Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 081_རྒྱུད་འབུམ།_ཅ

Văn bản gốc(Tây Tạng)

Trang 2 / 19 (50.000 ký tự/trang)
ི་མཱ་མ་ཀཱི། །བརྟན་པོ་འཁྱུད་པ་བྱས་ནས་སུ། །དབང་པོ་ཐམས་ཅད་ལ་འོ་བཏབ། །མ་མཆུ་སོས་བཟུང་འོ་བཏབ་སྟེ། །སིད་སྒྲ་སྔགས་ནི་བརྗོད་པར་བྱ། །རྡོ་རྗེ་བཅིངས་པས་སྐུ་ཡང་འཛིན། །རྡོ་རྗེ་ཅན་གྱིས་གསང་བྱས་ཏེ། །པདྨར་རྡོ་རྗེ་བཅུག་ནས་སུ། །
ཆགས་ན་དགའ་སྟེ་འདོད་པར་བྱ། །སིད་སྒྲ་སྙན་པོ་སྒྲ་རྣམས་དང་། །ཀཽཀྐི་ལེ་དང་གླིང་བུ་སོགས། །ལྷ་མོ་མཱ་མ་ཀཱི་དང་རྩེ། །རྡོ་རྗེ་བདུད་རྩི་བདེ་ཆེན་པོས། །ནུ་མ་བཟུང་ལ་གཟིར་བྱས་ཏེ། །སེན་མོ་རི་མོས་གདབ་པར་བྱ། །དེ་ཡང་གོས་ནི་ཕུད་བྱས་ཏེ། །སྟེང་འོག་ལ་ཡང་བལྟ་
བར་བྱ། །རྒྱས་པའི་པདྨར་འོ་བཏབ་ནས། །དགའ་བའི་ཚིག་ཀྱང་བརྗོད་པར་བྱ། །རྒྱས་པའི་པདྨ་མཱ་མ་ཀཱི། །ལྷ་མོ་ཆེན་མོ་ལེགས་སོ་ལེགས། །གཏན་དུ་འདོད་ལ་ཆགས་པ་ཡིས། །བདག་གིས་ཁྱོད་ལ་དགའ་བར་བྱ། །གང་ཞིག་འདོད་པ་ཁྱོད་ཀྱིས་ཞུས། །ཁྱོད་ལ་བདག་གིས་
མཆོག་ཏུ་སྦྱིན། །དེ་ནས་ལྷ་མོ་མཱ་མ་ཀཱི། །ཚིག་འདི་དག་ནི་ཆེད་དུ་གསོལ། །བཅོམ་ལྡན་ཉིད་ཀྱིས་དེ་བཞིན་ཉིད། །བྱང་ཆུབ་སེམས་ཀྱིས་རྣམ་སྤྲུལ་པ། །ཕྲ་བས་ཤིན་ཏུ་ཕྲ་བ་ཡིས། །ཟད་མེད་ཡེ་ཤེས་ཇི་ལྟར་རོལ། །དེ་འདྲ་ལྷ་ཡིས་སྤྱོད་པ་ནི། །དབང་པོ་གཉིས་ཀྱི་སྙོམས།

འཇུག་པས། །དེ་དག་ཐེ་ཚོམ་འབྱུང་བས་ན། །བདག་ནི་ངོ་མཚར་དམ་པར་འགྱུར། །དེ་ནས་བཅོམ་ལྡན་རྡོ་རྗེ་ཡིས། །རྡོ་རྗེ་བདུད་རྩི་བདེ་ཆེན་བཤད། །ཉོན་ཅིག་དེ་ཉིད་མཱ་མ་ཀཱི། །ཡེ་ཤེས་སྦྱོར་བ་འབིགས་བྱེད་པ། །ཤིན་ཏུ་ཕྲ་བ་གསང་ཆེན་པོ། །ཡེ་ཤེས་ཤེས་བྱ་
ངོ་བོ་ཉིད། །དེ་ནི་བདག་གིས་བཤད་བྱ་སྟེ། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། །མི་འཇིགས་ཟད་མེད་རྟག་པ་ནི། །གདོད་མ་མེད་ཅིང་དབང་པོ་སྤངས། །ཡོད་ཉིད་དང་ནི་མེད་ཉིད་ཀྱང་། །དབང་པོ་དང་བཅས་དབང་པོ་མེད། །འབྱུང་བ་ཀུན་ཏུ་མ་མཐོང་བ། །སྦྱོར་
བ་ལམ་གྱིས་མཐོང་བའོ། །སྦྱོར་བ་རྣམ་པ་གཉིས་གསུངས་ཏེ། །ཕྱི་དང་ནང་དུ་བཅས་པའོ། །ཕྱི་ནི་གཟུགས་ཀྱི་ཕུང་པོ་སོགས། །འབྱུང་བ་རྣམ་པ་ཀུན་རྫོབ་སྟེ། །སྣ་ཚོགས་གཡོ་དང་མི་གཡོ་བ། །ཁམས་གསུམ་དང་ནི་མ་ལུས་པར། །དེ་གཅིག་པོས་ནི་ཁྱབ་པ་སྟེ། །
ཐམས་ཅད་རྣམ་ཤེས་ཁོ་ནའོ། །ཅི་ཕྱིར་སེམས་ཅན་བདག་མེད་རྣམས། །རྣམ་ཤེས་ཕུང་པོ་བརྟན་པ་ཡིན། །བླུན་སེམས་སྙིགས་མའི་མི་རྣམས་ཀྱིས། །འགའ་ཡང་ཤེས་པ་མ་ཡིན་ནོ། །སེམས་ལས་མ་བྱུང་སེམས་ཀྱི་ངོས། །ཡེ་ཤེས་ཤེས་བྱའི་ངོ་བོ་ཉིད། །ཐམས་
ཅད་རྣམ་ཤེས་གཅིག་ཉིད་དོ། །གང་ཚེ་ལུས་ལ་རྐྱེན་ཉིད་འགྱུར། །ཆོས་རྣམས་དང་ནི་ཆོས་གཅིག་འགྱུར། །དངོས་པོ་དག་ནི་དེ་ཚེ་འགྱུར། །ཅི་ཡི་ཕྱིར་ན་ཆོས་རྣམས་ཀྱི། །མང་པོ་ཉིད་དུ་ཆོས་རྣམས་ཀྱང་། །ཆུ་རྒྱུན་བཞིན་དུ་རྒྱ་མཚོ་ལ། །ཐར་པ་ནི་གཅིག་ཁོ་ན་སྟེ། །མང་
པོ་ཉིད་དུ་མི་རྙེད་དེ། །ཇི་ལྟར་ནང་དུ་ཆེར་གནས་པ། །བླ་མའི་ཞལ་ཁོ་ན་ལས་ཐོབ། །བྷ་གའི་པདྨར་ནམ་མཁའ་གང་། །ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ། །སྙིང་དང་སྙིང་པོ་རྣམ་ལྡན་ཞིང་། །འདབ་མ་བརྒྱད་ཀྱིས་རྣམ་པར་བཀླུབས། །དེ་དབུས་རྡོ་རྗེ་ཅན་བཞུགས་ཏེ། །བྱང་སེམས་
བདུད་རྩི་དང་ལྡན་པ། །ཆ་ཤས་ཆོས་མིན་རྣམ་གྲོལ་བ། །ཐིག་ལེ་དེ་ཡིས་རྣམ་པར་སྤངས། །དེར་གནས་རྟག་ཏུ་ཟག་པ་ནི། །བདུད་རྩི་བྱང་ཆུབ་སེམས་ཀྱི་གཟུགས། །ཁམས་རྣམས་ཀུན་གྱི་གཞི་ཡིན་པ། །སྟེང་འོག་ཏུ་ཡང་རྣམ་པར་ཁྱབ། །དེས་ནི་མཐོང་བ་ཐོས་པ་ཡང་། །

མནམ་པ་དང་ནི་མྱང་བ་ཡང་། །རེག་དང་བདེ་བའི་ལོངས་སྤྱོད་ནི། །ཟས་དང་མེ་ཏོག་ཕྲེང་བ་དང་། །རྒྱན་དང་གོས་ཀྱིས་བརྒྱན་པ་སྟེ། །ངག་གིས་སྣ་ཚོགས་གྲགས་པ་ཡང་། །བླང་བ་དང་ནི་གཟུང་བ་རྣམས། །རོལ་དང་ཀུན་ཏུ་འགྲོ་བ་དང་། །འདུག་དང་དེ་བཞིན་ཉལ་
བ་དང་། །སད་པ་དང་ནི་ལོག་པ་དང་། །ཐམས་ཅད་རྨི་ལམ་མཐོང་བ་སྟེ། །བཞད་དང་དེ་བཞིན་ཆོ་ངེ་དང་། །ཤིན་ཏུ་ཡིད་འཕྲོག་གར་དང་ནི། །རྔ་རྣམས་དག་ཀྱང་བརྡུང་བ་སྟེ། །སྣ་ཚོགས་པ་དག་འདིར་བརྗོད་པས། །སྨྱོན་པ་དང་ནི་མྱོས་པའི་གཟུགས། །གཏི་མུག་འདོད་ཆགས་དེ་དེ་
ཉིད། །གཟུགས་མེད་མང་པོའི་གཟུགས་ཅན་དེ། །ཕོ་དང་མོ་དང་མ་ནིང་རྣམས། །དུ་མའི་གཟུགས་ཅན་ཀུན་གྱི་བདག །སྣ་ཚོགས་གཟུགས་ནི་ནོར་བུ་བཞིན། །ཁྱབ་པའི་དངོས་ཀྱིས་ཁྱབ་ནས་སུ། །དེ་ཉིད་དམ་པ་ཆེར་གནས་སོ། །དེ་བཞིན་ཉིད་དེ་མཱ་མ་ཀཱི། །བཟླས་མེད་འཛིན་
པ་ཡང་མེད་དེ། །བགྲང་ཕྲེང་བྱ་བ་འགའ་ཡང་མེད། །ཟས་སྤངས་པ་ཡང་མི་བྱའོ། །བྷ་གའི་པདྨ་མཆོད་བྱས་ཏེ། །མཁས་པས་བདུད་རྩི་བཟའ་བར་བྱ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །དེ་ཡིས་དེ་ཉིད་འགྲུབ་པའོ། །གང་དེ་བདུད་རྩི་འབབ་པའི་རྩ། །བྷ་གའི་དབུས་སུ་པདྨ་སྟེ། །རྩ་
གཞན་སུམ་ཅུ་རྩ་གཉིས་ལ། །དེ་ཡི་དབུས་སུ་དེ་གཙོ་སྟེ། །དེ་དག་ལས་གཞན་ཤིན་ཏུ་མཆོག །རྩ་དག་དགུ་ནི་རྣམ་པར་གནས། །སྒོ་དགུ་ལ་གནས་རིག་པ་དག །སྒྲུབ་པ་པོས་ནི་མཆོད་པར་བྱ། །འདོད་པའི་ཡོན་ཏན་ལྔ་ལྷ་མོ། །རྟག་ཏུ་རྡོ་རྗེ་ཅན་མཉམ་བལྟ། །དེ་བས་དེ་དག་རབ་
བྱེད་ན། །ཆགས་བྲལ་ཞེས་གསུངས་ཀུན་རིག་པས། །དེ་དག་གསང་ཆེན་མཆོག་རབ་ནི། །ཞལ་བཟང་མ་ཀྱེ་སྦྱོར་བར་བཤད། །སྣ་ཚོགས་རྣམ་སྣང་མཛད་སོགས་པ། །དེ་བཞིན་གཤེགས་པས་མི་ཤེས་ཏེ། །གཏན་དུ་དགའ་བའི་ཡིད་བདེ་བ། །སྦྱོར་བས་དམ་པ་རབ་བསྟན་ཏོ། །
གསང་བའི་པདྨ་མཐོང་ནས་དང་། །ཤིན་ཏུ་རྒྱས་པའི་མཱ་མ་ཀཱི། །རྡོ་རྗེའི་བདུད་རྩི་བདེ་བ་ཆེ། །དེ་ཉིད་བདག་གིས་བཤད་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩི་རྒྱུད་ཆེན་པོ་ལས་དེ་བཞིན་ཉིད་སྦྱོར་

