Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 081_རྒྱུད་འབུམ།_ཅ

Văn bản gốc(Tây Tạng)

Trang 9 / 19 (50.000 ký tự/trang)
ཆོས་ཉིད་མེད་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་ཐམས་ཅད་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་ཐེ་ཚོམ་གཅོད་པ་རྡོ་རྗེ་སེམས་དཔའ་ལ་ཞུས་པ། བཅོམ་ལྡན་འདས་འདི་ཅི་ཞིག་ལགས། ངོ་བོ་ཉིད་མེད་ཆོས་རྣམས་ལ། །ཆོས་ཀྱི་དེ་ཉིད་ཀུན་བཤད་པ།
ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཨེ་མའོ་ངོ་མཚར་ཡང་དག་བྱུང་། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་ནི་ཆོས་གང་དང་ཡང་མི་ལྡན་ཏེ། མི་ལྡན་པ་ཡང་མ་ཡིན་ནོ། །ནམ་མཁའ་དེང་ནི་ཆོས་ཐམས་ཅད་དུ་གཏོགས་ལ། ཐམས་ཅད་ཀྱི་རྗེས་སུ་བལྟའོ་སྙམ་དུ་ཡང་མི་སེམས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་
ཅད་རྨི་ལམ་དང་། རྨི་ལམ་ལས་བྱུང་བར་རྗེས་སུ་རིག་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། གཞན་ཡང་ནམ་མཁའ་ནི་བརྟག་ཏུ་མེད་པ། བལྟར་མེད་པ་ཐོགས་པ་མེད་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་
ཅད་ཆོས་ཐམས་ཅད་ཀྱང་རྗེས་སུ་རིག་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། གཞན་ཡང་ལུས་དང་ངག་དང་སེམས་དང་ཆོས་ཐམས་ཅད་དང་རྡོ་རྗེའི་གནས་ཀྱི་དམ་ཚིག་ནི་ཐམས་ཅད་ལ་རྗེས་སུ་སོང་བ་ངོ་བོ་ཉིད་གཅིག་པ་སྟེ། འདི་ལྟ་སྟེ། སེམས་ཀྱི་

ངོ་བོ་ཉིད་དོ། །ལུས་དང་ངག་དང་སེམས་ཀྱི་ཁམས་གང་ཡིན་པ་དང་། ནམ་མཁའི་ཁམས་དེ་དག་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། གཞན་ཡང་སེམས་ཅན་ཐམས་ཅད་ནི་ནམ་མཁའི་ཁམས་སུ་གནས་ཏེ། ནམ་
མཁའི་ཁམས་དེ་ཡང་འདོད་པའི་ཁམས་ན་གནས་པ་མ་ཡིན། གཟུགས་ཀྱི་ཁམས་ན་གནས་པ་མ་ཡིན། གཟུགས་མེད་པའི་ཁམས་ན་ཡང་གནས་པ་མ་ཡིན་ཏེ། ཆོས་གང་ཁམས་གསུམ་ན་མི་གནས་པ་དེ་ནི་སྐྱེ་བ་མེད་པའོ། །གང་ལ་སྐྱེ་བ་མེད་པ་དེ་ནི་ཆོས་གང་གིས་ཀྱང་བརྟག་
པར་མི་ནུས་སོ། །དེ་བས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། གཞན་ཡང་བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བར་བྱེད་
པ་རྡོ་རྗེའི་གནས་ཀྱི་རྣམ་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ཡང་ལུས་ལ་མི་གནས། ངག་ལ་མི་གནས། སེམས་ལ་མི་གནས་སོ། །ཆོས་གང་ཡང་ཁམས་གསུམ་ན་མི་གནས་པ་དེ་ལ་སྐྱེ་བ་མེད་དེ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བར་བྱེད་པ་རྡོ་རྗེའི་གནས་
ཡིན་ནོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྨི་ལམ་ནི་བདག་གིས་ཁམས་གསུམ་དུ་རྨི་ལམ་གྱི་གནས་མཐོང་བར་བྱའོ་སྙམ་དུ་མི་སེམས་སོ། །མི་ཡང་བདག་གིས་རྨི་ལམ་མཐོང་བར་བྱའོ་སྙམ་དུ་མི་སེམས་ཏེ། ཁམས་གསུམ་གྱི་བྱ་བ་དེ་རྣམས་ཀྱང་རྨི་ལམ་ལྟ་
བུ། རྨི་ལམ་དང་འདྲ་བ་རྨི་ལམ་ལས་བྱུང་བའོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་བཞུགས་པ་རྣམས་དང་། སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་
ཀྱང་རྨི་ལམ་ལ་བདག་མེད་པའི་གནས་སུ་རྗེས་སུ་རིག་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། དཔེར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་གཙོ་བོ་ཡོན་ཏན་ཐམས་ཅད་དང་ལྡན་པ་སྟེ། རིན་པོ་ཆེ་ཐམས་ཅད་ཀྱི་གཙོ་བོ་ཡོན་ཏན་

ཐམས་ཅད་དང་ལྡན་པ་གང་ཡིན་པ་དེ་ལ་སེམས་ཅན་གང་དག་གིས་གསེར་རམ། རིན་པོ་ཆེའམ་དངུལ་ཡང་རུང་སྟེ། གང་གསོལ་བ་བཏབ་པ་དེ་དག་ཐམས་ཅད་བསམས་པ་ཙམ་ཉིད་ཀྱིས་འབྱོར་པར་བྱེད་དེ། རིན་པོ་ཆེ་ལ་སོགས་པ་དེ་དག་ཀྱང་སེམས་ལ་མི་
གནས། ཡིད་བཞིན་གྱི་ནོར་བུ་ལ་གནས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་རྗེས་སུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རབ་ཏུ་
དགྱེས་པའི་སྤྱན་གདངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ལ་ནམ་མཁའི་ཁམས་ཀྱི་རྗེས་སུ་འབྲང་བའི་ཆོས་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་རྣམས་རྗེས་སུ་འབྲང་བར་འགྱུར་རོ་
ཞེས་པ་ནི་ངོ་མཚར་ཆེའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་འདས་ཀྱིས་སྔགས་ཐམས་ཅད་ཀྱི་རྡོ་རྗེའི་
དངོས་གྲུབ་ཀུན་ནས་བཏུས་ཏེ་གསུངས་པ། སྔགས་ཐམས་ཅད་ཀྱི་རྡོ་རྗེ་ཀུན་ནས་བཏུས་པའི་དངོས་གྲུབ་དེ་དག་གང་ལ་གནས་པ་ལགས། གང་ནས་བྱུང་བ་ལགས། དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་
ལེགས་སོ་ཞེས་བྱ་བ་བྱིན་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྔགས་ཐམས་ཅད་ཀྱི་རྡོ་རྗེའི་ཀུན་ནས་བཏུས་པའི་དངོས་གྲུབ་ནི་སྔགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་མི་གནས་
སོ། །དེ་ཅིའི་ཕྱིར་ཞེ་ན། འོན་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དངོས་གྲུབ་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རང་གི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་གནས་སོ། །ལུས་དང་ངག་དང་སེམས་རྡོ་རྗེ་དེ་དག་ཀྱང་འདོད་པའི་ཁམས་ན་

མི་གནས། གཟུགས་ཀྱི་ཁམས་ན་མི་གནས། གཟུགས་མེད་པའི་ཁམས་ན་མི་གནས། སེམས་ནི་ལུས་ལ་མི་གནས། ལུས་ཀྱང་སེམས་ལ་མི་གནས། ངག་ནི་སེམས་ལ་མི་གནས། སེམས་ཀྱང་ངག་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ལྟར་ངོ་བོ་ཉིད་
དག་པའི་ཕྱིར་རོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་གང་ལ་གནས་པ་ལགས། གང་ནས་བྱུང་བ་ལགས། རྡོ་རྗེ་
འཆང་གིས་བཀའ་སྩལ་པ། རང་གི་ལུས་དང་ངག་དང་སེམས་ལ་གནས་སོ། །རང་གི་ལུས་དང་ངག་དང་སེམས་ལས་བྱུང་ངོ་། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་པ། སེམས་གང་ལ་གནས། བཀའ་སྩལ་པ་ནམ་མཁའ་ལ་གནས་
སོ། །གསོལ་པ་ནམ་མཁའ་གང་ལ་གནས། བཀའ་སྩལ་པ་གང་ལ་ཡང་མི་གནས་སོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ནས་རང་གི་སེམས་ཀྱི་ཆོས་ཉིད་ལ་གནས་ནས་སེམས་ཤིང་ཅང་མི་སྨྲ་བར་
འཁོད་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་གི་སྙིང་པོ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་ཐམས་ཅད་ཡང་འདུས་པར་གྱུར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཚིག་གིས་གསོལ་བ་བཏབ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་
ཆེན་གྱི་མཆོད་པའི་བཀོད་པས་མཆོད་པ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་རྡོ་རྗེ་ཐམས་ཅད་ཀྱི་དཀྱིལ་འཁོར་སེང་གེའི་དམ་ཚིག་གི་རྒྱལ་པོའི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་སྐུའི་དཀྱིལ་འཁོར་འདི་སངས་

རྒྱས་ཐམས་ཅད་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དེ་ནས་དེ་ཕྱིར་སྐུའི་དཀྱིལ་འཁོར། །མཆོག་ཐུགས་དཀྱིལ་འཁོར་རབ་འདྲ་བ། །དཀྱིལ་འཁོར་རྣམས་ནི་ཀུན་གྱི་མཆོག །ལེགས་པར་རབ་ཏུ་བཤད་པར་བྱ། །ཁྲུ་ནི་བཅུ་དྲུག་ཚད་དུ་བྱ། །གྲུ་
བཞི་ལྷམ་པ་རབ་ཏུ་མཛེས། །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ཏེ། །སྐུ་ཡི་རྡོ་རྗེ་རབ་ཏུ་གནས། །དེ་ཡི་ནང་དུ་འཁོར་ལོ་ནི། །ཆོ་ག་རྡོ་རྗེས་བྲི་བར་བྱ། །སྔགས་རྣམས་ཀྱི་ནི་གསང་བ་མཆོག །དབུས་སུ་རྣམ་པར་སྣང་མཛད་གནས། །ཕྱག་རྒྱ་རྡོ་རྗེའི་གནས་བྱའོ། །
མི་བསྐྱོད་པ་ལ་སོགས་པའང་བྲི། །སྐུ་དང་གསུང་ཐུགས་རྡོ་རྗེ་མཆོག །གྲྭ་རྣམས་ཀུན་དུ་དགོད་པར་བྱ། །ཁྲོ་བོ་དང་པོ་རྣམས་སྒོར་བྲི། །སྟོབས་ཆེན་ཕ་རོལ་གནོན་པ་རྣམས། །རྡོ་རྗེ་གསང་བ་རབ་བསྒོམ་པའི། །མཆོད་པ་སྔགས་ཤེས་པ་ཡིས་བྱ། །འདི་ནི་སྔགས་རྣམས་
ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །བཤང་དང་གཅི་བ་ལ་སོགས་པ། །བྱེ་བྲག་ཏུ་ནི་ངེས་པར་དབུ་ལ། །འདི་ནི་སྐུ་ཡི་རྡོ་རྗེ་ཅན། །སྔགས་རྣམས་ཀུན་གྱི་དམ་ཚིག་གོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་རོ། །དེ་ནས་བཅོམ་
ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་གསུང་རྡོ་རྗེ་ཐམས་ཅད་ཀྱི་དམ་ཚིག་གི་སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསུང་རྡོ་རྗེའི་དཀྱིལ་འཁོར་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དེ་ནས་དེ་ཕྱིར་གསུང་དཀྱིལ་འཁོར། །མཆོག་ཐུགས་
དཀྱིལ་འཁོར་རབ་ཏུ་འདྲ། །དཀྱིལ་འཁོར་རྣམས་ནི་ཀུན་གྱི་མཆོག །ལེགས་པར་རབ་ཏུ་བཤད་པར་བྱ། །ཁྲུ་ནི་ཉི་ཤུའི་ཚད་དུ་བྱ། །གྲུ་བཞི་ལྷམ་པ་ཆོ་ག་བཞིན། །གྲྭ་བཞི་པ་ལ་སྒོ་བཞི་པར། །རྡོ་རྗེ་བསྒོམས་པས་ཐིག་གདབ་བོ། །ཉིད་ཀྱི་སྐུ་ཡི་དཀྱིལ་འཁོར་གནས། །རྡོ་
རྗེའི་གསུང་གི་ཡོན་ཏན་བསྐྱེད། །རྒྱལ་པོ་ཆེན་པོ་རྡོ་རྗེ་ཆོས། །རིག་པའི་དབང་པོ་འཇུག་པར་བྱ། །དེ་དབུས་འཁོར་ལོ་ཆེན་པོ་ནི། །ཀུན་དུ་ཟླུམ་པོ་བྲི་བར་བྱ། །མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །ཆོ་ག་བརྩོན་པས་བྲི་བར་བྱ། །ཚེ་དཔག་མེད་ཀྱི་ཕྱག་རྒྱ་ཆེ། །དེ་ཡི་དབུས་སུ་

