Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 081_རྒྱུད་འབུམ།_ཅ

Văn bản gốc(Tây Tạng)

Trang 8 / 19 (50.000 ký tự/trang)
ི། །ཚད་ནི་རྩེ་མོ་ལྔ་པ་སྟེ། །
རྡོ་རྗེ་ཕུར་བུར་བྱས་བསྒོམ་ལ། །སྙིང་གར་དེ་ཡིས་འདི་རབ་བསྒོམ། །སངས་རྒྱས་དཔུང་ནི་ཁྲོས་པ་ཡང་། །འཇིག་པར་འགྱུར་འདིར་གདོན་མི་ཟ། །དགྲ་རྨོངས་པ་གནོན་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གྲོང་ཁྱེར་རམ་ནི་ཡང་ན་གྲོང་། །ལྗོངས་སུ་ཡང་
ནི་རབ་སྦྱར་བྱ། །ནད་ཀུན་སྤོང་བའི་ཞི་བ་ཡང་། །འདིས་ནི་རྟག་ཏུ་སྦྱར་བར་བྱ། །བར་སྣང་ལ་གནས་རྡོ་རྗེ་ནི། །རྩེ་མོ་ལྔ་པ་རྣམ་པར་བསྒོམ། །བསྐལ་པ་སྲེག་པ་ལྟར་བསམས་ལ། །སླར་ཡང་རབ་ཏུ་བསྡུ་བར་བྱ། །སྤྲོ་བ་དག་ཀྱང་སླར་བྱའོ། །རིན་ཆེན་ཡིད་བཞིན་ནོར་
བུའི་འོད། །ཆོས་ཀྱི་སྤྲིན་ནི་བསྒོམས་ནས་ཀྱང་། །དབང་བསྐུར་བ་ནི་ཡང་དག་བྱ། །རྡོ་རྗེའི་བསམ་གཏན་འདི་ཡིས་ནི། །དགང་དཀའ་བ་ཡང་རབ་ཏུ་འགེངས། །སྦྱིན་པའི་རྡོ་རྗེ་རབ་སྣང་བྱེད། །ཡིད་བཞིན་ནོར་བུ་དཔལ་ལྡན་འགྱུར། །དེར་ནི་སངས་རྒྱས་ཆོས་ཆེན་དང་། །རྡོ་རྗེ་
སེམས་དཔའི་སྤྲིན་སྤྲོ་བྱ། །བསྐལ་པ་གྲངས་མེད་གསུམ་ཡང་གནས། །སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སྐྱོན་མེད་སྐུ་ཡི་གསང་བའོ། །ནད་ཐམས་ཅད་མེད་པར་བྱེད་པ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བསམ་གཏན་
ལས་བྱུང་དམ་བཅས་པ། །གནས་གང་དུ་ནི་བརྩམ་པར་བྱ། །འདི་ཡིས་བསམ་གཏན་སྦྱོར་བ་ཡིས། །གནས་ན་སངས་རྒྱས་བྱིན་གྱིས་རློབ། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །རྡོ་རྗེ་ཕུར་བུར་རབ་བསྒོམས་ལ། །ཕྱོགས་བཅུའི་དཀྱིལ་འཁོར་མཆོག་རྣམས་ལ། །མེ་སྟག་འབར་
བ་འདྲ་བས་གདབ། །ཅེས་ཀྱང་གསུངས་སོ། །འགྲོ་བ་འདུལ་བ་ཞི་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པའི། །ཞི་བའི་དཀྱིལ་འཁོར་དམ་པ་བསམ། །རྣམ་པར་སྣང་མཛད་གཟུགས་བསམས་ནས། །རང་གི་ཐུགས་ཀར་དོན་གཉེར་

བཞག །མཁའ་དབྱིངས་སྤྱན་གྱི་མཆོག་རྣམས་ཀྱིས། །ཡོངས་སུ་གང་བར་རྣམ་པར་བསྒོམ། །བསྡུས་ནས་འོད་ཀྱི་གོང་བུ་ཡིས། །ནད་པ་ལ་ནི་ཕབ་ནས་སུ། །སྤུ་ཁུང་རྩེ་བར་ནས་སངས་རྒྱས། །སྤྲིན་རྣམས་བརྟུལ་ཞུགས་ཅན་གྱིས་སྤྲོ། །སངས་རྒྱས་སྤྲིན་རྣམས་དེ་ཡི་ཚེ། །
དེ་ལ་དབང་བསྐུར་རབ་ཏུ་སྩོལ། །དམ་ཚིག་རྡོ་རྗེ་ནད་པ་ཡིས། །སྐད་ཅིག་གིས་ནི་དཔལ་ལྡན་འགྱུར། །སངས་རྒྱས་ཀྱི་དམ་ཚིག་གི་སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་རྡོ་རྗེའི་དབུས་གནས་པར། །དབང་ཆེན་དཀྱིལ་འཁོར་དམ་པ་བསམ། །ཆོས་འཛིན་
པ་ཡི་གཟུགས་བསམ་མོ། །ཐུགས་ཀར་དོན་གཉེར་གཞག་པར་བྱ། །མཁའ་དབྱིངས་གནས་ནི་ཉམས་དགའ་བར། །དཀར་མོ་ཞེས་བྱས་རབ་ཏུ་དགང་། །ཡིད་བཞིན་ནོར་བུ་རིན་ཆེན་འོད། །འོད་ཀྱི་གོང་བུ་བསྡུ་བར་བྱ། །འདི་དག་འདོད་པའི་ལུས་དང་ངག །
སེམས་ཀྱི་གནས་ལ་དབབ་པར་བྱ། །སྤུ་ཁུང་རྩེ་བར་ནས་རིན་ཆེན། །སྤྲིན་རྣམས་བརྟུལ་ཞུགས་ཅན་གྱིས་སྤྲོ། །ཆོས་ཀྱི་སྤྲིན་ནི་བསྒོམ་བྱ་ཞིང་། །དབང་བསྐུར་བ་ནི་ཡང་དག་བྱ། །རྡོ་རྗེ་བསམ་གཏན་འདི་ཡིས་ནི། །དགང་དཀའ་བ་ཡང་རབ་ཏུ་འགེངས། །དེ་ནི་
ཡིད་བཞིན་ནོར་དཔལ་ལྡན། །སྦྱིན་པའི་རྡོ་རྗེ་རབ་སྣང་བའོ། །ཆོས་ཀྱི་སྤྲིན་གྱི་དམ་ཚིག་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པའི། །རྡོ་རྗེ་ཟླ་གམ་དཀྱིལ་འཁོར་བསམ། །རྡོ་རྗེ་ནམ་མཁའ་ཆོས་མདུན་གཟུགས། །ཐུགས་ཀར་
འདོད་པ་གཞག་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །ནམ་མཁའི་དཀྱིལ་འཁོར་ཡོངས་སུ་གང་། །འོད་ཟེར་ལྔ་ཡི་སྦྱོར་བ་ཡིས། །གཟི་བརྗིད་དེ་ལ་དབབ་པར་བྱ། །དེ་ནི་དེ་མ་ཐག་ཉིད་དུ། །སངས་རྒྱས་ཀུན་གྱི་ཐུགས་སུ་བྱོན། །འཇམ་དཔལ་
དང་ནི་མཉམ་ཞིང་གསལ། །གནས་ལས་བྱེད་པར་དེར་འགྱུར་རོ། །དགྱེས་པའི་བདག་ཉིད་ཅན་དབང་བསྐུར། །དགའ་སྟོན་ཆེན་པོ་སྩོལ་བར་མཛད། །མཐོང་བ་ཉིད་ཀྱིས་བྱུང་བ་ཡི། །འགྲོ་བ་ཐམས་ཅད་དབང་དུ་འགྱུར། །རིན་པོ་ཆེའི་དམ་ཚིག་གི་སྤྲིན་བཀོད་

པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེར་སྲིན་པོ་ནི། །དྲག་ཅིང་ཁྲོ་ལ་རབ་གཏུམ་དང་། །ཝ་དང་སྣ་ཚོགས་བྱ་རོག་དང་། །བྱ་རྒོད་ཁྱི་ཡིས་གང་བར་བསྒོམ། །མེ་ཡི་དཀྱིལ་འཁོར་ལ་གནས་པའི། །དགྲ་བོ་རྣམས་ནི་རྟག་པར་བསྒོམ། །
སངས་རྒྱས་ཀུན་ལ་གནོད་བྱེད་པ། །བསམས་ནས་རྣལ་འབྱོར་སྦྱར་བར་བྱ། །རྒྱུ་མ་རུས་བཅུད་ཁྲག་ལ་སོགས། །ཀུན་གྱིས་དྲངས་པར་རྣམ་པར་བསྒོམ། །མཚོན་ཆ་སྣ་ཚོགས་ཐོགས་པས་མནན། །བསྒོམས་ན་དགྲ་རྣམས་འཆི་བར་འགྱུར། །སངས་རྒྱས་རྡོ་རྗེ་འཛིན་
པས་ཀྱང་། །གལ་ཏེ་འདི་ལྟར་རབ་བསྒོམས་ན། །ཟླ་ཕྱེད་ནང་དུ་རྫོགས་པ་ལ། །འཆི་བར་འགྱུར་འདིར་གདོན་མི་ཟ། །རྡོ་རྗེ་སྤྲིན་དམ་ཚིག་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྣམ་པར་སྣང་མཛད་ཞལ་གསུམ་པ། །སྟོན་ཀའི་ཆུ་སྒོང་མདོག་འདྲ་བསམ། །
དཀར་པོ་ནག་པོ་རབ་ཏུ་དམར། །ཐོར་ཚུགས་དབུ་རྒྱན་དག་གིས་བརྒྱན། །རྡོ་རྗེ་ཅན་ནི་ཞལ་གསུམ་བསམ། །ནག་པོ་དཀར་པོ་དམར་པོའི་ཞལ། །འབར་བའི་ཐོར་ཚུགས་དབུ་རྒྱན་ཅན། །འཇིག་རྟེན་ཁམས་རྣམས་འཁྲུག་བྱེད་པའོ། །འདོད་ཆགས་ཅན་ནི་ཞལ་གསུམ་བསམ། །
དམར་པོ་ནག་པོ་དཀར་བོའི་ཞལ། །ཐོར་ཚུགས་དབུ་རྒྱན་ལོངས་སྤྱོད་ཅན། །བསྒོམས་ན་ངེས་པར་འགྲུབ་པར་འགྱུར། །འཁོར་ལོ་རྡོ་རྗེ་པདྨོ་ཆེ། །གཡས་པའི་ཕྱག་ཏུ་རྣམ་པར་བསྒོམ། །རྡོ་རྗེ་ཕྱག་དྲུག་བཟང་པོ་ནི། །མཚོན་ཆ་སྣ་ཚོགས་བསྣམས་པར་བསྒོམ། །སེམས་
ཅན་ཀུན་ལ་ཕན་བཞེད་མ། །སྤྱན་མ་ཞལ་གསུམ་དག་ཏུ་བསམ། །དཀར་པོ་ནག་པོ་དམར་པོ་ཆེ། །མཛེས་པའི་གཟུགས་སུ་རབ་ཏུ་བསྒོམ། །མཁའ་སྐྱེས་སྤྱན་ནི་རྒྱལ་མོ་ཆེ། །དྲི་མ་མེད་ཅིང་ཞལ་གསུམ་པ། །གནག་དང་དམར་དང་དཀར་བའི་ཚུལ། །མཛེས་པའི་
གཟུགས་སུ་རྟག་ཏུ་བསྒོམ། །གསུང་རྡོ་རྗེ་སྤྱན་རྒྱལ་མོ་ཆེ། །དམར་གནག་དཀར་པོའི་རྣམ་པ་ཡི། །ཞལ་གསུམ་པ་ནི་མྱུར་དུ་འགྲུབ། །ཁ་དོག་མཛེས་པར་རབ་ཏུ་བསྒོམ། །རིག་མ་རྡོ་རྗེ་ཨུཏྤལ་བསྣམས། །ཞལ་གསུམ་རབ་ཏུ་གསལ་བའི་མདངས། །སེར་གནག་

དཀར་བའི་རྣམ་པ་ནི། །བསྒོམས་ན་ཡེ་ཤེས་ཐོབ་པར་འགྱུར། །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །ཞལ་གསུམ་དྲག་པོའི་འོད་བཟང་བ། །རྣོན་པོ་འཇིགས་པའང་འཇིགས་པར་བྱེད། །ཁ་དོག་ནག་པོ་རབ་ཏུ་བསྒོམ། །གཞན་གྱིས་མི་ཐུབ་ཁྲོ་བོ་ཆེ། །དྲག་ཏུ་བཞད་པའི་སྒྲ་
འབྱིན་པ། །ཞལ་གསུམ་འོད་ཟེར་མང་པོ་དག །རབ་ཏུ་འཕྲོ་བར་རྣམ་པར་བསམ། །ཁྲོ་བོ་ཆེན་པོ་རྟ་མགྲིན་ནི། །བསྐལ་པའི་མེ་བཞིན་རབ་ཏུ་འབར། །ཞལ་གསུམ་གདུག་པ་ཞབས་ཀྱིས་མནན། །སྦྱོར་བ་ཅན་གྱིས་རྟག་ཏུ་བསྒོམ། །རྡོ་རྗེ་བདུད་རྩི་ཁྲོ་བོ་ཆེ། །
འོད་ཟེར་འཕྲོ་བ་རབ་ཏུ་འཁྲུག །དྲག་པོ་རྡོ་རྗེ་འབར་བ་འདྲ། །འཇིགས་པ་དག་ཀྱང་འཇིགས་པར་བྱེད། །འདོད་པའི་ཡེ་ཤེས་ཁྲོ་བོ་ཆེ། །ཞལ་གསུམ་པ་ནི་འཇིགས་པར་བྱེད། །ཕྱག་བཞི་འཇིགས་པར་བྱེད་པའི་མཆོག །ཊཀྐིའི་རྒྱལ་པོ་རབ་ཏུ་བསྒོམ། །སྟོབས་
པོ་ཆེ་ནི་རྡོ་རྗེ་ཆེ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །གདུག་པ་ཐམས་ཅད་འཇོམས་པར་བྱེད། །ཞལ་གསུམ་པ་ནི་རྟག་ཏུ་བསྒོམ། །ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན། །ཁམས་གསུམ་དག་ནི་འཇིགས་པར་བྱེད། །ཞལ་གསུམ་རྡོ་རྗེ་ལས་བྱུང་བ། །འབར་བ་རྣོན་པོ་ཅན་
དུ་བསྒོམ། །རྡོ་རྗེ་མི་གཡོ་ཁྲོ་བོ་ཆེ། །རྡོ་རྗེ་ལས་བྱུང་ཟུར་གྱིས་བལྟ། །ཞི་བ་རལ་གྲི་ཞགས་པ་བསྣམས། །བརྟུལ་ཞུགས་ཅན་གྱིས་ཞལ་གསུམ་བསྒོམ། །གཙུག་ཏོར་ཆེན་པོ་ཡི་གེ་གཅིག །འོད་ཟེར་དག་ནི་ཀུན་ཏུ་འཕྲོ། །ཞལ་གསུམ་འབར་བའི་འཁོར་ལོ་
ཅན། །བསམ་གཏན་འོད་བཟང་བསྒོམ་པར་བྱ། །གནོད་མཛེས་ཡེ་ཤེས་མཆོག་འཛིན་པ། །འཇིགས་པའི་རྒྱ་མཚོ་ཡང་དག་བྱེད། །ཞལ་གསུམ་འབར་བའི་འོད་འཕྲོ་སྐུ། །བསམ་གཏན་དཀྱིལ་འཁོར་བསྒོམ་པར་བྱ། །གཟི་བརྗིད་ཕུང་པོ་གཙུག་ཏོར་རྒྱལ། །
གང་གཞན་སྔགས་ཀྱི་འཁོར་ལོ་ཅན། །དམ་ཚིག་ལོངས་སྤྱོད་འདི་རྣམས་ཀྱིས། །སོ་སོ་སོ་སོར་བསྒོམ་པར་བྱ། །སྔགས་རྣམས་ཀྱི་ནི་ཏིང་ངེ་འཛིན། །དཔག་ཏུ་མེད་པ་བཤད་པ་ཡིན། །ཁྲོ་བོ་དག་ནི་རེ་རེ་ཡང་། །ནམ་མཁའི་སྟེང་བས་ཤིན་ཏུ་འཕགས། །ནམ་