བ་ཡེ་ཤེས་བསྟན་པ་ཞེས་བྱ་བ་ལེའུ་གཉིས་པའོ།། །།དེ་ནས་མགུ་བའི་ལྷ་མོ་དེས། །ཧ་ར་ནུ་པུར་གྱིས་བརྒྱན་ཏེ། །འདི་དག་དབྱངས་ནི་བླངས་ནས་སུ། །སེམས་དཔའ་ཆེན་པོ་དགྱེས་པར་བྱེད། །ཕྱུང་མཛད་བདེ་ཆེན་རྡོ་རྗེ་ལས། །བདག་གིས་མཆོག་གི་ཡིག་
འབྲུ་འཚལ་བར་བགྱི། །བྷ་གའི་པདྨར་བདེ་བ་ཆེན་པོ་སྟེ། །རྡོ་རྗེའི་དོན་ཏེ་བདེ་བ་ཆེན་པོ་ལགས། །ས་འཛིན་པ་དང་སྐད་ཕྲེང་དང་། །དྲུག་ལྡན་ལ་སོགས་མཐའ་འཁོབ་ཚུལ། །སྣ་ཚོགས་ཐུན་མོང་རྣམ་དག་གི །སྙན་པའི་སྒྲ་ཡིས་བླང་བར་བྱ། །དེ་རྣམས་དབྱངས་དག་
བླངས་ནས་སུ། །དགའ་བ་ཡིད་བདེ་རྣམ་སྤྲུལ་གྱིས། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །སངས་རྒྱས་བྱང་ཆུབ་བསྒྲུབ་པར་བྱ། །གསང་བའི་དཀྱིལ་འཁོར་བཀའ་སྩལ་པས། །དེ་བཞིན་ཉིད་ཀྱིས་ཐེ་ཚོམ་བཅད། །རྡོ་རྗེ་ཅན་ཁྱོད་བཀའ་དྲིན་གྱིས། །རྟག་པར་ཡེ་ཤེས་བྱ་བ་བགྱི། །
བཅོམ་ལྡན་ཆགས་པ་དང་བྲལ་བའི། །རྡོ་རྗེ་བདུད་རྩི་འབྱུང་བ་འདི། །རྡོ་རྗེ་ཐེག་པ་འབྱུང་བ་ཡི། །སྦྱོར་བ་བདག་གིས་བསྟན་པར་བགྱི། །ད་དུང་བདག་ལ་ཐེ་ཚོམ་མཆིས། །ཕྱག་རྒྱ་གཉིས་ཀྱི་རྣམ་སྤྲུལ་པ། །ཇི་ལྟར་ཕྱག་རྒྱ་ཡང་དག་འབྱུང་། །དེ་དག་གི་སྔགས་ཇི་ལྟར་ལགས། །
སྔགས་རྣམས་གང་ལས་སྐྱེ་བ་ལགས། །ཁྱད་པར་དུ་ནི་ལྷ་རྣམས་ཀྱང་། །ལྷ་ནི་དེ་བདག་ཐེ་ཚོམ་ན། །མདོར་བསྡུས་ནས་ནི་བདག་ལ་གསུངས། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེ་ཅན་འདི་གསུངས། །ཕྱག་རྒྱ་སྔགས་དག་འབྱུང་བ་ནི། །བཤད་དེ་ཉོན་ཅིག་མཱ་མ་
ཀཱི། །ཕྱག་རྒྱ་རྣམ་པ་གསུམ་གསུངས་ཏེ། །སྐུ་དང་གསུང་དང་ཐུགས་ལས་འབྱུང་། །སྐུ་ནི་ཕྱག་རྒྱ་མཆོག་འགྱུར་ཏེ། །གསུང་ནི་ཕྱག་རྒྱ་སྔགས་ཀྱི་ལས། །ཐུགས་ཀྱི་མཚན་མའི་ཕྱག་རྒྱ་ནི། །བསམ་གཏན་རི་མོ་གཉིས་མེད་གནས། །རྡོ་རྗེ་བདུད་རྩི་རྒྱུད་ཆེན་ལས། །སྦྱོར་བའི་ཕྱག་
རྒྱ་ཤེས་བྱ་སྟེ། །མཚན་མའི་ཕྱག་རྒྱ་མི་བྲིའོ། །ཕྱག་རྒྱ་མངོན་སུམ་གཟུགས་ཡིན་ཏེ། །ལྷ་ནི་ལྷ་མོ་བུད་མེད་དོ། །དབང་པོ་ཐམས་ཅད་བདེ་བ་རུ། །བྷ་གའི་པདྨར་མཆོད་པར་བྱ། །རྡོ་རྗེའི་པདྨ་མཉམ་སྦྱོར་ཞིང་། །ལས་ཐམས་ཅད་ནི་འགྲུབ་པར་བྱ། །ཇི་ལྟར་དཔག་བསམ་

ཤིང་ཆེན་གྱིས། །ཡལ་ག་བརྒྱ་ཕྲག་སྟོང་ཅན་དང་། །རྩ་དང་དེ་ལ་གཟུང་བ་ནི། །སྐྱེ་བའི་རྐྱེན་དུ་འགྱུར་བ་བཞིན། །དེ་ལྟར་བདུད་རྩི་འབབ་པའི་རྩ། །སྔགས་དང་ཕྱག་རྒྱའི་ཡུམ་ཡིན་ཏེ། །སྔགས་འདི་རྣམས་ཀྱི་སྐྱེ་བ་ནི། །བྷ་གའི་དབུས་སུ་གནས་པའོ། །དེ་ནས་
བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་བདུད་རྩི་བདེ་ཆེན་པོས། །རྡོ་རྗེ་བཅུག་ནས་མཱ་མ་ཀཱི། །ཉོན་ཅིག་སྔགས་རྣམས་མཚན་ཉིད་ནི། །དང་པོ་རྣམ་སྣང་མཛད་སྦྱོར་ཏེ། །ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ། །ས་བོན་བཞི་དང་མཉམ་ལྡན་ལ། །སྭཱ་ཧཱ་ཡི་གེ་ཡང་སྦྱོར་རོ། །རྣམ་པར་སྣང་མཛད་ཡང་འབུལ་
ཏེ། །ཡི་གེ་གཉིས་དང་བཞི་པ་སྟེ། །བཞི་པ་ཡིས་ནི་མཉམ་ལྡན་པ། །མཱ་མ་ཀཱི་ཡི་སྙིང་པོའི་མཆོག །བརྒྱད་དག་ཁོ་ནའོ་དབུས་མ་གང་། །བརྒྱད་ལ་རྒྱན་གྱིས་རྣམ་པར་བརྒྱན། །འདབ་བརྒྱད་ལ་ནི་སྦྱར་བྱས་ཏེ། །ལྷ་མོ་སྔགས་ཀྱིས་སྔགས་ཕྱུང་ངོ་། །སྒོ་སྲུངས་དག་གི་
སྔགས་རྣམས་ནི། །ཉོན་ཅིག་སྐལ་བཟང་མཱ་མ་ཀཱི། །དེ་ཡི་ཐ་མ་སྔགས་ཕྱུང་སྟེ། །ས་བོན་བརྒྱད་ནི་སྔགས་རིག་པས། །སྟོང་པའི་ལྷ་ཡིས་གནོན་བྱས་ཏེ། །རྣམ་པར་སྣང་མཛད་དང་ལྡན་ལ། །སྭཱ་ཧཱ་ཡི་གེ་མཉམ་པར་ལྡན། །དངོས་གྲུབ་ཐམས་ཅད་རབ་སྦྱིན་རྣམས། །བཞི་
ནི་སྒོ་སྲུངས་ཀྱི་ཡིན་ཏེ། །བཞི་ནི་སྤོས་དང་པུཥྤེ་སོགས། །མ་ནིང་ཡི་གེས་གྲྭ་བཞི་ལ། །སྭཱ་ཧཱ་རྣམ་པར་སྣང་མཛད་ཡང་། །ལྷ་མོ་གསང་བའི་མཱ་མ་ཀཱི། །རྔ་སོགས་ཀུན་གྱིས་མཆོད་པར་བྱ། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེས་དེ་གསུངས་སོ། །དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩི་རྒྱུད་ཆེན་པོ་ལས་སྔགས་ཕྱུང་བའི་རིམ་པ་བསྟན་པ་ཞེས་བྱ་བའི་ལེའུ་གསུམ་པའོ།། །།དེ་ནས་སྦྱིན་སྲེག་ལས་དག་གི །ཆོ་གའི་རིམ་པ་བཤད་པར་བྱ། །སྦྱོར་བའི་རྒྱུད་ཀྱི་ཆོ་ག་
ཡིས། །སྐུ་གསུང་ཐུགས་ནི་སྒྲུབ་པ་ཡིན། །ཞི་བ་དང་ནི་རྒྱས་པའི་ལས། །དེ་བཞིན་དབང་དང་མངོན་སྤྱོད་དང་། །འཐབ་དང་བསྐྲད་ཀྱང་དེ་བཞིན་དུ། །སྔགས་དང་ཕྱག་རྒྱའི་བསྒྲུབ་པ་རྣམས། །དེ་ཀུན་བདག་གིས་བཤད་པར་བྱ། །རྡོ་རྗེ་བདུད་རྩི་འབྱུང་བའོ། །རྡོ་རྗེ་སེམས་དཔའ་འགྱིང་བྱེད་པ། །

དཀུར་བརྟེན་བཅས་པས་གཉིས་གནས་པ། །རྒྱན་ཐམས་ཅད་ཀྱིས་བརྒྱན་བྱས་ཏེ། །སློབ་དཔོན་དཀྱིལ་འཁོར་འཇུག་པར་བྱ། །ཁམས་གསུམ་རྣམ་པར་རྒྱལ་གྱུར་ནས། །རྐང་གཉིས་གཡས་བརྐྱང་བྱ་བ་དང་། །གཡོན་བརྐྱང་བྱ་བ་ཡང་བྱས་ཏེ། །རྐང་མཉམ་དང་ནི་ས་ག་
ཡིས། །ས་ནི་སྦྱོང་བར་བྱེད་མ་ཐག །ས་ལ་རེག་ན་འཇམ་སྐྱེའོ། །དེ་ནས་བགེགས་རྣམས་བསྐྲད་ནས་སུ། །གཞན་ཡང་སྲུལ་པོ་ལ་སོགས་པ། །གོང་དུ་བླ་མ་ཕྱག་འཚལ་ལོ། །ཕྱི་ནས་ས་ཡི་ལྷ་མོ་དགུག །ཨོཾ་ཨེ་ཧྱེ་ཧི་ལྷ་མོ་ཆེ། །ས་ཡི་བརྟན་མ་འཇིག་རྟེན་ཡུམ། །རིན་
ཆེན་ཐམས་ཅད་རབ་རྫོགས་པའོ། །ལྷ་ཡི་རྒྱན་གྱིས་བརྒྱན་བྱེད་མ། །ཧ་ར་ནུ་པུར་སྒྲ་འབྱིན་མ། །རྡོ་རྗེ་སེམས་དཔའ་རབ་ཏུ་མཆོད། །ཡོན་འདི་དག་ནི་བཞེས་ནས་སུ། །སྦྱིན་སྲེག་ལས་ནི་འགྲུབ་པར་མཛོད། །ཧི་ཧི་ཧི་ཧཱ་སྭཱ་ཧཱ། བཤང་གཅི་ཁྲག་དང་ཁུ་བ་ཡིས། །དཀྱིལ་
འཁོར་ས་ལ་གཏོར་བར་བྱ། །བྱིན་བརླབ་བྱ་བའི་ཕྱིར་སྤོས་ནི། །ཤ་ཆེན་གྱིས་ནི་དབུལ་བར་བྱ། །དེ་ནས་རིག་མ་འཇུག་བྱས་ཏེ། །གདོལ་པ་མོ་དང་སྨེ་ཤ་མ། །གར་མཁན་མ་དང་བྲམ་ཟེ་མོ། །དེ་ཁོ་ན་བཞིན་རྒྱལ་མོ་དང་། །དམངས་རིགས་མོ་དང་རྒྱལ་རིགས་མོ། །དྲི་དང་
སྤོས་ཀྱིས་མཆོད་བྱས་ཏེ། །ལྷ་ཡི་རྒྱན་གྱིས་བརྒྱན་པར་བྱ། །ཡན་ལག་ལྔ་ལ་ཡི་གེ་ཧྲི། །བྷ་གའི་དབུས་སུ་ཡི་གེ་བྲུྃ། །སྤྱན་མ་སྒྲོལ་མ་གོས་དཀར་མ། །ཡིད་དགའ་མ་བདག་བསྒོམ་པར་བྱ། །བྷ་གའི་དབུས་སུ་སློབ་དཔོན་གྱིས། །མེ་ཏོག་གཏོར་བ་ཁོ་ནར་བྱ། །དེ་ནས་
སྔགས་པས་ཧོམ་ཁུང་ནི། །ཚད་མར་ཀུན་ཏུ་བྲི་བྱ་སྟེ། །ཞི་ལ་ཟླུམ་པོར་བྱ་བ་སྟེ། །ཁྲུ་གང་ཙམ་དུ་ཐིག་གདབ་པོ། །ཁྲུ་ཕྱེད་ས་ལ་བརྐོས་ནས་སུ། །དཀར་རྩི་ཚོན་གྱིས་བྱུག་པར་བྲི། །ཀུན་ཏུ་འཁོར་ལོ་ཚུལ་ལྟར་ཡང་། །གློ་རུ་མཉམ་པོར་བྲི་བའོ། །རྒྱས་པ་ལ་ནི་ཁྲུ་དོ་སྟེ། །དེ་ལ་ཁྲུ་
གང་བརྐོ་བར་བྱ། །གྲུ་བཞི་པ་ནི་མཐའ་མཉམ་དུ། །མུགས་དང་བཙག་གིས་བྲི་བའོ། །མངོན་སྤྱོད་ལ་ནི་ཟུར་གསུམ་སྟེ། །སོར་ཉི་ཤུ་ནི་ཡངས་པའི་ཚད། །ཉི་ཤུ་ཕྱེད་ནི་བརྐོ་བྱས་ན། །དབུས་སུ་རྡོ་རྗེ་རྒྱ་གྲམ་ཡང་། །འབར་བ་ཕྲེང་གིས་འཁྲུགས་པ་བྲི། །དེ་བཞིན་དབང་དང་