དགོད་པར་བྱ། །རྡོ་རྗེའི་གནས་ནི་ཉམས་དགའ་ཉིད། །དེ་དག་ཐམས་ཅད་ཡོངས་སུ་བརྟག །ཡོངས་སུ་གསལ་བར་ཆོ་ག་ཡིས། །དཀྱིལ་འཁོར་དམ་པ་བྱས་ནས་ནི། །དེ་ནས་གསང་བའི་མཆོད་པ་བྱ། །དེ་ལྟས་རྡོ་རྗེ་ཅན་མཉེས་འགྱུར། །བཤང་གཅི་ཁུ་བའི་དམ་
ཚིག་གིས། །མཆོད་ན་དངོས་གྲུབ་ཐོབ་པར་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་དཀྱིལ་འཁོར་རོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་ཀུན་ནས་
སྤྲིན་གྱི་བཀོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རབ་ཏུ་གསང་བའི་དཀྱིལ་འཁོར་གསང་ཆེན་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རྡོ་རྗེ་འཛིན་མཆོག་གང་ཡིན་པའི། །གཟུགས་ནི་དབུས་སུ་ལེགས་བྲིས་པ། །དེ་ཡི་དཀྱིལ་འཁོར་གནས་སུ་
འགྱུར། །སྐུ་གསུང་ཐུགས་ཀྱི་གསང་ལས་བྱུང་། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གནས་ཤེས་པའི་གསང་ཆེན་རབ་ཏུ་གསང་བའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་དཀྱིལ་འཁོར་ཐམས་ཅད་འཁོར་ལོ་འབྱུང་བ་
ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དཀྱིལ་འཁོར་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དེ་ལ་འདི་ནི་རྡོ་རྗེའི་དཀྱིལ་འཁོར་གྱི་སྔགས་ཀྱི་སྙིང་པོའི་ཐིག་གི་ཡི་གེའི་གནས་རྣམས་ཏེ། ཨོྃ་ཨཱཿཧཱུྃ། རྡོ་རྗེའི་ཐིག་
ནི་གདབ་པ་དང་། །ཚོན་རྩི་རྣམས་ཀྱང་དགྱེ་བ་དག །སྔགས་ཀྱི་སེམས་པས་མི་བྱ་སྟེ། །བྱས་ན་བྱང་ཆུབ་རྙེད་པར་དཀའ། །དེ་བས་དམ་ཚིག་ཆོ་ག་ཤེས། །སྔགས་ཀྱི་ལྷ་རྣམས་བཅུག་ནས་སུ། །བྱིན་གྱིས་བརླབས་པའི་གནས་བསྒོམས་ལ། །དཀྱིལ་འཁོར་རྣམས་ནི་རྣམ་པར་
བརྟག །རྒྱལ་ཆེན་རྣམ་པར་སྣང་མཛད་དང་། །སྤྱན་མ་ཡང་ནི་གཞུག་པར་བྱ། །སྐུ་ཡི་དཀྱིལ་འཁོར་གནས་ཡིད་འོང་། །རྡོ་རྗེའི་སྐུ་ཡི་ཡོན་ཏན་འཐོབ། །རྡོ་རྗེ་ཆོས་ནི་རྒྱལ་པོ་ཆེ། །རང་གི་ཆོས་མས་འཇུག་པར་བྱ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །མཆོག་

ཏུ་རྟག་པའི་གསང་བའོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །མཱ་མ་ཀཱི་ཡང་འཇུག་པར་བྱ། །འདི་དེ་སྔགས་རྣམས་ཐམས་ཅད་ཀྱི། །མཆོག་ཏུ་རྨད་བྱུང་གསང་ཆེན་ནོ། །དེ་ལྟར་བྱས་པས་མྱུར་དུ་རང་། །རབ་དང་ཡིད་དབང་རྣམས་བྱོན་ནས། །རབ་ཏུ་
དགྱེས་པར་གྱུར་པ་རྣམས། །གསང་བ་མཆོག་ནི་འདྲི་བར་བྱེད། །འདི་སྐད་ཀྱང་གསུངས་སོ། །སྔགས་གྲུབ་པ་ཡིས་བྱ་བ་ནི། །རྡོ་རྗེ་གསང་བ་རྨད་བྱུང་ཆེ། །ཁྲོ་བོའི་རྒྱལ་པོ་ཡིས་སངས་རྒྱས། །ཐམས་ཅད་བཀུག་ནས་མཆོད་པར་བྱ། །རྡོ་རྗེ་གསུམ་དང་
གནས་དག་ལ། །དམ་ཚིག་མཆོད་པ་དུས་གསུམ་པ། །རྡོ་རྗེ་གསུམ་གྱི་སྦྱོར་བས་བྱ། །སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱེད། །འདི་སྐད་ཀྱང་གསུངས་སོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་། །རྨད་བྱུང་ཆེན་པོའི་གཏོར་མ་དབུལ། །བཤང་གཅི་ཤ་དང་
འབྲུ་མར་དང་། །ལྔ་པ་སེམས་ལས་བྱུང་བ་དང་། །ཁུ་བ་དག་གིས་སྔགས་རྣམས་ཀུན། །ཚིམ་པར་འགྱུར་བར་ཀུན་དུ་བཤད། །འདི་ནི་དམ་ཚིག་མཆོག་ཡིན་ཏེ། །སངས་རྒྱས་བྱང་ཆུབ་རྫོགས་བྱེད་པའོ། །ཐིག་གདབ་པ་ཡི་ཆོ་ག་འདི། །རང་ཉིད་གང་ཚེ་སྤྱོད་པ་ན། །
རྣམ་པར་སྣང་མཛད་རབ་བསྒོམས་ནས། །རྡོ་རྗེ་སེམས་དཔའ་རབ་ཏུ་བསྒོམ། །ཡང་ན་རྡོ་རྗེ་བདུད་རྩིར་གྲགས། །སློབ་མ་རྡོ་རྗེ་འོད་པོ་ཆེར། །བསྒོམ་བྱ་ལས་ཀྱི་གོ་འཕང་ནི། །སངས་རྒྱས་ཀུན་གྱིས་ངེས་སྟེན་པའོ། །སངས་རྒྱས་རྒྱལ་ཆེན་ལྔ་རྣམས་ནི། །རྡོ་རྗེའི་
ཐིག་སྐུད་གཤེགས་རྣམས་དགོད། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་རབ་ཏུ་རྨད་བྱུང་བའོ། །ཉི་ཤུ་རྩ་ལྔའི་བྱེ་བྲག་གིས། །ཚོན་རྩི་དག་ཀྱང་རྣམ་པར་དགྱེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་ཆེན་བྱང་ཆུབ་དམ་པའོ། །སྔགས་རྣམས་ཐམས་ཅད་
ཉིད་ལ་ཡང་། །རྡོ་རྗེ་ཧཱུྃ་མཛད་བསྒོམ་པར་བྱ། །མཆོག་གི་སྐུ་གསུང་ཐུགས་དམ་ཚིག །གནས་ལྔ་དག་ཏུ་བསྒོམ་པར་བྱ། །དེ་ལྟར་བྱས་ན་ཉེ་མི་འགྱུར། །རྡོ་རྗེ་མི་ཕྱེད་གསུམ་ལས་སྐྱེས། །རྡོ་རྗེ་སེམས་དཔའ་བློ་ལྡན་པ། །འཇིགས་ཤིང་སྐྲག་ནས་བྱིན་རློབ་མཛད། །རྡོ་རྗེ་

བུམ་པ་རྣམས་དགོད་པ། །སྔགས་རྒྱུད་བདག་པོས་ཤེས་བྱས་པ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །བརྟན་པའི་བློས་ནི་བརྟག་པར་བྱ། །དངོས་གྲུབ་ཀུན་འབྲས་འདོད་པ་ཡི། །སྔགས་ཤེས་པས་ནི་སྦྱིན་སྲེག་བྱ། །བཤང་གཅི་འབྲུ་མར་ཤ་ལ་སོགས། །བསྲེག་རྫས་
དག་ནི་དབུལ་བར་བྱ། །རྡོ་རྗེ་མི་ཕྱེད་གསུམ་འཁོར་ལོ། །རྡོ་རྗེ་གསང་བའི་སྦྱིན་སྲེག་དབུལ། །དབུས་སུ་རང་གི་ལྷ་ཡི་གཟུགས། །བསམས་ཏེ་ཞལ་དུ་དབབ་པར་བྱ། །འདི་སྐད་ཀྱང་གསུངས་སོ། །དབང་པོ་གཉིས་ནི་རབ་སྦྱོར་བས། །བརྒྱ་རྩ་བརྒྱད་ནི་སྦྱིན་སྲེག་བྱ། །
འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །རྣམ་པར་སྣང་མཛད་སྦྱོར་བ་ཡིས། །སློབ་མ་རྡོ་རྗེ་གསུམ་ལས་བྱུང་། །ཨཱཿཡིག་ལུས་དང་ངག་སེམས་ལ། །བསྒོམས་ནས་རྡོ་རྗེ་འཛིན་པར་བྱེད། །རྒྱལ་ཆེན་རྡོ་རྗེ་སེམས་དཔའ་དང་། །གྲགས་ཆེན་
རྣམ་པར་སྣང་མཛད་ནི། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ། །བྱིན་གྱིས་བརླབས་ནི་རབ་ཏུ་སྩོལ། །དེ་ལ་འདི་ནི་དཀྱིལ་འཁོར་ཆེན་པོར་གཞུག་པའི་རྡོ་རྗེའི་དམ་ཚིག་གོ། །ཨཱཿཁྃ་བཱི་ར་ཧཱུྃ། འདི་ནི་དམ་ཚིག་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་སྙིང་པོའི་སྔགས་ཀྱི་རྒྱལ་
པོའོ། །དེ་ལ་འདི་ནི་རྡོ་རྗེ་ཆེན་པོ་དབང་བསྐུར་བའི་གསང་བའི་ཡེ་ཤེས་གསང་ཆེན་ནོ། །སངས་རྒྱས་ཀུན་གྱིས་ནམ་མཁའི་ཁམས། །ཡོངས་སུ་གང་བར་རབ་ཏུ་བསྒོམ། །རྡོ་རྗེའི་བློ་ཡིས་སིལ་སྙན་དང་། །དྲི་སོགས་དམ་ཚིག་སྤྲིན་ཚོགས་བསྒོམ། །འདི་སྐད་ཀྱང་གསུངས་སོ། །
རྡོ་རྗེ་སྐུ་གསུམ་སྔགས་ཀྱིས་ནི། །ཡུངས་ཀར་བརྟུལ་ཞུགས་ཅན་གྱིས་བརྡེག །དེ་ལ་དེ་ཡི་ཚེ་ན་ནི། །རང་ཉིད་དབང་བསྐུར་རབ་ཏུ་སྩོལ། །ཡང་ནི་རྡོ་རྗེ་སེམས་དཔའ་ཡིས། །ཏིང་ངེ་འཛིན་གྱིས་སངས་རྒྱས་བསྒོམ། །བུམ་པ་དམ་ཚིག་མཆོག་རྣམས་ཀྱིས། །བཟུང་བར་
མཁས་པས་བསྒོམ་པར་བྱ། །རྟག་ཏུ་སློབ་མ་བློ་བརྟན་པ། །རྡོ་རྗེ་རྣམ་པར་སྣང་མཛད་བསམ། །ལུས་དང་ངག་སེམས་རྡོ་རྗེ་ཅན། །སྔགས་ཤེས་པས་ནི་དགོད་པར་བྱ། །དེ་ལ་འདི་ནི་དབང་བསྐུར་བ་ཐམས་ཅད་ཀྱི་གསང་ཆེན་ཏེ། སློབ་དཔོན་ཐམས་ཅད་ཀྱིས་རྡོ་རྗེའི་ཚིག་ཏུ་སྨྲ་