མཁའི་དབྱིངས་ཀྱི་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྣམ་པར་སྣང་མཛད་རྣམ་པར་བསམ། །གསལ་ཞིང་ཟླ་བ་བཞིན་ཞི་བ། །འོད་ཟེར་སྣ་ཚོགས་འདྲ་བའི་འོད། །མེ་ལོང་ལྟ་
བུར་ཡང་དག་བྱུང་། །ཁམས་གསུམ་དག་ནི་རྒྱན་གྱུར་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་དག །བསམས་ན་བྱང་ཆུབ་དེ་ཡིས་མཐོང་། །བསམ་གཏན་རྡོ་རྗེ་རབ་བསྒོམ་པ། །དེ་ཡིས་སངས་རྒྱས་ཆེ་བའི་བདག །འཇིག་རྟེན་ཐམས་ཅད་དབང་བྱེད་པ། །ཚེ་འདི་ཉིད་ལ་
ཐོབ་པར་འགྱུར། །རྣམ་པར་སྣང་མཛད་དམ་ཚིག་འབྱུང་བ་མཛེས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་སེམས་དཔའ་རྣམ་པར་བསམ། །
ཁྲོས་པ་གསལ་བའི་ལུས་དང་འདྲ། །འབར་བ་སྣ་ཚོགས་མཉམ་པའི་འོད། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཞི་བའི་ཡེ་ཤེས་གནས་བསྒོམས་ན། །རྡོ་རྗེ་ཉིད་ནི་མྱུར་དུ་འཐོབ། །བསམ་གཏན་རྡོ་རྗེ་རབ་བསྐུལ་བ། །འདིས་ནི་
རྡོ་རྗེའི་བདག་ཉིད་ཆེ། །སེམས་ཅན་ཐམས་ཅད་དབང་བྱེད་པ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །དམ་ཚིག་ཐམས་ཅད་འབྱུང་བ་མཛེས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པ། །ཆོས་ཀྱི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་
གཟུགས་ནི་རབ་བསྒོམས་ལ། །ཆོས་ཀྱི་སེམས་དཔའ་རྣམ་པར་བསྒོམ། །གསལ་བའི་ལུས་འཛིན་ཞི་བ་ནི། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །འོད་ཟེར་སྤྲིན་ནི་འཁོར་ལོ་ཆེ། །རྣམ་པར་འཕྲོ་བ་རབ་ཏུ་བསྒོམ། །འདི་ཡིས་ཆོས་ཀྱི་བདག་ཉིད་ཆེ། །སྐུ་གསུམ་མི་
ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་བརྒྱན་པས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཆོས་ཀྱི་སེམས་དཔའ་འབྱུང་བའི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་

གཟུགས་ནི་རབ་བསྒོམས་ལ། །སྤྱན་མ་མཆོག་ནི་རྣམ་པར་བསྒོམ། །ཞལ་མཛེས་སྤྱན་ནི་རབ་ཏུ་ཡངས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །མཚན་རྣམས་ཐམས་ཅད་རབ་ཏུ་རྫོགས། །བུད་མེད་སྒྱུ་མའི་མཆོག་ལྡན་པ། །ཁམས་གསུམ་དག་ནི་དབང་བྱེད་པ། །ཡེ་ཤེས་
དངོས་གྲུབ་ཐམས་ཅད་བྱེད། །འཁོར་ལོའི་ཡིད་བཞིན་ནོར་བུའི་འོད། །ཕྱག་ཏུ་འཁོར་ལོ་བསྒོམ་པར་བྱ། །སྤྱན་གྱི་དམ་ཚིག་ཕྱག་གི་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་འོད་མཆོག་བསམ། །སངས་
རྒྱས་གཟུགས་ནི་རབ་བསྒོམས་ནས། །ནམ་མཁའ་རྡོ་རྗེ་མཆོག་རབ་བསྒོམ། །ཞལ་བཟང་སྤྱན་ནི་རབ་ཏུ་ཡངས། །ཨུཏྤལ་མཐིང་གའི་མདོག་འདྲ་བ། །མཚན་རྣམས་ཐམས་ཅད་རབ་ཏུ་རྫོགས། །ནམ་མཁའ་དམ་ཚིག་མཆོག་རབ་བསྒོམ། །ཕྱག་ན་ཨུཏྤལ་སྔོ་དམར་
བསྣམས། །ཁམས་གསུམ་དག་གིས་ཕྱག་བྱས་པ། །སངས་རྒྱས་བྱང་ཆུབ་བྱེད་པའི་མཆོག །དངོས་གྲུབ་རྡོ་རྗེ་ཅན་གྱི་གསང་། །ནམ་མཁའ་ཡུམ་རིན་པོ་ཆེའི་འོད་ཀྱི་སྤྲིན་རྡོ་རྗེ་ཚིམ་པར་བྱེད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །
ཆོས་ཀྱི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་ཆོས་མ་རབ་ཏུ་བསྒོམ། །ཞལ་བཟང་སྤྱན་ནི་རབ་ཏུ་ཡངས། །པདྨ་རཱ་གའི་མདོག་འདྲ་བ། །སྒྱུ་མས་མཚན་པའི་མཆོག་ལས་བྱུང་། །འདོད་ཆགས་ཆགས་པ་འཛིན་སྡུག་པ། །མཚན་
ཉིད་ཐམས་ཅད་ཡོངས་རྫོགས་ཤིང་། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །ཕྱག་ན་ཨུཏྤལ་དམར་མཛེས་བསྣམས། །སངས་རྒྱས་ཐམས་ཅད་རབ་བསྒོམས་པ། །ཆོས་ཀྱི་ཡེ་ཤེས་འབྱུང་གནས་མཆོག །དམ་ཚིག་རྡོ་རྗེ་ཅན་གྱི་གསང་། །ཆོས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་
མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །དངོས་གྲུབ་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །སྒྲོལ་མ་མཆོག་ནི་བསྒོམ་པར་བྱ། །ཞལ་བཟང་

སྤྱན་ནི་རབ་ཏུ་ཡངས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །ཁ་དོག་ལྗང་སེར་འདྲ་བའི་འོད། །བུད་མེད་སྒྱུ་མས་རབ་ཏུ་མྱོས། །རྡོ་རྗེ་ཏིང་ངེ་འཛིན་ལས་བྱུང་། །སེམས་ཅན་ཀུན་གྱིས་ཕྱག་བྱས་པ། །ཨུཏྤལ་ལྗང་སེར་དམར་བའི་མདངས། །ཕྱག་ན་
བསྣམས་པ་རབ་ཏུ་བསྒོམ། །དམ་ཚིག་སྒྲོལ་མ་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །གཤིན་རྗེ་གཤེད་མཆོག་རྣམ་པར་བསྒོམ། །འབར་
བའི་འོད་ཟེར་མང་པོ་འཕྲོ། །འཇིགས་པའི་དཀྱིལ་འཁོར་རབ་ཏུ་ཁྲོས། །སྤྱན་དམར་མཆེ་བ་རྣམ་པར་གཙིགས། །ཕྱག་ན་རལ་གྲི་བསྣམས་པར་བསྒོམ། །དབུ་རྒྱན་སྣང་མཛད་བཞུགས་བསྒོམས་ན། །རྡོ་རྗེ་ཅན་ནི་དགྱེས་པར་འགྱུར། །འདི་ནི་ཡེ་ཤེས་རྡོ་རྗེ་ཅན། །
ཐམས་ཅད་ཁྲོ་བོའི་དམ་ཚིག་ཡིན། །གཤིན་རྗེ་གཤེད་སྤྲོ་བའི་སྣང་བ་བཀོད་པ་སྒོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །གཞན་གྱིས་མི་ཐུབ་རབ་ཏུ་
བསྒོམ། །འབར་བའི་འོད་ཟེར་མང་པོ་ཅན། །སྦྲུལ་གྱིས་བརྒྱན་ཅིང་སྐེ་རགས་ཅན། །ཞལ་ནི་རྣམ་པར་གཙིགས་ཤིང་བགྲད། །ཁ་དོག་དཀར་པོ་རབ་ཏུ་བསྒོམ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསམས་ན་རྡོ་རྗེ་ཅན་དག་དགྱེས། །འདི་ནི་ཡེ་ཤེས་རྡོ་རྗེ་ཅན། །
ཐམས་ཅད་ཁྲོ་བོའི་དམ་ཚིག་གོ། །གཞན་གྱིས་མི་ཐུབ་པའི་རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་རྟ་མགྲིན་རབ་ཏུ་བསྒོམ། །ཁྲོ་བོའི་
འོད་ཟེར་མང་པོ་དག །ཐམས་ཅད་དུ་ནི་རྣམ་པར་འཕྲོ། །གདུག་པ་ཐམས་ཅད་ཞབས་ཀྱིས་མནན། །ཁ་དོག་དམར་པོ་རྣམ་པར་བསམ། །རྫོགས་སངས་དཔག་མེད་དབུ་རྒྱན་ལ། །བསྒོམས་ན་རྡོ་རྗེ་ཅན་དག་མཉེས། །འདི་ནི་རྡོ་རྗེ་ཡེ་ཤེས་ཅན། །ཐམས་ཅད་ཁྲོ་བོའི་དམ་ཚིག་

ཡིན། །རྟ་མགྲིན་སྐྱེད་པ་འབྱུང་བ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་བདུད་རྩི་རབ་སྒོམ་པ། །འབར་བའི་འོད་ཟེར་མང་པོ་འཕྲོ། །རྡོ་རྗེའི་
སྤྲིན་ནི་ཀུན་ཏུ་འཁྲུག །ཁྲོས་ཤིང་ཁྲོ་བཅས་གནག་པ་དང་། །མཆེ་བ་རྣོན་པོ་རབ་ཏུ་བསྒོམ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་རྡོ་རྗེ་ཅན་མཉེས་འགྱུར། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ། །བདུད་རྩིའི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་
བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །ཊཀྐིའི་རྒྱལ་པོ་རབ་བསྒོམ་བྱ། །ཁྲོ་བོ་འཇིགས་པའི་ཆ་ལུགས་གཏུམ། །འཇིགས་པ་དག་ཀྱང་འཇིགས་པར་བྱེད། །རྒྱན་
རྣམས་ཐམས་ཅད་ཡོངས་སུ་རྫོགས། །རྡོ་རྗེ་འོད་བཟང་བསྒོམ་པར་བྱ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་མཉེས་པ་རབ་ཏུ་འཕེལ། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ། །བསམ་གཏན་རྡོ་རྗེ་རྫོགས་པར་བྱང་ཆུབ་པ་དགའ་བ་ཞེས་བྱ་བའི་
ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །སྟོབས་པོ་ཆེ་ནི་རབ་ཏུ་བསྒོམ། །འབར་བའི་འོད་ཟེར་མང་པོ་འཕྲོ། །རྡོ་རྗེ་གསུམ་གྱི་གནས་དཀྱིལ་འཁོར། །ཁྲོ་ཞིང་དྲག་པོ་
ཞགས་པ་འཛིན། །རྡོ་རྗེ་སྟོབས་ཅན་བསྒོམ་པར་བྱ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་མཉེས་པ་རབ་ཏུ་འཕེལ། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ། །རྡོ་རྗེ་གསུམ་གྱི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་
དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་སྔོན་པོ་རྣམ་པར་བསྒོམ། །ཁྲོ་བོ་འཇིགས་པའི་ཆ་ལུགས་ཅན། །འཇིགས་པ་དག་ཀྱང་འཇིགས་པར་བྱེད། །གཟུགས་ནི་རབ་ཏུ་གནག་ལ་རྣོ། །ནག་

པོའི་རྒྱ་མཚོ་སྐྱེད་པར་བྱེད། །འབར་བའི་འོད་ཟེར་མང་པོ་འཕྲོ། །རྡོ་རྗེ་དབྱུག་ཐོགས་བསྒོམ་པར་བྱ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་རབ་ཏུ་མཉེས་པར་འགྱུར། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ །རྡོ་རྗེ་དབྱུག་
པའི་དམ་ཚིག་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །མི་གཡོ་མཆོག་ནི་རྣམ་པར་བསྒོམ། །ཁྲོས་ཤིང་འཇིགས་པའི་ཟུར་གྱིས་ལྟ། །
རལ་གྲི་ཞགས་པ་བསྣམས་པ་འཁྲུག །འབར་བའི་འོད་ཟེར་མང་པོ་འཕྲོ། །མི་གཡོ་རྡོ་རྗེ་ཅན་བསྒོམ་བྱ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་མཉེས་པ་རབ་ཏུ་འཕེལ། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་ཡིན། །རྡོ་རྗེ་ནམ་
མཁའ་དབྱིངས་ཀྱི་གནས། གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རིག་པའི་འཁོར་ལོར་རབ་ཏུ་འབྱུང་། །མཚན་རྣམས་ཐམས་ཅད་ཡོངས་
སུ་རྫོགས། །འཁོར་ལོ་འབར་བས་ཡོངས་སུ་བསྐོར། །གཙུག་ཏོར་འཁོར་ལོ་དམ་ཚིག་ནི། །རྣམ་པར་འཕྲོ་བ་རབ་ཏུ་བསྒོམ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་མཉེས་པ་རབ་ཏུ་འཕེལ། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ། །
གཙུག་ཏོར་གྱི་དམ་ཚིག་རིག་པའི་སྟོབས་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་སུམྦྷ་རབ་ཏུ་བསྒོམ། །མེ་ལྕེ་རྣོན་པོ་འབར་བའི་སྐུ། །རྡོ་རྗེའི་སྤྲིན་ནི་
རབ་ཏུ་འཕྲོ། །ཕྱག་ན་རྡོ་རྗེ་རབ་འབར་བ། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་མཉེས་པ་རབ་ཏུ་འཕེལ། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ། །རྡོ་རྗེ་དམ་ཚིག་སུམྦྷ་རབ་ཏུ་འབྱུང་