དགུག་པ་ལ། །ཟླ་གམ་ཡང་དག་བྲི་བའོ། །ཧོམ་ཁུང་ཡང་དག་སྟོན་ནས་སུ། །ཕྱོགས་ཀྱི་ཆ་ཡང་བསྟན་པར་བྱ། །བྱང་དུ་མངོན་དུ་ཁ་བསྒྱུར་ཏེ། །སྔགས་པས་ཞི་བ་བརྩམ་པར་བྱ། །རྒྱས་པ་ལ་ནི་ཤར་དུ་ཡང་། །མངོན་སྤྱོད་ལ་ནི་ལྷོ་ན་སྟེ། །དབང་ནི་ནུབ་ཏུ་
ཁོ་ན་བཤད། །དགུག་དང་བསྐྲད་ཀྱང་དེ་བཞིན་ནོ། །མངོན་སྤྱོད་རྟག་པར་ནག་པོ་སྟེ། །ཚོན་ལྔ་ཡིས་ནི་དབང་སོགས་བྱ། །འབྲས་དང་ཏིལ་དང་འོ་མ་དང་། །མར་དང་སྦྲང་རྩི་ལྷན་ཅིག་པར། །བདུད་རྩི་ལྔ་དང་ལྡན་པ་ཡིས། །ཞི་བ་རྒྱས་པ་སྦྱིན་སྲེག་བྱ། །བསྲེག་ཤིང་རྣམས་
ཀྱང་ཐམས་ཅད་ལ། །དྲི་ཞིམ་འོ་མ་ཅན་ཤིང་ངོ་། །སྣ་ཚོགས་ཟས་སམ་གཏོར་མ་ཡང་། །འབྱུང་པོ་ཐམས་ཅད་སྦྱིན་པར་བྱ། །གཏོར་མ་གང་ཡང་སྒྲུབ་པ་པོས། །ཁྲག་འཐུང་ཕྱག་རྒྱ་ཆེན་པོས་སྦྱིན། །གང་ཞིག་ཡིད་ཀྱི་འདོད་པ་ནི། །རྟག་ཏུ་རྣལ་འབྱོར་པ་ཡིས་འགྲུབ། །དབྱར་གྱི་
དུས་ནི་ཞི་བ་སྟེ། །རྒྱས་པ་དེ་བཞིན་དགུན་གྱི་དུས། །དཔྱིད་ཀ་མངོན་སྤྱོད་ལས་རྣམས་ནི། །སྒྲུབ་པ་པོས་ནི་ཐམས་ཅད་བྱ། །ཤར་དུས་ཞི་བ་རབ་ཏུ་གསུངས། །རྒྱས་པ་དེ་བཞིན་སྲོད་ལ་སྟེ། །ཉིན་ཕྱེད་ལ་འམ་ནམ་ཕྱེད་ལ། །རྟག་པར་མངོན་སྤྱོད་བྱ་བའོ། །ཧོམ་ཁུང་
དབུས་སུ་ཡི་དམ་ལྷ། །ཡི་གེ་ཧཱུྃ་གིས་བསྐྱེད་ནས་སུ། །ཞལ་ནི་གདངས་པ་བསམ་བྱས་ཏེ། །སྦྱིན་སྲེག་དེ་ལ་དབུལ་བར་བྱ། །སྦྱིན་སྲེག་འབུམ་ཕྲག་ཕུལ་གྱུར་ན། །མདུན་དུ་མངོན་སུམ་ཁོ་ནར་འགྱུར། །དང་པོ་མེ་ནི་དགུག་བྱ་བ། །ལྷ་ཐམས་ཅད་ཀྱི་མཆོད་པའི་གནས། །
འོད་ཟེར་ཕྲེང་འཁྲུགས་དྲག་པོའི་ལྷ། །སངས་རྒྱས་བྱང་ཆུབ་འགྲུབ་པའོ། །ཨོཾ་ཨེ་ཧྱེ་ཧི། འདིར་གཤེགས་གདོན་མི་ཟ་བར་ཁྱོད། །མེ་ལྷ་མངོན་སུམ་དངོས་གྲུབ་སྦྱིན། །དྲག་པོ་ཁམས་གསུམ་གྱིས་མཆོད་པ། །ཁྱབ་འཇུག་ཚངས་པས་ཕྱག་འཚལ་བ། །འདི་དག་ཡོན་
ཡང་བཞེས་ནས་སུ། །ཞབས་གཡོན་བརྗེས་ཀྱང་རྡོ་རྗེ་ཅན། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དང་པོ་ལ་ནི་ཡོན་དབུལ་ཏེ། །ཕྱི་ནས་ལྷ་བཤོས་མེ་ཏོག་དབུལ། །ཨོཾ་ལྷ་ཡི་མེ་ཏོག་ཤིན་ཏུ་དམར། །དྲི་ཞིམ་ཤིན་ཏུ་མཛེས་པ་ནི། །མེ་ཏོག་དེ་རིང་བཞེས་ནས་སུ། །འདི་ལ་བྱིན་གྱིས་

བརླབ་པར་གསོལ། །ཧཱུྃ་མེ་ཏོག་གི་སྔགས་སོ། །ཨོཾ་མར་མེ་འོད་ཟེར་འབར་བ་ནི། །ངན་འགྲོ་འཇིགས་པ་འཇོམས་བྱེད་པ། །ལྷ་ཡི་མིག་བྱེད་བཀྲ་ཤིས་པས། །མར་མེ་ཁྱོད་ཀྱིས་བཞེས་སུ་གསོལ། །ཧཱུྃ་མར་མེའི་སྔགས་སོ། །ཨོཾ་ཙནྡན་ག་པུར་དང་བཅས་པའི། །དྲི་ཞིམ་
སྤོས་མེ་དགེ་བ་ནི། །མཐུ་དང་བཅས་པར་བྱ་བ་འདི། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ་སྤོས་ཀྱི་སྔགས་སོ། །ཨོཾ་སྣ་ཚོགས་ལྷ་ཡི་དྲི་ཞིམ་པ། །སྣ་ཚོགས་ག་པུར་རྣམ་བརྒྱན་པས། །སྣ་ཚོགས་ཡི་གེ་ཧཱུྃ་ལས་བྱུང་། །དྲི་འདི་འབུལ་ཏེ་བཞེས་སུ་གསོལ། །ཧཱུྃ་དྲིའི་
སྔགས་སོ། །དང་པོར་མཆོད་པའི་ཆོ་ག་ནི། །ཐེ་ཚོམ་མེད་པར་མེ་ལ་བྱ། །ཕྱི་ནས་རང་གི་ཡི་དམ་ལྷའི། །བཟླས་སྔགས་རིག་པར་བརྗོད་པར་བྱ། །དབྱངས་དང་གར་དང་ཟས་རྣམས་ཀྱི། །རྣམ་པ་དུ་མར་རོལ་བྱས་ཏེ། །རིག་མ་དང་ནི་སྒྲུབ་པ་པོས། །ཚོགས་ལ་མཆོད་པས་མཉེས་
པར་བྱ། །གལ་ཏེ་དངོས་གྲུབ་དག་འདོད་ན། །སྐུ་གསུང་ཐུགས་ནི་འགྲུབ་པའོ། །བླ་མ་མེ་ལྷ་རྡོ་རྗེ་འཛིན། །མཆོད་པར་བྱས་ནས་རྫོགས་པར་བྱ། །ཨོཾ་མེ་ལྷ་ལས་ནི་གྲུབ་པར་མཛད། །སེམས་ཅན་ཐམས་ཅད་བདེ་བ་འདྲེན། །སྐུ་གསུང་ཐུགས་དངོས་གྲུབ་དོན་དུ། །ལྷ་
རྣམས་ལས་ནི་རྗེས་སུ་སྐྱོབས། །མེ་ལྷ་ཞི་བར་གཤེགས་ནས་སུ། །ས་གཞི་ཞི་བར་མཛད་མཛོད་ཅིག །རྒྱུ་དང་མི་རྒྱུ་བཅས་པ་ཡིས། །སྒྲུབ་པ་པོ་དང་ཐམས་ཅད་དང་། །བདག་གི་བསོད་ནམས་འབྲས་འགྱུར་དང་། །སྔགས་ཀྱི་དངོས་གྲུབ་རབ་སྦྱིན་ཅིག །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ།
རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཧཱུྃ་སྭཱ་ཧཱ། རྡོ་རྗེ་བདུད་རྩི་བདེ་བ་ཆེ། །བཅོམ་ལྡན་རྡོ་རྗེས་དེ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩི་རྒྱུད་ཆེན་པོ་ལས་སྦྱིན་སྲེག་གི་ཆོ་ག་བསྟན་པ་ཞེས་
བྱ་བའི་ལེའུ་བཞི་པའོ།། །།ཁྱོད་ལ་མིག་སྨན་བཤད་པར་བྱ། །ཚིལ་ཆེན་གྱི་ནི་སྙིང་པོ་ཡི། །བན་ད་ལ་ནི་དུད་པ་བླང་། །འུག་པའི་མགོ་བོ་བསྲེགས་ནས་སུ། །ཁྲག་ཆེན་དང་ནི་བསྲེས་པར་བྱ། །མཚན་མོ་ལ་ནི་བཏགས་ནས་སུ། །ཞིབ་མོར་ཕྱེ་མར་ཁོ་ནར་བྱ། །བྱ་རྒོད་རྗེ་ངར་