བར་བྱའོ། །དབང་བསྐུར་ཆེན་པོ་རྡོ་རྗེ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །རྡོ་རྗེ་གསང་བ་གསུམ་བྱུང་བ། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །དེ་ལ་འདི་ནི་སློབ་མ་ཐམས་ཅད་ཀྱིས་རྡོ་རྗེ་ཆེན་པོའི་གསོལ་བ་གདབ་པའི་ཆོ་ག་གསང་ཆེན་ནོ། །བྱང་ཆུབ་
རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་བཞིན། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །དེ་ཚེ་དེ་ལ་དབང་བསྐུར་བ། །རབ་དགའི་སེམས་ཀྱིས་སྦྱིན་པར་བྱ། །ལྷ་ཡི་གཟུགས་ཀྱི་སྦྱོར་བ་ཡིས། །སྙིང་གར་བདག་པོ་གཞག་
པར་བྱ། །རྡོ་རྗེ་སློབ་མ་བློ་ལྡན་ལ། །སྔགས་ཀྱི་ཡི་གེའི་ཚིག་བྱིན་ལ། །དེ་ལ་དཀྱིལ་འཁོར་བསྟན་པར་བྱ། །སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི། །དམ་ཚིག་གསང་བ་བསྒྲག་པར་བྱ། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པ་
ཡང་ཁྱོད་ཀྱིས་བླང་། །ཕ་རོལ་བུད་མེད་བསྟེན་པར་བྱ། །རྡོ་རྗེའི་ལམ་ནི་འདི་དག་གིས། །སེམས་ཅན་ཐམས་ཅད་རབ་བསྐུལ་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་མཆོག་ཏུ་རྟག་པའོ། །ཞེས་ཀྱང་གསུངས་སོ། །སྔགས་ཀྱིས་བསྐུལ་བ་སྨྲས་པ་ཡི། །དེ་ལ་
སྔགས་ཀྱང་སྦྱིན་པར་བྱ། །སྔགས་ཀྱི་རྒྱལ་པོའི་ཏིང་འཛིན་ནི། །བྱིན་ནས་གསང་བ་ཡང་དག་བརྩམ། །ཁུ་བའམ་ཡང་ན་བཤང་བའང་རུང་། །མངོན་པར་བསྔགས་ནས་ཆོ་ག་བཞིན། །རྡོ་རྗེའི་བློས་ནི་ཟར་གཞུག་བྱ། །འདི་ལྟས་དངོས་གྲུབ་རྙེད་མི་དཀའ། །རྣམ་པ་འདི་བཞི་
གསང་ཆེན་ཏེ། །རྡོ་རྗེ་ཅན་ནི་ཀུན་གྱི་གསང་། །སྔགས་ཀྱི་འཁོར་ལོས་བུད་མེད་གཟུགས། །སེམས་ཅན་དོན་སྤྱོད་ཕྱིར་གནས་པའོ། །དེ་ལ་འདི་ནི་རྡོ་རྗེའི་དཀྱིལ་འཁོར་སྔགས་ཐམས་ཅད་ཀྱིས་མཉེས་པར་བྱ་བ་གསང་བའོ། །གླང་པོའི་ཤ་དང་རྟ་ཡི་ཤ། །ཤ་ཆེན་དག་ཀྱང་བཟའ་
བར་བྱ། །སྔགས་རྣམས་ཀུན་ལ་དབུལ་བར་བྱ། །དེ་ལྟར་བྱས་ན་མགོན་པོ་མཉེས། །ཉིན་རེ་རྡོ་རྗེ་སློབ་མ་ལ། །མཁས་པས་དཀྱིལ་འཁོར་བསྟན་པར་བྱ། །བཤང་གཅི་ཤ་ཡི་བྱ་བ་དང་། །རྡོ་རྗེ་གསང་བའི་གནས་ཀྱིས་ཀྱང་། །སྔགས་རྣམས་ཀུན་གྱི་ཡི་གེ་ཨོཾ། །

བསྒོམས་ན་དེ་མ་ཐག་ཏུ་འབར། །བཅོམ་ལྡན་འདས་སྔགས་ཀྱི་རིག་པའི་སྐྱེས་བུ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །དངོས་གྲུབ་ཐམས་ཅད་བསྒྲུབ་པ་སྟེ། །དམ་ཚིག་ཆེན་པོ་བསྒྲུབ་པའོ། །རབ་ཏུ་འབད་པས་བསྒྲུབ་བྱ་བ། །སངས་རྒྱས་བྱང་ཆུབ་རང་ཉིད་ཀྱང་། །མི་སྣང་
སྟོབས་དང་བརྩོན་འགྲུས་དང་། །རྡོ་རྗེ་འགུགས་པ་མཆོག་དག་ནི། །རྡོ་རྗེ་སྐུ་ཡི་བཀའ་ཇི་བཞིན། །དཀྱིལ་འཁོར་དུ་ནི་ཐམས་ཅད་འགྲུབ། །བཤང་གཅི་དང་ནི་ཤ་ཆེན་རྣམས། །ཆ་ནི་མཉམ་པར་བྱས་ནས་སུ། །ཁམ་ཕོར་སྦྱར་མར་བཞག་ནས་ནི། །སངས་རྒྱས་ཀུན་དང་
ལྷན་ཅིག་འཁོད། །འདི་སྐད་ཅེས་ཀྱང་གསུངས་སོ། །དེ་ལ་འདི་ནི་གསང་བ་ཐམས་ཅད་ཀྱི་རྡོ་རྗེ་མངག་གཞུག་པ་རབ་ཏུ་བསྒྲུབ་པའི་དམ་ཚིག་གི་མཆོག་གོ། །ཧྲཱིཿཡིག་འབར་བ་འོད་བཟང་པོ། །ནམ་མཁའ་རྡོ་རྗེའི་དབུས་གནས་བསམ། །སངས་རྒྱས་ཀུན་གྱིས་ནམ་མཁའི་
ཁམས། །ཡོངས་སུ་གང་བར་རྣམ་པར་བསྒོམ། །དེ་ཡི་སྐུ་གསུང་ཐུགས་ཀྱི་གནས། །དེར་ནི་སྔགས་ལ་དབབ་པར་བྱ། །དེ་ལ་འདི་ནི་སྐུ་དང་གསུང་དང་ཐུགས་ཀྱི་སྔགས་རྡོ་རྗེའི་བྱིན་གྱིས་རློབ་པའི་གནས་སོ། །ཨྃཿཁཾ་དྷཱིཿ། ཕྱག་ན་རྡོ་རྗེ་གཟུགས་ཆེན་པོ། །ཕྱག་ན་པདྨོ་འོད་
ཆེན་དང་། །གཞན་གྱིས་མི་ཐུབ་གཟུགས་ཆེན་དག །བསྒོམས་ནས་གསང་བའི་གནས་གཞག་གོ། །དེ་ལ་འདི་ནི་རྡོ་རྗེ་གསང་བའི་གནས་སོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །མི་བསྐྱོད་པ་ནི་རབ་ཏུ་བརྟག །ཚེ་དཔག་མེད་པའི་རྡོ་རྗེ་ཆེ། །རྡོ་རྗེ་སྣང་མཛད་དེ་
བཞིན་ཏེ། །ཐམས་ཅད་འོད་ཆེན་སྡུག་བསྔལ་ནི། །ཆེན་པོ་སྙིང་པོས་བསྐུལ་བར་བྱ། །དེ་ལ་འདི་ནི་རྡོ་རྗེ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བའོ། །ཨཱཿ། མདུང་རྩེ་ཆེ་དང་རྡོ་རྗེ་ཆེ། །ལྕགས་ཀྱུ་སྣ་ཚོགས་མཆོག་རྣམས་ཀྱིས། །རྡོ་རྗེ་ཆོ་ག་བཞིན་དུ་བསྐུལ། །སངས་རྒྱས་བྱང་ཆུབ་རབ་
ཏུ་འགྲུབ། །འདི་སྐད་ཅེས་ཀྱང་གསུངས་སོ། །ཉམས་དགའ་བ་དང་རི་དབང་དང་། །ཆུ་གླིང་རྣམ་པ་སྣ་ཚོགས་སུ། །ཟླ་ཕྱེད་ནང་དང་རྫོགས་པ་ཡིས། །ངེས་པར་སངས་རྒྱས་ཉིད་ཐོབ་འགྱུར། །རི་རབ་སུམ་ཅུ་རྩ་དྲུག་གི། །རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི། །འཁོར་གྱི་ཚོགས་