བའི་ཏིང་ངེ་འཛིན་ཏོ། །འགོག་པ་ཁྲོ་བོའི་འཁོར་ལོ་ནི། །སངས་རྒྱས་འཁོར་ལོ་བསྟེན་པ་ཡིས། །ཏིང་འཛིན་རྡོ་རྗེ་ཡེ་ཤེས་རྣམས། །རྡོ་རྗེའི་དཀྱིལ་འཁོར་གྲུབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་
རྡོ་རྗེའི་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོས་ཞི་བའི་དམ་ཚིག་གི་མཆོག་ཅེས་བྱ་
བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦཱརྠ་སཱ་དྷ་ནི་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །ཕུན་སུམ་ཚོགས་ཀུན་ཡིད་བཞེས་པ། །
མཉེས་ཤིང་རབ་ཏུ་དགྱེས་གྱུར་པས། །སངས་རྒྱས་རྡོ་རྗེ་རྗེས་སུ་དྲན། །སངས་རྒྱས་རྣམས་ཀྱི་ཞི་སྐྱེད་མ། །ལས་རྣམས་ཐམས་ཅད་རབ་སྒྲུབ་ཅིང་། །རྡོ་རྗེའི་དམ་ཚིག་སྐུལ་མཛད་མ། །ཤི་བ་སོས་པར་བྱེད་པར་གསུངས། །རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་གསུངས་
སོ། །དེ་ནས་བཅོམ་ལྡན་འདས་སྐུ་གསུམ་གྱི་དམ་ཚིག་ཁྲོ་བོ་རྡོ་རྗེས་དངོས་པོ་དང་དངོས་པོ་མེད་པའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་འཛིན་ཐམས་ཅད་ཀྱི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་ངོ་། །ཨོཾ་ཤཾ་ཀ་རི་ཤཱནྟི་ཀ་
རེ་གྷུཊྚ་གྷུཊྚ་གྷུཊྚི་ནི། གྷཱ་ཏ་ཡ་གྷཱ་ཏ་ཡ་གྷུཊྚི་ནི་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རྡོ་རྗེ་གསུམ་ནི་མི་ཕྱེད་པ། །རྡོ་རྗེ་ཅན་མཉེས་སྤྱན་གདངས་ནས། །རྡོ་རྗེ་ཐུགས་ནི་རྗེས་སུ་དྲན། །སྲུང་བའི་རྡོ་རྗེ་སྦྱོར་བ་ལ། །རྟག་ཏུ་ལས་ནི་རབ་བསྒྲུབ་པ། །རྡོ་རྗེ་ཆེན་པོ་
འཇིགས་ཉེན་ལ། །རྟག་ཏུ་སྟོབས་ནི་བྱེད་པར་བཤད། །དེ་ནས་བཅོམ་ལྡན་འདས་འདོད་ཆགས་ཆེན་པོའི་དམ་ཚིག་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆོས་ཀྱི་དམ་ཚིག་གི་སྐུའི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །

ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རྡོ་རྗེ་ཆོས་མཆོག་འཛིན་པ་རྣམས། །རྡོ་རྗེ་ཆོས་ནི་རྗེས་སུ་དྲན། །མཉེས་ནས་བསམ་གཏན་ཐོབ་གྱུར་པས། །རྟག་ཏུ་ཆོས་རྒྱས་སྟོབས་དང་ལྡན། །རྟག་ཏུ་མཛད་པོ་ཆེ་མཛད་
པ། །རྡོ་རྗེ་གསུང་གི་བཀའ་བཞིན་དུ། །བཟླས་པ་ཙམ་གྱིས་བྱེད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དམ་ཚིག་ཀུན་ནས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་སེམས་དཔའི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་
ཕྱུང་ངོ་། །ཨོཾ་ཏཱ་རེ་ཏུ་ཏྟྭ་རེ་ཏུ་རེ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཀུན་བདག་ཆེར་སྐྱེས་མཉེས། །རྡོ་རྗེའི་སྐུ་ནི་རྗེས་སུ་དྲན། །བསམ་གཏན་ཡེ་ཤེས་ཐོབ་གྱུར་པས། །སངས་རྒྱས་རྡོ་རྗེ་སྡེ་ཆེན་དང་། །སེམས་ཅན་ཁམས་ནི་ཀུན་ནས་སུ། །
སྐད་ཅིག་གིས་ནི་བྲན་བཞིན་དུ། །ཐམས་ཅད་གཡོ་མེད་དབང་དུ་བྱེད། །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་དྲི་མ་མེད་པའི་འོད་ཟེར་གྱི་སྤྲིན་རྡོ་རྗེ་ཞེས་བྱ་བའི་
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་གཤིན་རྗེ་གཤེད་པོ་ཆེན་པོ་རྡོ་རྗེ་ཁྲོ་བོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་དུཥྚ་ས་ཏྭ་ད་མ་ཀ། ཨ་སི་མུ་ས་ལ་པརྵུ་པཱ་ཤ་ཧསྟ། ཙ་ཏུརྨུ་ཁ། ཙ་ཏུརྦྷུ་
ཛ། ཥ་ཊ་ཙ་ར་ཎ། ཨཱ་གཙྪ། ཨཱ་གཙྪ། སརྦ་དུཥྚ་པྲ་ཎཱ་ཨ་པ་ཧཱ་རི་ཎེ། མ་ཧཱ་བི་གྷཱ་གྷཱ་ཏ་ཀ། བི་ཀྲཱི་ཏཱ་ན་ན། །སརྦ་བྷཱུ་ཏ་བྷ་ཡྃ་ཀ་ར། ཨཊྚཱཊྚ་ཧ་ས་ནཱ་དི་ནེ། བྱཱ་གྷྲ་ཙརྨ་ནི་བ་ས་ན། ཀུ་རུ་ཀུ་རུ། སརྦ་ཀརྨཱ་ནི། ཚིནྡྷ་ཚིནྡྷ་སརྦ་མན་ཏྲཱ་ན། བིནྡྷ་བིནྡྷ་པ་ར་མུ་དྲཱ་ན། ཨཱ་ཀརྵ་ཡ། ཨཱ་ཀརྵ་ཡ།
སརྦ་བྷཱུ་ཏཱན། མ་ཐ་མ་ཐ། ནི་རྨ་ཐ་ནི་རྨ་ཐ། སརྦ་དུཥྚཱ་ན། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། མཎྜ་ལ་མ་དྷྱེ་བཻ་བ་སྭ་ཏ། ཛཱི་བི་ཏཱནྟ་ཀ་ར། ཀུ་རུ་ཀུ་རུ་མ་མ་སརྦ་ཀཱ་རྱཾ། ད་ཧ་ད་ཧ། པ་ཅ་པ་ཙ། མཱ་བི་ལམྦ། མཱ་བི་ལམྦ། ས་མ་ཡ་མ་ནུ་སྨ་ར། ཧཱུྃ་ཧཱུྃ། ཕཊ་ཕཊ། བི་སྥོ་ཊ་ཡ་པི་སྥོ་ཊ་ཡ། སརྦཱ་ན་ནཱ་

ཤ་ཡཾ་ཀ་ར་ཀ་ར། བིསྷྭཱ་ནཱཾ་སརྦཱ་ཤཱ་བ་རི་པཱུ་ར་ཀ། ཧེ་ཧེ་བྷ་ག་བཱན། ཀིཉྩི་ར་ཡ་སི། མ་མ་སརྦ་ཨརྠཱཾ་སཱ་དྷ་ཡ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཀུན་ནི་གྲགས་ཆེན་པོ། །འཇིགས་ཤིང་ཀུན་དུ་སྐྲག་གྱུར་ནས། །རྡོ་རྗེ་སེམས་ནི་རྗེས་སུ་དྲན། །ཐོད་པ་
མ་ཆག་མ་གས་པ། །གཟུགས་མཛེས་ཡིད་འོང་རྙེད་པ་ལ། །རྐང་པས་མནན་པའི་ཚུལ་བྱས་ནས། །སྔགས་འདི་རྗེས་སུ་དྲན་པར་བྱ། །མཱ་མ་ཀཱིའམ་སྤྱན་ཡང་རུང་། །རྡོ་རྗེ་ཆེན་པོ་རིགས་མཐོན་པོ། །ལན་གསུམ་དག་ཏུ་བརྗོད་ན་ནི། །དེ་མ་ཐག་ཏུ་ངེས་པར་འགུགས། །
བཅོམ་ལྡན་འདས་ཐུགས་རྡོ་རྗེས་དེ་སྐད་ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་དམ་ཚིག་འོད་ཟེར་འཐུག་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བདུད་རྩིའི་དམ་ཚིག་གི་རྡོ་རྗེ་ཁྲོ་བོ་འདི་ཉིད་ཀྱི་སྐུ་གསུང་
ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱྃ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཥྚྲོཏྐ་ཊ་བྷཻ་ར་བཱ་ཡ། ཨ་སི། མུ་ས་ལ། པ་རྴུ་པཱ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫྫ་གརྫྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་
བིགྷྣཱ་བི་ནཱ་ཡ་ཀཱན། མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏཱནྟ་ཀ་རཱ་ཡ་སྭཱ་ཧཱ། །དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཀུན་ནི་གྲགས་ཆེན་པོ། །བརྒྱལ་ཞིང་རབ་ཏུ་འཇིགས་གྱུར་ནས། །རྡོ་རྗེ་སྐུ་ནི་རྗེས་སུ་དྲན། །སྔགས་རྣམས་ཀུན་གྱི་སྦྱོར་བ་ལ། །རྡོ་རྗེ་བསྐྲད་པའི་ལས་རྣམས་ནི། །ཆོ་
གས་སངས་རྒྱས་དཔུང་དག་ཀྱང་། །རང་ཉིད་ཀྱིས་ནི་སྐྲོད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་སངས་རྒྱས་ཀྱི་འོད་ཟེར་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་
ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཨོཾ་ཧཱུྃ་ཛི་ན་རི་ཊིཊྚ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་བདག་ཉིད་ཆེ་སྐྱེས་ཀུན། །འཇིགས་ཤིང་ཀུན་དུ་སྐྲག་གྱུར་པས། །བྱང་ཆུབ་སེམས་ནི་རྗེས་སུ་དྲན། །སྲིན་པོ་མ་རུངས་གཏུམ་པོ་དང་།

འཇིགས་པ་ཆེན་པོ་འཁྲུགས་པ་ལ། །རྡོ་རྗེ་སེམས་ཀྱིས་རབ་སྦྱར་བས། །ལས་རྣམས་ཆོ་ག་བཞིན་དུ་བྱེད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པས་དཔག་ཏུ་མེད་པ་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་ནས། པདྨོ་འབྱུང་བའི་རྡོ་རྗེ་ཁྲོ་བོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ། ཏ་རཱུ་ལ། བི་རཱུ་ལ། སརྦ་བི་ཥ་གྷཱ་ཏ་ཀ། ཛྭ་ལི་ཏ་བི་སྥུ་ལིངྒ། ཨཊྚཱཊྚ་ཧཱ་ས། ཀེ་ས་རིས་ཊཱ་ཨ་ཊོ་པ་ཊཾ་ཀཱ་ར། བཛྲ་ཁུ་ར་ནི་རྒྷཱ་ཏན། ཙ་ལི་ཏ་
བ་སུ་དྷཱ་ཏ་ལ་ནི་ཤྭཱ་ས་མཱ་རུ་ཏོ་ངྐྴཾཔྟཱ་དྷཱ་ར་ཎི་དྷ་ར། བྷཱི་ཥ་ཎ་ཨཊྚཱཊྚ་ཧཱ་ས། ཨ་བ་རི་མི་ཏཱ་བ་ལ་བ་རཱ་ཀྲཱ་མ། ཨཱརྱ་ག་ཎཱ་བྷཱི་ཏ་བྷཱུ་ཏ་ག་ཎཱ་དྷྱ་ཥི་ཏ། བུདྷྱ་བུདྷྱ། ཧ་ཡ་གྲཱི་བ། ཁཱ་ད་ཁཱ་ད། བ་ར་མནྟྲཱན། ཚིནྡྷ་ཚིནྡྷ། བིནྡྷ་བིནྡྷ། པ་ར་མུ་དྲཱན། སིདྡྷིམླེ་དིཤ །ཨཱ་བེ་ཤ་ཡ། སརྦ་ཛྲ་ར་པི་ཤཱ་ཙཱ་དཱི་ན། སརྦ་གྲ་
ཧེ་ཥྭ་པྲ་ཏི་ཧ་ཏོ་བྷ་བ། བཛྲ་དྃཥྚ་ཀིཉྩི་རཱ་ཡ་སི། ཨི་དཾ་དུཥྚ་གྲ་ཧ་ན། དུཥྚ་སརྦཾ་བཱ། དྷུ་ན་དྷུ་ན། མ་ཐ་མ་ཐ། མརྡ་མརྡ། པཱ་ཊ་ཡ། པཱ་ཊ་ཡ། མ་ཊ་མ་ཊ། བྷནྡྷ་བྷནྡྷ། བུདྡྷ་དྷརྨ་སངྒྷ་ཨ་ནུ་ཛྙཱ་ཏྃ་ཀརྨ་ཀུ་རུ་ཤཱི་གྷྲཾ་ཧ་ཡ་གྲཱི་བཱ་ཡ་ཕཊ། བཛྲ་ཡེ་ཕཊ། བཛྲ་གཱ་ཏྲཱ་ཡ་ཕཊ། བཛྲ་ནེ་ཏྲཱ་ཡ་ཕཊ།
བཛྲ་རྡྃཥྚྲཱ་ཡ་ཕཊ། བཛྲ་ཁུ་རཱ་ཡ་ཕཊ། བཛྲ་ཁུ་ར་ནི་རྒྷཱ་ཏ་ནཱ་ཡ་ཕཊ། པ་ར་མནྟྲ་བི་ནཱ་ཤ་ནཱ་ཡ་ཕཊ། སརྦ་ཏྲཻ་ལོ་ཀྱ་བྷ་ཡྃ་ཀ་རཱ་ཡ་ཕཊ། སརྦ་ཀརྨྨེཥྭ་པྲ་ཏི་ཧ་ཏཱ་ཡ་ཕཊ། བཛྲ་ཀུ་ལ་སནྟཱ་ས་ནཱ་ཡ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །ཆོས་ཀྱི་རྡོ་རྗེ་
མཆོག་སྐྱེས་རྣམས། །འཇིགས་ཤིང་རབ་ཏུ་བརྒྱལ་བར་འགྱུར། །ཡེ་ཤེས་རྒྱལ་པོ་རྗེས་སུ་དྲན། །མཁའ་དབྱིངས་དུག་གིས་ཡོངས་གང་བ། །རྡོ་རྗེ་ཧ་ལ་ཧ་ལའི་འོད། །ཁྲོ་བོའི་རྒྱལ་པོ་བསྐུལ་བ་ཡིས། །དུག་རྣམས་ཐམས་ཅད་མེད་པར་བྱེད། །དེ་ནས་བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པས་གདོན་མི་ཟ་བའི་དམ་ཚིག་འབྱུང་བའི་ཏོག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་བེ་ཅོན་སྔོན་པོ་ཁྲོ་བོའི་རྒྱལ་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཨོཾ་ཨེ་