བཀང་ནས་སུ། །མི་ཡི་རུས་པའི་ཐུར་མང་གིས། །མིག་ལ་བསྐུས་ནས་གཟུགས་ཀུན་ནི། །རྟག་ཏུ་རྣལ་འབྱོར་པ་ཡིས་བྱེད། །རྡོ་རྗེ་བདུད་རྩི་ལས་བྱུང་བའི། །མིག་སྨན་དངོས་གྲུབ་སྦྱོར་བ་ནི། །ནག་པོའི་ཚེས་བརྒྱད་བཅུ་བཞི་ལ། །བྷ་གའི་དབུས་སུ་བསྒྲུབ་པར་བྱ། །ཞི་
བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་འགུགས་ལས་བྱེད་དོ། །སྣ་ཚོགས་དྲག་པོའི་གདོན་རྣམས་དང་། །ཞག་བཞི་པ་ཡི་རིམས་དང་དུག །ཐམས་ཅད་མེད་པར་བྱེད་ལྷ་མོ། །དགའ་མ་ཁྱོད་ལ་བདེན་པར་བཤད། །རྒྱལ་པོའི་ཁབ་ན་ཆེན་པོར་མཆོད། །དགྲ་བོ་རྣམས་ཀྱང་ཟད་
བྱེད་དེ། །དེ་བཞིན་བགེགས་ཀྱང་འགག་པར་བྱེད། །མིག་སྨན་ལྡན་པར་བཟླ་བར་བྱ། །ཨོཾ་འདོད་པའི་གཟུགས་ཅན་མིག་ཡངས་མ། །བཤང་གཅི་ཁྲག་ལ་དགའ་བྱེད་མ། །ཞལ་གསུམ་ཕྱག་དྲུག་པའི་ལྷ་མོ། །དྲག་པོའི་གཟུགས་ཅན་མཱ་མ་ཀཱི། །ཧྲཱིཾ་ཧྲཱིཾ་ཧཱུྃ་ཧཱུྃ་ཨ་ཨཾཿ། ཨ་ཧཱ་ཧཱཾ་སྭཱ་ཧཱ།
དང་པོའི་ཞལ་ནི་ནག་པོ་སྟེ། །དེ་ཁོ་ན་བཞིན་གཡས་ནི་དཀར། །གཡོན་ནི་དམར་པོར་དེ་རིག་ནས། །གཡས་ཕྱོགས་རལ་གྲི་འཁོར་ལོ་ཅན། །གཡོན་དུ་ཞགས་པ་དང་ལྕགས་ཀྱུ། །དེ་བཞིན་རྡོ་རྗེ་དྲིལ་བུ་ཡང་། །བྷ་གའི་དབུས་སུ་བསྒོམ་བྱས་ཏེ། །དེ་ལ་མིག་སྨན་བསྒྲུབ་
པར་བྱ། །བྷ་ག་གུར་གུམ་གྱིས་བཀང་ནས། །ཕྱི་ནས་ལིང་ག་གཞུག་པར་བྱ། །དེ་ལ་བརྗོད་པར་བྱ་སྔགས་ནི། །ཨོཾ་ཡིག་སྒྲ་ཡིག་ཕྱེ་བ་དང་། །བཛྲ་ཨ་མྲྀ་ཏ་ཞེས་བཀོད། །སྒྲ་སྒྲོགས་སྤྲིན་དང་ཕཊ་ཡིག་གོ། །བདུད་རྩི་དང་ནི་མཉམ་ལྡན་པས། །བྷ་གའི་དབུས་ནས་དབྱུང་བར་བྱ། །
དེ་ལ་སྔགས་འབུམ་བཟླས་ནས་སུ། །དེ་ཡིས་ཐིག་ལེ་ཁོ་ནར་བྱ། །བུད་མེད་ཀྱིས་ཁྱོ་འཁོལ་འགྱུར་ཏེ། །མདུན་ན་འདོན་བཅས་རྒྱལ་པོ་ཡང་། །སྐྱེས་པ་གང་གིས་དེ་བྱས་ན། །བུད་མེད་གང་ལ་སྐལ་ཅན་འགྱུར། །རྒྱལ་པོའི་ཁབ་ཅན་ཆེན་པོར་ཚེད། །དགྲ་བོ་རྣམས་ནི་ཟད་བྱེད་དོ། །
དུར་དུར་ཨར་ཀའི་འབྲས་བླངས་ཏེ། །བདུད་རྩི་དང་ནི་བསྲེས་བྱས་ན། །ཞལ་གསུམ་དྲག་པོའི་གཟུགས་དང་ནི། །གཤིན་རྗེའི་གཤེད་ཁྲོ་བཟླས་ནས་སུ། །ཤ་ཆེན་དང་ནི་ལྡན་བྱས་ཏེ། །ཆང་དང་བསྲེས་ལ་སྦྱིན་པར་བྱ། །རྟག་ཏུ་མྱོས་ནས་འཁོར་ནས་སུ། །མི་ནི་བསྐམས་ནས་ཤི་

འགྱུར་རོ། །ཨོཾ་ཧྲཱིཿཥྚྲིཿཝི་ཀྲྀ་ཏཱ་ན་ན་སརྦ་ཤ་ཏྲཱུཾ་བི་ནཱ་ཤ་ཡ། སྟམ་བྷ་ཡ། མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ། སྔགས་པས་གིའུ་ཝང་བླངས་ནས། །བྷ་ག་ལ་ནི་ཡིག་འབྲུ་བྲི། །ཙནྡན་གྱིས་ནི་མཉམ་བྱུགས་ནས། །ཁྱོད་དང་ལྷན་ཅིག་གནས་པར་བྱ། །གནས་མ་དག་ནི་བདེ་ཆེན་ཏེ། །འཁོར་གཡོག་དངོས་
པོར་འགྱུར་བར་རོ། །བཤང་གཅི་གཟུགས་བརྙན་བྱས་ནས་སུ། །ཤ་ཆེན་གྱི་ནི་སྤོས་དབུལ་ཏེ། །དགྲ་ཡི་སྐྲ་ཡིས་དཀྲིས་བྱས་ནས། །རུས་པའི་ཕྱེ་མས་བྱུག་པར་བྱ། །དགྲ་སྒོར་བརྐོས་ནས་སྦས་བྱས་ན། །ཞག་བདུན་གྱིས་ནི་ཤི་འགྱུར་རོ། །བཤང་གཅི་ཁྲག་དང་བསྲེས་པ་
ཡི། །ཤ་ཆེན་གྱིས་ནི་སྦྱིན་བསྲེག་བྱ། །དུར་ཁྲོད་ཀྱི་ནི་བསྲེག་ཤིང་ཡང་། །ཤིང་གཅིག་པ་དང་ལམ་མདོ་ན། །མེ་ཡི་ཧོམ་ཁུང་བྲིས་ནས་སུ། །ཉིན་ཕྱེད་ནམ་ཕྱེད་སྦྱིན་བསྲེག་བྱ། །ཁྲོ་ཆེན་གཤིན་རྗེའི་གཤེད་པོ་ཡི། །སྐུ་ལ་ཐལ་བས་བསྐུས་པས་ནི། །བསྒོམས་ནས་
དགྲ་ལ་ཆེར་གནོན་ན། །གདོན་མི་ཟ་བར་ཤི་འགྱུར་རོ། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེས་དེ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩི་རྒྱུད་ཆེན་པོ་ལས་ལས་ཆེན་པོ་བསྟན་
པ་ཞེས་བྱ་བ་ལེའུ་ལྔ་པའོ།། །།རྡོ་རྗེ་བདུད་རྩི་རྒྱུད་ཆེན་ལས། །དཔལ་ལྡན་རྡོ་རྗེ་ཧཱུྃ་མཛད་ཀྱི། །སྒྲུབ་པ་མདོར་བསྡུས་བཤད་པར་བྱ། །དཀྱིལ་འཁོར་ཆོ་གའི་རིམ་པ་ཡང་། །དེ་ཡི་དཀྱིལ་འཁོར་ཆོ་ག་ཞེས། །ཁམས་གསུམ་རྣམ་རྒྱལ་ལས་བྱུང་ཡིན། །གྭ་བཞི་
པར་ནི་ཐིག་གདབ་སྟེ། །ཁྲུ་གང་ཡང་ན་ཁྲུ་དོའོ། །ཟླ་བའི་དཀྱིལ་འཁོར་དང་འདྲ་བ། །འོད་ཟེར་འབར་བ་འཁྲུགས་པ་ལ། །དཔལ་ལྡན་རྡོ་རྗེ་ཧཱུྃ་མཛད་བཞག །ཞལ་གསུམ་དེ་བཞིན་ཕྱག་དྲུག་སྟེ། །རྒྱན་ཐམས་ཅད་ཀྱིས་ཡོངས་རྫོགས་པ། །ཕྱག་རྒྱ་ཡིས་ནི་ཕྱག་བརྒྱན་པ། །རིག་མ་
བཞི་དང་མཉམ་ལྡན་པ། །ཨུ་མའི་སྲ་བའི་ནུ་མར་བཞུགས། །ཅུང་ཟད་མཆེ་བ་གཙིགས་པ་པོ། །ཁྲོ་དང་ལྡན་པར་བཞད་བྱེད་ཞལ། །གཡས་པ་ལ་ནི་མདའ་བྲིས་ཏེ། །དེ་ཁོ་ན་བཞིན་གཡོན་ན་གཞུ། །ཕྱག་བཞི་པ་ནི་བྲིས་པ་ལ། །ཕྱག་གཉིས་པས་ནི་ནུ་མ་བསྣམས། །རིག་མ་ཐམས་

ཅད་ཞལ་གསུམ་སྟེ། །དེ་བཞིན་སྒོ་སྲུངས་ལྕགས་ཀྱུ་དང་། །དེ་བཞིན་མེ་ཏོག་སྤོས་མེ་མ། །དྲི་ཡང་ཡང་དག་བྲི་བར་བྱ། །སྒེག་མོ་ཕྲེང་བ་དེ་བཞིན་དབྱངས། །གར་མཁན་མ་ཡང་ཕྱག་དྲུག་ཉིད། །དེ་བཞིན་གླིང་བུ་མ་བྲི་སྟེ། །པི་ཝང་མ་དང་རྔ་ཆེན་མ། །རྫ་རྔ་མ་
དང་སིལ་སྙན་ཀུན། །དཀྱིལ་འཁོར་ལ་ནི་བྲི་བའོ། །རྡོ་རྗེ་བདུད་རྩི་རྒྱུད་ཆེན་ལས། །སྐལ་བ་བཟང་པོ་ཡང་བཞག་སྟེ། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །བཟང་པོ་དེ་དག་ཁོ་ནའོ། །རྒྱན་ནི་ཐམས་ཅད་ཀྱིས་བརྒྱན་པ། །སྒྲུབ་པ་པོ་ཡང་མདུན་བྲིའོ། །བགྲང་ཕྲེང་དེ་བཞིན་རྡོ་རྗེ་དང་། །
དྲིལ་བུ་འཛིན་པ་བྲི་བར་བྱ། །གཏོར་མའི་གཏོར་མ་མཆོད་རྫས་དང་། །ཆང་སྐྱེམས་རོ་དང་དགའ་སྟོན་མཆོད། །ནག་པོའི་བརྒྱད་དང་བཅུ་བཞི་ལ། །དཀྱིལ་འཁོར་ལ་ནི་རྡུལ་ཚོན་གདབ། །དབུས་སུ་གྲུ་བཞི་བྲི་བའོ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སྔགས་ཡིག་གཅིག་པ་
གཙོ་བོ་ནི། །རྡོ་རྗེ་ཧཱུྃ་མཛད་བསྒྲུབ་པར་བྱ། །ཕྱི་ནས་སློབ་དཔོན་ལ་མཆོད་པ། །བདག་གམ་རྒྱལ་སྲིད་དབང་ཉིད་དམ། །བྲན་མོ་བུ་མོ་དེ་བཞིན་དུ། །མ་དང་སྲིང་མོ་དབུལ་བར་བྱ། །སྐུ་གསུང་ཐུགས་ཀྱི་བསྒྲུབ་པ་ཡི། །དངོས་གྲུབ་གལ་ཏེ་བདག་འདོད་ན། །ཁམས་གསུམ་རྣམ་རྒྱལ་ལས་
བྱུང་ནི། །སྔགས་པས་རྟག་ཏུ་བསྒྲུབ་པར་བྱ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི། །རྡོ་རྗེ་བདུད་རྩི་ལས་བྱུང་ངོ་། །བདུད་རྩི་ལྔ་དང་མཉམ་ལྡན་པ། །ངན་སོང་ཐམས་ཅད་མེད་བྱེད་པ། །རྡོ་རྗེ་སེ་གོལ་མཉམ་སྦྱོར་གྱིས། །དཔལ་ལྡན་རྡོ་རྗེ་ཧཱུྃ་མཛད་འགྲུབ། །རྣལ་འབྱོར་པ་དང་རྣལ་འབྱོར་མའི།
བྱང་སེམས་རྣམ་པར་སྤྲུལ་པར་གསུངས། །ལན་གྲངས་དུ་མར་རིག་མ་དང་། །དཀྱིལ་འཁོར་དུ་ནི་རོལ་བར་བྱ། །བྷ་གའི་དབུས་ལ་མྱང་བྱས་པ། །གང་དག་དཔའ་བོ་སྔགས་ལ་གནས། །པདྨར་ཁ་ཡིས་འོ་བྱས་ནས། །བདུད་རྩི་ཁུ་བ་ཁོ་ནར་བླང་། །ལག་པ་ཡི་ནི་སོར་མོ་ལ། །གནས་དེ་ལ་ནི་
བླང་མི་བྱ། །བླང་བར་གྱུར་ན་འཇིག་འགྱུར་ནས། །མཐུ་ཡང་འཇིག་ནས་འབྲས་བུ་མེད། །རིག་མ་ཆེན་མོས་ཀྱང་ཕྱུང་ནས། །རྡོ་རྗེ་ལ་ཡང་འོ་གདབ་བོ། །དེ་ནི་སངས་རྒྱས་ཉིད་དུ་འགྲུབ། །ཁུ་བའི་གཟུགས་ཅན་བདུད་རྩི་ནི། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེས་དེ་གསུངས་སོ། །