རྣམས་དེ་དག་ནི། །བྱང་ཆུབ་རྡོ་རྗེ་ཅན་གྲུབ་འགྱུར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་ཞིང་དུ་འགྲོ་བར་འགྱུར། །ཟབ་མོའི་ཆོས་ནི་ཐོས་འགྱུར་ཞིང་། །སངས་རྒྱས་ས་ཡང་ཐོབ་པར་འགྱུར། །བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་
བཞད་པ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་འདི་ནི་མངག་གཞུག་པ་ཐམས་ཅད་ཀྱི་གསང་བ་རྡོ་རྗེ་གསང་ཆེན་ནོ། །རྡོ་རྗེ་སེམས་དཔའ་ཡེ་ཤེས་ཆེ། །དེ་བཞིན་གསུང་གི་རྡོ་རྗེ་འཛིན། །རྡོ་རྗེ་སྐུ་ཡི་དགོད་པ་ཆེས། །མངག་གཞུག་པ་རྣམས་རྟག་ཏུ་བསྐུལ། །
དེ་ལ་འདི་ནི་རྡོ་རྗེ་ཡེ་ཤེས་འཁོར་ལོ་སྔགས་ཀྱི་དམ་ཚིག་གི་གནས་རྣམ་པ་བཞི་སྟེ། དམ་ཚིག་བསྐུལ་བ་དང་། དམ་ཚིག་གཏོང་བ་དང་། དམ་ཚིག་བོད་པ་དང་། དམ་ཚིག་འཆིང་བའོ། །མཁའ་དབྱིངས་རྒྱ་ཆེན་དག་པ་ནི། །ཆོས་རྣམས་ཐམས་ཅད་རྣམ་སྤངས་པ། །གོང་
བུའི་ཚུལ་གྱིས་རྡོ་རྗེ་ནི། །རྨད་བྱུང་གཟུགས་ཅན་བྱེད་པར་འགྱུར། །བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་བུ་གཅིག་པ་རྡོ་རྗེ་སེམས་དཔའ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་རྡོ་རྗེ་སེམས་དཔའང་རུང་། །གལ་ཏེ་དབང་དུ་བྱ་འདོད་ན། །རྡོ་རྗེ་མཆོག་
གསུམ་འཛིན་པ་ཆེ། །གསང་བ་ཆེན་པོ་འདི་བསམ་མོ། །འཇམ་པའི་རྡོ་རྗེ་སྟོབས་པོ་ཆེ། །ནམ་མཁའ་རྡོ་རྗེའི་དབུས་གནས་བསམ། །མདའ་ལྔའི་རབ་ཏུ་སྦྱོར་བ་ཡིས། །དབུ་རྒྱན་རྩེ་མོར་ཡང་དག་སྤྲོ། །གནས་ལྔ་དག་ཏུ་སྔགས་ཤེས་པས། །རྡོ་རྗེ་ཁྲོ་བོ་དབབ་
པར་བྱ། །བྱིས་པའི་བློ་ནི་གྲགས་ཆེན་གྱིས། །སྔངས་ཤིང་བརྒྱལ་བར་བསྒོམ་པར་བྱ། །བསམ་གཏན་འདི་ནི་གསང་བ་ཡི། །སྐུལ་བ་དག་གིས་ཕྱོགས་གཅིག་བསྒོམ། །སྔགས་རྣམས་ཀུན་གྱི་རབ་ཏུ་གསང་། །རྡོ་རྗེའི་དོན་གྱི་བློ་ཡིས་གསུངས། །ནམ་མཁའ་
རྡོ་རྗེའི་དབུས་གནས་པའི། །ཧཱུྃ་ཡིག་སངས་རྒྱས་དཀྱིལ་འཁོར་མཆོག །བསམ་བྱ་རྡོ་རྗེའི་སྔགས་སོགས་ཀྱིས། །རྡོ་རྗེ་གསུམ་ལ་སོགས་པ་བསྒོམ། །མིག་གནས་ཡི་གེ་ཨོཾ་བསམས་ནས། །འདི་དག་ཆོ་གས་བསྟན་པར་བྱ། །སྔགས་རྣམས་ཀུན་གྱི་

གཟུགས་དག་ནི། །སྐུ་གསུང་རྡོ་རྗེ་ཅན་རྣམས་མཐོང་། །བཀྲེས་སྐོམ་ལ་སོགས་ཉོན་མོངས་ཆེ། །སྦྱོར་བ་འདི་ནི་རྣམ་བསམ་ན། །རྡོ་རྗེ་ཐུགས་ཀྱི་བཀའ་བཞིན་དུ། །སྡུག་བསྔལ་ཐམས་ཅད་བྱང་བར་འགྱུར། །རྣམ་པར་སྣང་མཛད་གཟུགས་ཆེན་པོ། །དོན་རྣམས་
ཐམས་ཅད་འབྱོར་བསམ་ལ། །ཡི་གེ་བྃ་ཁར་གནས་པ་བསྒོམ། །ཨོཾ་ཡིག་ལྕེ་ལ་འདུག་པར་བསམ། །བཟའ་བར་བྱ་བ་ཀུན་གྱི་གནས། །ཡིད་བཞིན་ནོར་བུས་རྣམ་བརྒྱན་པ། །ཞི་བ་སྡུག་བསྔལ་ཐམས་ཅད་སེལ། །ཡེ་ཤེས་རྡོ་རྗེ་རབ་བསྐུལ་བའོ། །བཅོམ་ལྡན་
འདས་ཡིད་བཞིན་གྱི་ནོར་བུས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དཔའ་བོ་ཆེན་པོ་དེ་བཞིན་གཤེགས་པས་རྡོ་རྗེ་བསྒོམ་པའི་ཚིག་གི་མཆོག་རྡོ་རྗེ་གསུང་ལས་ཕྱུང་ངོ་། །བཱིཿ། ནམ་མཁའ་རྡོ་རྗེའི་དབུས་གནས་པར། །སངས་རྒྱས་
དཀྱིལ་འཁོར་འོད་བཟང་བསམ། །རྡོ་རྗེ་སྐུ་གསུམ་སྦྱོར་བ་ཡིས། །བསྐྱེད་དེ་འདི་ནི་རྣམ་པར་བསམ། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །སེར་པོ་རྡོ་རྗེ་རྣམ་པར་འགྱིང་། །ཞི་བ་ཐོར་ཚུགས་དབུ་རྒྱན་ཅན། །བསམས་ནས་ཐམས་ཅད་བརྩམ་པར་བྱ། །དཔའ་བོ་རྡོ་རྗེའི་
རླབས་ཀྱི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཀུན་ནས་ངེས་པར་བསྒྲགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་ཆེན་པོ་བསྒོམ་པའི་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཙུྃ། ནམ་མཁའ་རྡོ་རྗེའི་དབུས་སུ་
ནི། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །ཆོ་ག་དག་གིས་སངས་རྒྱས་སྤྲིན། །རྡོ་རྗེ་གསུམ་མཆོག་གྲགས་ཆེན་ནི། །སྐུ་དང་གསུང་དང་ཐུགས་ཀྱིས་ལྟུང་། །སྐུལ་བྱེད་རྡོ་རྗེ་མ་བསྒོམ་མོ། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །ཁ་དོག་དཀར་མོར་རབ་ཏུ་བསྒོམ། །རྡོ་རྗེ་
སེམས་དཔའ་རྒྱལ་པོ་ཆེ། །བསམས་ལ་སྔགས་ཀྱི་གནས་དགོད་དོ། །རྡོ་རྗེའི་དམ་ཚིག་ཡེ་ཤེས་ཀྱི་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་བསམ་པ་ཐམས་ཅད་རྡོ་རྗེའི་ལོངས་སྤྱོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ནས་ཏིང་ངེ་འཛིན་འཁོར་ལོའི་ཚུལ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཛྃ། ནམ་མཁའ་རྡོ་རྗེའི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་ཀུན་གྱི་ཆོ་ག་ཡིས། །རྡོ་རྗེ་བསྒོམས་པས་དབབ་པར་བྱ། །ཛྃ་བྷ་
ལ་ནི་ནོར་བསྒྲུབ་པ། །གནོད་སྦྱིན་ཆེན་པོ་བསྐྱེད་པར་བྱ། །ཞི་བ་གནོད་སྦྱིན་གཟུགས་འཛིན་པ། །ཐོར་ཚུགས་དབུ་རྒྱན་རྡོ་རྗེ་ཅན། །སངས་རྒྱས་ལྔ་ནི་ཆོ་ག་ཡིས། །གནས་ལྔ་དག་ཏུ་བསྒོམ་པར་བྱ། །དེ་ཡི་རྡོ་རྗེ་བདུད་རྩིའི་ཆུ། །བསམ་གཏན་གནས་ལ་འདུག་པས་
དབུལ། །རྡོ་རྗེ་སེམས་དཔའི་ཆོ་ག་ཡིས། །དེ་ཡི་དབུ་རྒྱན་རྣམ་པར་བསམ། །དེ་ལྟར་བྱས་ན་གནོད་སྦྱིན་དབང་། །འབྲོག་གནས་དབང་པོ་འོད་ཆེན་མཉེས། །རྡོ་རྗེའི་ཕྱག་རྒྱའི་དམ་ཚིག་རྫས་སྒྲུབ་པའི་རྟོག་གི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་
ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་འདོད་པ་ཉེ་བར་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གནོད་སྦྱིན་མོ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེའི་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཀྵིཾ། མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར། །གྲུ་བཞི་ལྷམ་པ་
རབ་ཏུ་མཛེས། །ཐམས་ཅད་རིན་ཆེན་བཞི་ལས་བྱས། །མེ་ཏོག་སྤོས་ཀྱིས་ཀུན་དུ་འཁྲིགས། །གནོད་སྦྱིན་མོ་ནི་ཐམས་ཅད་ཀྱིས། །མཁའ་དབྱིངས་ཡོངས་སུ་གང་བར་བསམ། །གཟུགས་ཀྱི་སྤྲིན་དག་རྣམ་བསམས་ནས། །རྡོ་རྗེ་གསུམ་གྱི་སྦྱོར་བས་དབབ། །གཟུགས་
ནི་གཅིག་ཏུ་བསམ་པར་བྱ། །རྡོ་རྗེ་གསུམ་ལས་བྱེ་བྲག་གིས། །དེ་ཡི་བསམ་གཏན་བསམ་པར་བྱ། །འཇམ་པའི་རྡོ་རྗེའི་ཏིང་འཛིན་གནས། །དབུ་རྒྱན་ལ་ནི་ཁྲོ་བོ་བསྒོམ། །སྙིང་གར་སྔགས་ཀྱི་ཚིག་བསྒོམས་ལ། །རྡོ་རྗེའི་སྦྱོར་བ་བརྩམ་པར་བྱ། །གནོད་སྦྱིན་
མོ་ཐམས་ཅད་མཉམ་པ་ཉིད་གནས་པ་བསྒོམ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་རྡོ་རྗེའི་སྔགས་ཐམས་ཅད་དངོས་གྲུབ་ཀྱི་རྣམ་པར་འཕྲུལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྲ་མོའི་དངོས་

གྲུབ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སྐུ་དང་གསུང་ཐུགས་ཡང་དག་གྲུབ། །སངས་རྒྱས་གཟུགས་འཛིན་འོད་བཟང་པོ། །འཛམ་བུ་ཆུ་ཡི་གསེར་འོད་འདྲ། །དངོས་གྲུབ་ཕྲ་མོ་དག་ལ་གནས། །མི་སྣང་ལ་སོགས་ཀུན་གྲུབ་ནི། །གཙོ་བོ་རྡོ་རྗེ་འཆང་དུ་
འགྱུར། །གནོད་སྦྱིན་རྒྱལ་མོ་གྲུབ་པ་ཆེ། །རིག་པ་འཛིན་པའི་གཙོ་བོར་འགྱུར། །དེ་ལ་འདི་ནི་རྡོ་རྗེའི་དངོས་གྲུབ་ཐམས་ཅད་ཀྱི་གཟུགས་གསང་བ་སྔགས་ཀྱི་དངོས་གྲུབ་རྣམས་སོ། །སྔགས་ཀྱི་དངོས་གྲུབ་ཡིད་འོང་བའི། །མཛེས་པའི་གཟུགས་རྣམས་ཐམས་ཅད་ནི། །འཇིག་
རྟེན་ཁམས་ནི་ཐམས་ཅད་དུ། །མཐོང་བ་ཉིད་ཀྱི་དགའ་བར་འགྱུར། །གཙུག་ཏོར་ཐམས་ཅད་གྲུབ་པ་ཡི། །ཡིད་བཞིན་ནོར་བུའི་བདག་པོར་འགྱུར། །སངས་རྒྱས་བྱང་ཆུབ་བྱེད་པའི་མཆོག །སངས་རྒྱས་ཉིད་ཀྱང་རབ་བསྒོམ་པའོ། །བཅོམ་ལྡན་འདས་བསམ་པ་ཐམས་
ཅད་ཡོངས་སུ་རྫོགས་པའི་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་བརྟུལ་ཞུགས་ཡང་དག་པར་ལེན་པའི་སྤྱོད་པ་འདི་ཉིད་
ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ལུས་དང་ངག་སེམས་དམིགས་པ་ནི། །རང་གཟུགས་ཉིད་ཀྱིས་དེ་བྱ་སྟེ། །དེ་ལྟས་དངོས་གྲུབ་ཐོབ་པར་འགྱུར། །དེ་ལ་འདི་ནི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་རིག་པའི་བརྟུལ་ཞུགས་སོ། །
གཟུགས་ནི་ཐོར་ཚུགས་དབུ་རྒྱན་འཆང་། །ཆེན་པོ་ཁ་དོག་དཀར་པོ་འདྲ། །ཆོ་ག་བཞིན་དུ་ཐམས་ཅད་བྱ། །སྔགས་ཀྱི་སྡོམ་པས་ཀུན་དུ་བསྡམས། །ལོ་གྲངས་བཅུ་དྲུག་ལོན་པ་ནི། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །བཞིན་སྡུག་མིག་གི་དཀྱུས་རིང་བ། །རྙེད་
ནས་རིག་པའི་བརྟུལ་ཞུགས་སྤྱད། །སྤྱན་གྱི་གོ་འཕང་ལོངས་སྤྱོད་ཅིང་། །རྡོ་རྗེའི་མཚན་མ་ཡིས་ནི་བྱ། །ཕྱག་རྒྱ་སྔགས་ཀྱི་ཆོ་ག་ཤེས། །སྔགས་དང་རྒྱུད་ནི་ལེགས་པར་བསླབས། །དེ་བཞིན་གཤེགས་པའི་བཙུན་མོར་བྱ། །སངས་རྒྱས་བྱང་ཆུབ་ལ་རབ་གནས། །བརྟུལ་