ཧྱེ་ཧི། བྷ་ག་བཱན། ནཱི་ལ་བཛྲ་དཎྜ། ཏུ་རུ་ཏུ་རུ། ཧུ་ལུ་ཧུ་ལུ། ཧཱ་ཧཱ། གུ་ལུ་གུ་ལུ། གུ་ལཱ་པ་ཡ། གུ་ལཱ་པ་ཡ། ཀྲ་མ་ཀྲ་མ། བྷ་ག་བཱན་བཱ་ཡུ་བེ་གེ་ན། བྷཱུ་ཏཱན་ཤཱི་གྷྲྃ། ད་ཧ་ད་ཧ། ད་ར་ད་ར། བ་ཧ་བ་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། པཱ་ཏ་ཡ། པཱ་ཏ་ཡ། མ་ཊ་མ་ཊ། མོ་ཊཱ་པ་ཡ། མོ་
ཊཱ་པ་ཡ། སརྦ་ཀརྨཱ་ཎི། ཚིནྡྷ་ཚིནྡྷ། བྷཀྵ་ཡ་བྷཀྵ་ཡ། ཨསྠི་མེ་ད་མ་སྱ། རུ་དྷི་ར་མཛྫ་མེ་ད། པ་ཤ་མཛྫ། རུ་དྷི་ར། པྲི་ཡ་ཨེ་ཧྱེ་ཧི། བྷ་ག་བཱན། སརྦ་བིགྷྣ་ནི། སརྦ་བིདྱཱ་ནི། སརྦ་མན་ཏྲཱ་ཎི། སརྦ་མཱུ་ལ་ཀརྨཱ་ཎི། ཀྲྀ་ཏྲི་མ་ཎི་ཥཱ་དཱི་ནི། སརྦ་གྲ་ཧཱ་ན། ཧ་ན་ཧ་ན། བྷཉྫ་བྷཉྫ། མརྡ་
མརྡ་ཨི་དཾ་མེ་ཀཱརྱཾ་སཱ་དྷ་ཡ། ཧཱུྃ་ནི་ལཱ་ཡ་ནི་ལཱ་ཡ། ནཱི་ལ་བཛྲ་དཎྜཱ་ཡ། ཏུ་རུ་ཏུ་རུ། བིགྷྣན་བི་ནཱ་ཡ་ཀཱ། ནཱ་ཤ་ཡ་ནཱ་ཤ་ཡ། ཧུ་རུ་ཧུ་རུ། དཱིཔྟ་ཙཎྜཱ་ཡ། སརྦ་ཤ་ཏྲཱུ་ཎཱྃ་ཧྲྀ་ད་ཡཱ་ནི་པཱི་ཌ་ཡ། ཚིནྡྷ་ཚིནྡྷ། བ་ར་བིདྱཱ་ནཱཾ་ཙྪེ་ད་ཀ །ཧཱུཾ་བིདྱཱ་ནཱཾ་ཤིཥྚ་ཀ །ས་མ་ཡ་མ་ནུ་སྨ་ར། བཛྲ་དྷ་ར་བ་ཙ་ནཾ་ཙ། མརྨཱ་
ཎི་ནི་ཀྲིནྟ། ཧཱུྃ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀུ་རུ་ཀུ་རུ། ཏུ་རུ་ཏུ་རུ། ཧུ་རུ་ཧུ་རུ། ཕཊ་ཕཊ་ཧཱུྃ་ཧཱུྃ་ཀྲྀ་ཏནྟཱ་ཡ། དེ་བ་རྀ་ཥི་པི་དྲཱ་པ་ཀཱ་ཡ། ཧ་ན་ཧ་ན། བཛྲ་ད་ཎྜེ་ན་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །གདུག་པའི་མཆོག་ལས་བྱུང་བ་ཀུན། །ཡིད་ནི་འཇིགས་ཤིང་རབ་སྐྲག་
ནས། །སེམས་དཔའི་རྡོ་རྗེ་རྗེས་སུ་དྲན། །གྲགས་ཆེན་ཁྲོ་བོའི་རྒྱལ་པོ་འདི། །བརྒྱ་རྩ་བརྒྱད་དུ་བཟླས་ན་ནི། །ཆོ་གའི་ཚུལ་བཞིན་བསྐུལ་བ་ཡིས། །གདུག་པ་ཐམས་ཅད་གསོད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པས་ཀུན་ནས་སྤྲིན་གྱི་དཔལ་ཞེས་
བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་སྟོབས་པོ་ཆེ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛཱ་ཎཱོཾ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཨུ་གྲ་ཤཱུ་ལ་པཱ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཨ་ཛྱོ་ཏི་ནི་རྣཱ་ད་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། དེ་ནས་འདི་ནི་
གསུངས་ཙམ་གྱིས། །སྟོབས་པོ་ཆེ་ཡི་ཀླུ་རྣམས་ཀུན། །ཡིད་ནི་འཇིགས་ཤིང་རབ་སྐྲག་ནས། །སྐུ་གསུམ་རྡོ་རྗེ་རྗེས་སུ་དྲན། །བཟླས་པ་ཙམ་དང་སྦྱོར་བ་ཡིས། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཐན་པ་བྱུང་བའི་དུས་སུ་ཡང་། །ཆུ་ཡི་དཀྱིལ་འཁོར་འབེབས་པར་བྱེད།

དེ་ནས་བཅོམ་ལྡན་འདས་ཀུན་དུ་སྒྲོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཊཀྐིའི་རྒྱལ་པོ་ཆེན་པོ་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཊཀྐི་
ཧཱུྃ་ཛཿ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཀུན་བདག་ཆེ་སྐྱེས་རྣམས། །འཇིགས་ཤིང་རྡོ་རྗེ་སྐུ་གསུམ་ནི། །རྗེས་དྲན་དམ་ཚིག་ལྡན་གྱུར་ནས། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །རྐང་པ་གཡས་པས་ལིངྒ་མནན། །རྡོ་རྗེ་གསུམ་གྱི་སྔགས་བཟླས་
པས། །སྔགས་རྣམས་ཐམས་ཅད་འགུགས་པར་བྱེད། །དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཕྲེང་བ་ཆུའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མི་གཡོ་བ་རྡོ་རྗེ་གཏུམ་པོའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་
བཱཀྩིཏྟ་བཛྲཱ་ཎཱཾ། ཨ་ཅ་ལ་ཀཱ་ཎ་ཙཎྜ། ནཊྚ་ནཊྚ། མཊྚ་མཊྚ། མོཊྚ་མོཊྚ། སཊྚ་སཊྚ། ཏཊྚ་ཏཊྚ། ཧ་ན་ཧ་ན། ད་ཧ་ད་ཧ། མོ་ཧ་མོ་ཧ། མོ་ཧ་ཀ་ར། ཧ་ས་ཧ་ས། བཛྲ་ཧ་ས་ཀུ་རུ། ཧ་ས་ཧ་ས། མརྡར་ཊ་མརྡར་ཊ། གཛྫ་གཛྫ། ཧ་ན་ཧ་ན། བྷནྡྷ་བྷནྡྷ། ཏིཥྛ་ཏིཥྛ། ཨཱ་བི་ཤ་ཨཱ་བི་ཤ །
མ་ཧཱ་མནྟྲ་བཱ་ལ་ཀ། དྷུ་ན་དྷུ་ན། ཏི་ཎི་ཏི་ཎི། ཁཱ་ད་ཁཱ་ད། བི་གྷཱན། མཱ་ར་ཡ་མཱ་ར་ཡ། དུཥྚཱན། བྷཀྵ་བྷཀྵ། སརྦཱ་ན་ཀུ་རུ་ཀུ་རུ། ཀི་རི་ཀི་རི། མ་ཧཱ་བི་ཥ་མ་བཛྲ། སྥོ་ཊ་ཡ་སྥོ་ཊ་ཡ། ཧཱུྃ་ཧཱུྃ་ཧཱུྃ་ཏྲི་བ་ལི་ཏ་རངྒ་ན་རྟ་ཀ། །ཨཱྃ་ཨཱྃ་ཨཱྃ། ཧཱྃ་ཧཱྃ་ཧཱྃ། ཨ་ཙ་ལ་ཙེ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། ཧཱུྃ་ཧཱུྃ་
ཨ་ས་མནྟི་ཀ་ཏྲཱཊ། མ་ཧཱ་བ་ལ་ཤཱ་ཏ་ཡ། ས་མ་ཡ་ནི། གྷ་ཏ་ཡ། བ་ར་ས་མ་ཡ་མནྟྲཱ་ན། ཨཱྃ་ཨཱྃ། ཧཱྃ་ཧཱྃ། མཱྃ་ཤུད་དྷྱཾ་ཏུ་ལོ་ཀ། ཏུ་ཥྱཾ་ཏུ་བཛྲཱི། ན་མཿསྟུ་ཨ་པྲ་ཏི་ཧ་ཏ་བ་ལེ་བྷྱོ། ཛྲཱ་ལ་ཡ། ཏྲཱཊ་ཨ་ས་ཧ་ན་ན་མཿསྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །ལྷ་ཀུན་འཁོར་དང་
བཅས་པ་རྣམས། །བརྒྱལ་ཞིང་ཡིད་ནི་རབ་སྐྲག་ནས། །རྡོ་རྗེའི་སྐུ་ནི་རྗེས་སུ་དྲན། །ཁྲོ་བོ་ཆེན་པོའི་སྔགས་འདི་ཡིས། །ལྷ་ཆེན་པོ་ལ་སོགས་པའི་ལྷ། །མཐུ་ཆེན་དག་ཀྱང་སྐྲག་གྱུར་ནས། །ཁ་སྦྱར་ལུས་ཀྱིས་འགུགས་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དམ་

ཚིག་རྣམ་པར་འཕྲུལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་འཛིན་ཐམས་ཅད་ཀྱི་དམ་ཚིག་ཁྲོ་བོ་ཆེན་པོ་གནོད་མཛེས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་བཱ་ན། བིདྱཱ་
རཱ་ཛ་ཧཱུྃ་ཕཊ། དེ་ནས་འདི་ནི་གསུངས་ཙམ་གྱིས། །བུ་མོ་མཐུ་ཆེན་ཐམས་ཅད་ནི། །སྐྲ་བཤིག་གོས་དང་བྲལ་བདག་ཉིད། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན། །རྡོ་རྗེ་སེམས་དཔའི་ཞབས་ཀྱིས་མནན། །དེ་བཞིན་གཤེགས་ཀུན་བདག་པོ་ནི། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཡིས། །
བཅིངས་ན་བུ་མོ་དགུག་པའི་མཆོག །དེ་ནས་བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཆེན་པོ་རྡོ་རྗེ་གསུམ་གྱི་གསང་བ་གསུང་གི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་གནས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་
ལས་ཕྱུང་ངོ་། །སངས་རྒྱས་རྡོ་རྗེའི་སྐུ་གསུམ་ལ། །རྡོ་རྗེ་སེམས་དཔའ་རྣམ་བསྒོམ་པ། །ཞགས་པ་རྡོ་རྗེ་ཀྱོ་བ་འཛིན། །སངས་རྒྱས་དགུག་པ་དམ་པའོ། །སངས་རྒྱས་གསུང་སྐུའི་སྦྱོར་བ་ཡིས། །འཁོར་ལོ་ཆེན་པོ་སྦྱོར་བ་ལས། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་པོ། །རྟག་
ཏུ་ངེས་པར་འགུགས་པར་འགྱུར། །འཁོར་ལོ་པདྨོ་རྡོ་རྗེ་ཆེས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །རྡོ་རྗེ་ཀྱོ་བའི་དབྱེ་བ་ཡིས། །སྔགས་རྣམས་ཐམས་ཅད་དགུག་པའི་མཆོག །རང་སྔགས་སྐྱེས་བུ་བསྒོམས་ནས་ནི། །ཐམས་ཅད་རྡོ་རྗེའི་དངོས་ཞི་བ། །མི་ཡི་བུ་མོ་
མཆོག་རྣམས་ཀྱི། །སྙིང་གར་རྡོ་རྗེ་ཀྱོ་བ་སྦྱར། །རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས། །ངེས་པར་རྟག་ཏུ་འགུགས་པར་འགྱུར། །རྣམ་པར་སྣང་མཛད་གཟུགས་ཆེན་པོ། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཤ་ཙི་དེར་ནི་གནས་པར་བསམ། །རྡོ་རྗེ་བདུད་རྩིའི་སྦྱོར་བ་
ཡིས། །ལན་གྲངས་ལྔ་བཅུ་བརྗོད་ན་ནི། །ངེས་པར་རྟག་ཏུ་འགུགས་པར་འགྱུར། །རྡོ་རྗེ་ལྕགས་ཀྱུ་གཟུགས་པོ་ཆེ། །འབར་བ་རྣོན་པོ་འདྲ་བའི་འོད། །རྡོ་རྗེ་དཀྱིལ་འཁོར་རབ་བསྒོམས་ལ། །ནམ་མཁའི་པདྨོ་དགུག་པའི་མཆོག །ཁྲོ་བོ་རྡོ་རྗེའི་དམ་ཚིག་རང་། །

རྡོ་རྗེ་ས་འོག་གནས་པ་ལ། །ཤཱུ་ལ་རྡོ་རྗེ་ཀྱོ་ཞགས་པས། །ལྷ་མིན་བུ་མོ་འགུགས་པའི་མཆོག །བཙག་གམ་རྡོ་རྒྱུས་དག་ཀྱང་རུང་། །རྡོ་རྗེ་ཀྱོ་བའི་སྦྱོར་བ་ཡིས། །ཟླ་བ་གཟའ་ཡིས་ཟིན་པའི་ཚེ། །ཁར་བཅུག་ནས་ནི་བསྒྲུབ་པར་བྱ། །ཚངས་དབང་དྲག་པོ་ལ་
སོགས་ལྷ། །རང་གི་མིང་རྣམས་བྲིས་ན་ནི། །རྡོ་རྗེ་གསུང་གི་བཀའ་བཞིན་དུ། །འཇིགས་ཤིང་སྐྲག་ནས་འོང་བར་འགྱུར། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །འཇམ་པའི་རྡོ་རྗེ་རབ་ཏུ་བསྒོམ། །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །རྡོ་རྗེ་ལྕགས་ཀྱུ་རྣམ་པར་བསམ། །བསྐལ་
པ་སྲེག་པའི་འཁོར་ལོ་ཆེ། །བསྒོམས་ནས་གནོད་སྦྱིན་མོ་དང་སྤྱད། །ཕྱག་རྒྱའི་དབྱེ་བས་ཐམས་ཅད་ཀྱི། །སྔགས་ཀྱི་དབྱེ་བས་ཐམས་ཅད་དུ། །དགུག་པའི་རབ་ཏུ་སྦྱོར་བ་གསུངས། །གཞན་དུ་བྱས་ན་འཇིག་པར་འགྱུར། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་
དུ་བསྐུལ་བར་བྱ། །དེ་ཉིད་སྔགས་རྣམས་ཐམས་ཅད་ཀྱི། རྒྱལ་པོ་མཆོག་ཏུ་རྟག་པའོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའ་ཀུན་དུ་རྣམ་པར་འཕྲུལ་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་རལ་པ་གཅིག་མ་དམ་ཚིག་ཆེན་པོའི་གསུང་རྡོ་
རྗེའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཤཱུ་ལི་ནི་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །ཀླུ་ཡི་བུ་མོ་མཐུ་ཆེན་རྣམས། །ཚིག་པར་གྱུར་ཅིང་གོས་དང་བྲལ། །སངས་རྒྱས་བྱང་ཆུབ་རྗེས་སུ་དྲན། །སྔགས་ཀྱི་རིག་པ་འདི་ཡིས་ནི། །ཀླུ་རྣམས་
ཐམས་ཅད་འགུགས་པར་འགྱུར། །ཀླུ་ཡི་བུ་མོ་མིག་བཟངས་དག །བཀུག་ནས་ཉེ་བར་སྤྱད་པར་བྱ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆོས་ཆེན་པོའི་དམ་ཚིག་རྡོ་རྗེ་ཁྲོ་གཉེར་ཅན་འདི་ཉིད་ཀྱི་སྐུ་གསུང་
ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་སརྦྦ་བྷ་ཡ། ནཱ་ཤ་ནི། ཏྲཱ་ས་ནི་ཏྲཱ་སེ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཻ་ར་ཊ་བྷྲྀ་ཀུ་ཊཱི་ཏ་ཊི། བཻ་ར་ཊི་བཻ་ར་ཊི། ཤྭེ་ཏེ་ཤྭེ་ཏ། ཛ་ཊི་ནི་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རིག་འཛིན་བདག་ཉིད་སྐྱེས་མ་ཀུན། །འདར་ཞིང་འཇིགས་པར་གྱུར་པས་ནི། །ཡེ་ཤེས་