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩི་རྒྱུད་ཆེན་པོ་ལས་རྡོ་རྗེ་ཧཱུྃ་མཛད་ཀྱི་བསྒྲུབ་པ་བསྟན་པ་ཞེས་བྱ་བ་ལེའུ་དྲུག་པའོ།། །།དེ་ནས་ལྷ་མོ་མཱ་མ་ཀཱི། །དགའ་བའི་རོལ་བར་ཆེར་བཞུགས་པས། །ཐལ་མོ་སྦྱར་ནས་
ཕྱག་བྱས་ནས། །དབྱངས་འདི་དག་ནི་ཆེད་དུ་བརྗོད། །དཔའ་བོ་ཆུ་སྐྱེས་སྔོན་པོའི་སྐུ། །དཔའ་བོ་གཞན་གྱིས་ཡོངས་བསྐོར་ཞིང་། །ཕྱག་རྒྱ་མོ་ཚོགས་མཉམ་ལྡན་པའི། །རྡོ་རྗེ་བདུད་རྩི་བདག་ཕྱག་འཚལ། །སྟོན་གྱི་ནམ་མཁའ་དང་འདྲ་བ། །ང་རོ་བུང་བ་སྒྲ་སྒྲོགས་ལྟར། །བསྐལ་པར་བཞུགས་
པ་སྐལ་བཟང་བ། །རྡོ་རྗེ་བདུད་རྩི་བདག་ཕྱག་འཚལ། །ཐམས་ཅད་མཁྱེན་པ་ཐམས་ཅད་མཛེས། །ཡང་དག་དབང་པོ་ལམ་གྱིས་ནི། །རྡོ་རྗེ་བདུད་རྩི་བདག་ཕྱག་འཚལ། །མ་ལུས་པ་ཡི་ཁམས་གསུམ་ལ། །རྡོ་རྗེ་བདུད་རྩི་དཔེ་མེད་པས། །ཉི་ཤུ་རྩ་བཞི་རིགས་ཆེན་མོ། །ཤིན་ཏུ་ཆགས་པས་
དགའ་བྱེད་པ། །སེན་མོ་རྗེས་དང་བཅས་པའི་སྐུ། །རྡོ་རྗེ་བདུད་རྩི་བདག་ཕྱག་འཚལ། །ཨུཏྤལ་སྔོན་པོའི་འདབ་མ་ལྟ་བུར་ཕྱག་སྔོ་བ། །སངས་རྒྱས་དེ་བཞིན་གཤེགས་པ་རྡོ་རྗེ་ཁྱོད་ཀྱིས་བདག་དང་ནི། །ཤིན་ཏུ་དགའ་བའི་རྗེས་སུ་ཆགས་པས་ལོངས་སྤྱོད་ཅིག །ཁམས་གསུམ་ལ་ནི་བསྒྲུབ་
པར་བྱ་བའི་དོན་གྱི་ཕྱིར། །ཁྱོད་ནི་སྐྱོན་མེད་དམ་པའི་སྟོང་པ་ལས། །ཡིག་འབྲུས་རྡོ་རྗེས་གྱུར་པའི་མགོན་པོ་ཁྱོད། །རྒྱུ་དང་མི་རྒྱུ་གང་གིས་ཁྱོད་མཐོང་ནས། །དེ་དག་འཁོར་བ་རུ་ནི་ག་ལ་འགྲོ། །དེ་ལྟར་དབྱངས་ནི་བླངས་ནས་སུ། །རྡོ་རྗེ་གར་ནི་རྣམ་པར་བྱེད། །རྐེད་པ་དང་ནི་རྐང་པ་དང་། །དཔུང་པ་དང་
ནི་མགོ་བོའི་གར། །གར་གྱི་གཞུང་གི་མཚན་ཉིད་དོ། །རྗེས་ཐབས་རྗེས་སུ་རིམ་པ་དང་། །བསྟོད་པ་དང་ནི་འགྱིང་བག་སྟེ། །རྒྱས་དང་འདུད་དང་གསལ་པོ་རུ། །རྒྱས་པ་དང་ནི་སྨིན་བསྐྱོད་གར། །ལག་པའི་ཕྱག་རྒྱ་སྦྱོར་བ་ཡིས། །སྟབས་བརྒྱད་ཀྱིས་ནི་གར་བྱེད་བྱ། །རྒྱས་པའི་པདྨ་མཱ་མ་ཀཱི། །
གར་བྱས་ནས་ནི་ལྷ་མོ་དེས། །རྡོ་རྗེ་ཅིང་གིས་རྡོ་རྗེ་ནི། །རྡོ་རྗེ་བེ་ཅོན་འོ་བཏབ་བྱེད། །དེ་ནས་བཅོམ་ལྡན་རྡོ་རྗེས་ཀྱང་། །འོ་བཏབ་མཱ་མ་ཀཱི་པདྨར། །སྟོན་ཅིག་ལྷ་མོ་པདྨ་ནི། །དེ་ལ་མཆོད་པ་བརྩམ་པར་བྱ། །བཞུགས་ཤིག་མི་གཡོ་བར་རིག་མོ། །བདུད་རྩི་བསམ་གཏན་བརྩམ་པར་བགྱི། །དེ་བཞིན་

ཉིད་མཆོག་བརྩམ་པ་ནི། །བདུད་རྩི་ཐིག་ལེའི་གཟུགས་ཅན་ཏེ། །མཁའ་ཡི་དབུས་སུ་ཟླ་བ་འདྲ། །སྟོང་པ་དེ་ཉིད་ཆེད་དུ་བརྗོད། །འཇིགས་མེད་ཟད་མེད་ཕྲ་མོ་ནི། །རྡོ་རྗེ་སེམས་དཔའ་འཇོམས་བྱེད་པ། །ལྟེ་བའི་དབུས་སུ་གནས་ལྷ་མོ། །སྙིང་པོ་གསང་བའི་
སྤྱོད་ཡུལ་ལ། །ཁུ་བའི་གཟུགས་ཀྱིས་ཟག་ནས་སུ། །བྷ་ག་ལིང་གའི་དཀྱིལ་དུ་གནས། །འདི་ནི་སྲོག་ཆགས་རྣམས་ཀྱི་སྲོག །རྣམ་པར་ཤེས་པའི་ཕུང་པོ་རྟེན། །སངས་རྒྱས་དེ་བཞིན་རྡོ་རྗེ་འཛིན། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་
ནམ་མཁའ་ཁོ་ན་ཡང་། །གཡོ་དང་མི་གཡོ་སྣ་ཚོགས་པའི། །ཁམས་གསུམ་ལ་ནི་མ་ལུས་པར། །དེ་ནི་བདག་གིས་རྟག་ཏུ་བསམ། །དེ་ལས་བསྐྱེད་དེ་བདག་དང་ཁྱོད། །ཚངས་པ་ལྷ་དབང་ཁྱབ་འཇུག་སོགས། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །ཤེས་བྱ་ཤེས་པའི་བདག་
ཉིད་གཙོ། །དེ་ཉིད་དམ་པ་དེ་བསམ་མོ། །སྐྱེ་བ་དང་ནི་ཤི་བ་དང་། །ཐམས་ཅད་དེ་ལ་འདུས་པ་ཡིན། །སྐྱེད་པ་བྱེད་པ་པོ་དེ་གཅིག །རང་བདག་གྱུར་པ་ལྷན་ཅིག་པ། །ཐམས་ཅད་མཁྱེན་པ་ཀུན་ནས་ཀུན། །ཞི་ནས་ཞི་བ་ཁྱབ་པ་པོ། །ཅི་ཕྱིར་ཁང་པ་དེ་བཀང་བས། །དེ་བས་སྐྱེས་
བུར་བཤད་པ་ཡིན། །ལུས་ལ་གནས་ཕྱིར་ལུས་ཅན་ཏེ། །ཤེད་བྱེད་ཕྱིར་ན་ཤེས་པར་འདོད། །བདག་ལ་བདག་གིས་རིག་པའི་ལྷ། །དེ་ཕྱིར་ལྷ་ཞེས་འདོད་པ་ཡིན། །འཇུག་ལས་ཁྱབ་འཇུག་ཅེས་གསུངས་ཏེ། །ངག་གིས་རྡོ་རྗེ་འཛིན་དུ་འགྱུར། །སྟོན་དུ་མེད་པ་གསང་བ་
འདི། །ནན་ཏན་དུ་ནི་གསང་བར་བྱ། །སྐྱོན་ཅན་མིན་དང་གཡོ་ཅན་མིན། །དམ་ཚིག་ལ་ནི་མི་སྡང་བ། །ཆད་པར་ལྟ་བ་མེད་པ་ལ། །བླ་མ་ལ་ཆགས་འདུལ་བ་ཅན། །ཕྲག་དོག་ཆགས་པ་སྤོང་བྱེད་པ། །དཀྱིལ་འཁོར་ལ་ནི་ཞུགས་པ་དང་། །རྡོ་རྗེ་བསྟན་པའི་སློབ་མ་དག །དེ་ལ་
རྒྱས་པའི་བསྟན་པ་འདི། །དེ་བཞིན་ཉིད་མཆོག་བཤད་པར་བྱ། །སློབ་དཔོན་རིག་མ་དང་ལྡན་ནས། །དེ་ལ་དབང་བསྐུར་སྦྱིན་པར་བྱ། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེས་དེ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་རྡོ་རྗེ་

བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩི་རྒྱུད་ཆེན་པོ་ལས་དབྱངས་དང་གར་དང་། དབང་བསྐུར་བ་དང་། དེ་བཞིན་ཉིད་ཆེར་དམིགས་པ་དག་བསྟན་པ་ཞེས་བྱ་བ་ལེའུ་བདུན་པའོ།། །།དེ་ནས་ལྷ་མོ་ཡང་ལངས་ནས། །བཞད་ནས་འདི་དག་ཞུ་བ་སྟེ། །བཅོམ་ལྡན་འདི་ལ་ཐེ་ཚོམ་
ཟོས། །དམ་པའི་ངོ་མཚར་བདག་བསྐྱེད་དེ། །ཞི་གཟུགས་རྡོ་རྗེ་ཅན་དེ་ལས། །ཁྲོ་བོའི་གཟུགས་ནི་ཅི་ལྟར་འགྱུར། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་བདུད་རྩི་བདེ་ཆེན་པོས། །རྡོ་རྗེ་པདྨ་མཉམ་སྦྱོར་ཏེ། །ཁྲོ་བོའི་གཟུགས་ནི་རྣམ་པར་ཕྱུང་། །འབར་བའི་ཕྲེང་འཁྲུགས་དྲག་
པོ་ཅན། །འཇིགས་བྱེད་ལ་ཡང་འཇིགས་པར་བྱེད། །ཞལ་བཞི་ལ་ནི་ཕྱག་བརྒྱད་དེ། །ཐོད་པའི་དབུ་རྒྱན་འཇིགས་པར་བརྒྱན། །ཁ་ཊྭཱཾ་ག་དང་མགོ་བསྣམས་ཏེ། །ཐོད་པ་དང་ནི་ཁྲག་དགའ་བ། །གཏུམ་པོ་རྒྱུ་མའི་ཕྲེང་འཁྲུགས་པ། །རིག་མ་བརྒྱད་ཀྱིས་ཡོངས་སུ་བསྐོར། །དུར་
ཁྲོད་ཆེན་པོ་བཞིར་བཞུགས་པ། །ཕཊ་ཡིག་སྔགས་ཀྱི་ང་རོ་ཅན། །འབྱུང་པོ་རོ་ལངས་ཚོགས་པ་དང་། །དུར་ཁྲོད་ལ་ནི་རོལ་མཛད་པས། །དེ་འོག་དབང་དང་བཅས་པའི་ལྷ། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །བཟའ་བྱེད་རྡོ་རྗེ་ཅན་ཆེན་པོ། །དཔལ་ལྡན་ཁྲག་འཐུང་གཟུགས་
ནི་ཕྱུང་། །དང་པོའི་རིག་མ་འཇིགས་ཅན་མ། །མི་སྡུག་གདོལ་པ་སྨེ་ཤ་ཅན། །སེར་མོ་རིགས་ཅན་དྲག་མོ་དང་། །འཇིགས་པར་བྱེད་མ་བརྒྱད་དུ་འདོད། །སྔགས་འདི་དག་ནི་བཟླ་བྱས་ཏེ། །གར་ཡང་བྱེད་ནས་དབྱངས་བླང་ངོ་། །འཇིགས་བྱེད་ཆེན་པོ་མཆེ་བ་གཙིགས། །རྒྱུ་མ་ཕྲེང་གི་
རྒྱན་སྐུད་བརྒྱན། །ཤ་ཆེན་དག་ནི་གསོལ་བྱེད་པ། །དཔལ་ལྡན་ཁྲག་འཐུང་བདག་ཕྱག་འཚལ། །སྒྲུབ་པ་པོ་རྣམས་ཕན་བྱེད་ཕྱིར། །བཟླས་པའི་སྔགས་ནི་བཤད་པར་བྱ། །གསུམ་པ་ཡི་ནི་གསུམ་པ་ལ། །བདུན་པ་ཡི་ནི་བཞི་པ་སྦྱོར། །བདུན་པ་ཡི་ཡང་གསུམ་པ་སྟེ། །གཉིས་ཀྱི་
ཚིག་ནི་གཉིས་སུ་སྦྱོར། །ཀུན་ལ་དེ་བཞིན་ཉིད་ལྡན་ཏེ། །ཡི་གེ་ཕྱེད་ཀྱིས་རྣམ་པར་བརྒྱན། །དྲུག་པའི་བཞི་པ་ཕྱུང་བྱས་ཏེ། །བདུན་པའི་དངོས་པོས་གདན་དུ་བྱ། །བཅུ་གསུམ་པ་ཡིས་སྟེང་གནོན་པའི། །སྭཱ་ཧཱ་མཐར་བཞག་སྔགས་ནི་ཕྱུང་། །དང་པོ་རྣམ་པར་སྣང་མཛད་ད་དབུལ། །ཁྲག་

འཐུང་རྩ་བའི་སྔགས་ཡིན་ནོ། །སྔགས་ཀྱི་རྒྱལ་པོ་འདི་ཉིད་ཀྱི། །མཐུ་ཆེན་ཉོན་ཅིག་མཱ་མ་ཀཱི། །ལན་ཅིག་ཙམ་གྱིས་སྔགས་བཟླས་ན། །སྐད་ཅིག་འཇིག་རྟེན་གསུམ་འཇིག་གོ། །ཁམས་གསུམ་མ་ལུས་པ་རྣམས་ཀྱང་། །ཟོས་པར་བྱེད་པར་ཐེ་ཚོམ་མེད། །དེ་ཡིས་
འདོད་པ་ཐམས་ཅད་སྦྱིན། །དཔལ་ལྡན་ཁྲག་འཐུང་མཉམ་འགྱུར་རོ། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེས་དེ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས་དཔལ་ལྡན་ཁྲག་འཐུང་བསྐྱེད་
པ་བསྟན་པ་ཞེས་བྱ་བ་ལེའུ་བརྒྱད་པའོ།། །།དེ་ནས་བདུད་རྩི་འཁྱིལ་པ་ཡིས། །གཟུགས་ནི་ཡང་དག་བཤད་པར་བྱ། །ཞལ་གསུམ་པ་ལ་ཕྱག་དྲུག་སྟེ། །དྲག་པོ་ནག་པོ་དུད་པའི་འོད། །འོད་ཟེར་ཕྲེང་བ་འཁྲུགས་པ་དང་། །གཏུམ་མོས་སྤྱན་ནི་དམར་པོ་ཅན། །དམར་
བའི་སྨིན་མ་ཨག་ཚོམ་འབར། །དྲག་ཆེན་པོ་ནི་ཟིལ་གྱིས་གནོན། །ཕྱག་ན་དགྲ་སྟ་བསྣམས་བརྩོན་པ། །གཏུན་ཤིང་རྡོ་རྗེ་ཞགས་པ་དང་། །གཡོན་གྱི་ཕྱག་གི་སྡིགས་མཛུབ་ཀྱིས། །སྡང་བ་ཐམས་ཅད་སྡིགས་པར་བྱེད། །རལ་གྲི་ཕྱག་མཚན་བསྒོམ་པར་བྱ། །རིག་མ་བརྒྱད་དང་
མཉམ་ལྡན་ཞིང་། །སྒོ་སྲུངས་དང་ཡང་ཡང་དག་ལྡན། །གསང་བའི་པདྨ་བསྒོམ་བྱས་ཏེ། །འདབ་མར་རིག་མ་བརྒྱད་ནི་བཀོད། །བདུད་རྩི་མ་དང་བདུད་རྩི་ཞལ། །བདུད་རྩི་ཅན་དང་བདུད་རྩི་སྤྱན། །གྲངས་མེད་མ་དང་གཟུགས་བཟང་མ། །མཛེས་པའི་གཟུགས་ཅན་བདེ་གྲུབ་མ། །
ཐམས་ཅད་ཞལ་གསུམ་ཕྱག་དྲུག་སྟེ། །ཕྱོགས་དང་མཚམས་ལ་དགོད་པར་བྱ། །ཕྱག་གིས་པདྨ་བསྣམས་པར་བརྩོན། །དེ་དག་ལྷ་མོ་གར་བྱེད་ནས། །སྣ་ཚོགས་གཟུགས་རྣམས་མཆོག་སྦྱིན་མ། །བཞད་ཅིང་རོལ་པར་མཛད་བྱེད་དོ། །སྔགས་ཀྱི་རྒྱལ་པོ་དབྱུང་བར་བྱ། །རྣམ་
པར་སྣང་མཛད་ཡང་འབུལ་ནས། །ཚིག་འདི་ཡིས་ནི་ཡོངས་སུ་དགོད། །དང་པོ་ཡི་ནི་གཉིས་པ་སྟེ། །སྟོང་པ་ཉིད་ནི་གདན་ལྡན་པ། །སྟོང་པས་སྟེང་ནས་གནོན་པའི་སྔགས། །མཐའ་ནས་སྭཱ་ཧཱ་སྦྱོར་བྱེད་དོ། །གཏན་དུ་ཤིན་ཏུ་དགའ་འབྱོར་ནས། །བདུད་རྩི་བདུད་རྩི་ཕྱུང་ནས་སུ། །བདུད་

རྩི་བདུད་རྩི་སྦྱོར་བ་ཡིས། །བདུད་རྩི་འཁྱིལ་པ་བསྒྲུབ་པར་བྱ། །དོན་ཀུན་དངོས་གྲུབ་ཐམས་ཅད་ཡང་། །དེ་ཡིས་མྱུར་བར་བསྒྲུབ་པར་འགྱུར། །ཕོའམ་གལ་ཏེ་མོ་དག་གིས། །བདུད་རྩི་འཁྱིལ་པ་དྲན་བྱེད་ན། །རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ། །དེ་ཡི་ཕྱག་མཐིལ་ལ་ཀུན་
གནས། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །དུས་རྟག་པར་ནི་བསྒོམ་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩི་རྒྱུད་ཆེན་པོ་ལས། དཔལ་བདུད་རྩི་འཁྱིལ་པ་འབྱུང་བ་ཞེས་བྱ་བ་ལེའུ་དགུ་
པའོ།། །།དེ་ནས་རོ་ལངས་ཆེན་པོ་ཡི། །སྒྲུབ་པ་གཞན་ཡང་བཤད་པར་བྱ། །ནག་པོའི་ཚེས་བརྒྱད་བཅུ་བཞི་ལ། །ལིང་ག་གཅིག་དང་ལམ་མདོ་དང་། །ཤིང་གཅིག་དང་ནི་དུར་ཁྲོད་དང་། །རི་དང་ཆུ་འགྲམ་དེ་རྣམས་ལ། །ལས་ཐམས་ཅད་ནི་བསྒྲུབ་བྱ་
སྟེ། །དེ་བཞིན་རོ་ལངས་སློང་བ་ནི། །འགགས་ནས་ཤི་བ་མོ་རྣམས་ནི། །མཚན་ཐམས་ཅད་ནི་ཀུན་རྫོགས་པ། །གདོལ་པ་མོ་དང་སྨེ་ཤ་ཅན། །ཁྱིམ་ཚོས་མ་རྣམས་དེ་དག་ན། །མཛེས་པ་བཟང་བ་རྨ་མེད་པ། །སུམ་ཅུ་རྩ་གཉིས་བསྔགས་པ་སྟེ། །ལོ་ནི་ཉི་ཤུ་རྩ་ལྔ་བསྐྱེད། །
བུད་མེད་རོ་ཡི་སྐྲ་བཟུང་སྟེ། །གཙང་བའི་ཆུ་ཡིས་བཀྲུ་བར་བྱ། །སྔགས་དང་སྨན་གྱི་རྡོ་ལེབ་ལ། །ག་བུར་ཙནྡན་དཀར་པོ་ཡིས། །དེ་ལ་བྱུག་པར་བྱས་ཏེ། །སྣ་ཚོགས་མེ་ཏོག་སྤོས་རྣམས་ཀྱིས། །མཆོད་ཅིང་གཏོར་མ་དབུལ་བར་བྱ། །མར་ཁུ་ཆེན་པོས་བསྐུས་ནས་སུ། །
ཡུངས་ཀར་ངོ་ལ་བརྡེག་པར་བྱ། །ཁྲག་འཐུང་ཞེས་བྱ་སྒྲུབ་པ་པོས། །དེ་ལ་དཀྱིལ་འཁོར་ཡང་བྲི་སྟེ། །ཐོད་པ་ཞེས་བྱ་ཟླ་གམ་མམ། །གཞུ་ཡི་ཚུལ་གྱིས་བཀང་བར་བྱ། །ཐོད་པས་ཉེ་བར་བརྒྱན་བྱེད་ཅིང་། །རིག་མ་བརྒྱད་དང་ལྡན་པར་བྱ། །ཤ་ཡི་ཁམས་ཅན་
ཐོད་པ་དབང་། །ཁ་ཊྭཱཾ་ཐམས་ཅད་ཀྱིས་འཛིན་ཏེ། །ཞལ་གསུམ་པ་ལ་དྲག་པོའི་གཟུགས། །ཕྱག་དྲུག་རལ་གྲི་ཕྱག་ན་འཛིན། །དཀྱིལ་འཁོར་དེ་ཡི་ཕྱི་རོལ་དུ། །སྒོ་སྲུངས་མ་ནི་རབ་ཏུ་བརྟགས། །གླང་རྣ་དང་ནི་གླང་ཆེན་རྣ། །ཞལ་མཛེས་དེ་བཞིན་ཞལ་གདུག་མ། །དྲག་མོ་ཞགས་