ཞུགས་ཆེན་པོས་ཐུན་བཞིར་ནི། །གསང་བའི་མཆོད་པ་རབ་ཏུ་བྱ། །སྡོང་བུ་རྩ་བ་འབྲས་བུ་རྣམས། །བཟའ་དང་བཅའ་བ་ཐམས་ཅད་སྤྱད། །འདི་ཡིས་མྱུར་དུ་སངས་རྒྱས་འགྱུར། །བདག་པོ་ཡེ་ཤེས་རྒྱ་མཚོ་ཆེ། །ཟླ་བ་དྲུག་གིས་དེ་དག་ཀུན། །གདོན་
མི་ཟ་བར་འདིར་ཐོབ་འགྱུར། །རྟག་ཏུ་གཞན་གྱི་ནོར་བརྐུ་ཞིང་། །གསད་པའང་རྨད་དུ་བྱུང་བ་ཆེ། །འདོད་ཆགས་རྡོ་རྗེའི་གནས་སྤྱད་པ། །སྡོམ་པ་འདིས་ནི་ཀུན་དུ་བསྡམས། །འདོད་ཆགས་རྡོ་རྗེའི་ལྕགས་ཀྱུ་ཡུམ། །ཡོན་ཏན་ལུག་རྒྱུད་མཱ་མ་ཀཱིར། །གསུང་གི་རྡོ་རྗེ་
མཆོག་ཐུགས་ཀྱིས། །འདི་ནི་རྣམ་པ་ཀུན་དུ་རིགས། །རང་གི་ཕྱག་རྒྱའམ་སེམས་ཀྱིས་བསམ། །བསམ་གཏན་ཡིག་གསུམ་རྡོ་རྗེ་ཅན། །དེ་ལྟར་སངས་རྒྱས་ཀུན་མཁྱེན་ཡང་། །མཉེས་པར་འགྱུར་འདིར་གདོན་མི་ཟ། །སྒྲུབ་པ་པོ་ནི་བློ་བརྟན་པས། །ནགས་ཚལ་
དག་ཏུ་བསོད་སྙོམས་ཚོལ། །ཁ་ཟས་བཟང་པོ་བསྟར་བ་དག །འཇིགས་ཤིང་སྐྲག་ནས་སྟེར་བར་འགྱུར། །རྡོ་རྗེ་གསུམ་བདག་ཉིད་འདས་ན། །འཇིག་ཅིང་རྡོ་རྗེའི་ཡི་གེར་འགྱུར། །ལྷ་མོ་ཀླུ་མོ་གནོད་སྦྱིན་མ། །ལྷ་མ་ཡིན་མོ་མི་མོའང་རུང་། །རྙེད་ནས་རིག་པའི་
བརྟུལ་ཞུགས་བྱ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་བསྟན། །འདི་དེ་སྔགས་རྣམས་ཐམས་ཅད་ཀྱི། །གསང་བའི་དེ་ཉིད་ཚུལ་ཆེན་ཏེ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་འབྱུང་། །སངས་རྒྱས་བྱང་ཆུབ་རབ་འཇུག་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
རིག་པའི་བརྟུལ་ཞུགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་
ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །

རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བ་གསུངས་ཁྱོད་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་ཆོས་རྣམས་ནི། །སྟོན་མཛོད་རྡོ་རྗེ་ཁྱོད་ཕྱག་འཚལ། །རིན་ཆེན་
རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མེད་མཁའ། །རང་བཞིན་དག་པས་གོས་པ་མེད། །གསང་བ་གསུངས་ཤིག་ཁྱོད་ཕྱག་འཚལ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་ཅན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུངས་ཁྱོད་ཕྱག་
འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་མཛད། །དག་པ་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་གྱིས་བསྐུལ་བ་ཡི། །བསྟོད་ཚིག་ཞི་བ་འདི་རྣམས་ཀྱིས། །རྡོ་རྗེ་ལོངས་སྤྱོད་བསྟོད་
ན་ནི། །དེ་ཡང་སངས་རྒྱས་མཉམ་པར་འགྱུར། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་ཀུན་ལ་རྗེས་བརྩེ་བས། །རྡོ་རྗེ་གསང་བའི་གནས་དག་པ། །རྡོ་རྗེ་གསུང་ནི་བཀའ་སྩལ་ཏོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ཆེ། །རང་
བཞིན་འོད་གསལ་དག་པ་ནི། །ནམ་མཁའི་དབྱིངས་བཞིན་དྲི་མ་མེད། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སངས་རྒྱས་ཡེ་ཤེས་མཚོ་འོད་ཀྱིས། །དམ་ཚིག་
བཞི་ནི་བསྲུང་བྱ་སྟེ། །ཤ་ཆེན་རྟག་ཏུ་བཟའ་བྱའོ། །འདི་ནི་དམ་ཚིག་མཆོག་ཡིན་ནོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་བདག་པོས་སངས་རྒྱས་ཐམས་ཅད་གསུང་རྡོ་རྗེའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དམ་ཚིག་བཞི་པོ་བསྲུང་བྱ་སྟེ། །གསུང་
གི་རྡོ་རྗེ་ཡི་གེ་ཆེས། །བཤང་གཅི་རྟག་ཏུ་བཟའ་བྱ་ཉིད། །འདི་ནི་གསང་བ་རྨད་བྱུང་བའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་དམ་ཚིག་འདི་ཉིད་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རྡོ་རྗེ་སེམས་

དཔའ་རྫུ་འཕྲུལ་ཆེས། །དམ་ཚིག་བཞི་པོ་བསྲུང་བྱ་སྟེ། །ཁྲག་དང་ཁུ་བ་སྦྱར་བ་དག །བརྟུལ་ཞུགས་བརྟན་པས་རྟག་ཏུ་བཟའ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དམ་ཚིག་དེ་ནི་རྨད་བྱུང་ཆེ། །སངས་རྒྱས་ཀུན་གྱི་རྟག་པ་ནི། །རྡོ་རྗེ་འཛིན་ཕྱིར་ཡང་
དག་བསྲུང་། །གང་ཞིག་དམ་ཚིག་འདི་སྲུང་བ། །རྡོ་རྗེ་སེམས་དཔའ་འོད་པོ་ཆེ། །དེ་ཡི་སྐུ་གསུང་ཐུགས་རྟོགས་པ། །དེ་མ་ཐག་ཏུ་སངས་རྒྱས་འགྱུར། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རང་སངས་རྒྱས་ཀྱི་དོན་གྱི་དམ་ཚིག་འདི་ཉིད་
ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སྟོན་པ་ལུས་ཀྱིས་དེ་རྣམས་ནི། །རྡོ་རྗེ་སྐུ་ལ་རབ་ཏུ་གནས། །སེམས་ཅན་འཇུག་པའི་ངང་ཚུལ་ཏེ། །མཆོག་ཏུ་རྟག་པའི་དམ་ཚིག་གོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཉན་ཐོས་ཀྱི་བསླབ་
པའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དགེ་བ་བཅུ་ཡི་ལས་ཀྱི་ལམ། །བྱེད་པ་ཡེ་ཤེས་སྤངས་པ་རྣམས། །དམན་པར་མོས་པ་ཐམས་ཅད་ཀྱི། །དམ་ཚིག་དེ་ནི་རྨད་བྱུང་ཆེ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་
ཚངས་པའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །གཏི་མུག་ལམ་གྱིས་ལས་གང་རྣམས། །བྱེད་པ་འཇིགས་ཤིང་མི་སྡུག་པ། །སངས་རྒྱས་བྱང་ཆུབ་སྟོན་པ་སྟེ། །སྐུ་ཡི་རྡོ་རྗེ་ཉིད་དུ་འགྱུར། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་
པོས་དྲག་པོའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཁམས་གསུམ་པར་ནི་གནས་པ་ཡི། །བུད་མེད་རྡོ་རྗེ་ལས་བྱུང་ཀུན། །སྣ་ཚོགས་དངོས་པོས་སྤྱད་པ་ནི། །དམ་ཚིག་མཆོག་ཏུ་རྨད་བྱུང་བའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་
པོས་ཁྱབ་འཇུག་གི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སེམས་ཅན་སྐྱེས་པ་ཇི་སྙེད་པ། །སྐུ་གསུམ་དབྱེར་མེད་ལ་གནས་རྣམས། །བསམ་གཏན་རྡོ་རྗེས་གསད་པར་བྱ། །རྡོ་རྗེ་མཁའ་ཁམས་བདག་ཉིད་ཀྱང་། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་གསུམ་གྱི་དམ་ཚིག་གི་རྡོ་རྗེ་འདི་ཉིད་ཀྱི། སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སྐུ་ཡི་རྡོ་རྗེ་ཚངས་པར་འགྱུར། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྒྱལ་པོ་རྡོ་རྗེ་འཛིན། །དེ་ཉིད་ཁྱབ་འཇུག་རྫུ་འཕྲུལ་ཆེ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་བདག་པོས་གནོད་སྦྱིན་མོ་ཐམས་ཅད་ཀྱི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཤ་དང་ཁྲག་ནི་ཟ་བ་དང་། །རྟག་ཏུ་བུད་མེད་འདོད་མཆོག་གཞོལ། །རྡོ་རྗེ་ཆེན་པོ་འདི་རྣམས་ཀྱི། །དམ་ཚིག་བསྟེན་དཀས་མཉེས་པར་བྱ། །དེ་ནས་
ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཀླུའི་དབང་པོའི་རྒྱལ་མོ་ཐམས་ཅད་ཀྱི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཕྲ་མ་དང་ནི་འོ་མ་འཐུང་། །འདོད་དང་དྲི་མ་རྟག་ཏུ་འབད། །དམ་ཚིག་འདི་རྣམས་ཀྱིས་བསྒྲུབ་བྱ། །གཞན་དུ་
ངེས་པར་ཉོན་མོངས་འགྱུར། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ལྷ་མ་ཡིན་གྱི་བུ་མོའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཁྲོ་ཞིང་ང་རྒྱལ་ཁུར་གྱིས་ནོན། །སྤོས་དང་མེ་ཏོག་སྤྱོད་པ་སྐྱེས། །དམ་ཚིག་རྡོ་རྗེ་ས་འོག་ཏུ། །
གདུལ་དཀའ་རྡོ་རྗེ་འཇིགས་བྱེད་དེ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྲིན་མོ་རྣམས་ཀྱི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཐོད་རུས་བདུག་པའི་འབྲུ་མར་དང་། །ཞག་གིས་རབ་ཏུ་དགའ་བར་འགྱུར། །འབྱུང་པོ་ཀུན་གྱི་དམ་
ཚིག་འདི། །དག་བྱེད་རྡོ་རྗེ་དོན་ཆེན་བྱེད། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཤང་བ་གཅི་བ་ཁྲག་བཟའ་ཞིང་། །ཆང་ལ་སོགས་པ་རྟག་ཏུ་བཏུང་། །
རྡོ་རྗེ་མཁའ་འགྲོ་མའི་སྦྱོར་བས། །གནས་ཀྱི་མཚན་ཉིད་ཀྱིས་གསང་བྱ། །ངོ་བོ་ཉིད་ཀྱིས་ཀུན་འབྱུང་བ། །ཁམས་གསུམ་དག་ཏུ་རྣམ་པར་སྤྱོད། །དམ་ཚིག་མ་ལུས་དངོས་གྲུབ་ཀུན། །ཕན་པར་འདོད་པས་སྤྱད་པར་བྱ། །ཁམས་གསུམ་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་