རྡོ་རྗེ་རྗེས་སུ་དྲན། །རིག་པ་འཛིན་པའི་བུ་མོ་མཆོག །གསེར་གྱི་རྣ་ཆ་གཡོ་བ་རྣམས། །སྔགས་ཀྱི་རིག་པ་འདི་དང་ནི། །དམ་ཚིག་མཆོག་གིས་དགུག་པར་བྱ། །འགོག་པ་རྡོ་རྗེ་རྒྱལ་པོ་ནི། །ཡོངས་སུ་རྫོགས་པས་མཛེས་མཆོག་གིས། །ཡེ་ཤེས་རྡོ་རྗེ་གསུམ་ལས་བྱུང་། །
ཀུན་ནས་དེ་མ་ཐག་ཏུ་འགུགས། །ཡང་ན་ཁྲོ་བོ་ཐམས་ཅད་ནི། །དབེན་པའི་གནས་དང་ཆེན་པོ་རུ། །སྔགས་པས་འབུམ་དུ་བཟླས་པ་ཡིས། །ལས་རྣམས་ཐམས་ཅད་བྱེད་པར་བཤད། །རྡོ་རྗེ་སློབ་དཔོན་སྨོད་པ་གཞན། །ཐེག་པ་ཆེ་མཆོག་སྨོད་པ་དག །རབ་ཏུ་འབད་པས་
གསད་པར་བྱ། །ཡང་ན་གནས་ནས་སྤོ་བར་བྱ། །འདི་ཡིས་བྱང་ཆུབ་མཆོག་གི་ནི། །སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །ཡང་གསུངས་པ། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི། །ལུས་དང་ངག་སེམས་
གསོད་པ་ནི། །ཆོ་ག་བཞིན་དུ་བསྒོམ་བྱས་པ། །གདུག་སེམས་ཅན་གྱི་དགྲ་རྣམས་ནི། །ཁྲག་དང་ཆུ་ཡིས་གཤེར་བའམ། །བཤང་གཅིས་གཤེར་བར་བྱས་པའི་གོས། །བགོས་ནས་ལིངྒ་རྐང་པས་མནན། །ཁྲོ་བོའི་རྒྱལ་པོ་སྦྱར་བར་བྱ། །བརྒྱ་རྩ་བརྒྱད་ནི་ཡོངས་བཟླས་
ན། །སངས་རྒྱས་ཀྱང་ནི་ངེས་པར་འཇིག །ཡང་གསུངས་པ། ཆུ་ཡིས་གོས་ནི་གཤེར་བར་བྱས། །ཁྲོ་བོ་མཆོག་གི་བཅིངས་པ་ཡིས། །ལིངྒ་རྐང་པས་མནན་ན་ནི། །སངས་རྒྱས་དག་ཀྱང་ངེས་པར་འཇིག །བཤང་གཅིས་གཤེར་བར་བྱས་པའི་གོས། །ངན་པ་རུལ་
པའི་དྲི་མནམ་པ། །བགོས་ཏེ་སྔགས་ནི་བཟླས་བྱས་ན། །སྐད་ཅིག་གིས་སྐམས་འཆི་བར་འགྱུར། །ཐལ་བའི་སྐྱོ་མས་གཤེར་བའི་གོས། །བགོས་ནས་ཁྲོ་བས་འཁྲུགས་བཞིན་དུ། །བརྒྱ་རྩ་བརྒྱད་དུ་བཟླས་ན་ནི། །རྡོ་རྗེ་སེམས་དཔའང་འཇིག་པར་འགྱུར། །ཡང་གསུངས་
པ། གཅེར་བུར་ཕུད་དེ་སྐྲ་བཤིག་ལ། །འཇིགས་པའི་ཚུལ་ཅན་གཙིགས་ཤིང་བསྒྱུར། །ལིངྒ་རྐང་པས་མནན་ན་ནི། །ནམ་མཁའི་དབྱིངས་ཀྱང་འཇིག་པར་འགྱུར། །མ་མོའི་གནས་སམ་དུར་ཁྲོད་དམ། །ཁང་སྟོང་དང་ནི་བཞི་མདོ་དང་། །མཚན་མ་གཅིག་དང་ཤིང་གཅིག་

དྲུང་། །མངོན་པར་སྤྱོད་པ་བརྩམ་པར་བྱ། །མི་རུས་ལས་བྱས་ཕུར་བུ་ནི། །སོར་བརྒྱད་པ་ཡི་ཚད་དག་ལ། །བརྒྱ་རྩ་བརྒྱད་དུ་བཟླས་བྱས་ཏེ། །དགྲ་ཡི་སྒོ་ཁར་སྦས་ན་ནི། །སངས་རྒྱས་སྐུ་གསུམ་མཆོག་སྦྱིན་པ། །ཤེས་དང་མི་ཤེས་རྣམ་སྤངས་པ། །ཟླ་
བ་ཕྱེད་ནང་རྫོགས་པ་ཡིས། །ཉམས་སམ་ཡང་ན་འཆི་བར་འགྱུར། །ཡང་ན་ཐོད་པ་གང་བ་དག །ཁྱད་པར་དུ་ནི་མཁས་པས་བཙལ། །དེར་ནི་སྔགས་ཀྱི་ཚིག་བྲིས་ཏེ། །རྡོ་རྗེའི་ཚིག་གིས་བཟླས་པ་བྱ། །དགྲ་ཡི་སྒོ་འམ་གྲོང་དག་ཏུ། །སྦས་ན་ངེས་པར་སྐྲོད་པར་འགྱུར། །
ཏ་ལའི་ལོ་མའམ་གཞན་དག་ལ། །ཁྲོ་བོའི་སྔགས་ནི་ཀུན་བྲིས་ལ། །དགྲ་ཡི་ཁྱིམ་མམ་སྒོ་དག་ཏུ། །སྦས་ན་སྐམས་ཤིང་འཆི་བར་འགྱུར། །བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་རྒྱུའི་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ལུས་དང་ངག་དང་ཡིད་ངེས་པར་འཆིང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁམས་གསུམ་པ་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཕུར་བུས་གདབ་པའི་སྔགས་རྡོ་རྗེ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་གྷ་གྷ། སྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚྲན་
ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པྃ་ཕཊ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི། ཀཱ་ཡ་བཱཀྩིཏྟ་བཛྲ། ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རྡོ་རྗེ་རྫུ་འཕྲུལ་ཆེན་པོ་ཀུན། །བརྒྱལ་ཞིང་རབ་ཏུ་འཇིགས་གྱུར་ནས། །ནམ་མཁའ་རྡོ་རྗེ་
ཐུགས་དྲན་གྱུར། །མི་རུས་ལས་བྱས་ཕུར་བུ་འམ། །ཡང་ན་སེང་ལྡེང་མཆོག་ལས་སྐྱེས། །ལྕགས་ལས་བྱས་པའི་ཕུར་བུ་དག །རྡོ་རྗེ་སྐུ་གསུམ་འཇིག་པར་བྱེད། །རྡོ་རྗེ་སེམས་དཔའ་མཉམ་གཞག་ལ། །འོད་འཕྲོ་འཁྲུག་ཅིང་མདངས་བཟང་བ། །རྡོ་རྗེ་སྐུ་ནི་གསུམ་གྱི་
མཐར། །གཟུགས་ནི་བསམས་ནས་སྦྱར་བར་བྱ། །རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །ཡང་ན་འདོད་ཆགས་རྡོ་རྗེ་ཅན། །གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་ཆེ། །བསམས་ན་རྡོ་རྗེ་གསུམ་ཕུར་བུ། །རྡོ་རྗེ་བདུད་རྩི་འཁྱིལ་བ་ཡིས། །གདུག་པའི་ཁྲོ་བོ་ཚར་གཅོད་པ། །རྡོ་རྗེའི་

སྦྱོར་བས་བྱ་བ་ཡིན། །སངས་རྒྱས་བདག་ཉིད་ཆེན་པོའི་ཡང་། །སྙིང་ག་ནས་ནི་རྐང་པའི་བར། །རྡོ་རྗེ་ཕུར་བུ་རྣམ་པར་བསྒོམ། །དེ་ཉིད་གོང་དུ་དམ་ཚིག་བྱ། །ཕུར་བུའི་རྣམ་པར་འཕྲུལ་པ་འདི། །བསམ་གཏན་རྡོ་རྗེའི་སྦྱོར་བ་ཡིས། །སངས་རྒྱས་ཀྱིས་ཀྱང་ངེས་པར་འདེབས། །
རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཕུར་བུས་བཏབ་ན་མྱུར་དུ་འཆི། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་སྐུ་རྣམ་པར་འཕྲུལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུའི་དམ་ཚིག་ཚམ་ངམ་གྱི་རྡོ་རྗེ་ཕུར་བུའི་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་
ལས་ཕྱུང་ངོ་། །ཨོཾ་ཙྪིནྡྷ་ཙྪིནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། དཱིཔྟ་བཛྲ་ཙཀྲ་ཧཱུྃ་ཕཊ། ཕན་ཚུན་དཀྲི་བའི་ཚུལ་དང་ནི། །མཐེ་བོང་བཞི་ནི་རབ་ཏུ་བསྡམ། །རྣམ་པར་སྣང་མཛད་གནས་མནན་ཏེ། །རྡོ་རྗེ་ཕུར་བུ་ངེས་པར་གདབ། །བཏབ་མ་ཐག་ཏུ་སེམས་དཔའ་ཆེ། །རྡོ་རྗེ་སྐུ་གསུམ་
ལས་བྱུང་བ། །དམ་ཚིག་མཆོག་གིས་ལྡང་བར་འགྱུར། །ཉམས་པའི་གནས་སུ་མི་འགྱུར་ནའོ། །དེ་ནས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གསུང་གི་རྣམ་པར་འཕྲུལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསུང་གི་དམ་ཚིག་ཚམ་ངམ་གྱི་
རྡོ་རྗེ་ཕུར་བུའི་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཧྲཱིཿབྷཱུར་བྷུ་བཿ། ཡེ་ཤེས་པདྨོ་ཁ་ཕྱེ་བ། །རྡོ་རྗེ་སོར་མོ་ངེས་པར་བཞག །འདོད་ཆགས་རྡོ་རྗེའི་གནས་མནན་ཏེ། །རྡོ་རྗེ་ཕུར་བུ་ངེས་པར་གདབ། །བཏབ་མ་ཐག་ཏུ་རྡོ་རྗེ་ཆེ། །སྐུ་གསུམ་དྲི་མེད་ལས་བྱུང་བ། །
དམ་ཚིག་མཆོག་གིས་ལྡང་བར་འགྱུར། །ཉམས་པའི་གནས་སུ་མི་འགྱུར་ནའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཐུགས་རྣམ་པར་འཕྲུལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐུགས་ཀྱི་དམ་ཚིག་ཚམ་ངམ་གྱིས་གནོན་པའི་སྔགས་འདི་
ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་བཛྲ་རཱ་ཛ་ཧཱུྃ། རྩེ་མོ་ལྔ་པར་བཅིངས་ནས་ནི། །འོད་འཕྲོ་མང་པོ་འཁྲིགས་པར་བསྒོམ། །སེམས་ཀྱི་རྡོ་རྗེའི་གནས་མནན་ཏེ། །རྡོ་རྗེ་ཕུར་བུས་ངེས་པར་གདབ། །བཏབ་པ་ཙམ་གྱིས་རྡོ་རྗེ་ཆེ། །རྡོ་རྗེ་དྲི་མེད་གསུམ་ལས་

བྱུང་། །དམ་ཚིག་མཆོག་གིས་ལྡང་བར་འགྱུར། །ཉམས་པའི་གནས་སུ་མི་འགྱུར་ནའོ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ཆོ་ག་ཡང་དག་བྱས་ཙམ་གྱིས། །མཁའ་དབྱིངས་རྡོ་རྗེ་མཐའ་ཀླས་པར། །ཕུར་བུས་འདེབས་འདིར་གདོན་མི་ཟ། །བཅོམ་ལྡན་
འདས་རྡོ་རྗེ་ཕུར་བུ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་སངས་རྒྱས་སྐུ་གསུམ་མཆོག །སེམས་ཅན་ཁམས་ལ་ཕན་མཛད་པ། །མཉེས་ཤིང་རབ་ཏུ་དགྱེས་གྱུར་ནས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཨེ་མའོ་གསང་བའི་གནས་ཀྱི་མཆོག །ཨེ་མའོ་སྙིང་པོ་
ཀུན་བཏུས་པ། །ཨེ་མའོ་ཆོས་ཀྱི་གནས་ཞི་བ། །ཨེ་མའོ་རྡོ་རྗེ་རྣམ་པར་འཇོམས། །ཕུར་འདེབས་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ཕུར་བུས་གདབ་པ་ཡང་དག་བཤད། །འདི་ནི་སྔགས་
རྣམས་ཐམས་ཅད་ཀྱི། །ཕུར་གདབ་དེ་ཉིད་ལས་བྱུང་བ། །སྐུ་གསུང་ཐུགས་ལས་མཆོག་སྦྱིན་པ། །སྔགས་ཀྱི་དེ་ཉིད་བསྡུས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་སྐུ་དང་གསུང་དང་ཐུགས་རྨད་དུ་
བྱུང་བ་སྔགས་ཀྱིས་འགུགས་པ་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་ནམ་མཁའ་མི་འགྱུར་ཆེ། །ཐམས་ཅད་དབང་བསྐུར་ཀུན་མཁྱེན་པས། །རྡོ་རྗེ་གསུང་ནི་བཀའ་སྩལ་པ། །སྨེ་
ཤ་ཅན་གྱི་བདག་ཉིད་ཆེ། །བུ་མོ་ལོ་གྲངས་བཅུ་གཉིས་པ། །དབེན་པའི་གནས་སུ་ཁྱད་པར་དུ། །སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ། །བཤང་གཅིའི་དམ་ཚིག་ལ་སོགས་པས། །གྲུ་བཞི་པ་ནི་ཆོ་ག་ཡིས། །དཀྱིལ་འཁོར་བྱའོ་དེ་རུ་ནི། །རྡོ་རྗེ་དཀྱིལ་འཁོར་བསྒོམས་པ་
ཡིས། །མཚན་ཉིད་ཐམས་ཅད་ཡོངས་སུ་དག །བཞིན་ཡང་མཛེས་ལ་རབ་ཏུ་བཟང་། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །པང་པར་བཞག་ནས་རྣམ་པར་བསྒོམ། །དཀྱིལ་འཁོར་ལྔ་ཡི་འཁོར་ལོ་ཡིས། །སངས་རྒྱས་གཟུགས་ནི་རྣམ་པར་བསྒོམ།