པ་ལྕགས་ཀྱུ་འཛིན། །མི་སྡུག་འཇིགས་པས་འཇིགས་བྱེད་རྣམས། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །མེ་ཏོག་མཆོད་པ་ཡང་དག་བྲི། །རྣམ་པ་སྣ་ཚོགས་རིག་མ་ཡང་། །དཀྱིལ་འཁོར་ལ་ནི་མཆོད་པ་བྲི། །དེ་ནས་དཔའ་བོ་སྒྲུབ་པ་པོས། །དུང་ཆེན་གྱིས་ནི་
བརྒྱན་བྱས་པ། །ཐོད་པའི་ཕྲེང་བས་ཐོད་བཅིངས་པའི། །ཁྲག་འཐུང་གཟུགས་ནི་སྒོམ་བྱེད་པས། །དེ་ལ་ཅང་ཏེའུ་བརྡུངས་ནས་སུ། །གར་བྱེད་ཅིང་ནི་ཁང་པར་འཇུག །དེ་ཡི་སྙིང་གར་གནོད་པའི་སྔགས། །བྷྱོ་ཡིག་དེ་ལ་བཟླ་བྱ་སྟེ། །ལྷ་ཡི་དཀྱིལ་འཁོར་མཆོད་ནས་སུ། །ཁྲག་
ཆེན་གྱིས་ནི་གཏོར་བར་བྱ། །དཔལ་ལྡན་ཁྲག་འཐུང་སྔགས་ཆེན་ནི། །སྒྲུབ་པ་པོས་ནི་བཟླས་མ་ཐག །ཁྲོ་དང་ལྡན་པའི་ཨག་བཙར་བྱ། །རོ་ལངས་ཀྱིས་ནི་གང་སྒྲོགས་བྱེད། །དེ་ཚེ་སྔགས་པས་མི་འཇིགས་ཏེ། །ཁྲག་འཐུང་སྔགས་ནི་དྲན་པར་བྱ། །ལངས་པའི་རོ་ལངས་དེ་ཡིས་ཀྱང་། །སྒྲུབ་
པ་པོ་ལ་འདི་སྐད་སྨྲ། །དཔའ་ཆེན་པོ་ཀྱེ་ལས་གང་ཡང་། །བདག་ལ་བཀའ་སྩོལ་རྡོ་རྗེ་ཅན། །རལ་གྲི་མིག་སྨན་ས་འོག་དང་། །མཁའ་ལ་རྒྱུ་བར་འདོད་པ་དང་། །སྒྲུབ་པ་པོས་ནི་གང་འདོད་པ། །ལས་དེ་དག་ནི་བསྒྲུབ་པར་བགྱི། །དེ་ནས་སྒྲུབ་པ་པོ་ཡིས་ནི། །ཡིད་ལ་གང་དང་གང་འདོད་
བསླང་། །དེ་ལྟར་ཐམས་ཅད་བསྒྲུབ་བྱ་བ། །རྒྱས་པའི་པདྨ་མཱ་མ་ཀཱི། །རོ་ལངས་བསྒྲུབ་པའི་མཆོག་གྱུར་པ། །རྡོ་རྗེ་བདུད་རྩི་ལས་བྱུང་ཡིན། །སྐུ་གསུང་ཐུགས་ཀྱི་བསྒྲུབ་དོན་དུ། །སྒྲུབ་པ་པོ་ཡི་བདེ་ཡང་འདྲེན། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེས་དེ་གསུངས་སོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩི་རྒྱུད་ཆེན་པོ་ལས་རོ་ལངས་བསྒྲུབ་པ་བསྟན་པ་ཞེས་བྱ་བ་ལེའུ་བཅུ་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་བདུད་རྩི་བདེ་ཆེན་པོས། །རྡོ་རྗེ་པདྨ་མཉམ་སྦྱོར་ཏེ། །
ཅང་མི་གསུང་བར་ཆེར་བཞུགས་སོ། །དབུགས་དགག་ཕྱིར་ནས་མི་གཡོ་ནས། །མི་འཇིགས་པ་དང་མི་གསུང་བར། །ཏིང་འཛིན་མཆོག་ལ་ཞུགས་པ་ལ། །མཱ་མ་ཀཱིས་ནི་ཡང་ཞུས་ཏེ། །བཅོམ་ལྡན་རྡོ་རྗེ་ཕྲ་མོ་ནི། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཅི་ལྟར་རྣམ་པ་གང་གིས་ནི། །དེ་བཞིན་

ཉིད་དེ་ཐོབ་པར་བགྱི། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་བདུད་རྩི་བདེ་ཆེན་པོས། །བཞད་པ་མཛད་ནས་གསུང་འདི་ནི། །སྤྱན་ཡང་ཕྱེ་ནས་བཀའ་སྩལ་པ། །དེ་ཉིད་སྔོན་བཞིན་བཤད་པ་སྟེ། །བདུད་རྩི་གཟུགས་ནི་ཁུ་བ་ཡིན། །བདུད་རྩི་ལྔ་དང་ལྡན་བྱས་ཏེ། །རྟག་པར་རྒྱུན་དུ་
མྱང་བར་བྱ། །རྫས་ནི་རེ་རེའི་མཐུ་དག་ནི། །བཤད་པ་ཉོན་ཅིག་མཱ་མ་ཀཱི། །ཡེ་ཤེས་ཤེས་བྱ་སྒྲུབ་བྱེད་པའི། །ཁུ་བ་དངས་པར་བཟའ་བར་བྱ། །སྐུ་གསུང་ཐུགས་ཀྱི་བསྒྲུབ་དོན་དུ། །ཁྲག་ཆེན་རབ་ཏུ་བསྒྲུབ་བྱ་སྟེ། །གང་ཞིག་བུད་མེད་རྣམས་ཀྱི་འམ། །བུ་མོ་ཡི་ནི་རྟག་ཏུ་
བླང་། །ཁྲག་ཆེན་དེས་ནི་མཱ་མ་ཀཱི། །དོན་ནི་ཐམས་ཅད་བྱེད་པ་པོ། །དྲག་ཤུལ་ཤི་བ་རྙེད་ན་ནི། །ཤ་ཆེན་པོ་ཡང་བཟའ་བྱ་སྟེ། །གསལ་ཤིང་བཙུགས་དང་འགགས་པ་འམ། །གཡུལ་དུ་བསད་པ་གང་དེ་ནི། །ཟབ་ཅིང་བསྟན་པས་ཟ་བྱེད་ན། །ཚེ་དང་ནད་མེད་འཕེལ་བར་
འགྱུར། །དེ་བཞིན་འདོད་པའི་བདེ་བ་དང་། །སངས་རྒྱས་བྱང་ཆུབ་གྲུབ་པ་དང་། །རྡོ་རྗེ་སེམས་དཔའ་བཞིན་དུ་འཚོ། །འདོད་ཀུན་འབྲས་བུ་དེས་སྦྱིན་ནོ། །རྡོ་རྗེ་ཆུ་དང་བཤང་གཅི་ནི། །རང་གིས་བཟའ་བར་རིག་པར་བྱ། །ཕྱེ་མ་ཞིབ་མོར་བྱས་པ་ལ། །ཁྲག་ཆེན་གྱིས་ནི་བསྲེ་
བར་བྱ། །སྔ་དྲོ་དེ་བཞིན་ཉིན་ཕྱེད་དང་། །ཕྱི་དྲོ་ལ་ནི་བཟའ་བར་བྱ། །དུས་གསུམ་ཟོས་ནས་རྣལ་འབྱོར་པས། །དེ་ནས་རྡོ་རྗེ་ཆུ་ནི་བཏུང་། །ཉིན་དང་ཉིན་དུ་མཱ་མ་ཀཱི། །སྒྲུབ་པ་པོ་གང་སྒྲུབ་བྱེད་པ། །ལུས་ལ་ནད་ནི་མེད་འགྱུར་ཞིང་། །རྒས་པའི་ནད་ཀྱང་མེད་པར་བྱེད། །སྐལ་བཟང་
རྒྱས་པའི་མདངས་ལྡན་པ། །རྒྱལ་པོའི་སྒོར་ཡང་རྒྱལ་བར་འདྲེན། །དེ་ནི་འདོད་པ་ཀུན་སྦྱིན་པས། །མཆོག་རབ་དེ་ཉིད་ཐོབ་པ་ཡིན། །རྣལ་འབྱོར་དེ་ཡང་ཀུན་ཤེས་ཏེ། །རྡོ་རྗེ་སེམས་དཔའི་ཡོན་ཏན་ལྡན། །འདོད་ཆགས་ཞེ་སྡང་ལས་གྲོལ་ནས། །བརྐམ་པ་ཕྲག་དོག་
རྣམ་སྤངས་ནས། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །དེ་ཡིས་སྒྲུབ་པ་འགྲུབ་པའོ། །རྡོ་རྗེ་བདུད་རྩིའི་རྒྱུད་འདི་ནི། །དོན་མང་གསང་བའི་རིམ་པ་ཅན། །མ་ལུས་རྡོ་རྗེ་ཐེག་པ་འདི། །འདི་ལས་བྱུང་གྱུར་ལྷ་མོ་ཀྱེ། །རྒྱས་པའི་པདྨ་མཱ་མ་ཀཱིས། །འདོད་ཆགས་ཀྱིས་ནི་བདེ་འགྱུར་བས། །

ཁྱོད་ལ་དམ་པའི་དངོས་སྟོན་ན། །བདག་གིས་གང་ལ་ཡང་མི་སྟོན། །འདི་ནི་གསང་ཆེན་དམ་པ་ཡིན། །ཡིད་དག་ཀུན་གྱི་བདག་ལ་གནས། །བྱང་ཆུབ་སེམས་དཔའ་མ་ཤེས་ཏེ། །གཟུགས་མེད་སྟོང་པ་མི་འགྱུར་བས། །དེ་ན་དེ་ཉིད་རིག་ཆེན་པོ། །རྡོ་རྗེ་སྤྱི་གཙུག་ནོར་
བུར་འདོད། །ཤིན་ཏུ་གསང་ནས་གཟུངས་ལྷ་མོ། །ཕ་དང་བུ་ལའང་བསྟན་མི་བྱ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །གདན་དུ་གསང་བ་བསྟན་པ་དང་། །བླ་མ་ལ་ཆགས་བརྟུལ་ཞུགས་བརྟན། །དེ་ལ་སྦྱིན་ནས་དེ་ཉིད་བསྟན། །རྡོ་རྗེ་བདུད་རྩི་རྒྱུད་འདི་ནི། །བདེ་འགྲུབ་ཤིན་
ཏུ་ཐོབ་དཀའ་བ། །ཡང་དག་རྫོགས་པས་སྐལ་བཟང་ཞི། །སྙིང་པོ་ཡེ་ཤེས་འདུས་པ་ཡིན། །རྡོ་རྗེ་བདུད་རྩི་རྒྱུད་ཆེན་ལས། །སྒྲུབ་པ་པོ་གང་དབང་བསྐུར་བ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །དེ་ལ་ཀུན་གྱིས་ཕྱག་བྱེད་དེ། །ཕྱག་ནི་ལན་གསུམ་བྱས་ནས་སུ། །
རྡོ་རྗེ་སློབ་དཔོན་སྐལ་བཟང་མཆོག །དེ་ཉིད་སེམས་ཅན་ཐམས་ཅད་ཀྱི། །འཁོར་བ་ལས་འདྲེན་གཙོ་ཞེས་གསུངས། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེས་དེ་གསུངས་སོ། །རྡོ་རྗེ་བདུད་རྩི་རྒྱུད་ཆེན་པོ། །སྟོན་པས་དགའ་མ་ལ་བསྟན་ནས། །ཕྲ་མོའི་གཟུགས་སུ་
རྡོ་རྗེ་ཅན། །དེ་ནས་བྷ་གར་ཆེར་བཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས་བདུད་རྩི་ལྔ་སྒྲུབ་པའི་ཐབས་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཅིག་པ་རྫོགས་སྷོ།། །།རྡོ་རྗེ་བདུད་
རྩིའི་རྒྱུད་ལོ་ཙཱ་བ་གྱི་ཅོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཀུ་ལ་ལོ་ཀ་ནཱ་ཐ་པཉྩ་ད་ཤ་ཀ་ནཱ་མ། བོད་སྐད་དུ། རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པ་ཞེས་བྱ་བ།
དཔལ་ལྡན་རིགས་ཀྱི་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །དེ་ནས་འདི་ནི་མཆོག་ཏུ་གསང་། །འཇིག་རྟེན་ཡང་དག་རྨོངས་པའི་མཆོག །རིགས་དང་རིགས་བྱུང་མངོན་བརྗོད་པས། །གཉིས་མེད་སྔགས་ནི་རབ་བཤད་བྱ། །དམ་ཚིག་སྤྱོད་པ་ངེས་པར་གྲོལ། །བྱ་བ་དུས་ཚོད་