གི་རྗེས་སུ་འབྲང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ལུས་ཀྱི་དངོས་གྲུབ་ཀྱི་དམ་ཚིག་རྡོ་རྗེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ལུས་ཀྱི་རྣམ་གསུམ་ཐམས་ཅད་ནི། །རྡོ་རྗེ་ཡང་དག་འབྱུང་བར་
བྱ། །སེམས་ཅན་ཁམས་ནི་རྣམ་ཀུན་དུ། །རྟག་ཏུ་སངས་རྒྱས་སྐུ་བྱེད་པའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ངག་གི་དངོས་གྲུབ་ཀྱི་རྡོ་རྗེའི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ངག་གི་ལས་ལམ་མ་ལུས་པར། །ཁམས་
གསུམ་དྲི་མེད་དཀྱིལ་འཁོར་དུ། །ངག་གི་གྲུབ་གནས་ཉམས་དགའ་འདི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སེམས་རྣམ་པར་དག་པའི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །
ཡིད་ཀྱི་རྡོ་རྗེའི་རང་བཞིན་ཀུན། །བརྟན་པ་རྡོ་རྗེའི་བློ་ཡིས་བསྒོམ། །རྡོ་རྗེ་མི་ཕྱེད་གསུམ་ལྡན་གྱི། །དམ་ཚིག་བཤད་པ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀུན་དུ་བཟང་པོ་རྡོ་རྗེ་སེམས་དཔས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
བདག་པོས་སྔགས་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་ཉན་ཐོས་དེ་བཞིན་ཏེ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ཕྱག་འཚལ་ན་ནི་ཉམས་པར་འགྱུར། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བསམ་གཏན་གྱི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཀུན་དུ་སྐུ་དང་གསུང་ཐུགས་ཀྱི། །དཀྱིལ་འཁོར་རྡོ་རྗེ་སེམས་དཔའ་ཡི། །རྡོ་རྗེ་གསུམ་གྱི་སྦྱོར་བ་ཡིས། །བསམ་གཏན་
སྔགས་ཟློས་པས་བསྒོམ་བྱ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྔགས་རྡོ་རྗེ་ཐམས་ཅད་ཀྱི་སྡོམ་པ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སེམས་ཅན་ཁམས་རྣམས་བསྡུས་ནས་ནི། །བསམ་གཏན་རྡོ་རྗེས་བསྐུལ་བར་བྱ། །རྡོ་རྗེ་གསུམ་

ཕྱག་མཆོག་གི་མཆོག །དམ་ཚིག་རྡོ་རྗེ་འབྱུང་བའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བསྙེན་པ་དང་། །བསྒྲུབ་པ་དང་ཉེ་བར་སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་སྡོམ་པ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རྡོ་རྗེ་བཤང་གཅིས་ནམ་མཁའི་
དབྱིངས། །ཡོངས་སུ་གང་བར་རྣམ་པར་བསམ། །དུས་གསུམ་རྡོ་རྗེ་དག་ལ་དབུལ། །དམ་ཚིག་རབ་ཏུ་རྟག་པའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཐམས་ཅད་མི་སྣང་བའི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཐུན་
བཞི་པོ་ནི་གང་ཞིག་མཆོག །རྡོ་རྗེ་མོ་ནི་ཉིན་རེ་སྤྱད། །སླར་ཡང་རྫས་ཀྱང་རྟག་ཏུ་དབྲོག །རྡོ་རྗེ་རྫོགས་བྱེད་དམ་ཚིག་གོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ནམ་མཁའི་རིག་པ་འཛིན་པའི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སྐུ་
གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །དབུ་རྒྱན་གྱི་ནི་བསམ་གཏན་བསམ། །རྡོ་རྗེ་གསུམ་གྱི་དམ་ཚིག་ཀུན། །ཁྲོས་པ་རྣམས་ཀྱིས་རྒྱལ་མི་ནུས། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྔགས་འཆང་ལས་དང་པོ་པ་ཐམས་ཅད་ཀྱི་དམ་ཚིག་ཉིད་
ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཁ་ཟས་ལ་ནི་སྐུའི་རྡོ་རྗེ། །ཕྱི་རོལ་རྡོ་རྗེ་འཛིན་པ་དང་། །རྡོ་རྗེ་ཆོས་སུ་རྟག་ཏུ་བྱ། །མདོ་འདོན་ཆོ་གའི་བྱ་བ་ལ། །བཅོམ་ལྡན་འདས་ངོ་བོ་ཉིད་དག་པ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་འཛིན་པ་ཐམས་ཅད་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་སྙིང་པོ་རྡོ་རྗེ་མཉམ་པ་ཉིད་རྣམ་པར་དགོངས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་ཡང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་གི་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་ཅིའི་སླད་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་

སེམས་དཔའི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་ཅང་མི་གསུང་བར་བཞུགས་པ་ལགས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཆ །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམིགས་སུ་མེད་པའི་ངོ་བོ་ཉིད་མི་འགྱུར་བའི་གནས་ལ་གང་ངོ་བོ་ཉིད་མེད་པ་མི་འགྱུར་བའི་གནས་རྣམ་པར་དཔྱད་ནས་ཅང་མི་གསུང་བར་བཞུགས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་
ནི་འདི་སྙམ་དུ་སེམས་པར་གྱུར་ཏེ། སྐུ་ཡི་ཡི་གེ་མ་སྐྱེས་པ། །གསུང་དང་ཐུགས་ཀྱང་མཚན་ཉིད་མེད། །ནམ་མཁའ་རྡོ་རྗེའི་རྟོག་པར་བྱུང་། །ལོག་པར་བཟུང་བས་གཟུང་བ་ཡིན། །དེ་ནས་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་བཞིན་
གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གསུང་རྡོ་རྗེའི་ཚིག་ལ་ལོག་པ་ཀུན་འབྱུང་བས་མ་བརྟག་ཏུ་གསོལ། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དབྱངས་ཀྱི་ངོ་བོ་ཉིད་སྤྱོད་པ་
གཤེགས་པ་དང་བྱོན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན། ཚངས་པ་ལ་སོགས་པའི་བྱང་ཆུབ་ཆེན་པོ་སེམས་དཔའ་མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ཐོབ་པ་རྣམས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ངོ་བོ་ཉིད་མི་ཤེས་པས་འདི་སྙམ་
དུ་ཡོངས་སུ་རྟོག་པར་བྱེད་དེ། ཅི་རྡོ་རྗེ་ཆེན་པོའི་བདག་ཉིད་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་རྡོ་རྗེ་དེ་ཁོ་ན་ཉིད་མངོན་པར་མ་མཁྱེན་ནས་གསང་བའི་ཡི་གེ་འཆད་དམ་སྙམ་པ་ཡང་མཆིས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་
ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རེ་ཞིག་བྱང་ཆུབ་ཆེན་པོ་སེམས་དཔའ་ཁྱེད་རྣམས་ལྟ་ཅི་སྨོས། དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་གསང་བའི་ཡི་གེ་རྙེད་པ་ངེད་ཀྱིས་ཀྱང་སྐུ་གསུང་ཐུགས་ཀྱི་བྱང་ཆུབ་མི་ཤེས་སོ། །དེ་ཅིའི་

ཕྱིར་ཞེ་ན། ངོ་བོ་ཉིད་མེད་པ། མི་འགྱུར་བ་ལས་བྱུང་བ། སྐྱེ་བ་མེད་པའི་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པས་སོ། །རིགས་ཀྱི་བུ་དག་སེམས་ཅན་གྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་ལ་གནས་པ་སངས་རྒྱས་རྡོ་རྗེའོ། །དེ་
ཅིའི་ཕྱིར་ཞེ་ན། ཡོང་ཡེ་སེམས་ཅན་འདི་དག་ནི་སྐུ་གསུམ་རྡོ་རྗེ་འཛིན་པ་ཉིད་ཉེ་བར་བཟུང་ནས་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཐོབ་པའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་
སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རང་བཞིན་དག་ཅིང་བདག་མེད་པ། །ཆོས་ཀྱི་དབྱིངས་ནི་མ་ལུས་གནས། །རྟོག་པ་རྡོ་རྗེ་ཡང་དག་བྱུང་། །སྨྲ་བྱ་སྨྲ་བྱ་ཡང་མ་ཡིན། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་ཆེན་པོ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དངོས་གྲུབ་གང་ནས་ཡང་དག་པར་འབྱུང་། གང་དུ་གནས་གང་དུ་མེད་པར་
འགྱུར་བ་ལགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་གིས་བཀའ་སྩལ་པ། བཅོམ་ལྡན་འདས་རང་གི་སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད་ལ་རྡོ་རྗེ་རབ་ཏུ་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་དང་། ཐམས་ཅད་མཁྱེན་པའི་
ཡེ་ཤེས་དང་། ཁམས་གསུམ་ཇི་སྙེད་པ་དག་ཀྱང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་གསུངས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་དང་། ཁམས་གསུམ་པ་ཐམས་ཅད་གང་ན་གནས། ཡེ་ཤེས་རྡོ་
རྗེའི་བདག་པོས་བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་དང་། ཁམས་གསུམ་པ་ཐམས་ཅད་ནི་ནམ་མཁའི་ཁམས་ལ་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ། བཅོམ་ལྡན་