སྔགས་ཀྱི་འཁོར་ལོ་ཅན་གྱི་གསང་། །མཆོད་པའི་གནས་ནི་ཉམས་དགའ་བསྒོམ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན། །རྣམ་པར་སྣང་མཛད་སྐུ་ཆེན་པོ། །བསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀྱི་ནི་འོད་འདྲར་འགྱུར། །བཙོ་བླག་མཁན་ནི་བདག་ཉིད་ཆེ། །བུ་མོ་
ཨུཏྤལ་མཐིང་གའི་མདོག །འདྲ་བ་དག་ནི་རྟག་ཏུ་བསྒྲུབ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །དེ་ཉིད་སྦྱོར་བའི་ཆོ་ག་ནི། །བྱས་ནས་ལས་ནི་བརྩམ་པར་བྱ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །དེ་ནི་དེ་མ་ཐག་ཉིད་དུ། །རྡོ་རྗེ་
སེམས་དཔའི་འོད་འདྲར་འགྱུར། །ཆོས་རྣམས་ཀུན་འཛིན་རྒྱལ་པོ་མཚུངས། །འདོད་དང་ཐར་པ་རབ་སྒྲུབ་པ། །རྡོ་རྗེ་ཆོས་ནི་རྣམ་བསྒོམས་པས། །གར་མཁན་བུ་མོ་རབ་མཛེས་ཤིང་། །བཞིན་བཟང་མིག་ནི་དཀྱུས་རིང་བ། །སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ། །དེ་ནི་རྡོ་རྗེ་
ཆོས་བདག་ཉིད། །ས་བཅུ་ལ་ནི་གནས་པར་འགྱུར། །རྒྱལ་པོ་གསུང་གི་དམ་ཚིག་འཛིན། །ཀུན་མཆོག་དབང་ཕྱུག་དམ་པའོ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང་། །དམངས་རིགས་ལས་བྱུང་བུ་མོ་ནི། །རྡོ་རྗེ་ཆོས་བདག་ཉིད་འདི་ནི། །གསང་བ་ཐོབ་པར་བྱེད་
པ་བསྒྲུབ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྒྲུབ་པ་ཀུན་ཏུ་བརྩམ་པར་བྱ། །སྐྱ་རེངས་ཤར་བའི་དུས་སུ་ནི། །བསྒོམ་པ་མཆོག་གིས་འགྲུབ་པར་འགྱུར། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །དྲི་དང་མེ་ཏོག་རྣམས་ཀྱིས་བརྒྱན། །བསྒོམས་ན་རྡོ་རྗེ་སེམས་དཔའ་
མཆོག །གྲུབ་པ་མྱུར་དུ་ཐོབ་པར་འགྱུར། །འདི་ནི་སྐུ་གསུམ་མཆོག་སྦྱིན་པ། །སངས་རྒྱས་མཚན་གྱིས་མཚན་པར་འགྱུར། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །དེ་ཡི་འོད་ཀྱང་སྣང་བར་བྱེད། །དབང་པོ་གཉིས་ནི་སྦྱོར་བ་ཡིས། །སྦྱོར་བ་ཐམས་ཅད་བརྩམ་པར་
བྱ། །འདི་ནི་དངོས་གྲུབ་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །གལ་ཏེ་རྡོ་རྗེ་ཅན་གྲུབ་འདོད། །བཤང་གཅིའི་དམ་ཚིག་བཟའ་བར་བྱ། །འདི་ནི་དངོས་གྲུབ་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །བཤང་གཅིའི་དམ་ཚིག་ལ་སོགས་

པས། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་བྱང་ཆུབ་གནས་ཞི་བ། །དེ་ཉིད་བླ་ན་མེད་པ་འགྲུབ། །བཅོམ་ལྡན་འདས་འདོད་པ་དང་ཐར་པའི་དམ་ཚིག་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་དམ་ཚིག་ཆེན་པོ་རྡོ་རྗེ་ཁྲོ་བོ་
ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཀུན་དུ་སྐྲག་པར་བྱེད་པའི་ཁྲོ་བོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཧྲཱིཿཥྚཱིཿབི་ཀྲིཏཱ་ན་ན་སརྦ་ཤ་ཏྲཱུྃ་ནཱ་ཤ་ཡ། སྟམྦྷ་ཡ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དུག་ནི་ཁྲག་དང་ཀུན་དུ་
སྦྱར། །ལན་ཚྭ་སྐེ་ཚེ་ཡུངས་མར་ཏེ། །ཚེར་མའི་མེ་ལས་ཁྲོས་པས་བསྲེག །བུ་མོའི་མིང་གི་ཚིག་དང་བཅས། །ཉི་མ་གུང་ངམ་ནམ་ཕྱེད་ན། །འདི་ནི་རྣམ་པ་ཀུན་དུ་ཤིས། །ཤེས་རབ་ཅན་གྱིས་གྲུ་གསུམ་དུ། །སྟོང་ཕྲག་བརྒྱད་ནི་ཚུལ་བཞིན་བསྲེག །བུ་མོ་དག་
གི་དོན་གྱི་ཕྱིར། །འདི་ནི་ཉི་མ་གསུམ་དུ་བྱ། །བསྐལ་པ་གསུམ་དང་གྲངས་མེད་ནི། །དེས་ནི་རྟག་ཏུ་གནོན་པར་འགྱུར། །སངས་རྒྱས་དང་ནི་ཆོས་འཛིན་པ། །རྡོ་རྗེ་སེམས་དཔའ་གཞན་ཡང་རུང་། །གལ་ཏེ་རྨོངས་པས་འདས་ན་ནི། །དེ་ཡི་ཚེ་ནི་དེར་ཟད་འགྱུར། །
བཅུ་བཞིའམ་ཡང་ན་ཚེས་བརྒྱད་ལ། །དུར་ཁྲོད་སོལ་བ་བླངས་ནས་ནི། །ཆོ་ག་བཞིན་དུ་སྔགས་བཏབ་ན། །དེ་ནི་རྟག་ཏུ་སྟེར་བར་འགྱུར། །སྔགས་ཤེས་པ་ཡིས་གང་རུང་བའི། །དགྲ་ཡི་གཟུགས་བརྙན་བྱས་ནས་ནི། །བསམ་ཡས་དག་གིས་བྲིས་ན་ནི། །འཆི་བར་
འགྱུར་འདིར་གདོན་མི་ཟ། །ཐོ་བ་བསམ་གཏན་སྦྱོར་བ་ཡིས། །དེ་ལྟར་བྱས་ན་ངེས་པར་ལྟུང་། །ཧཱུྃ་ཡིག་རབ་ཏུ་འབར་དང་བཅས། །རྡོ་རྗེ་འབར་བ་རབ་ཏུ་བསྒོམ། །གདུག་པ་ཐམས་ཅད་འཇིག་པར་བྱེད། །ཕྱག་ན་རྡོ་རྗེའི་རིགས་དྲན་ཏེ། །རྡོ་རྒྱུས་སོལ་བ་ལ་སོགས་པས། །
སྐྱེས་པའམ་བུད་མེད་གཟུགས་བྲིས་ལ། །ལག་པར་སྟ་རེ་བསམས་ནས་སུ། །མགྲིན་པ་བཅད་པར་རྣམ་པར་བསྒོམ། །སངས་རྒྱས་སྐུ་གསུམ་རིན་ཆེན་མཆོག །སེམས་ཅན་ཀུན་ལ་ཕན་འདོད་པ། །འདི་ཡིས་སྣད་པར་འགྱུར་བའམ། །ཤི་བར་འགྱུར་འདིར་གདོན་མི་ཟ། །ལས་

ཀྱི་རྡོ་རྗེ་རབ་འབར་ཆེ། །མེ་སྟག་མང་པོ་འཁྲིགས་པ་ཅན། །དབུས་སུ་རྡོ་རྗེ་རྣམ་བསྒོམས་ལ། །ཆུ་རྣམས་གནོན་པའི་མཆོག་ཡིན་ནོ། །དཀྱིལ་འཁོར་དག་ནི་འདྲི་བ་ན། །རླུང་ལ་སོགས་པ་བྱུང་ན་ནི། །མཆེ་བའི་ཕྱག་རྒྱ་བཅིངས་ནས་སུ། །གདུག་པའི་དགྲ་ནི་རྗེས་དྲན་བྱ། །
སངས་རྒྱས་བྱང་ཆུབ་སེམས་དཔས་ཀྱང་། །སྤྲུལ་པར་གང་ཞིང་གྱུར་པ་ནི། །མཐོང་བ་ཙམ་གྱིས་འགག་འགྱུར་ཏེ། །གཞན་དུ་བྱས་ན་འཇིགས་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྐྱེ་བོ་གདུག་པ་གཞན་དག་ཀྱང་། །སྔགས་འདིས་སྐྲག་པར་
བྱས་ན་ནི། །འཆི་བར་འགྱུར་བར་གདོན་མི་ཟ། །དེ་ལ་འདི་ནི་སྔགས་ཐམས་ཅད་ཀྱི་གསང་བའི་སྙིང་པོའོ། །ཕཊ། ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས། །དབུས་སུ་གཟུགས་ནི་བསྒོམ་པར་བྱ། །སྔགས་ཤེས་པ་ཡིས་གནས་བཞི་རུ། །བཙུན་མོ་རྟག་ཏུ་གཞག་པར་བྱ། །
རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །མཚན་རྣམས་ཐམས་ཅད་ཀྱིས་མཚན་པ། །པདྨོ་རབ་ཏུ་རྒྱས་བྱས་ནས། །སྔགས་འདི་རབ་ཏུ་བསྒོམ་པར་བྱ། །ཧཱུྃ། འོད་ཟེར་ལྔ་འོད་རབ་འབར་བ། །རྡོ་རྗེ་ཅན་གྱི་སྦྱོར་བ་བསྒོམ། །རང་ལུས་ངག་སེམས་རྡོ་རྗེ་ལ། །ཕབ་ན་བྱང་
ཆུབ་ཐོབ་པར་འགྱུར། །དེ་ནི་དེ་མ་ཐག་ཉིད་དུ། །རྣམ་པར་སྣང་མཛད་འོད་འདྲ་ཞིང་། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །སངས་རྒྱས་སྐུ་གསུམ་རྡོ་རྗེ་འཛིན། །སེམས་དཔའ་ཐམས་ཅད་སྐྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བཞིན་བཟངས་ཕན་པར་འདོད་པ་ཡི། །བུད་མེད་
རྙེད་ན་ཆོ་ག་བཞིན། །དབེན་པར་མཆོད་པ་བརྩམ་པར་བྱ། །གསང་བ་བླངས་ནས་བཟའ་བར་བྱ། །དེ་ནི་དེ་མ་ཐག་ཉིད་དུ། །འཇམ་དཔལ་དང་ནི་གཟི་བརྗིད་མཉམ། །མི་སྣང་བདག་པོ་དཔལ་དང་ལྡན། །འཛམ་བུའི་གསེར་གྱི་མདངས་འདྲར་འགྱུར། །བཤད་པའམ་
ཡང་ན་བཟའ་བའམ། །ཤ་ཡང་ཆོ་ག་བཞིན་དུ་ནི། །མངོན་པར་བསྔགས་ནས་གཞུག་པར་བྱ། །ཟོས་ན་མཁས་རྣམས་ཀྱིས་མི་མཐོང་། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །བཤང་བ་ཆོ་ག་བཞིན་བླངས་ནས། །ཁམ་ཕོར་སྦྱར་མར་གཞག་

པར་བྱ། །བརྒྱ་རྩ་བརྒྱད་དུ་བསྐུལ་ན་ནི། །སངས་རྒྱས་ཉི་མས་མི་མཐོང་ངོ་། །ཁྱི་ཡི་ཤ་དང་རྟ་ཤ་དང་། །ཤ་ཆེན་དག་ནི་ཆོ་ག་བཞིན། །བླངས་ནས་ཁ་སྦྱར་སྦྱོར་བ་ཡིས། །ཟོས་ན་དེ་ཡིས་མི་མཐོང་ངོ་། །བཤང་དང་ལྷན་ཅིག་ལྡན་པ་ཡིས། །རིལ་བུ་ལྕགས་
གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །ཁྱི་ཡི་ཤ་དང་སྦྱར་བ་ཡི། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །ཤ་ཆེན་དང་ནི་སྦྱོར་བ་ཡི། །རིལ་
བུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །བ་གླང་ཤ་དང་སྦྱོར་བ་ཡི། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །བཤང་བ་
ལས་བྱུང་སྲོག་ཆགས་ལས། །བརྟུལ་ཞུགས་ཅན་གྱིས་རིལ་བུ་བྱ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །ག་པུར་ཙནྡན་སྦྱར་བ་ཡི། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་
གྱིས་མི་མཐོང་ངོ་། །གི་ཝང་ཨ་ག་རུ་སྦྱར་བའི། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །རྡོ་རྗེ་སྟོབས་པོ་ཆེར་འགྱུར་རོ། །ག་པུར་གུར་གུམ་སྦྱར་བ་ཡི། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་
བ་ཡིས། །སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །ཞེས་གསུངས་སོ། །རྡོ་རྗེ་ཅན་རྣམས་གང་ཡང་རུང་། །ཕྱག་རྒྱ་ཆེན་པོར་བྱིན་བརླབས་ན། །དེ་འདྲར་འགྱུར་ཏེ་དཔལ་དང་ལྡན། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །དཔག་ཚད་བྱེ་བ་རྫོགས་པ་ཡི། །སྟེང་དུ་རྡོ་རྗེ་
འགྲོ་བར་འགྱུར། །སྟོང་གསུམ་བགྲོད་པ་དཔལ་དང་ལྡན། །སངས་རྒྱས་འོད་དང་འདྲ་བར་འགྱུར། །འདོད་ཁམས་གནས་པའི་བུ་མོ་དང་། །ལྷ་ཡི་ལོངས་སྤྱོད་རིགས་བརྟུལ་ཞུགས། །ཡང་ན་གཟུགས་ཁམས་གནས་པ་ལ། །སྟོབས་ཆེན་གྱིས་ནི་འདོད་པ་

