་ཀྱི་ཡི་གེ་བཅུ་གསུམ་མགོ་གྱེན་དུ་འགྲེང་བ་མར་མེ་ལྟར་འབར་ཞིང་ཟླུམ་པོར་གྱུར་པར་ཡིད་ཀྱིས་མངོན་པར་བྲིས་ནས་བརྗོད་པར་བྱ་བ་ནི། རྡོ་རྗེའི་ཚིག་དང་ཁྲོ་བོའི་ཚིག་ཏུ་བཟླས་པས་དེ་ དག་བཟླ་བར་བྱ་སྟེ། ཞལ་ཐམས་ཅད་དང་། ལྷ་མོའི་ཞལ་ཐམས་ཅད་སྔགས་འདོན་པར་མོས་པར་བྱའོ། །འདི་ཉིད་ནི་ལྷ་མོ་ཐམས་ཅད་ཀྱི་བཟླས་པ་ལས་ལྷ་རང་ཉིད་ཀྱི་བཟླས་པ་བརྒྱ་འགྱུར་དུ་བྱས་པར་འགྱུར་རོ། །དེ་ནས་སྨོན་ལམ་གདབ་པར་བྱའོ། །དགེ་བ་གང་ཐོབ་དེ་དག་གིས། །སངས་ རྒྱས་ཀུན་གྱི་ནོར་ཐམས་ཅད། །རྡོ་རྗེ་འཛིན་ཆེན་གོ་འཕང་ནི། །འགྲོ་བ་ལྔ་ཡིས་ཐོབ་པར་ཤོག །བྱང་ཆུབ་རྡོ་རྗེ་སྔགས་པ་ཡིས། །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་དང་། །རྫོགས་སངས་རྒྱས་ཀྱི་སྤྱོད་པ་གང་། །བདག་ནི་དེ་གཉིས་སྤྱོད་པར་ཤོག །དེ་ནས་གཙོ་བོ་དང་བཅས་པའི་ དཀྱིལ་འཁོར་སྔ་མ་བཞིན་དུ་ཡང་དག་པར་མཆོད་ནས་རང་གི་སྙིང་གའི་སྔགས་ལ་ལྷ་མོ་ནང་དུ་བསྒོམས་ཏེ། རྟེན་གྱི་དཀྱིལ་འཁོར་ཤིན་ཏུ་ཡང་ཡངས་པར་མོས་པར་བྱས་ལ། འབྱུང་བ་ཆེན་པོ་བཞི་ནི་སྦོས་མོ་ལ་སོགས་པའི་རང་བཞིན་དུ་ངེས་པར་བྱས་ནས། དགྱེས་པའི་རྡོ་རྗེའི་ང་རྒྱལ་གྱིས་ ལྡང་བར་བྱ་སྟེ། དེ་ནས་བཟླས་པ་ལ་སོགས་པ་བྱའོ། །གཉིད་ཀྱི་དུས་སུ་ཡན་ལག་དྲུག་གི་རྣལ་འབྱོར་རམ་ལྷན་ཅིག་སྐྱེས་པ་དགའ་བའི་རྣལ་འབྱོར་མངོན་དུ་བྱས་ལ་གཉིད་ལོག་གོ། །ལྷ་མོ་བཞིའི་ཡང་དག་པའི་གླུས་བསྐུལ་ནས་གཉིད་ལས་ལྡང་བར་བྱ་སྟེ། ལངས་ནས་ཐམས་ཅད་ སྔ་མ་བཞིན་དུ་བྱའོ། །དེ་བཞིན་དུ་ཉི་མ་རེ་རེ་ཞིང་དངོས་གྲུབ་ཀྱི་མཚན་མའི་བར་དུ་བལྟའོ། །དེ་དག་མཐོང་ནས་གོ་རིམས་བཞིན་དུ་མཐོང་བར་འདོད་པའི་དངོས་གྲུབ་ཀྱི་ངོ་བོ་ལ་རྗེས་སུ་གནས་པར་བྱའོ། །ཡོན་ཏན་ལྕི་བའི་འབྱུང་གནས་ཞལ་བརྒྱད་ཧེ་རུ་ཀའི། སྒྲུབ་ཐབས་འཁྲུལ་པ་སྤོང་བ་ ཞེས་བྱ་གསལ་བར་བརྗོད་པ་ཡིས། །དགེ་བ་གང་ཞིག་ཐོབ་པ་འདི་ཡིས་སྐྱེ་ལ་བརྟེན་པ་བདག །དུས་རྣམས་ཀུན་དུ་ཕན་པའི་རྒྱུ་དེས་རྡོ་རྗེ་རྒྱལ་བར་ཤོག །སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ས་ཧ་ཛ་ས་ཡོ་ག་ ཀྲ་མ་ནཱ་མ། བོད་སྐད་དུ། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱི་རིམ་པ་ཞེས་བྱ་བ། དཔལ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དགྱེས་རྡོར་རྒྱུ་མཐུན་དང་བཅས་དམ་པ་ནི། །རྣལ་འབྱོར་མ་ཡི་འཁོར་ལོར་རབ་བཏུད་དེ། །རྫོགས་པའི་རིམ་པའི་ཕྱོགས་སུ་ཇི་ལྟ་བར། །མངོན་པར་རྟོགས་པ་ དེ་བཞིན་བཤད་པར་བྱ། །མཁའ་དབྱིངས་བྷ་གར་བསམས་ནས་ནི། །དབུས་སུ་བསྒོམ་པར་བྱ་བ་སྟེ། །འཁོར་ལོ་སྔོན་འགྲོ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་བྱུང་བའོ། །ཞེས་བྱ་བ་མདོར་བསྟན་པའོ། །དེའི་དོན་ནི་འདི་ཡིན་ཏེ། །གནས་ལ་བྱེད་པ་ཞུགས་ནས་ནི། །སྒྲུབ་པ་ པོས་ནི་བྱ་བ་བྱ། །འབྲས་བུ་རྣལ་འབྱོར་མ་འཁོར་ལོ། །དེ་ཡི་རྒྱུ་མཐུན་ཧེ་རུ་ཀའོ། །ཞེས་བྱ་བ་ལ་བསྐྱེད་པའི་ཕྱོགས་སུ་དག་པ་བཞི་གང་ཡིན་པ་དེ་རྣམས་ལས་གསུམ་པ་དང་མཆོག་ལས་འོག་མ་དང་། དགའ་བྲལ་ལས་གོང་མ་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དེ་ཉིད་འདིར་ནི་ རྣམ་པ་གཉིས། །འབྲས་བུ་རྣམ་པ་གཉིས་སུ་འདོད། །གཅིག་ནི་ནམ་མཁའ་དང་མཚུངས་པ། །གཞན་ནི་ཟླ་བ་རྫོགས་པ་བཞིན། །དེ་དག་ལས་ནི་མཁའ་དང་མཚུངས། །གང་དེ་སྐྱོབ་པ་ཆོས་སྐུ་ཡིན། །གང་ཞིག་ཟླ་བ་རྫོགས་འདྲ་བ། །དེ་ནི་ལོངས་སྤྱོད་རྫོགས་སྐུའོ། །དེ་ཉིད་རྣལ་འབྱོར་མའི་ འཁོར་ལོ། །གང་ཞིག་ཡེ་ཤེས་གཉིས་སུ་མེད། །ཇི་ལྟར་མཐར་ནི་བདེ་བ་ཆེ། །དེ་བཞིན་ཐོག་མར་ཐ་མི་དད། །དེ་ནི་ཆོས་ཀུན་རང་བཞིན་དང་། །དེ་ནི་གཉིས་མེད་ཡེ་ཤེས་ཡིན། །དེ་ནི་བདེ་ཆེན་དེ་ཡི་ཕྱིར། །འགྲོ་བ་ཐམས་ཅད་དེ་བཞིན་ནོ། །འདིའི་མངོན་པར་རྟོགས་ པ་ནི་འདི་ཡིན་ཏེ། སྒོམ་པ་འདི་ལ་དབང་བྱེད་པ་ནི། དཔའ་བོ་གཅིག་པུ་དབེན་པར་གནས་པ། འཇམ་པའི་སྟན་ལ་འདུག་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་ཤེས་ངེས་པར་བྱས་ལ། བདག་ཉིད་ཧེ་རུ་ཀར་མོས་ཤིང་ཡིད་ཀྱིས་གང་ཡང་རུང་བ་བཀུག་སྟེ། དེ་ཉིད་བདག་མེད་ མར་མོས་ཏེ། ཀཀྐོ་ལར་བོ་ལའི་རོལ་པ་འམ་ཡང་ན་བོ་ལའི་བུ་གར་རང་གི་སྙིང་ག་དང་ལྟེ་བ་ལས་བྱུང་བའི་ཐབས་ཤེས་རབ་ཀྱི་རྣམ་པར་རོལ་པ་བསྒོམ་ཞིང་། བསྒོམས་པའི་སྟོབས་ཀྱིས་དོན་དམ་པ་མངོན་པར་ཕྱོགས་པར་བྱའོ། །ཇི་ལྟར་མངོན་པར་ཕྱོགས་པར་བྱས་པ། དབང་པོ་ཐམས་ཅད་ དང་། ཡན་ལག་དང་ཉིང་ལག་དང་། ཕྱོགས་བཅུའི་དངོས་པོ་ཐམས་ཅད་ལ་སྤྲོ་བར་བྱའོ། །སྣང་བ་མེད་ཅིང་གསལ་བ་ཙམ། །བདེ་བ་ཆེན་པོ་མཐའ་ཡས་པ། །ཇི་སྲིད་ནུས་པ་དེ་སྲིད་དུ། །རྒྱུན་མ་ཆད་པར་བལྟ་བར་བྱ། །ལངས་པ་དང་དངོས་པོ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་ཡིན་པས་རྣལ་འབྱོར་མའི་འཁོར་ལོའི་ བདག་ཉིད་ཅན་མོས་པར་བྱའོ། །ཡང་དང་ཡང་དུ་མྱུར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་བྱ་བའི་ཕྱིར། རང་རིག་པའི་བདེ་བ་ཆེན་པོ་དེ་ཉིད་ཀྱིས་མཆོད་པར་བྱའོ། །ཚོགས་བསགས་པའི་བསྒོམ་པའི་ཁྱད་པར་གྱིས་ཡུན་རིང་མ་ཡིན་པར་འདོད་པའི་དངོས་གྲུབ་ཏུ་འགྱུར་ རོ། །སྲོག་ཆགས་ཐམས་ཅད་བདག་ལས་བྱུང་། །ཁམས་གསུམ་ཡང་ནི་བདག་ལས་བྱུང་། །འདི་དག་ཐམས་ཅད་བདག་གིས་ཁྱབ། །འགྲོ་གཞན་རང་བཞིན་མི་སྣང་ངོ་། །དེ་ལྟར་ཤེས་ནས་རྣལ་འབྱོར་པ། །མཉམ་པར་གཞག་པ་གང་སློབ་པ། །མི་དེ་བསོད་ནམས་དམན་པ་ཡང་། །གྲུབ་ པར་འགྱུར་ཏེ་ཐེ་ཚོམ་མེད། །ཡང་ན་མཉམ་པར་གཞག་པའི་རྣལ་འབྱོར་ཡང་ཡང་ལྡང་བའི་རྣལ་འབྱོར་ཏེ། རྣལ་འབྱོར་གཉིས་པོ་ནི་ནུས་པ་ཇི་ལྟ་བ་བཞིན་དུ་ཆུ་བོའི་རྒྱུན་བཞིན་ནམ་རྒྱུ་བ་མར་མེའི་སྣང་བའི་རྒྱུན་བཞིན་དུ། རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་གནས་པར་བྱ། །རང་གི་ རིག་པའི་ཡེ་ཤེས་འདི། །ངག་གི་ལམ་གྱི་སྤྱོད་ཡུལ་འདས། །དེ་ནི་བྱིན་བརླབ་རིམ་པ་སྟེ། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །ས་དང་ཆུ་དང་མེ་དང་ནི། །རླུང་དང་མཁའ་རྣམས་ཉིད་དག་དང་། །རང་བཞིན་རིག་པས་ཀུན་རིག་ལ། །སྐད་ཅིག་དེ་ཀུན་གནོད་མི་འགྱུར། །མཐོ་རིས་ས་བླ་ས་ འོག་ཏུ། །སྐད་ཅིག་གིས་ནི་སྐུ་གཅིག་འགྱུར། །རང་བཞིན་དབྱེ་བའི་རྟོག་པ་ཡིས། །དེ་ནི་གནོད་པར་མི་ནུས་སོ། །རྣལ་འབྱོར་འདི་ནི་གནས་སྐབས་ཀྱི་དབྱེ་བ་དང་། ཐབས་ཀྱི་དབྱེ་བས་རྣམ་པ་བཞི་ཡིན་ཏེ། སྤྲིན་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། གཉིད་ལོག་པ་དང་། སད་པ་ལྟ་བུའོ། །དངོས་གྲུབ་ཀྱིས་སྔོན་དུ་སྤྲིན་ལྟ་བུ་སྟེ། སྲབ་པའི་སྤྲིན་གྱིས་བཀབ་པའི་ཟླ་བ་རྫོགས་པ་བཞིན་དུ་མི་གསལ་བའི་ཕྱིར་རོ། །གྲུབ་ན་སྒྱུ་མ་ལྟ་བུ་སྟེ། ཡིད་ཀྱིས་སྤྲུལ་པའི་རིག་མའི་སྟོབས་ཀྱིས་གསལ་བར་འབྱུང་བའི་ཕྱིར་རོ། །དེ་ནས་རྨི་ལམ་དང་འདྲ་བ་སྟེ། །བོ་ལའི་ ཡི་གེ་རྣལ་འབྱོར་གྱི་སྟོབས་ཀྱིས་རྣལ་འབྱོར་གྱི་གཉིད་ལོག་པ་ལ་ཅིག་ཅར་དུ་སྐྱེ་བའི་ཕྱིར་རོ། །དེ་ནས་རྨི་ལམ་དང་སད་པ་ལྟ་བུ་ཡིན་པ་ལ། ཇི་ལྟར་སད་པ་ལྟ་བུ་ཡིན་ཞེ་ན། ཕྱི་རོལ་གྱི་རིག་མའི་སྦྱོར་བ་ལས་སྐྱེས་པའི་ཕྱིར་རོ། །རྨི་ལམ་ལྟ་བུའི་རྒྱུ་ཅི་ལྟ་བུ་ཡིན་ཞེ་ན། རང་དང་གཞན་ དག་མི་དམིགས་པའི་ཕྱིར་རོ། །དེ་དག་ཀྱང་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བའི་ཕྱིར་ཏེ། སྔ་མ་དང་སྔ་མའི་སྟོབས་ཀྱིས་ཕྱི་མ་དང་ཕྱི་མ་སྐྱེ་བའི་ཕྱིར་རོ། །ཇི་ལྟར་ཐ་མ་ཐམས་ཅད་ཀྱི་མཆོག་ཅེ་ན། གཡེང་བ་ཡོད་ན་ཡང་ཤིན་ཏུ་མཉམ་པར་མ་བཞག་པའི་ཕྱིར་ དམ་ཚིག་མ་ལུས་པ་ཡོད་པའི་ཕྱིར་རོ། །ཤིན་ཏུ་ཟབ་པའི་དགྱེས་པའི་རྡོ་རྗེ་ལས། །ལྷན་ཅིག་སྐྱེས་པའི་སྦྱོར་བ་བསྡུས་ནས་ནི། །དགེ་བ་གང་ཞིག་བདག་གིས་ཉེར་བསགས་པ། །དེས་ནི་འགྲོ་བ་རྡོ་རྗེ་འཛིན་ཐོབ་ཤོག །ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དམ་པ་སློབ་དཔོན་ཆེན་པོ་དཔལ་ རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།དཔལ་ཀུ་མཱ་ར་ཀླ་ཤུའི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ས་ཧ་ཛ་སདྱོ་ག་བྲྀཏྟི་གརྦྷ་པྲ་ཀཱ་ཤེ་ནཱ་མ། བོད་སྐད་དུ། ལྷན་ཅིག་སྐྱེས་པའི་ རྣལ་འབྱོར་དམ་པའི་འགྲེལ་པ་སྙིང་པོ་རབ་ཏུ་གསལ་བར་བྱེད་པ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །མཆོག་གི་གནས་ནི་སྤྱོད་ཡུལ་གང་འགྱུར་བ། །སྣ་ཚོགས་རྣམ་རྟོག་དྲ་བའི་མི་གཙང་ཁེངས། །དྲི་མེད་མཐའ་ཡས་གོ་འཕང་འཇིག་རྟེན་ཐོབ། །རྡོ་རྗེ་མགོན་ དེ་མི་མཉམ་མགོ་བོས་འདུད། །ཀུན་རྫོབ་དོན་དམ་དབྱེ་བས་རྟོགས་འགྱུར་བ། །གཉིས་ཏེ་གཉིས་མེད་ངོ་བོ་མི་བཟད་པ། །གང་ལས་ལྷན་སྐྱེས་ཉམས་མྱོང་གོ་འཕང་ཐོབ། །ལྷ་མཆོག་མཆོད་སྦྱིན་དེ་ལ་བདག་ཕྱག་འཚལ། །དགྱེས་པའི་རྡོ་རྗེའི་རྒྱུད་ལས་བྱུང་། །དཔལ་ལྡན་རིན་ ཆེན་འབྱུང་གནས་མཛད། །བློ་བཟང་རྣམ་དཔྱད་རྣམ་དག་པའི། །ལྷན་སྐྱེས་རྣལ་འབྱོར་དབྱེ་བར་བྱ། །དེ་ལ་རེ་ཞིག་སློབ་དཔོན་གྱིས་དགྱེས་རྡོར་རྒྱུ་མཐུན་དང་བཅས་དམ་པ་ནི་ཞེས་བྱ་བ་ལ་སོགས་པའི་མཐུན་པའི་ཕྱག་འཚལ་བའི་ཚིགས་སུ་བཅད་པའི་སྒོ་ནས་རབ་ཏུ་བྱེད་པ་མ་ལུས་ པའི་བརྗོད་པར་བྱ་བ་བསྟན་པ་ཡིན་ཏེ་མདོར་བསྡུས་པའི་དོན་ཏོ། །དེའི་རྒྱས་པར་བཤད་པ་འདི་ཡིན་ཏེ། །རྣལ་འབྱོར་མའི་འཁོར་ལོ་དམ་པ་ལ་རབ་ཏུ་བཏུད་དེ་ཞེས་བྱ་བ་ནི་ཕྱག་འཚལ་ནས་རྫོགས་པའི་རིམ་པའི་ཕྱོགས་སུ་མངོན་པར་རྟོགས་པ་ཇི་ལྟར་འགྱུར་བ་དེ་ལྟར་བདག་ གིས་བཤད་པར་བྱའོ་ཞེས་ཚིག་གི་འབྲེལ་པའོ། །སྔོན་དུ་ནི་ཕྱིན་ཅི་མ་ལོག་པར་རྣལ་འབྱོར་མའི་འཁོར་ལོ་དང་། དགྱེས་པ་རྡོ་རྗེའི་རང་བཞིན་རབ་ཏུ་བྱེད་པ་གང་གིས་རྟོགས་པར་འགྱུར་བ་དེ་ནི་མངོན་པར་རྟོགས་པའོ། །རྫོགས་པའི་རིམ་པ་ནི་རང་བཞིན་གྱིས་གྲུབ་པའི་རིམ་པའོ། ། རྣལ་འབྱོར་མའི་འཁོར་ལོ་དེ་ཇི་ལྟ་བུ་ཡིན་ཞེ་ན། དགྱེས་རྡོར་རྒྱུ་མཐུན་དང་བཅས་ཞེས་པ་ནི་རྒྱུ་མཐུན་ནི་རྒྱུ་དང་འདྲ་བ་སྟེ་དེ་དང་བཅས་པའོ། །དགྱེས་རྡོར་ཉིད་རྒྱུ་མཐུན་ཏེ། དེ་དང་བཅས་པར་ཤེས་པར་བྱའོ། །དམ་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །དེ་ གང་གི་ཕྱིར་འདིར་ནི་རྒྱལ་མཚན་དང་མཆོག་གི་ཡན་ལག་ཡང་དག་པར་རེག་པས་བདེ་བ་ཆེན་པོའི་འཁོར་ལོ་ལ་འཛག་ཅིང་བྱང་ཆུབ་སེམས་ཀྱི་ཐིག་ལེའི་དགའ་བ་ལ་སོགས་པའི་རང་བཞིན་ཉིད་ཉམས་སུ་མྱོང་སྟེ་དཔེའི་ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ ལོངས་སྤྱོད་རྫོགས་པའི་སྐུའི་ལྷན་ཅིག་སྐྱེས་པ་སྟེ་དེ་ཉིད་དགྱེས་རྡོར་ཞེས་བྱ་བར་བཤད་པ་ཡིན་ནོ། །དེ་ཡང་དཔེ་ལས་བྱུང་བའི་ངོ་བོ་ཆོས་ཀྱི་སྐུའི་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་རྣལ་འབྱོར་མའི་འཁོར་ལོ་རྣམ་གྲངས་ཅན་གྱི་རྒྱུ་མཐུན་ཞེས་བཤད་པ་ཡིན་ནོ། །ཇི་སྐད་དུ། དེ་དག་ལས་ ནི་མཁའ་དང་མཚུངས། །གང་དེ་སྐྱོབ་པ་ཆོས་སྐུ་ཡིན། །གང་ཞིག་ཟླ་བ་རྫོགས་འདྲ་བ། །དེ་ནི་ལོངས་སྤྱོད་རྫོགས་སྐུའོ། །ཞེས་བྱ་བ་དང་། དེ་ཉིད་རྣལ་འབྱོར་མའི་འཁོར་ལོ། །གང་ཞིག་ཡེ་ཤེས་གཉིས་སུ་མེད། །ཅེས་བྱ་བ་ལ་སོགས་པ་འོག་ནས་གསུངས་པའི་ཕྱིར་རོ། ། དེ་ལྟར་ན་རྡོ་རྗེ་ནོར་བུའི་རྩེ་མོར་སྐར་མའི་བདག་པོར་ཕྱིན་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བའོ། །གང་ཞིག་རྣམ་པར་མི་རྟོག་པའི་ཆོས་དབྱིངས་ཉམས་སུ་མྱོང་བ་དེ་ནི་ཆོས་ཀྱི་སྐུའི་ལྷན་ཅིག་སྐྱེས་པའོ། །རི་བོང་གིས་མཚན་པ་རྡོ་རྗེ་ལས་ འབྱུང་ཞིང་མཚོ་སྐྱེས་ཀྱི་ནང་དུ་གནས་ན་དེའི་ཚེ་སྤྲུལ་པའི་སྐུ་དང་སྦྱར་བར་བྱ་སྟེ། སྔ་མའི་སློབ་དཔོན་རྣམས་ཀྱི་སྐུ་གསུམ་བསྟན་པའི་གདམས་ངག་ཡིན་ནོ། །ཕྱག་འཚལ་བའི་ཚིགས་སུ་བཅད་པ་འདི་ལ་ཡང་འབྲེལ་བ་ལ་སོགས་པ་རྟོགས་པར་བྱ་སྟེ། རྫོགས་པའི་རིམ་པའི་མངོན་ པར་རྟོགས་པ་ནི་བརྗོད་པ་དང་རྣལ་འབྱོར་མའི་འཁོར་ལོ་དང་དགྱེས་པའི་རྡོ་རྗེ་དག་བརྗོད་པར་བྱའོ། །དེ་དག་ལ་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཐབས་དང་ཐབས་ལས་བྱུང་བའི་དངོས་པོའི་འབྲེལ་པའོ། །ཀུན་རྫོབ་དང་དོན་དམ་པའི་རང་བཞིན་གྱིས་ལྷན་ཅིག་སྐྱེས་ པའི་རྣམ་པ་གཉིས་ཉམས་སུ་མྱོང་བ་ནི་དགོས་པའོ། །བདག་ཉིད་ཀྱིས་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་ནས་གཞན་རྣམས་ལ་ཡང་དེ་ཉིད་རབ་ཏུ་བསྟན་པས་བྱང་ཆུབ་བསྒྲུབ་པ་ནི་དགོས་པའི་དགོས་པའོ། །ད་ནི་སློབ་དཔོན་གྱིས་བརྟག་པ་དང་པོའི་ལེའུ་བརྒྱད་པ་ལས་གསུངས་པའི་ རྫོགས་པའི་རིམ་པ་བཤད་པར་བྱ་བའི་ཕྱིར། མཁའ་དབྱིངས་བྷ་གར་བསམས་ནས་ནི། །དབུས་སུ་བསྒོམ་པར་བྱ་བ་སྟེ། །འཁོར་ལོ་སྔོན་འགྲོ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་བྱུང་བའོ། །ཞེས་བྱ་བ་གསུངས་ཏེ། དེའི་བསྐྱེད་པའི་རིམ་པའི་དོན་ནི་འདི་ཡིན་ཏེ། སྟོང་པ་ཉིད་ བསྒོམ་པའི་ཕྱི་ནས་ཆོས་འབྱུང་གི་ཕྱག་རྒྱ་རྣམ་པར་བསྒོམས་ལ། དེའི་སྟེང་དུ་འཁོར་ལོ་སྔོན་འགྲོ་ཅི་རིགས་པ། ལྷ་རྣམས་ཞེས་བྱ་བ་ནི། འཁོར་ལོ་ལ་སོགས་པའི་དཀྱིལ་འཁོར་བཞི་ཡང་དག་པར་བསམས་ཏེ། དེའི་འོག་ཏུ་རྣལ་འབྱོར་པས་བྱ་བའི་ཚོགས་བྱ་བ་ཡིན་ནོ། ཞེས་ མདོར་བསྟན་པའོ། །ཇི་ལྟར་འབྱུང་བའི་སྒྲས་ནི་སྒོམ་པ་པོ་བསྟན་ནོ། །དེ་ཅིའི་ཕྱིར་གང་དཀྱིལ་འཁོར་ལ་སོགས་པའི་རིམ་པས་དེ་དང་དེ་སྒོམ་པ་པོའི་སེམས་དང་གཉིས་སུ་མེད་པའི་རྣམ་པ་ཅན་ནོ། །ཇི་སྐད་དུ། འཁོར་ལོ་ས་དང་སྔོན་འགྲོ་ཆུ། །ཅི་རིགས་པ་ནི་མི་ཡིན་ཏེ། །ལྷ་རྣམས་ཀླུ་ནི་ ཆེན་པོ་སྟེ། །ཇི་ལྟར་བྱུང་བ་བསྒོམ་པའོ། །ཞེས་བྱ་བ་བདག་མེད་པའི་ལེའུ་བརྒྱད་པ་ལས་གསུངས་སོ། །འདིར་ཡང་འཁོར་ལོ་ལ་སོགས་པའི་སྒྲ་རྣམས་ཀྱིས་ས་ལ་སོགས་པ་ནི་ཆོས་ཀྱི་བརྡ་འམ་རིག་པའི་སྒོ་ནས་མུ་ཏིག་གི་ཕྲེང་བ་ལས་བསྟན་པ་སྟེ། དེ་ཉིད་ལས་ཤེས་པར་བྱའོ། ། དེ་ནི་དྲང་བའི་དོན་ཏོ། །དེའི་དོན་ནི་འདི་ཡིན་ཏེ། བྱ་བ་ལ་སོགས་པས་རྒྱས་པར་བཤད་པའི་སྒོ་ནས་ངེས་པའི་དོན་བཤད་པར་བྱ་བའི་ཕྱིར། གནས་ལ་བྱེད་པ་ཞུགས་ནས་ནི། །ཞེས་བྱ་བ་ལ་མཚོ་སྐྱེས་ལ་རྒྱལ་མཚན་འཇུག་སྟེ། སྒྲུབ་པ་པོ་ཡིས་བྱ་བ་བྱ། །ཞེས་པ་ནི། སྒྲུབ་པའི་དུས་སུ་འགྲོ་བ་ དང་འོང་བ་ལ་སོགས་པའི་བདེ་བས་བདེ་བར་གྱུར་པའི་བྱ་བ་དག་རྣལ་འབྱོར་པས་བྱ་བ་ཡིན་ནོ། །དེའི་རྗེས་ལ་སྒྲུབ་པ་པོའི་ཡན་ལག་ཉམས་སུ་མྱོང་བའི་སྐད་ཅིག་མ་ལ་འབྲས་བུ་རྣལ་འབྱོར་མའི་འཁོར་ལོ་ཞེས་པ་ནི་དང་པོའི་ཡན་ལག་གསུམ་རྒྱུ་བའི་རང་བཞིན་དུ་ཉམས་སུ་མྱོང་ལ། བླ་ན་ མེད་པ་དང་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ཆོས་ཀྱི་སྐུའི་ལྷན་ཅིག་སྐྱེས་པའི་རྣམ་གྲངས་ཅན། རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བའི་སྒྲས་བྱེད་པར་བྱ་བའི་རྣམ་པར་མི་རྟོག་པའི་ཆོས་ཉིད་ཀྱི་ངོ་བོ་འབྲས་བུ་ཡིན་ནོ་ཞེས་སྟོན་ཏོ། །དེའི་རྒྱུ་མཐུན་ཧེ་རུ་ཀའོ། །ཞེས་བྱ་བ་ལ། དཔེ་ལས་བྱུང་བའི་རང་བཞིན་གྱི་ཆོས་ཀྱི་སྐུའི་ལྷན་ཅིག་སྐྱེས་པ་གང་ཡིན་པ་དེའི་རྒྱུ་མཐུན་ནི་རྒྱུ་དང་མཐུན་པའི་འབྲས་བུ་སྟེ། དཔེའི་རང་བཞིན་གྱི་ལོངས་སྤྱོད་རྫོགས་པའི་སྐུའི་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཧེ་རུ་ཀ་ནི། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ཀྱི་ངོ་བོ་ཡིན་ནོ་ཞེས་པའི་ཐ་ཚིག་གོ ། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་ངོ་ཞེས་ཐེག་པ་ཆེན་བོ་ལ་ཡང་བསྟན་པ་ཁོ་ན་ཡིན་ནོ། །གཞན་དུ་ཡང་། སྐྱེས་བུ་གནས་པ་ཙམ་གྱིས་ནི། །ཡིད་བཞིན་ནོར་བུ་འདྲ་བ་སྟེ། །རྩིག་པ་ལ་སོགས་བསྟན་པ་རྣམས། །ཅི་ འདོད་པ་ཡིས་འབྱུང་བ་ཡིན། །ཞེས་བསྟན་ཏོ། །དེ་བས་ན་འདིར་ཡང་དཔེ་ནི། ལྷན་ཅིག་སྐྱེས་པའི་བདག་ཉིད་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུའི་དཔེ་ལས་བྱུང་བའི་ཕྱིར། ཆོས་ཀྱི་སྐུའི་རྒྱུད་མཐུན་དུ་བཤད་པ་ཡིན་ནོ། །འདིར་ཡང་ཁྱབ་པར་བྱེད་ པའི་རང་བཞིན་གྱི་ཆོས་ཀྱི་སྐུས་ལོངས་སྤྱོད་རྫོགས་པའི་སྐུ་ཁྱབ་པ་སྟེ། ཆོས་ཀྱི་སྐུའི་རྒྱུ་མཐུན་ཉིད་དུ་བཤད་པ་ཡིན་ནོ། །བསྐྱེད་པའི་ཕྱོགས་སུ་ཞེས་བྱ་བ་ལ་སོགས་པས་དགའ་བ་ལ་སོགས་པའི་སྐད་ཅིག་མའི་མཚན་ཉིད་དང་མི་མཐུན་པའི་ལྷན་ཅིག་སྐྱེས་པའི་རང་ བཞིན་སོ་སོར་སྟོན་པ་ཡིན་ཏེ། འདིར་བསྐྱེད་པའི་ཕྱོགས་ནི་དགའ་བ་ལ་སོགས་པ་རྣམས་འབྱུང་བའི་རང་བཞིན་ཉིད་དུ་འདོད་པ་ཡིན་ཏེ། ཟླ་བ་དང་རྡོ་རྗེ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་འབྱུང་བའི་ལྷའི་མཚན་ཉིད་ནི་མ་ཡིན་ནོ། །དེ་གང་གི་ཕྱིར་བདེ་བ་ཆེན་པོའི་འཁོར་ལོ་ ལས་བྱང་ཆུབ་སེམས་ཀྱི་ཟླ་བ་འཛག་ན་འདབ་མ་བཅུ་དྲུག་གི་པདྨའི་གནས་སུ་ཕྱིན་པའི་ཚེ་སྐད་ཅིག་མ་དང་པོར་དགའ་བ་འཆར་བ་ཡིན་ནོ། །དེའི་རྗེས་ལ་ཡན་ལག་ཐམས་ཅད་ཀྱི་ཚིགས་ཁྱབ་པའི་ཚེ། སྐད་ཅིག་མ་གཉིས་པ་མཆོག་དགའ་འཆར་བ་ཡིན་ནོ། ། དེ་ནས་རྡོ་རྗེ་རྩེ་མོར་ཕྱིན་པའི་ཚེ་སྐད་ཅིག་མ་གསུམ་པ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་འཆར་བ་ཡིན་ནོ། །དེའི་འོག་ཏུ་མཆོག་ཏུ་ཡན་ལག་ལ་སྤྲོ་བའི་ཚེ་སྐད་ཅིག་མ་བཞི་པ་ལ་དགའ་བྲལ་འཆར་བ་ཡིན་ཏེ། དགའ་བ་རྣམས་ཀྱི་བསྐྱེད་པའི་ཕྱོགས་དེ་ལྟ་བུར་ཤེས་པར་བྱའོ། །དེ་ནི་ ལྷན་ཅིག་སྐྱེས་པའི་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་རྣམ་པ་གཉིས་བསྟན་པར་བྱ་བའི་ཕྱིར། དེ་ཉིད་འདིར་ནི་རྣམ་པ་གཉིས། །འབྲས་བུ་རྣམ་པ་གཉིས་སུ་འདོད། །གཅིག་ནི་ནམ་མཁའ་དང་མཚུངས་པ། །གཞན་ནི་ཟླ་བ་རྫོགས་པ་བཞིན། །ཞེས་བྱ་བ་གསུངས་ཏེ། དང་པོའི་ ཚིག་རྐང་གཉིས་ཀྱིས་མདོར་བསྟན་པ་དང་། དེ་ནས་ཚིག་རྐང་གཉིས་ཀྱིས་རྒྱས་པར་བསྟན་པའོ། །དེ་དག་ལས་ནི་མཁའ་དང་མཚུངས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སླར་ཡང་བཤད་པར་བྱ་སྟེ། འདིར་མཁའ་དང་མཚུངས་པ་ནི་གང་ཞིག་གཟུང་བ་དང་ འཛིན་པ་གཉིས་དང་བྲལ་བ་རྫས་མ་ཡིན་པའི་ངོ་བོ་བདེ་བ་ཆེན་པོ་རང་རིག་པའི་ཆོས་ཉིད་ཉམས་སུ་མྱོང་བའི་མཚན་ཉིད་གང་ཡིན་པ་དེ་ནི་སྐྱོབ་པ་རྣམས་ནི་ཕུང་པོ་ལྔའི་རང་བཞིན་དུ་བསྡུ་བའི་བཅོམ་ལྡན་འདས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ནི་ཁྱབ་བྱེད་ཀྱི་ངོ་བོ་ཤིན་ཏུ་རྣམ་པར་དག་པའི་ དེ་བཞིན་ཉིད་ཀྱི་བདག་ཉིད་དཔེ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་མཚན་ཉིད་དུ་བཤད་པ་ཡིན་ནོ། །གང་ཞིག་ཟླ་བ་རྫོགས་འདྲ་བ། །ཞེས་པ་ནི་དཔེའི་ངོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་རྫས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་བྱ་བ་ ལ་ལོངས་སྤྱོད་རྫོགས་པས་ནི་ལོངས་སྤྱོད་རྫོགས་པ་སྟེ། དཔེའི་བདེ་བའི་རང་བཞིན་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པས་འདས་མ་ཐག་ཏུ་བཤད་པའི་དོན་ཁོ་ན་རབ་ཏུ་བསྟན་པ་ སྟེ། གཞན་དུ་བཤད་པར་མི་བྱའོ། །ད་ནི་ལྷན་ཅིག་སྐྱེས་པའི་བསྒོམ་པའི་ཡན་ལག་བཤད་པར་བྱ་བའི་ཕྱིར། འདིར་མངོན་པར་རྟོགས་པ་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔའ་བོ་གཅིག་པུ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་དྲ་བ་དང་བྲལ་བ་རྣལ་འབྱོར་པ་གང་ ཡིན་པ་དེ་ལ་འདི་སྐད་ཅེས་བྱའོ། །བདག་ཉིད་ཧེ་རུ་ཀར་མོས་ཤིང་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་བསྒོམ་པའི་རྣལ་འབྱོར་པས་རང་གི་བདག་ཉིད་ལྷག་པར་མོས་པའི་བདག་ཉིད་ཀྱི་རྣལ་འབྱོར་གྱིས་ཧེ་རུ་ཀའི་རང་བཞིན་དུ་ཡང་དག་པར་བསམས་ལ། ཡིད་ཀྱིས་གང་ཡང་རུང་བ་བཀུག་སྟེ། ཞེས་བྱ་བ་ནི་གང་ཞིག་སྔར་རྣལ་འབྱོར་པ་དགའ་བ་ལ་ཞུགས་པའི་འཁྱུད་པ་ལ་སོགས་པས་སེམས་གཟུང་ཞིང་ཤིན་ཏུ་དགའ་བ་ལ་སོགས་པ་བསྐྱེད་པའི་རྒྱུར་གྱུར་པ་གང་ཡིན་པ་དེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱའི་ངོ་བོ་བདག་མེད་མའི་རང་བཞིན་དུ་བསམས་ཏེ། ཀཀྐོ་ལ་བོ་ལའི་རོལ་པའམ། ཞེས་བྱ་བ་ནི་ཡིད་ཀྱིས་སྤྲུལ་པའི་རིག་མ་གང་ཡིན་པ་དེའི་ཀཀྐོ་ལར་བོ་ལའི་རོལ་པ་བསྒོམ་ཞིང་། དོན་དམ་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་མངོན་པར་ཕྱོགས་པར་བྱའོ་ཞེས་གོང་མ་དང་འབྲེལ་ལོ། །འདི་ཙམ་གྱིས་ནི་ཡེ་ཤེས་ཀྱི་ཕྱག་རྒྱའི་སྦྱོར་བ་བསྟན་ཏོ། །ཡང་ན་བོ་ལའི་ བུ་གར་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོའི་མན་ངག་བཤད་པར་བྱ་སྟེ། རང་གི་སྙིང་ག་དང་ལྟེ་བ་ལས་འབྱུང་བའི་ཐབས་དང་ཤེས་རབ་ཀྱི་རྣམ་པར་རོལ་པ་བསྒོམ་པ་ཞེས་བྱ་བ་ལ་ལྟེ་བ་ནི་སྤྲུལ་པའི་འཁོར་ལོའི་ལྟེ་བ་སྟེ། དེ་ལ་གནས་པའི་ཤེས་རབ་ནི་བཅོམ་ལྡན་འདས་ མ་བདག་མེད་མའི་ངོ་བོ་དབྱིངས་ཀྱི་དང་པོའོ། །སྙིང་ག་ལ་གནས་པའི་ཐབས་ནི་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་གནས་པའི་དཔལ་ཧེ་རུ་ཀའི་རང་བཞིན་སྤྲིན་གྱི་སྒྲའོ། །རང་གི་ལྟེ་བ་དང་། སྙིང་ག་ལས་བབས་པ་དེ་དག་ནང་གི་ཤེས་རབ་དང་ཐབས་ཡིན་ཏེ། གསང་བའི་རྡོ་རྗེའི་ བུ་གར་ཕྱིན་པ་དང་། དེ་དག་གི་རྣམ་པར་རོལ་པ་ནི་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་རང་བཞིན་གང་ཡིན་པ་དེ་ཉིད་རྣལ་འབྱོར་པས་བསྒོམ་ཞིང་། དོན་དམ་པར་མངོན་པར་ཕྱོགས་པར་བྱ་བ་ནི་དེ་དང་རོ་གཅིག་པ་ཉིད་ལ་བརྟེན་པར་བྱའོ་ཞེས་སྟོན་ཏོ། །འདི་ཙམ་གྱིས་ནི་ཕྱག་རྒྱ་ཆེན་ པོའི་སྦྱོར་བ་བསྟན་ཏོ། །ཇི་ལྟར་མངོན་པར་ཕྱོགས་པར་བྱས་པ་ཞེས་བྱ་བ་ལ་སོགས་པ་བླ་ན་མེད་པ་དང་གཉིས་སུ་མེད་པའི་ངོ་བོ་བདེ་བ་ཆེན་པོ་དེ་ཉིད་སྣང་བ་མེད་ཅིང་གསལ་བ་ཙམ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པའི་རང་བཞིན་གང་ ལ་མེད་པ་དེ་ནི་སྣང་བ་མེད་པའོ། །དེ་ལྟ་བུ་ཡིན་ན་ཡང་གསལ་བ་ཙམ་ནི་རང་རིག་པའི་རང་བཞིན་གྱིས་ཡེ་ཤེས་ཀྱི་ཆོས་དང་མ་འདས་པའོ། །མཐའ་ཡས་པ་ཞེས་བྱ་བ་ནི། ཐོག་མ་དང་ཐ་མ་མེད་པའི་རང་བཞིན་གྱིས་རྟོགས་པའི་ཆོས་ཀྱི་སྐུའི་ངོ་བོ་ཇི་སྲིད་ནུས་པ་དེ་སྲིད་དུ་བལྟ་བར་ བྱ་བ་ནི་འདིར་ལྟ་བ་ནི་རྒྱུན་མི་འཆད་པར་དེའི་རང་བཞིན་ཡོངས་སུ་ཤེས་པར་བྱའོ། །འདི་ཙམ་གྱིས་ནི་རང་གི་བདག་ཉིད་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རང་བཞིན་དུ་བལྟས་ལ། གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ཀྱང་དེའི་རང་བཞིན་དུ་བལྟ་བར་བྱའོ་ཞེས་བསྟན་ ཏོ། །འདིར་ནི་རིགས་པ་འདི་ཡིན་ཏེ། ཆོས་ཉིད་ནི་ཁྱབ་པར་བྱེད་པ་སྟེ། དེ་ཉིད་ཆོས་ཀྱི་སྐུ་རང་བཞིན་གྱིས་འོད་གསལ་བ་བདེ་བ་ཆེན་པོའི་རང་བཞིན་ནོ། །བདེ་བ་ཆེན་པོ་དེ་ཉིད་ཀྱིས་ཆོས་ཐམས་ཅད་ཁྱབ་པ་སྟེ། ཆོས་རྣམས་དང་ཆོས་ཉིད་ལ་དེའི་བདག་ཉིད་ཀྱི་འབྲེལ་པ་ ཡོད་པས་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་གྲུབ་པ་ཁོ་ན་ཡིན་ནོ། །ཇི་སྐད་དུ་ཆོས་ལས་ཆོས་ཉིད་ཐ་མི་དད་པ་ཡིན་ནོ་ཞེས་གསུངས་སོ། །འོ་ན་གལ་ཏེ་དེ་ལྟར་ཡིན་ན་སྒོམ་པ་དོན་མེད་པ་ཡིན་ནོ་ཞེ་ན། སྨྲས་པ་བློ་བུར་བའི་དྲི་མ་རྣམ་པར་དག་པའི་ དབྱེ་བ་དེ་ལ་ཡོད་པ་མ་ཡིན་ཏེ། སྒོམ་པ་དོན་མེད་པ་མ་ཡིན་ནོ། །འདི་ཙམ་གྱིས་ནི་མཉམ་པར་གཞག་པའི་རྣལ་འབྱོར་བསྟན་ཏོ། །ལངས་ནས་ཀྱང་དངོས་པོ་ཐམས་ཅད་ཞེས་བྱ་བ་ལ་སོགས་པས་གཉིས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་གཉིས་པ་བསྟན་ཏོ། །འདིར་ ཡང་སྔར་བཤད་པའི་བརྗོད་པར་བྱ་བ་ཁོ་ན་ཡིན་ཏེ་བཤད་ཟིན་ཏོ། །སྲོག་ཆགས་ཐམས་ཅད་བདག་ལས་བྱུང་། །ཞེས་བྱ་བ་ལ་སོགས་པའི་རྒྱུད་ལས་འབྱུང་བའི་ཚིགས་སུ་བཅད་པ་གཉིས་འདས་མ་ཐག་ཏུ་བཤད་པའི་དོན་དང་རྗེས་སུ་མཐུན་པ་ཁོ་ན་ཡིན་ཏེ་དེ་གཞན་དུ་བཤད་པར་མི་བྱའོ། ། ལྡང་བའི་རྣལ་འབྱོར་ནི་མཉམ་པར་མ་བཞག་པའི་རྣལ་འབྱོར་རོ། །ཡང་དང་ཡང་ཞེས་བྱ་བའི་སྒྲས་ནི་རྣལ་འབྱོར་གཉིས་པོ་ལ་ཡང་རྒྱུན་མ་ཆད་པ་ཉིད་བསྟན་ཏོ། །ཆུ་བོའི་རྒྱུན་ནི་རྒྱུ་བ་བཞིན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་དེ་ཁོ་ན་ཉིད་ཡིན་ཏེ་གཞན་གྱི་རྣལ་འབྱོར་ གསུམ་པ་བསྟན་ཏོ། །ཇི་ལྟར་ཆུ་བོའི་རྒྱུན་མ་ཆད་པར་ཆུའི་རྒྱུན་རྣམས་རྒྱུ་བ་དེ་བཞིན་དུ་རྒྱུ་བ་དང་། མར་མེའི་སྣང་བའི་རྒྱུན་རྒྱུ་བ་དེ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གྱིས་གནས་པར་བྱ་བ་ནི་རྣལ་འབྱོར་གཉིས་ཁྱབ་པར་བྱེད་པའོ། །རང་བཞིན་གྱི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གྱི་དུས་ ཐམས་ཅད་དུ་རྣལ་འབྱོར་པས་གནས་པར་བྱའོ་ཞེས་སྟོན་ཏོ། །དེ་གང་གི་ཕྱིར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་མི་ཤེས་པས་མཉམ་པར་བཞག་པའི་རྣལ་འབྱོར་ནི་མཉམ་པར་མ་བཞག་པའི་རྣལ་འབྱོར་དང་འདྲ་བར་འགྱུར་ཏེ། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཤེས་པའི་རྣལ་འབྱོར་པ་རྣམས་སྤྱོད་ལམ་ བཞིའི་རང་བཞིན་གྱིས་ལུས་ངག་ཡིད་གསུམ་གྱི་ལས་གང་ཡང་རུང་བ་བྱེད་ན་དེ་དག་ཐམས་ཅད་དེ་རྣམས་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་འགྱུར་རོ། །རང་གིས་རིག་པའི་ཡེ་ཤེས་འདི། །ཞེས་བྱ་བ་ལ་སོགས་པ་ཉེ་བར་བསྡུ་བའི་ཚིགས་སུ་བཅད་པ་སྟེ་གོ་སླའོ། །ས་དང་ ཆུ་དང་མེ་དང་ནི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་མཐོང་བའི་ཆོས་ལས་འགྱུར་བའི་ཕན་ཡོན་བསྟན་ཏོ། །ད་ནི་རྣལ་འབྱོར་ལ་འདིའི་གནས་སྐབས་ཀྱི་དབྱེ་བ་ཞེས་བྱ་བ་ལ་སོགས་པས་འདས་མ་ཐག་ཏུ་བཤད་པའི་ཏིང་ངེ་འཛིན་གནས་སྐབས་ཀྱི་དབྱེ་བ་རྣམ་པ་ བཞི་རུ་བསྟན་པ་ཡིན་ཏེ། འདིར་གལ་ཏེ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ངོ་བོ་གཅིག་ཡིན་པའི་ཕྱིར་དེ་ལ་གནས་སྐབས་ཀྱི་དབྱེ་བ་ཡོད་པ་མ་ཡིན་ཏེ། འོན་ཀྱང་དེ་ལ་བརྟེན་པའི་རྣལ་འབྱོར་པ་ལ་རིམ་གྱིས་དེ་དང་དེའི་རྣམ་པར་སྣང་བའི་ཕྱིར་གནས་སྐབས་ཀྱི་དབྱེ་བ་བསྟན་ཏོ། །དེ་གང་ གི་ཕྱིར་རྫོགས་པའི་རིམ་པའི་རྣལ་འབྱོར་སློབ་བཞིན་པས་རོ་ལྷན་ཅིག་སྐྱེས་པའི་རོ་གཅིག་པ་ཡིན་ན་ཡང་། དང་པོ་སྤྲིན་ལྟ་བུ་མཐོང་བ་ཡིན་ནོ། །དེ་བཞིན་དུ་གོང་ནས་གོང་དུ་རིམ་པར་རྟོགས་པར་བྱའོ། །ངོ་བོ་གཅིག་པ་ཡིན་ན་ཡང་། །སྣ་ཚོགས་པའི་སྣང་བས་འཇིག་རྟེན་ལ་སྣང་བར་འགྱུར་ཏེ། དཔེར་ན་དྲི་མ་ དང་བཅས་པ་དང་། དྲི་མ་མེད་པའི་མིག་གི་དབང་པོ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་ཟླ་བའི་དཀྱིལ་འཁོར་མི་གསལ་བ་དང་། གསལ་བ་ལྟ་བུའི་ཞེས་བྱ་བ་ལ་སོགས་པའོ། །ཟླ་བའི་དཀྱིལ་འཁོར་ལ་ནི་གསལ་བ་དང་མི་གསལ་བའི་རང་བཞིན་ཡོད་པ་མ་ཡིན་ཏེ། སྣང་བ་འབའ་ཞིག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་བས་ན་སློབ་བཞིན་པའི་རྣལ་འབྱོར་པའི་བྱ་བས་རྣལ་འབྱོར་གྱི་གནས་སྐབས་ཀྱི་དབྱེ་བ་བསྟན་པ་ཡིན་ནོ། །འདི་ཉིད་བཤད་པར་བྱ་བའི་ཕྱིར། །དངོས་གྲུབ་སྔོན་དུ་སྤྲིན་ལྟ་བུའི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དང་པོ་བླ་མ་མཉེས་པར་ བྱས་པའི་སློབ་མས་དཀྱིལ་འཁོར་ལ་ཞུགས་པ་སྔོན་དུ་འགྲོ་བའི་ལས་ཀྱི་ཕྱག་རྒྱ་འམ། དམ་ཚིག་གི་ཕྱག་རྒྱའི་སྦྱོར་བས་ཆོ་ག་བཞིན་དུ་ཤེས་རབ་དང་ཡེ་ཤེས་ཀྱི་དབང་ཐོབ་པས་མདོར་བསྟན་པ་དང་རྒྱས་པར་བསྟན་པའི་བླ་མས་སློབ་མ་ལ་གང་གི་ཚེ་ལྷན་ཅིག་སྐྱེས་པ་ཉེ་བར་མཚོན་པ་ དེའི་ཚེ་དེ་ལ་དངོས་གྲུབ་ཀྱི་སྔོན་གྱི་གནས་སྐབས་ཡིན་ནོ། །དེ་གང་གི་ཕྱིར་དབང་བསྐུར་བའི་དུས་སུ་སློབ་མ་དེའི། ལྷན་ཅིག་སྐྱེས་པ་ཉེ་བར་མཚོན་པ་ཡིན་ཏེ། སྔོན་དུ་ནི་མ་བྱས་སོ། །གལ་ཏེ་སྔོན་དུ་བྱས་ན་སླར་ཡང་སྒྱུ་མ་ལྟ་བུ་ལ་སོགས་པའི་གནས་སྐབས་ལ་རིམ་པ་བཞིན་དུ་ ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོ་དང་། ལས་ཀྱི་ཕྱག་རྒྱ་དང་དམ་ཚིག་གི་ཕྱག་རྒྱའི་སྒོམ་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་མཚོན་པར་མི་འགྱུར་ན་དེའི་སྒོམ་པ་མི་རིགས་པའི་ཕྱིར་རོ། །དེ་བས་ན་སྤྲིན་ལྟ་བུ་ནི་གང་གི་ཚེ་ལས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་ རྒྱའི་སྦྱོར་བས་སློབ་མ་ལ་བླ་མས་དབང་བསྐུར་བ་དེའི་ཚེ་ཤེས་པར་བྱའོ། །སྤྲིན་ལྟ་བུ་ལ་དཔེ་སྔོན་དུ་འགྲོ་བའི་གཏན་ཚིགས་བཤད་པར་བྱ་བའི་ཕྱིར། སྤྲིན་སྲབ་པས་བཀབ་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་སྲབ་པའི་སྤྲིན་གྱིས་བཀབ་པའི་ཟླ་བ་རྒྱས་པ་ཅུང་ ཟད་མཐོང་བར་འགྱུར་བ་སྟེ། ཤིན་ཏུ་གསལ་བར་མཐོང་བ་མ་ཡིན་ན། དེ་བཞིན་དུ་ལྷན་ཅིག་སྐྱེས་པ་ཡང་དངོས་གྲུབ་ཀྱི་སྔོན་དུ་ནི་སློབ་བཞིན་པའི་གནས་སྐབས་སུ་མི་གསལ་བར་སྣང་བར་འགྱུར་ཏེ། སྤྲིན་ལྟ་བུ་ཉིད་དུ་བསྟན་ནོ། །འགྲུབ་ན་སྒྱུ་མ་ལྟ་བུ་ཡི། །ཞེས་བྱ་བ་ལ་སྔར་ཉེ་བར་ མཚོན་པའི་ལྷན་ཅིག་སྐྱེས་པའི་དགའ་བ་གང་ཡིན་པ་དེ་ཉིད་རྒྱུན་མ་ཆད་པ་དང་རྟག་ཏུ་དད་པས་བསྒོམ་ཞིང་མངོན་དུ་གྱུར་པའི་དངོས་གྲུབ་གང་ཡིན་པ་དེ་ལ་འབྱུང་བ་ལྟ་བུ་ནི་ཇི་ལྟར་ནོར་བུ་དང་། སྨན་དང་སྔགས་ཀྱི་མཐུ་ལས་འབྱུང་བའི་སྒྱུ་མ་སོ་སོར་སྣང་བ་མེད་ན་ཡང་མཐོང་བར་འགྱུར་བ་དེ་ བཞིན་དུ་ཡིད་ཀྱིས་སྤྲུལ་པའི་རིག་མའི་སྟོབས་ནི་ཡེ་ཤེས་ཀྱི་ཕྱག་རྒྱའི་སྦྱོར་བས་ཡེ་ཤེས་གསལ་བར་འཆར་བར་འགྱུར་ཏེ། སྒྱུ་མ་ལྟ་བུ་ཉིད་སོ་སོར་བསྟན་ཏོ། །དེ་ནས་རྨི་ལམ་དང་འདྲ་བ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་ཁ་ཅིག་གཉིད་ལོག་པས་རྣམ་པར་མི་རྟོག་པ་ཉམས་སུ་མྱོང་ བ་དེ་བཞིན་དུ་ནང་གི་བདག་ཉིད་ཀྱི་ཐབས་དང་། ཤེས་རབ་རྣམ་པར་རོལ་པ་སྒོམ་པར་བྱེད་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་བསྒོམས་ནས་རྣལ་འབྱོར་གྱི་གཉིད་ལོག་པར་ཅིག་ཅར་དུ་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་ཡིན་པས་རྨི་ལམ་དང་འདྲ་བ་བསྟན་ཏོ། །དེ་ནས་རྨི་ལམ་དང་ སད་པ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ་ཕྱི་རོལ་གྱི་རིག་མ་ནི་ལས་དང་དམ་ཚིག་གི་ཕྱག་རྒྱ་མ་གཉིས་སོ། །ཕྱག་རྒྱ་གཉིས་ཀྱི་སྦྱོར་བ་ལས་བྱུང་བའི་ཕྱིར་སད་པ་ལྟ་བུ་ཡིན་ནོ། །རྣམ་པར་མི་རྟོག་པའི་ཆོས་ཉིད་ལ་མངོན་དུ་བྱས་པས་རང་གི་ལུས་དང་ཤེས་རབ་མའི་ལུས་ཡོད་ན་ཡང་ མི་དམིགས་པའི་ཕྱིར་རྨི་ལམ་ལྟ་བུའོ། །གཡེང་བའི་རྒྱུ་ཡོད་ན་ཡང་ཞེས་བྱ་བ་ལ་གཡེང་བའི་རྒྱུ་ནི་ཕྱག་རྒྱ་གཉིས་ཀྱི་མཚན་ཉིད་དོ། །རྨི་ལམ་དང་སད་པ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་ལ་གཡེང་བའི་རྒྱུ་ཡོད་ན་ཡང་བརྟན་པ་ལ་མཉམ་པར་གཞག་པའི་ ཕྱིར་སེམས་འོང་བར་མི་འགྱུར་ཏེ། འོན་ཀྱང་དེའི་དམ་ཚིག་ནི་ཕྱག་རྒྱའི་སྦྱོར་བ་ཞེས་བྱ་བ་ཡིན་ནོ། །ཤིན་ཏུ་མཉམ་པར་གཞག་པ་ཉིད་ནི་དེའི་སྡོམ་པའོ། །དེ་ལྟར་དམ་ཚིག་དང་སྡོམ་པའི་སྦྱོར་བ་ཡོད་པས་ཐ་མ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཡིན་ནོ། །དགྱེས་པའི་རྡོ་རྗེ་ ལས་ཀྱང་། དང་པོ་སྤྲིན་བཞིན་སྣང་བ་སྟེ། །འགྲུབ་ན་སྒྱུ་མ་ལྟ་བུར་འགྱུར། །ཅིག་ཅར་དུ་ནི་རྨི་ལམ་འདྲ། །རྨི་ལམ་སད་པ་ཐ་མི་དད། །ཐ་མི་དད་པའི་མཚན་ཉིད་འགྲུབ། །ཕྱག་རྒྱའི་རྣལ་འབྱོར་རབ་ཏུ་འགྲུབ། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཤིན་ཏུ་ཟབ་པའི་དགྱེས་པའི་ རྡོ་རྗེ་ལས་ཞེས་བྱ་བ་ལ་སོགས་པ་ལ་འདིས་ནི་སློབ་དཔོན་གྱི་རང་བཟོ་ཡོངས་སུ་སྤངས་པས་བདག་གིས་རབ་ཏུ་བྱེད་པ་འདི་བྱས་པ་ཡིན་ཏེ་ཞེས་བྱ་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་བསྟན་པ་སྟེ། དེ་ཡང་གོ་སླའོ། །ལྷན་སྐྱེས་རྣལ་འབྱོར་དམ་པ་ལ། ། འགྲེལ་པ་བྱས་ནས་དགེ་བ་གང་། །བདག་གིས་བསགས་པ་དེ་ཡིས་ནི། །འཇིག་རྟེན་ལྷན་སྐྱེས་རྩེ་གཅིག་གྱུར། །གང་ཞིག་བརྗོད་བྱ་རྗོད་བྱེད་བློ་ཡིས་སྤྱོད་ཡུལ་མིན། །གཏི་མུག་ཚོགས་ཀྱི་མཚན་མོ་སེལ་བྱེད་ཉི་མ་གང་། །རང་བདག་སྣང་བས་ཕྱོགས་ཀྱི་དབྱེ་བ་ཡོངས་ བཀང་བ། །ལྷན་སྐྱེས་ནམ་མཁའ་ཟླ་བ་རྫོགས་འདྲ་དེ་ལ་འདུད། །མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པའི་ལྷན་ཅིག་སྐྱེས་པའི་འགྲེལ་པ་སྙིང་པོ་རབ་ཏུ་གསལ་བར་བྱེད་པ་ཞེས་བྱ་བ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་བྲམ་ཟེ་ཐ་ག་ནས་མཛད་པ་ རྫོགས་སོ།། །།པཎྜི་ཏ་མཁས་པ་ཆེན་པོ་མནྟྲ་ཀ་ལ་ཀུ་ཤའི་ཞལ་སྔ་ནས་བསྒྱུར་ཅིང་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། བྷ་ག་བཱན་ཧེ་བཛྲ་ཏཏྟྭ་ཙ་ཏུརྐྲ་མ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེའི་སྒྲུབ་ པའི་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་གཉིས་མེད་ཧེ་རུ་ཀ །བདག་མེད་ལྷ་མོ་བཅས་ལ་ཕྱག་འཚལ་ནས། །དེ་ཉིད་ཐོབ་ཅིང་དད་དང་སྐལ་ཡོད་པར། །དེ་ཉིད་བཞི་ཡི་རིམ་པ་བྲི་བར་ བྱ། །སྙིང་རྗེ་ཆེན་པོས་འགྲོ་ལ་དང་པོར་བལྟ། །གསོ་སྦྱོང་དག་ནས་རྒྱུད་རྣམས་རིམ་པས་སྦྱངས། །རྒྱུད་འདིའི་དཀྱིལ་འཁོར་ཞུགས་ཤིང་དབང་དག་བླངས། །དེ་ཉིད་ཤེས་ཤིང་བཀས་གནང་གནས་བཞི་བསྒོམ། །དུར་ཁྲོད་ལ་སོགས་དབེན་དང་ཉམས་དགའ་བར། །སྣ་ ཚོགས་རྡོ་རྗེའི་གདན་ལ་ལེགས་གནས་པ། །བདག་དང་རྣལ་འབྱོར་གནས་གསུམ་བསྲུང་བ་ནི། །དང་པོའི་བདུད་རྩི་ལྔ་སོགས་ཁྲུས་བྱས་ལ། །ཚད་མེད་བཞི་བསྒོམ་ལྷ་དང་བདག་ཉིད་བལྟ། །སྲུང་བ་རཀྵ་བརྗོད་ནས་དྲ་གུར་བྱ། །ལེགས་གནས་རྟེན་ལ་བདུད་རྩི་སྒྲོན་མ་ ལྔ། །མེ་ཏོག་ལ་སོགས་མཆོད་དང་གཏོར་མ་བཏང་། །ཞིང་སྐྱེས་སོགས་དང་ལེགས་སྤྱད་རིག་མ་དང་། །གྲོགས་བཟང་རྟེན་དང་གཅིག་པུ་དོགས་མེད་སྒྲུབ། །བདག་ཉིད་སྙིང་གའི་ས་བོན་ཧཱུྃ་ནག་ལས། །འོད་ཟེར་ལྔ་སྤྲོས་བསྐུལ་སྦྱངས་ནམ་མཁའ་རྟེན། །བླ་མ་དགྱེས་རྡོར་ འཁོར་ལོ་སྤྱན་དྲངས་ལ། །འོག་བཞིན་ལེགས་བསྒོམས་ཕྱག་འཚལ་ལ་སོགས་བྱ། །རང་ཉིད་ཧཱུྃ་གི་སྤྲོ་བསྡུ་ཕྱི་དང་ནང་། །གསང་བའི་ལྷ་མོ་རྣམས་ཀྱིས་རིམ་པར་མཆོད། །གཽ་རཱི་དཀར་མོ་རི་དགས་མཚན་མ་འཛིན། །རྩཽ་རཱི་དམར་མོ་རང་བྱུང་མེ་ཏོག་ཐོགས། །བེ་ཏཱ་ལཱི་ ནི་སེར་མོ་ཆུ་ཕྱག་མ། །གྷསྨ་རཱི་ལྗང་གསང་བའི་སྨན་ཡང་འཛིན། །པུཀྐ་སཱི་སྔོ་ཕྱག་ན་ཤ་སྣ་ཚོགས། །ཤ་བ་རཱི་དཀར་སྣ་ཚོགས་རོ་ཡི་ཕྱག །ཙཎྜ་ལཱི་དམར་སྒྲ་དང་རིན་ཆེན་ཚོགས། །ནང་གི་སྐུ་གསུམ་བདེ་བ་ཆེན་པོས་མཆོད། །ཌོཾ་བི་ཕྱག་རྒྱ་རང་གི་སྐུ་ལ་འཁྱུད། །དེ་ཁོ་ ན་ཉིད་མཆོད་པ་གཉིས་སུ་མེད། །སྡིག་བཤགས་ཡི་རང་བསྔོ་དང་ལུས་དབུལ་དང་། །ལམ་བསྟན་པ་དང་གསོལ་བ་གདབ་པ་དང་། །ཚད་མེད་བཞི་བསྒོམ་ལྷ་གཤེགས་དེ་རྗེས་ལ། །ཆོས་རྣམས་སྒྱུ་མ་རང་སེམས་རྡུལ་དང་བྲལ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་ བརྗོད་ལ་སྔགས་ཀྱི་དོན་དེ་དྲན་པ་ལས་བདག་གི་དེ་ཁོ་ན་ཉིད་གནས་པར་བྱའོ། །ཆོས་ཉིད་དེ་ལས་རྃ་དང་ཧཱུྃ། །ཉི་མའི་དཀྱིལ་འཁོར་དྲ་གུར་དང་། །དེ་ལས་ཨེ་ལས་ཆོས་འབྱུང་བསྒོམ། །དེ་ནས་ཡྃ་རྃ་བྃ་ལྃ་དག །སྔོ་དམར་དཀར་སེར་ས་བོན་དག །གྱུར་ནས་འབྱུང་བཞིའི་དཀྱིལ་ འཁོར་བཞི། །རང་སེམས་ཀྱིས་བསྒྱུར་གཞལ་ཡས་ཁང་། །ཐར་པའི་གྲོང་མཆོག་རྣམ་པར་སྣང་། །གྲུ་བཞི་སྒོ་བཞི་ལྷ་མོས་མཆོད། །དྲ་བ་དྲ་ཕྱེད་ཏྭ་ར་ན། །ཀ་བ་བརྒྱད་དང་རྟ་བབས་བཞི། །རྒྱན་དང་ཆོས་ཀྱི་འཁོར་ལོ་གདུགས། །སངས་རྒྱས་ཞིང་རྒྱས་མཆོད་པའི་ཚོགས། ། དུར་ཁྲོད་བརྒྱད་ན་ཤིང་བརྒྱད་སོགས། །ཧ་ར་ཙུ་ཏ་ཨ་ཤོ་ཀ །ཨ་ཤྭཏྠ་དང་ཀ་རན་ཛ། །ཛ་ལི་ཏ་དང་པར་ཏི་པར། །བེ་ཏེ་བྷ་ཏྲ་ཕྱོགས་དང་མཚམས། །ཞིང་སྐྱོང་ཕྱོགས་སྐྱོང་ལྷ་དང་ཀླུ། །ཞིང་སྐྱོང་བརྒྱད་ཀྱི་ཞལ་དང་མདོག །ཕྱོགས་སྐྱོང་བརྒྱད་དང་མདོག་དེ་བཞིན། ། གྲི་གུག་ཐོད་པ་གཡས་དང་གཡོན། །གཏོར་ལེན་ཞིང་དག་ལེགས་པར་སྐྱོང་། །བརྒྱ་བྱིན་དཀར་པོ་གླང་པོའི་བདག །རྡོ་རྗེ་དྲིལ་བུ་གཡས་དང་གཡོན། །གཤིན་རྗེ་མཐིང་ནག་མ་ཧེ་ཞོན། །དབྱུག་པ་ཐོད་པ་དེ་བཞིན་ནོ། །ཆུ་ལྷ་དཀར་པོ་ཆུ་སྲིན་མནན། །སྦྲུལ་ ཞགས་གཡས་དང་པདྨ་གཡོན། །གནོད་སྦྱིན་སེར་པོ་རྟ་ལ་ཞོན། །དཔལ་འབྲས་ནེའུ་ལེ་གཡས་དང་གཡོན། །འབྱུང་པོའི་བདག་པོ་དཀར་པོ་ནི། །ཁྱུ་མཆོག་དཀར་པོ་མདུང་ཐོད་འཛིན། །མེ་ལྷ་དམར་པོ་ར་ལ་ཞོན། །སྤྱི་བླུགས་དབྱུ་གུ་རྩེ་གསུམ་བསྣམས། །སྲིན་པོ་ཁམ་ནག་ མི་རོའི་ཁྲི། །གྲི་དང་ཐོད་པ་གཡས་དང་གཡོན། །རླུང་ལྷ་དུད་ཁ་ཤ་བ་ཞོན། །གཡས་ན་བ་དན་ཞགས་པ་གཡོན། །ཐམས་ཅད་རིན་ཆེན་རྒྱན་ལྡན་ཏེ། །སྲིན་པོ་རུས་པས་བརྒྱན་པ་པོ། །ཆུང་མ་བུ་འཁོར་ཕྱོགས་མདོག་བཅས། །མདོག་རྣམས་ཞི་བྱེད་ཆོས་ལེགས་སྐྱོང་། །སྟེང་གི་ མཁའ་ལ་ལྷ་ཆེན་བརྒྱད། །ཤར་དུ་བརྒྱ་བྱིན་སྔོན་དང་འདྲ། །ལྷོ་རུ་ཚངས་པ་གསེར་གྱི་མདོག །སྤྱི་བླུགས་དབྱུ་གུ་རྩེ་གསུམ་འཛིན། །ནུབ་ཏུ་ཁྱབ་འཇུག་དམར་པོ་སྟེ། །འཁོར་ལོ་གཡས་དང་གཡོན་དུད་དང་། །བྱང་དུ་ལྷ་ཆེན་ཐལ་བའི་མདོག །རྩེ་གསུམ་ཐོད་པ་གཡས་དང་ གཡོན། །དབང་ལྡན་གཞོན་ནུ་དྲུག་གི་བུ། །དཀར་པོ་མདའ་དང་གཞུ་འཛིན་པ། །ཤར་ལྷོ་ཚོགས་བདག་དཀར་པོ་ནི། །གཡས་གཡོན་ལ་ཕུག་ལ་དུ་འཛིན། །བདེན་བྲལ་བྷྲིཾ་གི་རི་ཏི་སྨུག །གཡས་ན་མདུང་དང་བ་དན་གཡོན། །རླུང་དུ་ལེགས་ལྡན་ནག་པོ་ནི། །རལ་གྲི་གཡས་ན་ ཕུབ་ནི་གཡོན། །ཐམས་ཅད་ལྷ་རྒྱན་དག་དང་ལྡན། །འདོད་པའི་ལྷ་རྣམས་ཀྱིས་བསྐོར་ཉི་ཟླ་གཟའ། །འོག་ནས་ཀླུ་བརྒྱད་ཕྱོགས་དང་མཚམས། །འཇོག་པོ་དུང་སྐྱོང་རིགས་ལྡན་དང་། །མཐའ་ཡས་པད་ཆེན་དགའ་བོ་དང་། །ནོར་རྒྱས་བུ་དང་པདྨ་རྣམས། །ཕྱོགས་སྐྱོང་མདོག་དང་སྦྲུལ་ ཞགས་གཡས། །གདེངས་ཀ་དང་ལྡན་པདྨ་གཡོན། །སྤྲིན་བརྒྱད་ཆུ་བརྒྱད་མཆོད་རྟེན་བརྒྱད། །བྱ་དང་གཅན་གཟན་རོ་ཡི་ཚོགས། །གྲུབ་པའི་མཆོག་ཐོབ་རྣལ་འབྱོར་བཞུགས། །གཞལ་ཡས་ནང་དུ་པདྨ་བརྒྱད། །རྡོ་རྗེ་ཕྲེང་བ་ནག་པོས་བསྐོར། །དཀར་སེར་རཱ་ག་དམར་དང་གནག ། ཕྱོགས་དང་རྩིག་པའི་རིམ་པར་གནས། །དབུས་སུ་བདུད་བཞི་ཉི་མས་མནན། །འདབ་མ་ལྷ་བརྒྱད་ཟླ་བས་མནན། །ཉི་སྟེང་ཧཱུྃ་དང་ཨྃ་ནག་བསྒོམ། །དེ་འོག་ཨཱ་ལི་ཉིས་འགྱུར་ལས། །མེ་ལོང་ཟླ་བ་ཤེས་རབ་གཟུགས། །སུམ་ཅུ་རྩ་གཉིས་འབྱུང་པོ་ལ། །སྟེང་དུ་ཀཱ་ལི་ཉིས་འགྱུར་ ལས། །ཌ་ཌྷ་ད་དྷ་ལ་ཡ་གཉིས། །མཉམ་ཉིད་ཉི་མ་ཐབས་ཀྱི་གཟུགས། །དཔེ་བྱད་བརྒྱད་ཅུ་འགྲུབ་པར་བྱེད། །ཐོད་དཀར་གྲི་སྔོན་ཉི་ཟླ་དང་། །ས་བོན་མཚོན་པ་སོ་སོར་རྟོག །བསྐུལ་སྦྱང་གཅིག་གྱུར་ནན་ཏན་ཡིན། །གཅིག་གྱུར་སྐུ་ནི་ཆོས་ཀྱི་དབྱིངས། །སྐུ་ནི་མཐིང་ནག་ཆེན་པོ་ ཉིད། །ཞལ་བརྒྱད་ཞབས་བཞི་ཕྱག་བཅུ་དྲུག །དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ། །སྟེང་ཞལ་དུད་མདོག་མཆེ་བ་གཙིགས། །རུས་པའི་འཁོར་ལོ་སྤྱན་གསུམ་དམར། །འོག་མ་གཡས་དཀར་གཡོན་པ་དམར། །དབུས་ཞལ་གཞན་རྣམས་སྐུ་ཡི་མདོག །སྤྱན་དམར་གསུམ་གསུམ་ མཆེ་བ་གཙིགས། །སྣ་ཚོགས་རྡོ་རྗེ་ཐོད་པའི་ཐོད། །རྣ་ཆ་མགུལ་རྒྱན་དཔུང་པའི་རྒྱན། །ཕྱག་གདུབ་ཞབས་གདུབ་རུས་པས་བརྒྱན། །ཁྲག་འཛག་ལྔ་བཅུའི་ཕྲེང་བ་འཕྱང་། །སྟག་གི་ཤམ་ཐབས་ཐལ་བས་བྱུགས། །རྡོ་རྗེ་དྲིལ་བུ་དང་པོའི་ཕྱག །ཡུམ་ལ་ལེགས་པར་འཁྱུད་ པའོ། །གཡས་ཀྱི་གཉིས་པས་རལ་གྲི་འཛིན། །དེ་ནས་མདའ་དང་འཁོར་ལོ་གཤོར། །དབྱུག་པ་རྩེ་གསུམ་ལྕགས་ཀྱུ་རིམ། །གཡོན་ནི་རིམ་བཞིན་པདྨ་གཞུ། །ཁ་ཊྭཱཾ་ཐོད་པ་རིན་པོ་ཆེ། །སྡིགས་མཛུབ་ཞགས་པ་བསྣམས་པའོ། །ཡུམ་ནི་སྐུ་མདོག་ཡབ་དང་མཉམ། །ཞལ་གཅིག་ ཕྱག་བཞི་དང་པོ་གཉིས། །རྡོ་རྗེ་དྲིལ་བུ་ཡབ་ལ་འཁྱུད། །གཉིས་ནི་མདའ་དང་གཞུ་བསྣམས་པའོ། །ཐོད་སྐམ་ལྔ་བཅུའི་ཕྲེང་བས་བརྒྱན། །རྒྱན་རྣམས་རུས་པ་ཡབ་དང་མཉམ། །གཙོ་བོ་ཞབས་བཞི་གཡས་བརྐྱང་ནས། །བརྒྱ་བྱིན་ཚངས་པ་ཉེ་དབང་དྲག །ཉི་མའི་དཀྱིལ་འཁོར་ གྱིས་མནན་པའི། །སྟེང་ནས་འཇིགས་དང་སྒེག་པ་གཤེ། །བཞད་དྲག་སྙིང་རྗེ་རྔམ་དང་ཞི། །གར་དགུས་རྣམ་པར་གྱུར་པར་བསྒོམ། །པདྨ་རྡོ་རྗེ་བྱིན་གྱིས་བརླབ། །ཨོཾ་པདྨ་སུ་ཁཱ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་དདྟ་ཙ་ཏུར་ཨཱ་ནན་ད་ཝ་གི་ཝ་ཤ། ཧཧཱུྃ་ཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ ཙ་ཏུར་ཨཱ་ནན་ད་དཱ་ཡ་ཀ་ཁ་ག་མུ་ཁེ་ཀ་ར་སོ་ནཱ་ཐ། ཧཱུྃ་ཧཱུྃ་ཧཱུྃ་ཀརྱཾ་ཀུ་རུ་ཥྭ་མེ། དེ་ནི་སྦྱོར་བ་དང་པོ་ཡིན། །དཀྱིལ་འཁོར་སྤྲུལ་པ་དེ་མ་ཐག །ལྷ་རྣམས་ཞལ་གཞུག་སྙིང་གར་གནས། །ཨ་ནུ་རཱ་ག་བརྗོད་ནས་འབྱུང་། །གྃ་ཙྃ་བྃ་རྒྷྃ་པྃ་ཤྃ་ལྃ་ཌྃ། །བརྒྱད་པོ་ཕྱོགས་དང་ མཚམས་རྣམས་སུ། །ལྷ་ཡི་གདན་སྟེང་སུ་འཕྲོས་པས། །མངོན་བྱང་ལྔ་ལས་ལྷ་མོ་བསྐྱེད། །གྃ་དང་གྲི་གུག་ལས་བྱུང་བའི། །གཽ་རཱི་དཀར་མོ་ཕྱག་བཞི་མ། །མདའ་གཞུ་གྲི་གུག་ཐོད་ཁྲག་བསྣམས། །ཤར་གྱི་འདབ་མར་ཚངས་པ་མནན། །ཙྃ་དང་ཌ་མ་རུས་བསྐྱེད་པའི། ། ཙཽ་རཱི་དམར་མོ་ཕྱག་བཞི་མ། །འཁོར་ལོ་ལྕགས་ཀྱུ་ཌ་མ་རུ། །ལྷོ་ཡི་འདབ་མར་བརྒྱ་བྱིན་མནན། །བྃ་དང་རུས་སྦལ་ལས་གྲུབ་པའི། །བེཏྟཱ་ལཱི་ཀར་ཕྱག་བཞི་ནི། །ཆང་ཆུ་རལ་གྲི་ཐོད་པ་བསྣམས། །ནུབ་ཀྱི་པདྨར་ཉེ་དབང་མནན། །གྷྃ་དང་སྦྲུལ་ལས་ཡང་དག་བསྐྱེད། །གྷསྨ་ རཱི་ལྗང་ཕྱག་བཞི་སྟེ། །མེ་ཐབ་དགྲ་སྟ་ཐོད་ཁྲག་བཀང་། །མི་འཇིགས་ཕྱག་དང་དྲག་པོའི་སྟེང་། །བྱང་གི་འདབ་མར་བསྒོམ་པར་བྱ། །པྃ་དང་སེང་གེ་དག་ལས་བྱུང་། །པུཀྐ་སཱི་སེར་ཕྱག་བཞི་མ། །དཔག་བསམ་ལྕུག་མ་ཐོད་ཤས་བཀང་། །རིན་པོ་ཆེ་དང་མཆོག་སྦྱིན་ཕྱག ། གཤིན་རྗེ་མནན་པ་བྱང་ཤར་བསྒོམ། །ཤྃ་དང་དགེ་སློང་ལས་སྐྱེས་པའི། །ཤ་བ་རཱི་དཀར་ཕྱག་བཞི་མ། །ཁ་ཊྭཱྃ་ཐོད་པ་རྡོ་རྗེ་ཞགས། །གནོད་སྦྱིན་མནན་པ་ཤར་ལྷོར་བསྒོམ། །ལྃ་དང་འཁོར་ལོ་བསྐྱེད་པ་ཡི། །ཙནྜ་ལཱི་སྔོན་ཕྱག་བཞི་ནི། །རླུང་རས་བ་དན་ཐོད་པ་དཀར། ། སྲིན་པོ་མནན་པ་ལྷོ་ནུབ་བསྒོམ། །ཌྃ་དང་རྡོ་རྗེ་ལས་བྱུང་བའི། །ཌོཾ་བི་ནཱི་སྔོ་ཕྱག་བཞི་ན། །ཐོད་པ་གཤོལ་དང་བ་དན་དང་། །མདུང་རྩེ་གསུམ་པ་ལྷ་མ་ཡིན། །མནན་པ་ནུབ་བྱང་པདྨར་བསྒོམ། །སྒོ་བཞིར་ཛཿཧཱུྃ་བྃ་ཧོཿདང་། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲི་སྔོ་ཞིང་མངོན་བྱང་ ལས། །རྟ་གདོང་ཕག་གདོང་ཁྱི་སེང་གདོང་། །ཞལ་བཞི་ཕྱག་བཞི་རོ་ཡི་གདན། །གཡས་སེར་གཡོན་དམར་དང་པོ་སྔོ། །སྟེང་ཞལ་རྟ་གདོང་ལྗང་གུར་གནས། །ཕྱག་གཉིས་གླིང་བུ་གཞན་གཉིས་ནི། །རྡོ་རྗེ་ལྕགས་ཀྱུ་བསྣམས་པའོ། །གཡས་སྔོན་གཡོན་དམར་དང་པོ་ སེར། །སྟེང་ཞལ་ཕག་གདོང་དམར་པོར་གནས། །ཕྱག་གཉིས་པི་ཝང་གཞན་གཉིས་ནི། །རིན་པོ་ཆེ་དང་ཞགས་པ་འཛིན། །གཡས་སྔོ་གཡོན་དཀར་དབུས་མ་དམར། །སྟེང་ཞལ་ཁྱི་གདོང་སེར་པོར་གནས། །ཕྱག་གཉིས་རྔ་ཆེན་གཞན་གཉིས་ནི། །པདྨ་དང་ནི་ལྕགས་ སྒྲོག་འཛིན། །གཡས་སྔོ་གཡོན་དཀར་དབུས་མ་ལྗང་། །སྟེང་ཞལ་སེང་གདོང་དཀར་པོར་གནས། །ཕྱག་གཉིས་རྫ་རྔ་དེ་བཞིན་གཉིས། །རལ་གྲི་གསང་བ་འཛིན་པར་མཛད། །ཤར་སྒོ་ལ་སོགས་རིམ་པར་ནི། །པདྨ་ཉི་རོའི་སྟེང་དུ་བསྒོམ། །ཐམས་ཅད་སྤྱན་ གསུམ་དམར་ཞིང་ཟླུམ། །དབུ་སྐྲ་དམར་སེར་གྱེན་དུ་འབར། །གཅེར་བུ་རྐེད་ལ་སྟག་ལྤགས་དཀྲིས། །རུས་པའི་ཕྱག་རྒྱ་ལྔ་དང་ལྡན། །མགོ་བོ་སྐོམ་པོའི་ཕྲེང་བ་འཕྱང་། །གཡོན་བརྐྱང་སྒེག་དང་འཇིགས་པའི་གཟུགས། །ཕྱོགས་མཚམས་རང་རང་གདན་ལ་ བཞུགས། །ཡི་གེ་ལ་ཞུགས་གཙོ་བོ་ཞུ། །ཉི་མའི་སྟེང་ན་ཧཱུྃ་དང་ཨྃ། །བདེ་བའི་ཐིག་ལེ་དབྱིབས་སུ་གནས། །དེ་ནས་འཁོར་གྱི་ལྷ་མོ་རྣམས། །རང་རང་གཙོ་བོ་མ་མཐོང་ནས། །ཡིད་ཆེ་ཆེར་གདུངས་རྡོ་རྗེ་གླུས། །བཞེངས་པར་བཞེད་ནས་གཙོ་བོ་བསྐུལ། །རྗེ་བཙུན་ཐུགས་ རྗེའི་ཐུགས་ཀྱིས་བཞེངས། །བདག་ལ་བདེ་བ་ཆེན་པོར་སྦྱོར། །སྟོང་པའི་རང་བཞིན་སྤངས་ནས་སུ། །པུཀྐ་སཱི་ནི་བདག་ལ་སྐྱོབས། །ཁྱོད་མི་བཞུགས་ན་བདག་འགུམ་པས། །ཐུགས་རྗེ་རྒྱུན་ཆད་མ་མཛད་བཞེངས། །སྟོང་པའི་རང་བཞིན་ཅི་སྟེ་བཞུགས། །ཤ་བ་རཱི་འབྲས་གྲུབ་ པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་ནས། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །གཏུམ་མོ་བདག་ནི་གསོལ་འདེབས་ནི། །བཅོམ་ལྡན་རྡོ་རྗེ་རྡོ་རྗེ་བཞེངས། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །ཌོཾ་བི་བདག་ ནི་དྲན་ཉམས་པར། །སྙིང་རྗེ་ཆེན་པོ་ཆད་མཛད་བཞེངས། །རྨི་ལམ་ལྟ་བུ་སྒྲ་གསན་ནས། །བཅོམ་ལྡན་སྔར་བཞིན་དགྱེས་རྡོར་བཞེངས། །སྐུ་མདོག་ལ་སོགས་སྔར་བཞིན་བསྒོམ། །དཀྱིལ་འཁོར་རྣམས་ལ་ལེགས་པར་བལྟ། །ལྷ་རྣམས་ཐུགས་ཀར་པད་ཉི་ཟླ། །རང་ རང་ཕྱག་མཚན་ས་བོན་བསྒོམ། །དེ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ལ། །ཤར་གྱི་དུར་ཁྲོད་ནམ་མཁར་བཞུགས། །ཕྱི་ནང་གསང་བ་ལེགས་མཆོད་ལ། །གཽ་རཱི་ལ་ སོགས་ལྷ་མོ་བཞིས། །ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བཅིང་། །དགྱེས་པ་བསྐྱེད་ནས་གཉིས་མེད་བསྒོམ། །མིག་ལ་སོགས་པའི་དབང་པོ་དྲུག །མངོན་ཤེས་བསྐྱེད་ཕྱིར་སྦྱང་བར་བྱ། །མྃ་དྷྃ་ནྃ་རྃ་ཨྃ་ནྃ་དག །དཀར་ནག་སེར་དམར་ལྗང་གུ་ནག །པད་ཟླ་ས་བོན་གྲི་གུག་ལས། ། གཏི་མུག་ཞེ་སྡང་སེར་སྣ་རྣམས། །འདོད་ཆགས་ཕྲག་དོག་བདག་མེད་མ། །རྡོ་རྗེའི་མིང་ཅན་ལྷ་མོ་དྲུག །བསྐུལ་སྦྱངས་བྱས་ནས་ལྷ་མོར་བསྒོམ། །ཕྱག་རྒྱ་ལྔ་དང་གྲི་གུག་ཐོད། །ཐམས་ཅད་གཡོན་བརྐྱང་བསྒོམ་པར་བྱ། །མཚོག་མ་སྙིང་ག་མགྲིན་པ་རུ། །ཨོཾ་དཀར་ ཨཱཿདམར་ཧཱུྃ་ནག་ལས། །ཁ་དོག་གསུམ་གྱི་གྲི་གུག་ལས། །བསྐུལ་སྦྱངས་སྐུ་གསུམ་བྱིན་བརླབས་ལས། །ས་སྤྱོད་མཁའ་སྤྱོད་བདག་མེད་མ། །དཀར་དམར་ནག་པོ་གྲི་གུག་འཛིན། །ཕྱག་རྒྱ་ལྔ་ལྡན་རོ་ཡི་གདན། །གཡོན་བརྐྱང་སྒེག་དང་བཅས་པ་བསྒོམ། །ཡང་ནི་རང་སྙིང་ ས་བོན་ལས། །འོད་ཟེར་ལྔ་སྤྲོས་བསྐུལ་སྦྱངས་བྱས། །བླ་མ་དཀྱིལ་འཁོར་རྒྱལ་བ་རྣམས། །ཁྲོ་བོ་རིག་པའི་ལྷ་མོར་བཅས། །མཆོད་པ་གསུམ་གྱིས་ལེགས་མཆོད་ལ། །དབང་བསྐུར་དོན་དུ་གསོལ་བ་གདབ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། །མི་བསྐྱོད་ལ་སོགས་སངས་ རྒྱས་རྣམས། །སྤྱན་མ་ལ་སོགས་སྐུ་ལས་བྱུང་། །བདུད་རྩི་བུམ་པ་ལྷ་དབང་བསྐུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སྒྲིབ་གཉིས་སྦྱངས་ནས་རྒྱས་གདབ་པ། །བདག་དང་གཽ་རཱི་པུཀྐ་སཱི། །བཅོམ་ལྡན་མི་བསྐྱོད་ལེགས་པར་བཞུགས། །ཤ་བ་རཱི་དང་རྩཽ་རཱི་ལ། ། རྣམ་པར་སྣང་མཛད་དེ་བཞིན་བཞུགས། །ཙཎྜ་ལཱི་དང་བེཏྟཱ་ལཱི། །རིན་ཆེན་འབྱུང་ལྡན་བསྒོམ་པར་བྱ། །ཌོཾ་བི་དང་ནི་གྷ་སྨ་རཱི། །དབུ་ལ་སྣང་བ་མཐའ་ཡས་བཞུགས། །དེ་ནས་བདུད་རྩི་མྱང་བར་བྱ། །ཤར་ལྷོ་དུར་ཁྲོད་ནམ་མཁའ་ལ། །སྒོ་མ་བཞི་ཡི་དབུ་སྟེངས་སུ། །རྣམ་པར་སྣང་ མཛད་རིམ་བཞིན་བསྒོམ། །ཡྃ་རྃ་ཨྃ་གསུམ་ཧཱུྃ་ནག་ཨོཾ། །མས་ཡར་རིམ་པས་བསྒོམ་པར་བྱ། །ཧཱུྃ་བརྗོད་རང་སྙིང་ཧཱུྃ་འོད་ཀྱིས། །ཧཱུྃ་བསྐུལ་མ་དྲུང་དཀྱིལ་འཁོར་དང་། །མགོ་བོ་གསུམ་དང་པདྨ་བརྒྱད། །ས་བོན་བཅས་པའི་ཐོད་པ་བསྒོམ། །དེ་བཞིན་ཧཱུྃ་འོད་ཡབ་བསྐུལ་བས། །ཨ་ ཡི་འོད་ཀྱིས་ས་བོན་རྣམས། །གྱུར་ནས་བདུད་རྩིར་གྱུར་པས་ནི། །ཧཱུྃ་ལས་རྣམ་སྤྲུལ་བྷྲཱུྃ་ལས་དྲི། །ཛྲཱྀཾ་ལས་དཀར་པོ་ཨྃ་ལས་དམར། །ཁཾ་ལས་ཆུར་འགྱུར་ཕྱོགས་ཀྱི་རི། །ནཾ་ལས་མི་ཤ་ཧཾ་ལས་རྟ། །ནཾ་ལས་གླང་པོ་ཥཾ་ལས་ནི། །ཅེ་སྤྱང་གཾ་ལས་བ་གླང་ཤ། །ཧཱུྃ་གི་མེ་སྦར་བདུད་རྩི་བསྐོལ། ། ཨ་ཡི་ཟླ་བའི་དཀྱིལ་འཁོར་ལྷུང་། །ཧཱུྃ་ཉིད་རྡོ་རྗེར་གྱུར་ནས་ནི། །ལན་ལྔར་འཕར་ཞིང་དཀྲུགས་བྱས་ནས། །རྡོ་རྗེ་ཧཱུྃ་དང་ཨོཾ་འོད་དེས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་འདྲེས། །ལྷ་རྣམས་ལྗགས་ལ་ཧཱུྃ་ཉིད་ལས། །རྡོ་རྗེ་སྦུ་གུས་བདུད་རྩི་མྱང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ ཀོ྅ཧཾ། །དེ་ནས་མཆོད་པའི་ལྷ་མོ་རྣམས། །དཀྱིལ་འཁོར་ལྷ་ལ་རིམ་བཞིན་མཆོད། །མཆོད་པའི་གོ་རིམས་ལ་སོགས་པས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རིག་པའི་ལྷ་མོ་ཐམས་ཅད་ཀྱིས། །དཀྱིལ་འཁོར་ལྷ་ལ་ བསྟོད་པ་མཛད། །ལྷ་མོའི་དཀྱིལ་འཁོར་བཅོམ་ལྡན་བསྐོར། །གཡོ་དང་མི་གཡོ་ཁྱོད་ཀྱིས་ཐུགས། །སེམས་ཅན་ཀུན་གྱི་དོན་མཛད་རྣམས། །བཅོམ་ལྡན་མཆོག་ཏུ་དགྱེས་རྡོ་རྗེ། །ཞལ་གྱི་ཐུགས་ཀྱི་དགོངས་པ་གྲུབ། །ཐུགས་དགྱེས་མཛོད་ཅིག་དགྱེས་རྡོ་རྗེ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ སྟུ་ཏི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བརྟན་པར་གྱུར་ནས་འཁོར་ལོ་བསྐོར། །ལྷ་རྣམས་ཕྱོགས་ཕྱོགས་སྤྲོ་བྱ་སྟེ། །ནམ་མཁའི་མཐར་ཐུག་འགྲོ་བ་རྣམས། །དཀྱིལ་འཁོར་ལྷ་རུ་གསལ་བར་བསྒོམ། །བརྟན་པར་གྱུར་ནས་ཚུར་བསྡུས་ལ། །རང་ཉིད་དཀྱིལ་འཁོར་གསལ་བར་བསྒོམ། ། ལས་ཀྱི་རྒྱལ་པོའི་འཁོར་ལོ་མཆོག །དེ་ནི་ལྷ་ཡི་དེ་ཉིད་ཡིན། །བླ་མ་ལ་བརྙས་དད་མེད་སྔགས་ལ་རློམ། །གླེགས་བམ་མཐོང་བས་ཁེངས་ཤིང་དབང་བསྐུར་དམན། །དེ་ལ་སྒྲ་ཡི་ཚིག་ཀྱང་བརྗོད་མི་བྱ། །དད་ལྡན་དེ་ཉིད་བཞི་ཐོབ་གུས་པར་སྒྲུབ་ལ་བརྩོན། །བླ་མའི་ལུང་ཐོབ་དྲིན་དྲན་ བླ་མ་ལ་གུས་དེ་དག་ནི། །དེ་ནི་རི་དབང་རྩེ་ལས་ལྷུང་གྱུར་པ། །ལྟུང་བར་མི་བྱ་སྙམ་ཡང་ལྟུང་བར་འགྱུར། །སྡིག་བྲལ་ཡེ་ཤེས་རིམ་པ་འཕེལ་བར་འགྱུར་བ་ཡིན། །ལྷའི་དེ་ཁོ་ན་ཉིད་ཀྱི་རིམ་པ་སྟེ་དང་པོའོ།། །།ད་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བཤད་དེ། །ཐམས་ཅད་ རང་གི་སེམས་ཡིན་པས། །ལྷ་རྣམས་རང་ལ་བསྡུས་པ་ནི། །ཇི་ལྟར་མེ་ལོང་དཀྱིལ་འཁོར་ལ། །ཧས་བཏབ་རིམ་པས་འདུ་བ་བཞིན། །རྟ་གདོང་ལ་སོགས་སྒོ་མ་བཞི། །ཡན་ལག་བཞི་ལ་བསྡུ་བར་བྱ། །ལྷ་མོ་བརྒྱད་ནི་ཞལ་ལ་བསྡུ། །ཞལ་དང་ཕྱག་རྣམས་རིམ་བཞིན་ཏེ། ། བདག་ཡུལ་ཞལ་རེ་ཕྱག་གཉིས་པ། །གཞན་ནས་བརྟེན་པའི་འཁོར་ལོ་བཞི། །བསྒོམས་ནས་འོག་ནས་འབྱུང་བ་ཡི། །རྟགས་བརྒྱད་འབྱུང་བ་བསྒོམ་པ་འམ། །མི་དགག་རྒྱུད་དོན་མན་ངག་ཡིན། །འདིར་ནི་བླ་མའི་མན་ངག་གིས། །ལྷ་ཡི་ལུང་ཐོབ་དང་འདྲ་བར། །བར་ དོར་ཕྱག་རྒྱ་ཆེན་པོ་འཐོབ། །གསང་བའི་པདྨ་མཚན་ཉིད་དང་། །སེམས་དང་ཡེ་ཤེས་འདྲེས་གྱུར་པའི། །མངོན་པར་བྱང་ཆུབ་རིམ་པ་དག །ཡེ་ཤེས་དབང་ལ་ཉན་པར་འཚལ། །བྱང་ཆུབ་རིམ་པའི་རྡོ་རྗེ་ཅན། །གནས་བཞི་ལ་ནི་ཡང་དག་བརྟེན། །ཡིད་དུ་འོང་བའི་གནས་དག་ཏུ། ། བདེ་བའི་སྟན་ལ་གནས་ནས་ནི། །འདོད་ཆགས་ལ་སོགས་རིམ་སྤངས་ཏེ། །བརྟན་དང་གཡོ་བའི་དངོས་ཀུན་ལ། །སྙིང་རྗེ་ཕན་པར་བསམས་ནས་སུ། །མཉམ་པའི་སེམས་ནི་བསྐྱེད་པར་བྱ། །འོག་དང་འོག་མིན་སྒྲ་ཡི་མཐའ། །དེ་བཞིན་གསང་བའི་པདྨ་སྟེ། །ཆ་དང་མདོག་ནི་སྣ་ཚོགས་དང་། །དེ་བཞིན་དུ་ནི་ གཞན་དག་སྟེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཆོས་ཀྱི་དབྱིངས་ཀྱི་རོལ་པའོ། །བསྡུས་ཏེ་གོང་བུའི་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །ཆུ་དང་མེ་ཡི་ཁམས་དག་ནི། །རོ་གཅིག་འགྱུར་བས་གོ་འཕང་མཆོག །ཤེས་རབ་ཐབས་དང་སྦྱོར་བ་ལས། །དབང་ པོ་དྲུག་པོ་སངས་རྒྱས་ཉིད། །ཡང་དག་བསྟན་བཅོས་དེ་ཉིད་ཤེས། །སློབ་དཔོན་ལུང་གིས་རྗེས་འགྲོ་ཞིང་། །གསང་ཆེན་དེ་ཉིད་དོན་བསྒོམ་པ། །གཅིག་ནས་བརྒྱུད་དེ་དེ་ཉིད་ཅན། །སྟོང་པ་དེ་ཉིད་ལ་སོགས་མཚན། །ཐམས་ཅད་སྔོན་བཞིན་མཚན་བྱས་ནས། །དྲི་མ་བཀྲུས་ པའི་ལུས་ཀྱིས་ནི། །མངོན་པར་བྱང་ཆུབ་རིམ་པས་གྲོལ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ། །ཟླ་བའི་དཀྱིལ་འཁོར་ཟེར་འཕྲོས་པས། །ཀུན་ད་ཟླ་ལྟར་དཀར་བའི་མདོག །ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཅས། ། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། །ཕྱག་གཉིས་ཕྱག་རྒྱ་ཆེ་བཅིངས་ནས། །ཉིད་ཀྱི་ཐུགས་ཀར་བསྡམས་པར་མཛད། །གཟུགས་མཛེས་ཤིན་ཏུ་རྫོགས་པ་ཡི། །ཡེ་ཤེས་པདྨའི་གདན་དུ་བསམ། །སྙིང་ནི་ཆུ་ཤིང་མེ་ཏོག་འདྲ། །ལྟེ་བ་ནས་ ནི་འཕྱངས་ཏེ་གནས། །སྔོན་བཞིན་པདྨ་རྒྱས་པར་བརྒྱན། །འདབ་མ་བརྒྱད་ཀྱིས་བརྒྱན་པ་ཡི། །གེ་སར་དང་ནི་ཟླ་བ་བཅས། །ས་བོན་ཡི་གེ་དགོད་པར་བྱ། །ལྟེ་བའི་དཀྱིལ་འཁོར་ལ་བཞུགས་པ། །ཞལ་གཅིག་ཕྱག་གཉིས་དཀར་པོའི་མདོག །དྲི་ཆེན་དབུས་སུ་བསྒོམ་པར་བྱ། ། དེ་ཡི་དབུས་སུ་རྣམ་ཤེས་དང་། །ཡེ་ཤེས་གཉིས་སུ་མེད་པར་བསྒོམ། །སྔོན་དུ་བྱམས་པ་ལྡན་པ་ཡི། །ཤར་གྱི་འདབ་མར་མི་བསྐྱོད་པ། །སྙིང་རྗེ་ཆེན་པོ་ལྷོ་སྒོ་རུ། །རིན་ཆེན་དེ་ཉིད་ས་བོན་ནོ། །དགའ་བ་ནུབ་སྒོའི་འདབ་མ་ལ། །འོད་དཔག་མེད་ཀྱི་ས་བོན་དགོད། །བཏང་སྙོམས་ བྱང་གི་འདབ་མ་ལ། །དོན་ཡོད་གཙོ་བོ་བསམ་པར་བྱ། །སྟོང་པ་མཚན་ཉིད་མེད་པ་ལས། །དབྱངས་ཡིག་ཤར་སོགས་ས་བོན་ནི། །ཟླ་ཕྱེད་ཐིག་ལེར་ལྡན་པ་དག །གོས་དཀར་ལྡན་པའི་རིམ་བཞིན་དགོད། །མཚམས་ཀྱི་འདབ་མ་བཞི་པོ་རུ། །སྔོན་དུ་བསྟན་པའི་མ་ནིང་དགོད། །དེ་ ཡི་དབུས་སུ་རང་གི་སེམས། །ཡི་གེ་ཉིད་དུ་བསྒོམ་པར་བྱ། །སྟོང་པ་མཚན་ཉིད་མེད་པ་ལས། །ཇི་ལྟར་ཡི་གེ་བསྒོམ་པར་བྱ། །སེམས་ནི་ཡ་མཚན་སྐྱེ་བར་འགྱུར། །བཅོམ་ལྡན་བཤད་པ་ཇི་ལྟར་ལགས། །དེ་ནས་བཅོམ་ལྡན་བཀའ་སྩལ་པ། །ཇི་བཞིན་དེ་ཉིད་རྡོ་རྗེ་ཉོན། ། སྟོང་པའི་མཚན་ཉིད་མཚོན་པ་ལས། །ཆུ་ཤིང་མེ་ཏོག་བདུད་རྩི་བཞིན། །སྙིང་པོ་མེད་པའི་སྙིང་པོར་འགྱུར། །དབུས་ཀྱི་རྣམ་ཤེས་ཡེ་ཤེས་ཏེ། །ཡེ་ཤེས་རང་བཞིན་གཟུགས་མེད་ཅིང་། །མཚན་ཉིད་མེད་པའི་མཚན་ཉིད་ཅན། །དྲི་མ་མེད་པའི་ཡེ་ཤེས་སྐུ། །དངོས་དང་དངོས་མེད་ རྣམ་པར་གྲོལ། །ཁ་དོག་གཟུགས་དང་ཡི་གེ་མེད། །ག