འདས་ནམ་མཁའ་གང་ན་གནས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། གང་ན་ཡང་མ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ནས་དབྱངས་འདི་དག་བརྗོད་དོ། །ཨེ་མའོ་
རྡོ་རྗེ་ཨེ་རྡོ་རྗེ། །ཨེ་མའོ་རྡོ་རྗེའི་བསྟན་པ་ནི། །གང་དུ་ལུས་དང་ངག་སེམས་མེད། །དེ་རུ་སྐུ་ནི་རྣམ་སྒོམ་པ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེ་གསུམ་མཆོག་མཆོག་ཆེན་མཆོག །རྡོ་རྗེ་གསུམ་མཆོག་དབང་
ཕྱུག་གིས། །དངོས་གྲུབ་དག་ནི་ཐམས་ཅད་ཀྱི། །རིག་པའི་སྐྱེས་བུ་བསྒོམ་པ་གསུངས། །མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །སྐུ་ཡི་རྡོ་རྗེ་རབ་བསྒོམས་ནས། །སྤྱི་བོར་རྡོ་རྗེ་རབ་ཏུ་བསྒོམ། །
ཞལ་གསུམ་སྐུ་གསུམ་ཡང་དག་བྱུང་། །རྣམ་པར་འཕྲོ་བ་བསམ་པར་བྱ། །རྡོ་རྗེ་འཁོར་ལོ་འཛིན་བསམས་ན། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཐམས་ཅད་རིགས་ཀྱི་བྱེ་བྲག་གིས། །གསང་བ་འདི་ནི་རྣམ་པར་བསམ། །གཞན་དུ་རྣམ་པར་བསྒོམ་པ་
ནི། །དེ་དག་དངོས་གྲུབ་མཆོག་མི་འགྱུར། །བཅོམ་ལྡན་འདས་རིག་པའི་སྐྱེས་བུ་རྡོ་རྗེ་གསང་བས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཁམས་གསུམ་ལས་བྱུང་རྒྱལ་མོ་ཆེ། །མཉེས་པར་བྱེད་པ་རྣམ་པར་བསམ། །འདི་ལྟས་མཉེས་འགྱུར་ཁྱུ་མཆོག་ནི། །རྡོ་རྗེ་སྐུ་གསུམ་མཚན་
པ་རྣམས། །གང་ཞིག་ལ་ལ་འདི་སྒོམ་པའི། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །འོད་ཆེན་པོས་ནི་ཞག་བདུན་གྱིས། །སྐུ་གསུམ་དངོས་གྲུབ་ཐོབ་པར་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྐུ་གསུང་
ཐུགས་རྡོ་རྗེ་བསྡུས་པའི་གསང་བ་གསང་ཆེན་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །ཕྱག་རྒྱ་ཆེན་པོའི་དོན་རྟོགས་པ། །ཀུན་མཚན་ཉིད་ཀྱིས་ཆོ་ག་བཞིན། །བསྒོམས་ན་སངས་རྒྱས་ཉིད་ཐོབ་འགྱུར། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་བདག་པོས་ཡང་སྒྲུབ་པོ་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་གསང་ཆེན་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །གལ་ཏེ་བྱང་ཆུབ་མཆོག་འདོད་ན། །ལག་པའི་ཕྱག་རྒྱ་མི་བཅིང་ངོ་། །སྔགས་རྣམས་ཀུན་གྱི་དམ་ཚིག་འདི། །རྒྱལ་བ་རྣམས་ཀྱང་མི་འདའོ། །དེ་ནས་
ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཤང་གཅི་ཁུ་བ་ཁྲག་རྣམས་ནི། །སྨད་པ་ཉིད་དུ་ཡོང་མི་བྱ། །ཆོ་ག་བཞིན་དུ་རྟག་ཏུ་བཟའ། །གསང་འདི་རྡོ་རྗེ་གསུམ་བྱུང་ཡིན། །
དེ་ནས་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གསུང་རྡོ་རྗེའི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཁམས་གསུམ་ལམ་ནི་ཉམས་དགའ་བར། །བུད་མེད་ཇི་སྙེད་ཡོད་པ་རྣམས། །ཐམས་ཅད་ཆོ་ག་བཞིན་དུ་སྤྱད། །གསུང་གི་རྡོ་
རྗེ་མི་སྨད་དོ། །དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཐུགས་ཀྱི་རྡོ་རྗེའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རྡོ་རྗེ་སྐུ་གསུམ་ལ་གནས་པའི། །དམ་ཚིག་ཇི་སྙེད་ཡོད་པ་ཀུན། །རྡོ་རྗེ་གསུམ་གྱི་དམ་ཚིག་གིས། །མགུ་བྱ་ཐུགས་
རྡོ་རྗེ་མི་སྨད། །བཅོམ་ལྡན་འདས་རྡོ་རྗེ་གསུམ་གྱི་དམ་ཚིག་ཆེན་པོ་ཅེས་བཀའ་སྩལ་ཏོ། །དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །མདོར་ན་ཕུང་
པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །རྡོ་རྗེའི་སྐྱེ་མཆེད་རྣམས་ཉིད་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཁམས་གསུམ་བསགས་པའི་རྡོ་རྗེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་
ངོ་། །ས་ནི་སྤྱན་ཞེས་བྱ་བ་ཡིན། །ཆུའི་ཁམས་མཱ་མ་ཀཱི་ཞེས་བྱ། །དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་བསྒྲགས། །མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི། །དེ་ཉིད་རྡོ་རྗེ་འཛིན་པ་ཡིན། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ཀྱི་དབང་ཕྱུག་

རྡོ་རྗེ་སེམས་དཔའ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་
པར་ཞུགས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་ཆེན་གསང་བ་འདུས་པར་མངོན་པར་དབང་བསྐུར་བའི་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བགྱི། དེ་བཞིན་གཤེགས་པ་ཐམས་
ཅད་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་དུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་སློབ་དཔོན་འདི་ནི་གཉིས་སུ་མེད་ཅིང་
གཉིས་སུ་དབྱེར་མེད་དོ། །རིགས་ཀྱི་བུ་ཇི་སྙེད་མདོར་བསྡུས་ཏེ་བསྟན་ན་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་རྣམས་བཞུགས་པ་དང་འཚོ་བ་དང་སྐྱོང་བ་དེ་རྣམས་ཐམས་ཅད་ཀྱང་དུས་གསུམ་དུ་བྱོན་ནས། རྡོ་རྗེ་སློབ་དཔོན་དེ་ལ་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྣམས་ཀྱིས། ཡང་དག་པར་མཆོད་ནས་རང་གི་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། ངག་རྡོ་རྗེའི་ཡི་གེའི་ཚིག་འདི་སྐད་དུ་ཡང་འབྱིན་ཏོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །བདག་ཅག་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་མའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའོ། །ཞེས་བྱ་བའི་བར་དུའོ། །འདི་ལྟ་སྟེ་གཞན་ཡང་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན། ཇི་སྙེད་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་

དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་། སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པ་བསྐྱེད་པ་
གནས་པར་གྱུར་པ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་བར་དུའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་ཡིད་འཇིགས་ཤིང་སྐྲག་ནས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་རིན་
ཆེན་ཏོག་དང་། དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་རྡོ་རྗེ་འཛིན་པ་དངོས་གྲུབ་ཀྱི་དམ་ཚིག་ཐམས་ཅད་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་
ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཐམས་ཅད་ཉོན་ཅིག །གང་ཡང་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དུས་གསུམ་གྱི་རྡོ་རྗེ་ཡེ་ཤེས་ཡང་དག་པར་བྱུང་བ་དེ་རྣམས་ཀྱང་བྱོན་ནས་གསང་བ་འདུས་པའི་སློབ་དཔོན་
ལ་མཆོད་པ་བྱེད་ཅིང་ཕྱག་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས་གང་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་
པ། སྐུ་གསུམ་གསང་བའི་སྐུ་གསུང་ཐུགས་ནི་རྡོ་རྗེ་སློབ་དཔོན་གྱི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་གནས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། ལུས་དང་ངག་དང་སེམས་རྡོ་རྗེ་གང་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ།

གང་ལ་ཡང་མི་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ངོ་མཚར་དུ་གྱུར་རྨད་དུ་བྱུང་བར་གྱུར་ནས་ཅང་མི་སྨྲ་བར་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལས་བཞེངས་ནས། དེ་
བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་
ཆེན་པོ་ཉོན་ཅིག །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོ་བཤད་དུ་གསོལ། བདེ་བར་གཤེགས་པ་
བཤད་དུ་གསོལ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་བསམ། །གྲུ་བཞི་ལྷམ་པ་རབ་ཏུ་མཛེས། །སངས་རྒྱས་དཀྱིལ་འཁོར་སྦྱོར་བ་ཡིས། །བསམ་གཏན་རྡོ་རྗེ་རབ་བསྐུལ་བྱ། །རྡོ་རྗེ་དཀྱིལ་འཁོར་བསམ་གཏན་གྱིས། །འཁོར་ལོ་ཅན་ཀུན་གདན་དུ་བྱ། །མཆོད་
པ་ཆོ་ག་དེ་ཉིད་ཀྱིས། །བློ་དང་ལྡན་པས་རྟག་ཏུ་བྱ། །སློབ་དཔོན་སྙིང་གར་རབ་བསྒོམས་ནས། །དབང་བསྐུར་བ་ནི་ཡང་དག་སྤྱད། །མཁའ་དབྱིངས་སངས་རྒྱས་ཐམས་ཅད་ཀྱིས། །ཡོངས་སུ་གང་བར་རྣམ་བསྒོམས་ལ། །ཐམས་ཅད་དབང་བསྐུར་གནས་གསུམ་གྱིས། །ཆོ་ག་
བཞིན་དུ་དབབ་པར་བྱ། །འདི་ཡིས་སེམས་ཅན་ཐམས་ཅད་ལ། །ཕན་བཞེད་བྱང་ཆུབ་ཐོབ་འགྱུར་ཞིང་། །དངོས་གྲུབ་ཐམས་ཅད་རྨད་བྱུང་ཆེ། །སྐུ་གསུང་ཐུགས་ནི་འགྲུབ་པར་འགྱུར། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དམ་ཚིག་གི་རྡོ་རྗེ་ཞེས་བྱ་བ་བསམ་གཏན་
གྱི་དཀྱིལ་འཁོར་རོ། །དེ་ནས་སླར་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཐམས་ཅད་དེ་བཞིན་གཤེགས་པའི་རྡོ་རྗེའི་སྦྱོར་བ་ཞེས་བྱ་བ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཧཱུྃ་ཧྲཱིཿཁྃ། ཤ་རུས་ལ་སོགས་དཀྱིལ་འཁོར་