སྤྱོད། །བཅོམ་ལྡན་འདས་དམ་ཚིག་མི་སྣང་བའི་རྡོ་རྗེ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་སངས་རྒྱས་རབ་དགྱེས་བདག །སེམས་འཁྲུགས་ཡིད་ལ་དབང་བ་དག །ངོ་མཚར་གྱུར་ཅིང་སྤྱན་གདངས་ནས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཨེ་མའོ་འདི་རབ་ངོ་མཚར་
ཆེ། །ཨེ་མའོ་གསང་གནས་མི་འགྱུར་བ། །ཨེ་མའོ་ངོ་བོ་ཉིད་ཀྱིས་དག །ཨེ་མའོ་ཤིན་ཏུ་དྲི་མེད་ཆོས། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །སྐྱེད་པོ་བྱེད་པོ་མི་འགྱུར་ཆེ། །སངས་རྒྱས་རྡོ་རྗེ་ཆོས་ཆེན་པོས། །རྡོ་རྗེའི་གསུང་དུ་བཀའ་སྩལ་པ། །སེམས་དཔའ་རྡོ་རྗེའི་སྦྱོར་བ་ཡིས། །
རྡོ་རྗེ་འཛིན་རྣམས་མཉེས་པར་བྱ། །སངས་རྒྱས་བྱང་ཆུབ་རབ་དབྱེ་བས། །སངས་རྒྱས་རྡོ་རྗེ་ཅན་མཉེས་འགྱུར། །རྡོ་རྗེ་སྤྱན་དང་གཟུགས་སོགས་ཀྱིས། །གཙུག་ཏོར་མཉེས་པར་བྱེད་པར་དྲན། །ཁྲོ་བོ་རྣམས་ལའང་དེ་མཆོག་སྟེ། །སངས་རྒྱས་རྡོ་རྗེ་རབ་བསྒོམ་པའོ། །རིག་
པའི་རྒྱལ་པོ་ཆོས་མཆོག་རྣམས། །རིན་ཆེན་ཏོག་ནི་རྣམ་པར་བསྒོམ། །རིག་པའི་རྒྱལ་མོའི་སྦྱོར་བ་ལ། །ཚེ་དཔག་མེད་པ་རབ་ཏུ་བསྒོམ། །ཐམས་ཅད་ལས་བྱེད་སྔགས་རྣམས་ལ། །གདོན་མི་ཟ་བའི་ཡེ་ཤེས་བསྒོམ། །སྔགས་རྣམས་ཐམས་ཅད་ཉིད་ལ་ནི། །རྡོ་རྗེ་སེམས་
དཔའ་རྣམ་པར་བསྒོམ། །ཞེས་གསུངས་སོ། །གནོད་སྦྱིན་མོ་ཡི་སྔགས་རྒྱུད་ལ། །གཤིན་རྗེ་གཤེད་ཉིད་བརྟག་པར་བྱ། །ཐམས་ཅད་སྦྱོར་བའི་སྔགས་རྣམས་ལ། །སྤྱི་བོ་རུ་ནི་བསྐུལ་བ་ཤིས། །བཅོམ་ལྡན་འདས་དམ་ཚིག་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །བསམ་གཏན་
འཁོར་ལོ་འདི་ཡིས་ནི། །སྔགས་མཉེས་པ་ཡི་དཀྱིལ་འཁོར་དག །དམ་ཚིག་ཆེན་པོ་སྒྲུབ་བྱེད་པ། །སྒྲུབ་པོ་རྣམས་ལ་ཕན་པ་གསུངས། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །གཙོ་བོ་ཆོས་རྣམས་ཀུན་དབང་ཕྱུག །སྐུ་དང་གསུང་ཐུགས་ཡང་དག་པས། །ཡེ་ཤེས་རྡོ་རྗེ་བཀའ་སྩལ་ཏེ། །རི་རྩེ་ཉམས་
ནི་དགའ་བ་དང་། །ནགས་ཚལ་རབ་ཏུ་དབེན་པར་ཡང་། །བསམ་གཏན་རྡོ་རྗེ་རབ་བྱ་བ། །སྔགས་དང་བཟླས་པའི་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་ལ་སོགས་ཀུན། །སྔགས་དང་བསམ་གཏན་གྱིས་བསྐུལ་བས། །གསུང་གི་ལས་ཀྱི་བཀའ་བཞིན་དུ། །ལས་རྣམས་སྣ་ཚོགས་བྱེད་པར་འགྱུར། །

རྡོ་རྗེ་ཆོས་ཀྱི་གཟུགས་ཆེན་པོ། །པདྨ་རཱ་གའི་འོད་འདྲ་བ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །གནས་གསུམ་དུ་ནི་རིགས་བརྟག་གོ། །དབབ་པའི་ཆོ་ག་ཐམས་ཅད་ནི། །བྱས་ན་གདོན་མི་ཟ་བར་འགྲུབ། །བསྐུལ་དང་རེངས་པ་ལྷ་ཆེན་པོ། །འཕགས་པའི་ས་ནི་བཞི་པོ་དག །
རྡོ་རྗེ་གྲུབ་པ་དག་གིས་བྱ། །དེ་ལྟར་བྱས་ན་རྟག་པར་འགྲུབ། །བུ་མོ་ལོ་གྲངས་བཅུ་གཉིས་མའམ། །ཁྱེའུ་ལོ་གྲངས་བཅུ་གཉིས་པ། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ། །བཟུང་ནས་དབབ་པར་རབ་ཏུ་བརྟག །ཆོ་ག་ཐམས་ཅད་བྱས་ནས་ནི། །ལས་རྣམས་རབ་ཏུ་བསྒྲུབ་
པར་བྱ། །རྣམ་པ་གཞན་དུ་བྱས་ན་ནི། །ཁམས་གསུམ་སྐྱེ་བོས་དཔྱས་པར་འགྱུར། །དེ་ལ་སྙིང་པོའི་སྔགས་ཀྱི་ཡི་གེའི་ཚིག་ནི་འདི་རྣམས་སོ། །ཧཱུྃ་ཧཱཿཨཱཿཛྷཻཿ། ནམ་མཁའི་ཁམས་ནི་སེམས་མེད་ཅིང་། །རྟོག་པ་ཐམས་ཅད་རྣམ་སྤངས་དང་། །རྡོ་རྗེ་སེམས་དཔའ་རང་ཉིད་ཀྱང་། །
འབབ་པར་འགྱུར་རོ་ཆོ་ག་ཡིས། །ཧཱུྃ་ཡིག་རྡོ་རྗེ་སེམས་དཔའི་བདག །ཧཱཿཡིག་སྐུ་ཡི་རྡོ་རྗེ་ཅན། །ཨཱཿཡིག་ཆོས་འཛིན་རྒྱལ་པོ་སྟེ། །འདི་ནི་སྔགས་ཚིག་བསྟན་པའོ། །ཡི་གེ་ཛྷཻཿཡིས་བསྐུལ་བར་བཤད། །འཁོར་བ་དང་ནི་གཡོ་བ་ཡིན། །འདི་ནི་བསྐུལ་བ་ཐམས་ཅད་ཀྱི། །
གསང་བ་ཡིན་པར་འདི་རབ་བཤད། །ཁྲུ་གང་ཙམ་མམ་ཁྲུ་དོ་འམ། །ཇི་སྲིད་ཁྲུ་བརྒྱད་ལྔ་ཙམ་དུ། །རྡོ་རྗེ་རྒྱལ་པོ་རབ་བསྐུལ་ན། །འཇིགས་ཤིང་སྐྲག་ནས་འཕར་བར་འགྱུར། །དེ་བཞིན་ཐམས་ཅད་སྔར་ཇི་ལྟར། །འདི་ནི་གསང་བ་ཐོབ་བྱེད་པའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །དེ་
བཞིན་གཤེགས་པ་ཀུན་གྱི་བདག །སྐུ་གསུམ་གནས་ནི་ཡོངས་དག་པས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །རྩེ་གཅིག་མ་གྱུར་པ་ཡིས་ཀྱང་། །བརྟུལ་ཞུགས་བརྟན་པས་བྱ་བ་འདི། །སྦྱོར་བ་གཞན་མིན་པ་ཡིས་བྱ། །གདུག་པ་ཐམས་ཅད་རྣམ་གཞིག་པའོ། །དུར་ཁྲོད་སོལ་དང་
ཕུབ་སོགས་ལས། །དགྲ་ཡི་གཟུགས་བརྙན་བྱས་ནས་ནི། །སྐྲ་བཤིག་གཅེར་བུར་བྱུང་བ་ཡིས། །ཁམས་གསུམ་དག་ཀྱང་འཇིག་པར་བྱེད། །དུར་ཁྲོད་རོ་བསྲེགས་ཐལ་བ་ཡིས། །དགྲ་ཡི་གཟུགས་བརྙན་བྱས་ནས་ནི། །སྟོང་བརྒྱ་རྩ་བརྒྱད་བཟླས་པས་ཀྱང་། །འཆི་བར་

འགྱུར་འདིར་གདོན་མི་ཟ། །དཀྱིལ་འཁོར་གྲུ་གསུམ་བྱས་པ་ལ། །བ་ལང་ཤ་དང་རྟ་ཡི་ཤ །ཁྱི་ཡི་ཤ་འམ་སྣ་ཚོགས་ཀྱིས། །རྡོ་རྗེའང་གདོན་མི་ཟ་བར་འཇིག །ཤ་ཆེན་པོ་ཡིས་འཇིག་པ་ནི། །ཐམས་ཅད་རྡོ་རྗེ་ལས་བྱུང་དྲན། །འདི་ནི་དགྲ་རྣམས་ཐམས་ཅད་ཀྱི། །འཇིགས་པ་ཤིན་ཏུ་མི་བཟད་
དྲན། །ཆོས་མཆོག་ཅན་གྱི་བཤང་གཅི་ཡིས། །དགྲ་ཡི་གཟུགས་བརྙན་བྱས་ནས་ནི། །ཚེར་མའི་མེ་ལ་ཁྲོས་ནས་བསྲེགས། །སངས་རྒྱས་དག་ཀྱང་ངེས་པར་འཇིག །ཅེས་གསུངས་སོ། །ཆུ་བོའི་འགྲམ་གཉིས་ས་ཡིས་ཀྱང་། །དགྲ་ཡི་གཟུགས་བརྙན་བྱས་ནས་ནི། །དུག་ལས་བྱུང་བའི་
ཚེར་མ་ནི། །ཏིལ་འབྲུ་ཙམ་གྱིས་ཡན་ལག་ཀུན། །དགང་ཞིང་སྐུལ་བའི་ཚིག་དང་བཅས། །སངས་རྒྱས་དག་ཀྱང་ངེས་པར་འཇིག །ཅེས་གསུངས་སོ། །སྐེ་ཚེ་ལན་ཚྭ་འབྲུ་མར་དང་། །དུག་དང་དྷ་དུ་ར་དག་ནི། །སངས་རྒྱས་ཐམས་ཅད་གསད་པ་ལ། །འདི་དག་རབ་མཆོག་གྱུར་པར་
བཤད། །སོལ་ཁུས་གཤེར་བའི་གོས་དག་ནི། །གྱོན་ཏེ་སེམས་ནི་ཁྲོས་ནས་སུ། །ལིངྒ་རྐང་པས་མནན་ནས་ནི། །སྲིན་པོས་འཛིན་པར་གདོན་མི་ཟ། །རུས་ཕྱེ་ཁྲག་དང་དུག་རྣམས་ཀྱིས། །གཟུགས་བརྙན་རབ་ཏུ་བྱས་ན་ནི། །རྡོ་རྗེ་སེམས་དཔའ་དྲག་པོ་ཡང་། །མྱུར་བ་དག་
ཏུ་འཛིན་པར་འགྱུར། །སྐེ་ཚེ་དང་ནི་ཡང་དག་ལྡན། །བཤང་གཅི་དག་གིས་རྫོགས་པ་ཡི། །ལིངྒ་རྐང་པས་མནན་ན་ནི། །ཚ་བ་ཆེན་པོས་འཛིན་པར་འགྱུར། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་རྡོ་རྗེ་ཁྲོ་བོའི་སྙིང་པོའོ། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་
ཎྃ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣ་བི་ནཱ་ཡ་ཀཱན། མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏ་ཨནྟ་ཀ་རཱ་ཡ་ཧཱུྃ་ཕཊ། སྦྱིན་སྲེག་སླར་ཡང་བསམ་གཏན་དག །ལུས་དང་ངག་སེམས་འཇིག་པ་སྟེ། །མ་ཡེངས་
པ་ཡི་སེམས་ཀྱིས་ནི། །གསོད་པ་ཡིན་ན་མཆོག་འདི་བྱ། །རྡོ་རྗེ་སེམས་དཔའ་ཁྲོ་བོ་ཆེ། །རྣམ་པར་བགྲད་པ་འཇིགས་འཇིགས་ལྟ། །སྟ་རེ་ཐོ་བ་ཕྱག་ན་བསྣམས། །བསམས་ནས་བསམ་གཏན་རབ་ཏུ་བརྟག །དེ་ལ་འདི་ནི་དྲག་པོ་ཆེན་པོ་ཁྲོ་བོའི་དམ་ཚིག་གོ། །མཁའ་

དབྱིངས་སངས་རྒྱས་ཐམས་ཅད་ཀྱིས། །ཡོངས་སུ་གང་བར་རབ་བསྒོམས་ལ། །གདུག་པ་དེ་ཡིས་བསད་པར་ནི། །བསམས་ནས་དེ་མ་ཐག་ཏུ་འཆི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །ཡོངས་སུ་གང་བར་བསྒོམས་ནས་ནི། །གདུག་པའི་སེམས་དཔས་བསད་
ན་ནི། །རྡོ་རྗེ་འཛིན་པ་ཉིད་ཀྱང་འཆི། །སངས་རྒྱས་གནོད་བྱེད་དགྲ་བོ་རྣམས། །སྐྲག་ཅིང་འཇིགས་པས་དཀྲུགས་པར་ནི། །སྔགས་མཁན་གྱིས་ནི་མདུན་བསམས་ན། །འཆི་བར་འགྱུར་འདིར་གདོན་མི་ཟ། །སྲིན་པོ་ཁྲོ་བོ་སྣ་ཚོགས་པ། །གཏུམ་ཞིང་ཁྲོ་བོ་མི་བཟད་པས། །སྐྲག་པར་
གྱུར་པར་བསམས་དེས་ནི། །རྡོ་རྗེ་འཛིན་པ་ཉིད་ཀྱང་འཆི། །འུག་པ་ཁྲ་དང་བྱ་རྒོད་དང་། །མཆུ་རིངས་པ་དང་ཝ་རྣམས་ཀྱིས། །ཟོས་པར་བསམས་ན་དེ་ཡིས་ནི། །སངས་རྒྱས་དག་ཀྱང་ངེས་པར་འཇིག །སྦྲུལ་ནག་རབ་ཏུ་ཁྲོ་བ་ནི། །འཇིགས་པ་དག་ཀྱང་འཇིགས་བྱེད་པ། །དུག་གི་
མཆོག་གི་དམ་ཚིག་ནི། །དཔྲལ་བར་བསམས་ན་འདི་ཁྱད་འཕགས། །སྦྲུལ་དེས་ཟོས་པར་གྱུར་པ་ཡིས། །བསྒྲུབ་བྱ་དག་ཀྱང་ངེས་པར་འཇིག །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི། །ཡམས་སམ་ཉེ་བར་འཚེ་བ་རྣམས། །འཇིགས་པ་དགྲ་ལ་དབབ་པའི་མཆོག །འདི་ནི་
བསྐུལ་བའི་མཆོག་ཡིན་ནོ། །ཐོ་བ་རབ་ཏུ་དྲག་པོ་ཡིས། །བརྟུལ་ཞུགས་ཅན་གྱིས་སྙིང་གར་བརྡེག །རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །དགྲ་ཡི་སྲོག་ནི་མེད་པར་འགྱུར། །རྡོ་རྗེ་ཅན་གྱིས་སྟ་རེ་སོགས། །གཤེག་ཅིང་གཏུབ་པར་བསམས་ན་ནི། །སྐུ་གསུམ་གྱི་ནི་མཆོག་སྦྱིན་
པ། །རྡོ་རྗེ་སེམས་དཔའ་དྲག་པོའང་འཆི། །བསྲུང་བ་ལ་སོགས་དང་པོ་སྔགས། །ལྷ་རྣམས་ཀྱང་ནི་ཕུར་བུས་གདབ། །འདི་ནི་གསོད་བྱེད་མཆོག་གི་མཆོག །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །ཕུང་པོ་རྡོ་རྗེས་དཀྱིལ་འཁོར་དུ། །སེམས་ཅན་ཇི་སྙེད་གནས་པ་ལ། །གསང་བདག་
ཉིད་གཏོགས་བསམས་ན་ནི། །འདི་ལྟས་མཉེས་འགྱུར་གཞན་དུ་མིན། །སྟོན་པ་སངས་རྒྱས་རྡོ་རྗེ་འཛིན། །རྡོ་རྗེ་ཆོས་དང་རྡོ་རྗེ་ཅན། །བསམ་གཏན་སྦྱོར་བས་འཆི་བར་འགྱུར། །རྡོ་རྗེ་ཐུགས་ཀྱི་བཀའ་ཇི་བཞིན། །བཅོམ་ལྡན་འདས་ཁྲོ་བོ་ཆེན་པོའི་དམ་ཚིག་རྡོ་རྗེ་ཁྲོ་བོས་དེ་སྐད་ཅེས་བཀའ་

སྩལ་ཏོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་ནམ་མཁའ་ཐུབ་ཆེན་པོ། །ཐམས་ཅད་དབང་བསྐུར་རྫོགས་སངས་རྒྱས། །ཡེ་ཤེས་རྡོ་རྗེས་བཀའ་སྩལ་པ། །ཨེ་མའོ་ངོ་བོ་ཉིད་ཀྱིས་དག །རྡོ་རྗེ་ཐེག་པ་བླ་ན་མེད། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །རྒྱལ་བ་རྣམས་ཀྱིས་སྐྱེ་བར་
བསྟན། །དེ་ལ་འདི་ནི་ལས་ཕྲན་ཚེགས་ཀྱི་རྡོ་རྗེ་གསང་བའོ། །སྦྲུལ་ནི་མི་སྡུག་འཇིགས་བྱེད་པ། །ནག་པོ་འབར་བ་འཁྲུག་ཅིང་ཁྲོ། །ལྕེ་གཉིས་མཆེ་བའི་ཕྲེང་བ་ཅན། །རྡོ་རྒྱུས་དག་གམ་སོལ་བས་བྲིས། །དེ་ལ་འདི་ནི་ཀླུ་ཁྲོ་བོ་སྐུལ་བའི་སྙིང་པོའོ། །ཁྃ། ཁ་ཡི་ནང་དུ་དེ་བསམ་ཞིང་། །
དུག་ནི་ཧ་ལ་ཧ་ལ་འདྲ། །སྲེག་པ་མེ་ཡི་ཁ་དོག་དང་། །བསྒོམས་ན་འགུལ་བར་གདོན་མི་ཟ། །དེ་ལ་འདི་ནི་དུག་ཐམས་ཅད་དགུག་པའི་སྙིང་པོའོ། །ཧྲཱིཿ། རྣམ་པ་སྣ་ཚོགས་ལས་བྱུང་དུག །ཁམས་གསུམ་ན་ནི་གནས་པ་ཀུན། །དེ་ཡིས་ཁྱེར་བར་བསྒོམས་ནས་ནི། །བབ་པར་
གྱུར་པར་རྣམ་པར་བསམ། །དེ་ནི་དེ་མ་ཐག་ཉིད་དུ། །དུག་གི་རྒྱ་མཚོ་མི་བཟད་འགྱུར། །རེག་མ་ཐག་ཏུ་འགྲོ་བ་ཀུན། །འཇིག་པ་འདི་ལ་ཐེ་ཚོམ་མེད། །སྡིག་པ་སྦལ་པ་ལ་སོགས་དང་། །སྦྲུལ་རྣམས་སྣ་ཚོགས་པ་དག་ལའང་། །ཆོ་ག་བཞིན་དུ་རབ་ཏུ་བྱ། །སྦྱོར་བ་
འབྱུང་བའི་མཚན་ཉིད་ཀྱིས། །དེ་ལ་འདི་ནི་དུག་ཐམས་ཅད་འཕོ་བའི་སྙིང་པོའོ། །ཨོཾ། ལྟ་བ་རྡོ་རྗེའི་དུག་ལ་སོགས། །གཞན་ཡང་མི་བཟད་པ་ཡི་དུག །ནམ་མཁའ་རྡོ་རྗེའི་དཀྱིལ་འཁོར་དུ། །ཡེ་ཤེས་རྡོ་རྗེས་བཀུག་ནས་འཇུག །བཅོམ་ལྡན་འདས་དུག་གི་དམ་ཚིག་
ཆེན་པོ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་འདི་ནི་དུག་གསོ་བའི་དམ་ཚིག་རྡོ་རྗེའི་སྙིང་པོའོ། །ཧཱུྃ། སྙིང་པོ་འདི་ནི་རྡོ་རྗེ་ཆེ། །ཁ་དོག་དཀར་པོར་རྣམ་པར་བསྒོམ། །འོད་ཀྱི་སྤྲིན་ནི་ཆེར་འབར་བ། །ཟླ་བའི་འོད་ཟེར་བཞིན་དུ་བསིལ། །གནས་བཞི་དག་ཏུ་སྦྱོར་བ་ཡིས། །
དེ་མ་ཐག་ཏུ་སྡུད་པས་ལྡང་། །ལན་གཉིས་ལན་གསུམ་རབ་བསྒོམས་ནས། །སྐྱུགས་པ་དག་ཏུ་རྣམ་བསམས་ན། །ནམ་མཁའི་ཁམས་ཀུན་གང་བ་ཡང་། །སྐད་ཅིག་གིས་ནི་དུག་མེད་བྱེད། །ཞེས་དེ་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །དེ་ལ་འདི་ནི་ཉེ་བའི་དུག་ཐམས་ཅད་

དྲང་བའི་སྙིང་པོའོ། །ཨཱཿ། འབྲས་དང་ཕོལ་མིག་འབྲུམ་བུ་དང་། །གང་གཞན་ནད་དུ་བཤད་པ་རྣམས། །ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ། །བསམས་པ་ཙམ་གྱིས་མེད་པར་འགྱུར། །པདྨ་ཆེན་པོ་འདབ་མ་བརྒྱད། །རི་བོང་ཅན་བཞིན་དྲི་མེད་པ། །དེ་ཡི་དབུས་ན་
འདུག་བསམ་པ། །འོད་ཟེར་ལྔ་ནི་རབ་རྫོགས་པའོ། །སྡུག་པ་ན་ནི་དམ་ཚིག་གནག །བསྐུལ་བ་ན་ནི་དཀར་པོ་འདྲ། །བསམ་གཏན་གནས་འདི་གསང་བ་སྟེ། །གསང་ཆེན་ཡེ་ཤེས་དྲི་མ་མེད། །དེ་ལ་འདི་ནི་ཕྱི་ནང་གི་ནད་རྣམས་གསོ་བའི་རྡོ་རྗེ་སྙིང་པོའི་སྔགས་ཀྱི་ཡི་གེའི་ཚིག་རྣམས་
སོ། །ཛི་ན་ཛིཀ། ཨཱ་རོ་ལིཀ །བཛྲ་དྷྲྀཀ། ཡི་གེའི་ཚིག་ནི་གང་འདོད་པ། །དད་པས་ཡོན་ཏན་ཐོབ་པར་འགྱུར། །དེ་འདྲའི་གཟུགས་ནི་བསྒོམ་པར་བྱ། །ནད་ཀྱི་རྡོ་རྗེ་བསྐུལ་བ་ཡིས། །དམ་ཚིག་སྤྲེའུའི་རྣམ་པའམ། །ཡང་ན་ཁྱེར་ནི་བྱུང་བའང་རུང་། །རང་གི་ལུས་ངག་སེམས་
གནས་ལས། །བྱུང་བ་དག་ཏུ་རྣམ་པར་བསམ། །འཁོར་ལོ་འམ་ནི་རྡོ་རྗེའང་རུང་། །རྡོ་རྗེའི་གོ་འཕང་གནས་བསྒོམ་ལ། །ལུས་དང་ངག་སེམས་དམ་ཚིག་རྣམས། །དེས་ནི་ཕྱེ་མར་བརླག་པར་བསྒོམ། །དེ་ནས་བརྩམས་ཏེ་རྫོགས་སངས་རྒྱས། །བྱང་ཆུབ་སེམས་དཔའ་
གྲགས་ཆེན་རྣམས། །བྱིན་རླབས་གོ་འཕང་དམ་པ་དག །དགྱེས་པའི་སྤྱན་གྱིས་རབ་ཏུ་སྩོལ། །འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རང་ལུས་ངག་སེམས་རྡོ་རྗེ་ལ། །སངས་རྒྱས་སྤྲིན་དག་རྣམ་པར་བསམ། །རྡོ་རྗེ་རྒྱལ་པོ་སྤྲིན་ཆེན་པོ། །ནད་ལས་ཐར་བར་བསྒོམ་པར་བྱ། །
ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས། །ཁྲོས་པ་དེ་ལ་བསམ་པར་བྱ། །འཆི་བར་བྱེད་པ་དམ་པའི་དོན། །བསམ་གཏན་སྦྱོར་བ་འདི་དག་གིས། །ལས་སྐྱེས་སུ་ཡང་གང་གྲགས་པ། །བརྒྱ་རྩ་བརྒྱད་བཟླས་སྦྱོར་བ་ཡིས། །ཉི་
མ་བདུན་གྱིས་འཇིག་པར་འགྱུར། །ཡང་ན་རང་གི་སྔགས་རྒྱལ་གྱིས། །རྡོ་རྗེའི་བསམ་གཏན་ཆོ་ག་བསམ། །འདི་ནི་ནད་རྣམས་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཡེ་ཤེས་ཀྱོ་བ་འོད་ཆེན་པོ། །འདོད་པ་ཐར་པ་རྡོ་རྗེ་ཆེས། །

གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཆོས་རྣམས་རྨི་ལམ་ལྟ་བུ་ནི། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་། །རང་བཞིན་དག་པའི་དེ་ཉིད་ལ། །འཁྲུལ་པའི་རྡོ་རྗེ་རབ་ཏུ་གསུངས། །བསམ་གཏན་བཟླས་པའི་དོན་བརྩོན་པའི། །སྒྲུབ་པ་པོས་ནི་རྟག་ཏུ་མཐོང་། །སངས་རྒྱས་བྱང་ཆུབ་
སེམས་དཔའ་རྣམས། །དབྱེ་བ་རྣམ་པ་གཉིས་སུ་མཐོང་། །དེ་ལ་འདི་ནི་རྨི་ལམ་ཆེན་པོའི་དམ་ཚིག་གི་གནས་ཏེ། །བྱང་ཆུབ་ཡེ་ཤེས་མཆོག་ཐོབ་པ། །སངས་རྒྱས་འོད་ནི་བཟང་པོར་མཐོང་། །སངས་རྒྱས་ལོངས་སྤྱོད་རྫོགས་པ་ཡི། །སྐུར་ཡང་བདག་ཉིད་མྱུར་དུ་མཐོང་། །
སེམས་ཅན་ཆེན་པོ་ཁམས་གསུམ་པས། །མཆོད་པ་བྱེད་པར་དེ་ཡིས་མཐོང་། །རང་གཟུགས་ཡེ་ཤེས་ཆེ་འོད་མཉམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །ངེས་པར་མཆོད་པ་བྱེད་པར་མཐོང་། །རྡོ་རྗེ་སེམས་དཔའི་གཟུགས་
ཆེན་དང་། །གྲགས་པ་ཆེན་པོ་རྡོ་རྗེ་ཆོས། །གསང་བ་རྡོ་རྗེ་གྲགས་པ་ཆེ། །རྨི་ལམ་དག་ན་རང་གཟུགས་མཐོང་། །བྱང་ཆུབ་སེམས་དཔའ་རྡོ་རྗེ་ཅན། །སངས་རྒྱས་ཆེན་པོ་ཕྱག་འཚལ་བ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །རྨི་ལམ་འདི་འདྲ་མཐོང་བར་འགྱུར། །རྒྱན་རྣམས་
ཐམས་ཅད་ཡོངས་རྫོགས་པའི། །ལྷ་ཡི་བུ་མོ་ཡིད་འོང་དང་། །ཁྱེའུ་དང་བུ་མོ་དག་མཐོང་ན། །དེ་ནི་དངོས་གྲུབ་འཐོབ་པར་འགྱུར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་། །ཞིང་ན་བཞུགས་པར་ངེས་པར་མཐོང་། །ཐུགས་ནི་དགྱེས་པར་གྱུར་ནས་ཀྱང་། །ཆོས་
མཛོད་ཡིད་དུ་འོང་བ་སྩོལ། །ཆོས་ཀྱི་འཁོར་ལོར་གནས་པའི་ལུས། །སངས་རྒྱས་ཀུན་གྱིས་ཡོངས་བསྐོར་བ། །བསམ་གཏན་རྡོ་རྗེ་ལ་གནས་པའི། །དམ་ཚིག་སྦྱོར་བས་མཐོང་བར་འགྱུར། །ཀུན་དགའ་སྐྱེད་ཚལ་སྣ་ཚོགས་པ། །ལྷ་ཡི་བུ་མོ་སོགས་པས་བརྒྱན། །སངས་
རྒྱས་ཀུན་གྱིས་བྱིན་བརླབས་པས། །བསམ་གཏན་དམ་ཚིག་ཅན་གྱིས་མཐོང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །དེ་ནི་མངོན་པར་དབང་བསྐུར་མཐོང་། །རིག་འཛིན་རྒྱལ་པོ་ཆེན་པོ་ཡིས། །མཆོད་པ་བྱེད་པར་ངེས་མཐོང་ངོ་། །ཞེས་ཀྱང་གསུངས་སོ། །རྡོ་

རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དྲི་མ་མེད་མཐོང་དེས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སྐྱེས་པ་བླ་མེད་འགྲུབ་པར་འགྱུར། །གདོལ་པ་ཁྱི་ཡི་སྦྱོར་ལ་སོགས། །གལ་ཏེ་རྡོ་རྗེ་བློས་མཐོང་ན། །བློ་ལྡན་རྡོ་རྗེ་སེམས་དཔའ་ཡི། །སེམས་ཀྱི་གནས་ནི་འགྲུབ་པར་
འགྱུར། །དེ་ལ་འདི་ནི་རྨི་ལམ་རྣམ་པར་དཔྱད་པའི་དམ་ཚིག་གི་སྙིང་པོའོ། །རང་སེམས་སེམས་ནི་དམིགས་པ་ལ། །ཆོས་རྣམས་ཐམས་ཅད་རབ་གནས་པ། །ནམ་མཁའ་རྡོ་རྗེའི་སེམས་གནས་འདི། །ཆོས་མེད་