ནི། །ནམ་མཁའི་དབྱིངས་ཀྱི་དབུས་གནས་བསམ། །སྐུ་དང་གསུང་ཐུགས་གསུམ་སྙིང་པོ། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །དྲག་པོ་མི་སྡུག་ཀུན་དུ་ཁྲོས། །ཨུཏྤལ་སྔོན་པོའི་ཁ་དོག་འདྲ། །ཕྱག་བཞི་པ་ནི་ཆོ་ག་ཡིས། ཕྱག་ན་ཐོད་པ་བསྣམས་པར་བསྒོམ། །ལྔ་ཡི་འོད་
ཟེར་རབ་གསལ་བའི། །རང་ལྕེ་བརྟུལ་ཞུགས་ཅན་གྱིས་བསྒོམ། །བསམ་གཏན་རྡོ་རྗེའི་སྦྱོར་བ་ཡིས། །ཁྲག་དྲང་བ་ཡི་མཆོག་ཡིན་ནོ། །རྩེ་གསུམ་རྡོ་རྗེ་དམ་ཚིག་དང་། །ཕུར་བུ་དྲག་པོ་མཆོག་དག་གིས། །སངས་རྒྱས་ཉིད་ཀྱི་སྐུ་དག་ཀྱང་། །རྡོ་རྗེའི་སྦྱོར་བས་
གཟིར་བར་བྱ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སླར་ཡང་རྡོ་རྗེ་ཁ་ཟས་ཀྱི་དམ་ཚིག་གིས་བྱ་བ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཟའ་བའམ་བཏུང་བ་གང་ཅུང་ཟད། །བརྟུལ་ཞུགས་ཅན་གྱིས་གང་ཟ་བ། །བཤང་གཅི་ཤ་ཡི་སྦྱོར་བ་
ཡིས། །ཆོ་ག་བཞིན་དུ་ཡོངས་སུ་བརྟག །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་མཆོད་པའི་མཆོག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཉེར་སྤྱོད་ལྔ་ཡི་མཆོད་མཆོག་
གིས། །མཆོད་བྱ་དེ་དག་ཀྱང་མཆོད་བྱ། །འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་མཆོད་པ་གསང་བ་ཉིད་ཀྱི་སྐུ་
གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །རང་གི་ཁུ་བ་སོགས་བཟུང་བས། །ཆོ་ག་བཞིན་དུ་ཀུན་མཆོད་བྱ། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྡོམ་པ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སེམས་ཅན་ཁམས་རྣམས་མཐའ་ཡས་ཀྱི། །མ་རྣམས་དམ་ཚིག་འཛིན་པ་ནི། །དམ་ཚིག་གསུམ་གྱི་རྡོ་རྗེས་སྤྱད། །སྡོམ་པ་འདི་ནི་རྨད་བྱུང་ཆེ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཐམས་ཅད་སྒྲུབ་པའི་སྡོམ་པའི་རྡོ་རྗེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ལུས་དང་ངག་སེམས་ལོངས་སྤྱོད་རྫོགས། །གསང་བ་གསུམ་གནས་རྡོ་རྗེ་སྐྱེས། །བཟང་པོ་བདག་གིས་བསྒྲུབ་པར་བྱ། །མིན་ན་ཐམས་ཅད་
འཇིག་པར་འགྱུར། །དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཐམས་ཅད་སྒྲུབ་པའི་རྡོ་རྗེ་སེམས་དཔའི་སྡོམ་པ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །མཐོ་གང་ཙམ་གྱིས་དཔགས་པར་ནི། །མགོ་བོར་དཀྱིལ་འཁོར་བརྟག་པར་བྱ། །ཨོཾ་ཡིག་
དབུས་སུ་གནས་བསམས་ནས། །བདུད་རྩི་ལྔ་བོ་དབབ་པར་བྱ། །རྡོ་རྗེ་སྦྱོར་བ་འདི་ཡིས་ནི། །སྐད་ཅིག་གིས་ནི་གཟི་ཅན་འགྱུར། །ལུས་དང་ངག་སེམས་བདེར་གནས་པར། །འགྱུར་བར་འདིར་ནི་ཐེ་ཚོམ་མེད། །དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
བདག་པོས་སྔགས་ཐམས་ཅད་འཛིན་པའི་ལུས་དང་ངག་དང་སེམས་ཀྱི་གསང་བ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །མཆོད་རྟེན་དག་གི་ལས་མི་བྱ། །གླེགས་བམ་བཀླག་པའང་མི་བྱ་ཞིང་། །དཀྱིལ་འཁོར་དག་ཀྱང་ཡོང་མི་བྱ། །རྡོ་རྗེ་མཆོག་གསུམ་ཕྱག་མི་བྱ། །དེ་ནས་
ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དུག་ཐམས་ཅད་བསལ་བ་གནོན་པ་འདྲེན་པའི་གསང་བ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ། འོད་ཟེར་དཀར་འབར་ཕྲེང་བ་ཅན། །འཁོར་ལོའི་དབུས་སུ་ཆུད་པར་བཞག །འོད་ཟེར་སེར་པོ་འཁྲིགས་
པ་ཡིས། །སེར་པོ་ལྟ་བུར་བསྒོམ་པར་བྱ། །རྡོ་རྗེ་གསུམ་འོད་དམ་ཚིག་གིས། །ས་བོན་འདི་ནི་གསང་གསུམ་བྱུང་། །དེ་ནས་སླར་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ལུས་དང་ངག་དང་སེམས་སྲུང་བའི་འཁོར་ལོའི་སྔགས་རྡོ་རྗེ་དང་ལྡན་པ་ཉིད་ཀྱི་
སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ་ཧཱུྃ་ཕཊ། གྲོ་ག་སོགས་ལ་འཁོར་ལོ་ནི། །ལས་ཀྱི་རྡོ་རྗེ་ལ་གནས་པར། །ཧཱུྃ་ཡིག་དབུས་སུ་བཞག་ནས་སུ། །མིང་ནི་དབུས་སུ་བྲི་བར་བྱ། །སྔགས་ཀྱི་ཡི་གེའི་ཚིག་རྣམས་

ཀྱིས། །ཡང་དག་བརྒྱན་ཏེ་རྟག་ཏུ་བཞག །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །གསང་བ་གསུམ་གྱི་གནས་བསྡུས་པའོ། །དེ་ནས་སླར་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཨཉྫ་ནའི་གནས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ལམ་གྱི་བཞི་
མདོའམ་ཤིང་གཅིག་དྲུང་། །མ་མོའི་གནས་སམ་ཞི་གནས་སུ། །དེ་རུ་རྡོ་རྗེ་ཨཉྫ་ན། །ཐོད་པར་རྟག་ཏུ་དབབ་པར་བྱ། །མར་ཁུ་ཆེན་པོ་དང་། ཁྲག་དང་བཤང་བ་དང་པདྨའི་སྐུད་པ་དང་། ཨརྒའི་སྐུད་པས་མེ་མར་གྱི་སྙིང་པོ་བྱས་ལ་མར་ངོའི་བཅུ་བཞིའི་ནམ་ཕྱེད་ན། རྡོ་རྗེ་ཨཉྫ་ན་མཁས་
པས་དབབ་པར་བྱའོ། །སྔགས་དེ་ཉིད་ལན་བརྒྱ་རྩ་བརྒྱད་བཏབ་ན་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀུན་དུ་བཟང་པོས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་བའི་ཡི་གེ་དུ་རྟོགས་པ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དམ་ཚིག་གིས་སྤྱོད་པའི་རྡོ་རྗེ་འདི་ལ་དད་ཅིང་བསྒོམ་པར་འགྱུར། དེ་ནས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གསང་བའི་ཡི་གེ་གསུམ་རྟོགས་པ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་བྱང་ཆུབ་ཀྱི་སྤྱོད་པའི་རྡོ་རྗེ་གང་ཡིན་པ་འདི་ལ་དད་ཅིང་བསྒོམ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་པ། གསུམ་པོ་གང་ཞིག་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་
རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་སྟེ་གསུམ་པོ་འདི་དག་གོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་གཉིས་ལ་ཕྱག་འཚལ་ནས་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྔོན་བྱུང་བ་ན་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་
རབ་དང་མཉམ་པའི་བསྐལ་པ་འདས་ནས། གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱང་འདས་ནས། ཐུབ་པ་ཆེན་པོ་འོད་སྲུང་མངོན་པར་རྫོགས་པར་སངས་རྒྱས་པའི་བར་གྱིས་ཀྱང་མ་གསུངས་སོ། །དེ་རྒྱུ་ཅིའི་ཕྱིར་ཞེ་ན། བཅོམ་
ལྡན་འདས་གསང་བ་ཆེན་པོའི་གནས་ཀྱི་དོན་མ་བཤད་པ་ནི་དེའི་ཚེ་དེའི་དུས་ན་སེམས་ཅན་རྣམས་ལ་སྐལ་བ་མེད་པའི་ཕྱིར་རོ། །འོན་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གསང་བ་འདུས་པ་འདི་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིད་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ། །གང་ཞིག་
གངྒཱའི་ཀླུང་གི་བྱེ་མ་དཔག་ཏུ་མེད་པ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་བཙལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་དེ་གསང་བ་འདུས་པ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ། །
དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་གསུང་རྡོ་རྗེའི་ཡི་གེའི་ཚིག་འདི་ཐོས་ནས་རབ་ཏུ་ངུས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་ཁྱེད་རྣམས་མ་ངུ་ཤིག །སྡུག་བསྔལ་གསུམ་མ་
སྐྱེད་ཅིག །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཇི་ལྟར་མི་ངུ་བར་བགྱི། ཇི་ལྟར་སྡུག་བསྔལ་གསུམ་མི་བསྐྱེད་པར་བགྱི། དེ་རྒྱུ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་
འདས་གསང་བ་གསུམ་གྱི་ཡི་གེའི་སྐལ་བ་མ་མཆིས་ཏེ། ཐ་ན་མིང་ཐོས་པའི་སྐལ་བ་ཡང་མ་མཆིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག །ཡི་གེ་ནི་ཐུན་མོང་བ་སྟེ། རིགས་ཀྱི་བུ་ཇི་ལྟར་ཁྱེད་རྣམས་ཀྱིས་མི་ཤེས་པ་དང་མ་ཐོས་

པ་དེ་བཞིན་དུ། ངེད་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་རིགས་ཀྱི་བུ་གང་གསང་བ་གསུམ་གྱི་ཡི་གེ་འདི་དག་ཡང་དག་པར་མ་ཐོབ་ཅིང་མངོན་པར་རྫོགས་པར་སངས་མ་རྒྱས་སོ། །དེ་རྒྱུ་ཅིའི་ཕྱིར་ཞེ་ན། གསང་བ་གསུམ་གྱི་ཡི་གེ་རྣམ་པར་
དག་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཅང་མི་སྨྲ་བར་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ། །དེ་
ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བཙུན་མོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་དགའ་བས་བསྟོད་པ། སེམས་ཅན་ཁམས་ནི་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཅན་འདོད་པས་
བདག་ལ་བསྐྱབ་ཏུ་གསོལ། །མགོན་པོས་གལ་ཏེ་དེ་རིང་བདག་ནི་གསན་པར་མཆིས་བཞེད་ན། །སེམས་ཅན་ཡབ་གཉེན་མཆོག་ཆེན་བདག་ལ་དགྱེས་པར་མཛད་དུ་གསོལ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བཙུན་མོ་མཱ་མ་ཀཱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ལ་རྡོ་རྗེ་འདོད་པ་དགའ་བ་མཆོད་པའི་མཆོག་གི་ཡི་གེའི་ཚིག་འདིས་ཡང་དག་པར་བསྟོད་པ། རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་མང་པོར་ཕན། །སངས་རྒྱས་རྣམས་དོན་བྱང་ཆུབ་མཆོག་དོན་ཕན་པ་རྗེས་སྟོན་པ། །མགོན་པོས་གལ་ཏེ་དེ་རིང་
བདག་ནི་གསོན་པར་མཆིས་བཞེད་ན། །ཆགས་པས་འདོད་ཆགས་དམ་ཚིག་བདག་ལ་དགྱེས་པར་མཛད་དུ་གསོལ། །དེ་ནས་འཇིག་རྟེན་དབང་ཕྱུག་གི་བཙུན་མོ་སྐུ་གསུང་ཐུགས་རྡོ་རྗེའི་སྤྱན་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ལ་འདོད་པ་ཉེ་བར་
ལོངས་སྤྱོད་པའི་དམ་ཚིག་གིས་ཡང་དག་པར་བསྟོད་པ། ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་ནི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །རབ་དགའི་སྤྱོད་པ་ཀུན་དུ་བཟང་པོས་

བདག་ལ་དགྱེས་པར་མཛོད། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དམ་ཚིག་རྡོ་རྗེའི་བཙུན་མོའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ལ་བདེ་བ་དང་ཡིད་བདེ་བའི་དགའ་བ་འདིས་བསྟོད་དོ། །ཁྱོད་ནི་རྡོ་རྗེ་འདོད་
པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་རྗེས་སུ་ཐུགས་བརྩེ་བ། །མགོན་པོས་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་དམ་པའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་
རྗེ་དེ་བཞིན་གཤེགས་པ་འདོད་པ་ཐམས་ཅད་ཉེ་བར་ལོངས་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་དེ་དག་ལ་དམ་ཚི