རྣམ་པར་སྤངས། །དེ་ཉིད་གསུམ་ལྡན་ཡང་དག་ལྷ། །འཇིག་རྟེན་མགོན་པོ་འགྲོ་བའི་བདག །འདོད་པའི་དབང་ཕྱུག་འདོད་པའི་ལྷ། །མཐོང་དང་མ་མཐོང་འབྲས་རབ་སྟེར། །དེ་འདིར་སྔགས་ནི་མཚུངས་མེད་པ། །བླ་མའི་ཞལ་ལ་རྣམ་པར་གནས། །དྲག་ཆེན་འཇིགས་བྱེད་ལུས་ལ་ནི། །ལྔ་པའི་
ཐིག་ལེ་དང་བཅས་ཤིང་། །རྣམ་གཅོད་དང་པོ་ཡང་དག་ལྡན། །ཆེན་པོ་ལྔ་པའི་ལྔ་པས་བརྒྱན། །ལྕེ་གཉིས་ཡན་ལག་མེད་གཉིས་གནས། །ལུས་གསུམ་གྱིས་ནི་སྔགས་མཆོག་ལ། །ཡི་གེ་རྣམས་ཀྱི་བསྡུ་བ་ལས། །མཚན་ཉིད་ཆོ་ག་བཞིན་དུ་བཟླས། །འདི་ཡི་རྗེས་དྲན་སྔགས་པ་
ཡིས། །གཙང་ངམ་ཡང་ན་མི་གཙང་རུང་། །ལྷ་བཞིན་མཐོང་བ་ལྷ་རྣམས་ཀྱིས། །དེ་ཡི་ལྷ་མོ་འདོད་ལྷ་བཞིན། །འདི་བཞིན་སྔགས་ཀྱི་འདོད་ལྷ་ཡི། །བྱ་བ་མེད་ཅིང་སྒྲུབ་པའང་མེད། །མཆོད་མེད་མེ་ལ་སྦྱིན་སྲེག་མེད། །རྣལ་འབྱོར་ལྡན་དང་ཡང་དག་ལྡན། །དུས་ཚོད་རྣམས་ལས་
རྣམ་ངེས་གྲོལ། །རྩེ་གཅིག་སེམས་ནི་གཡོ་མི་བྱེད། །སྒྲིབ་པ་དང་བྲལ་མཚུངས་པ་ཡི། །མཆོག་གི་བསམ་གཏན་ཡང་དག་སྦྱར། །རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་རྟོག་པ་ལྔ་བཅུ་པ་ལས་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་དང་པོའོ།། །།སྙིང་གའི་འཁོར་ལོའི་
ནང་སོང་བའི། །དེ་ཉིད་གཞན་དང་གཞན་དུ་འགྲོ། །དབྱེ་བ་ཉིས་འགྱུར་དེ་ལས་ནི། །ཡེ་ཤེས་ཉིད་ནི་ཀུན་འགྲོ་བྱ། །མི་འགྱུར་དགའ་བའི་ཡུལ་རིག་པ། །སེམས་ཀྱི་རྗེས་སུ་རྟོགས་པ་ཅན། །བྱ་བ་དེ་ཡི་བདེ་འདོད་ཕྱིར། །རྟོགས་པ་ཀུན་ནས་འཇུག་པར་འགྱུར། །དེ་ཡི་
ངོ་བོ་རྟོགས་ཉིད་འཇུག །དེ་སེམས་དགའ་བའི་སྤྱོད་ཡུལ་ལ། །བྱ་བ་དང་ནི་ལས་རྣམས་ཀུན། །ཚིག་དང་བཅས་པས་ཐེ་ཚོམ་མེད། །བསམ་གཏན་རྣལ་འབྱོར་ཡང་དག་ལྡན། །བརྟན་པར་དགོད་བྱ་བློ་ལྡན་གྱིས། །འགྲོ་ཀུན་དགྲ་ཡི་རང་བཞིན་གྱི། །ས་སྟེང་ས་འོག་
མཐོ་རིས་སྒྲུབ། །ལྟེ་བའི་པདྨར་པདྨ་ཆེ། །རྣམ་གསུམ་ནམ་མཁའི་ནང་སོང་བ། །པདྨའི་ཕྱག་རྒྱ་ཡང་དག་ལྡན། །ནམ་མཁའ་ཕྱག་རྒྱའི་བདག་ཉིད་བཞིན། །སྲོག་འབབ་པ་ཡི་ཚད་ཀྱིས་ནི། །གནས་གཉིས་པོ་ཡིས་གོམས་པར་བྱ། །དེ་བཞིན་རབ་ཏུ་དགོད་བྱས་ནས། །

འཇིག་རྟེན་མགོན་པོའི་སྐུ་རུ་འགྱུར། །གང་གིས་གཞན་དུ་བཟླས་བྱས་དང་། །ལས་རྣམས་ཀྱང་ནི་བསྒྲུབ་བྱས་ན། །དེ་ནི་མཁའ་ལ་ཁུ་ཚུར་བསྣུན། །རྨོངས་པས་སྤུན་སྟོང་འཇོམས་པར་བྱེད། །བསམ་གཏན་སྦྱོར་བས་ཆོ་ག་བཞིན། །ལས་གང་རྟག་ཏུ་བྱ་བ་སྟེ། །
དེ་ལས་མྱུར་དུ་སྒྲུབ་བྱེད་དོ། །དེ་ཡི་ལས་ནི་ཡིད་ཀྱིར་འདོད། །རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་རྟོག་པ་ལྔ་བཅུ་པ་ལས་བདག་གི་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་གཉིས་པའོ།། །།རང་བཞིན་བསམ་གཏན་དང་བཅས་ཤིང་། །ཛཱ་ཏི་མཚལ་གྱི་འོད་ཟེར་བཞིན། །སེ་འབྲུ་ལེ་བརྒན་མེ་ཏོག་བཞིན། །
ལི་ཁྲི་དམར་པོ་དང་མཚུངས་གཙོ། །སྔགས་ཀྱི་སྐུ་ཡི་ལྷ་ཡི་ལྷ། །ཞལ་གཅིག་ཕྱག་ནི་བཞི་པ་སྟེ། །མཁའ་པད་ཟླ་བའི་གདན་ལ་བཞུགས། །ཁྱབ་བདག་ཞགས་པ་ལྕགས་ཀྱུ་བསྣམས། །མཆོག་སྦྱིན་ཕྱག་གིས་ཡང་དག་རོལ། །མུ་ཏིག་ནོར་བུས་རྣམ་པར་བརྒྱན། །པདྨའི་
ཕྱག་དང་སྤྱན་གསུམ་པོ། །གཟི་བརྗིད་ཆེན་པོ་སྣ་ཚོགས་སྐུ། །དཔའ་བོ་དབང་ཕྱུག་འགྲོ་བའི་མགོན། །རྣལ་འབྱོར་མ་ཡི་ཐུགས་དགྱེས་པ། །དངོས་གྲུབ་ཐམས་ཅད་རབ་སྟེར་བའི། །སྔགས་རྣམས་ཀུན་ལ་བསམ་གཏན་བྱ། །གང་དང་གང་གིས་བསྒོམ་པ་ཡིས། །རྣལ་འབྱོར་
གོམས་པར་གྱུར་པའི་ཕྱིར། །དེ་ནི་དེ་ཡི་རང་བཞིན་འགྱུར། །ཡིད་བཞིན་ནོར་མཆོག་ཇི་བཞིན་ནོ། །ལྷ་ནི་དཀར་པོས་ཞི་རབ་སྟེར། །དེ་བཞིན་ངག་ནི་རབ་སད་བྱེད། །དབང་དང་དགུག་པའི་དེ་ཉིད་ལ། །སྐུ་མདོག་དམར་པོ་རྣམ་པར་བསམ། །དུ་བ་དམར་པོའི་འོད་མདོག་ཅན། །རླུང་
གི་དཀྱིལ་འཁོར་གྱིས་དཀྲིས་པས། །དགྲ་བོ་རྣམས་ནི་ཉེར་སྐྲོད་པ། །འདིར་ནི་ཐེ་ཚོམ་མེད་པར་བྱེད། །དུ་བ་སྐྱ་བོ་དམར་བ་ཡིས། །རྣམ་པར་ཞེ་སྡང་ངེས་སྦྱོར་བ། །གསད་པ་ལ་ནི་ཁ་དོག་གནག །རེངས་པ་ལ་ནི་སེར་པོར་ཤིས། །ལུག་གི་སྟེང་དུ་གནས་པ་ལ། །རྐན་གྱི་བར་དུ་རྣམ་ཕུག་
ན། །སྲིད་པ་གསུམ་དུ་གང་གང་གནས། །ཐམས་ཅད་རབ་ཏུ་རྨོངས་པར་བྱེད། །གཞན་དག་རྨོངས་པས་ཅི་ཞིག་བྱ། །དོན་མང་ཚིག་ནི་རབ་འདུས་པ། །འཇིག་རྟེན་གསུམ་གྱི་ལས་རྣམས་ནི། །ཡོན་ཏན་བརྒྱད་དང་ལྡན་པ་ཡི། །རྒྱུད་གཞན་རྣམས་ལ་ཉེར་གྱུར་པ། །གསུངས་དང་མ་གསུངས་

གྱུར་པ་ནི། །རང་བཞིན་བསམ་གཏན་སྦྱོར་བ་ཡིས། །བྱ་བ་འདི་ལ་ཐེ་ཚོམ་མེད། །གང་ཞིག་ལྷ་ནི་ནམ་མཁའ་མཚུངས། །ཁ་དོག་དབྱེ་བས་སོ་སོ་སྟེ། །འཇིག་རྟེན་གསུམ་ན་གང་སྤྱོད་པའི། །ལས་རྣམས་ཐམས་ཅད་བྱ་བའོ། །སྐལ་བཟང་བྱེད་པའི་སྔགས་རྣམས་ནི། །སྙིང་གའི་
ཆུ་སྐྱེས་དབུས་སོང་བ། །སྙིང་གའི་ཆུ་སྐྱེས་སྦྱོར་བ་ཡིས། །དབང་ལ་སོགས་པ་ཡང་དག་བསྒྲུབ། །ཡི་གེ་གསུམ་དང་བཅས་པའི་ལྷ། །སྟེང་དུ་འགྲོ་བ་གསུམ་ལྡན་པས། །མི་རྣམས་ལས་ནི་རྟག་བསྒྲུབས་པ། །རྣལ་འབྱོར་མ་རྣམས་ཞལ་ལ་གནས། །རྣམ་པ་གསུམ་ནི་འགུགས་པར་
བྱེད། །པདྨ་གཟུགས་ལྡན་གྱུར་པས་མཛེས། །རྟག་སྦྱོར་རྒྱུན་དུ་རྣལ་འབྱོར་པས། །མར་མེ་གཡོ་མེད་གནས་པ་བཞིན། །སྔོན་གསུངས་ལྷ་ཡི་ལྷ་དབང་ཕྱུག །སྐྱ་རེངས་དམར་པོ་དང་མཚུངས་འོད། །མཚན་མོ་ཕྱེད་ཀྱི་དུས་གནས་ལ། །རྣལ་འབྱོར་ཉིད་ནི་ཡང་དག་སྤྱོད། །
དེ་ཡི་གཟུགས་འཛིན་ལུས་ལ་ནི། །ཡང་དག་སྔོན་དུ་བཀོད་པ་ཡིས། །ཞགས་པ་ལྕགས་ཀྱུ་འཛིན་པའི་ལྷ། །བསྒྲུབ་བྱའི་ལུས་ལ་ཡང་དག་བླང་། །ཐམས་ཅད་བླ་མའི་ཞལ་ལ་གནས། །ཞགས་པ་ལྕགས་ཀྱུའི་འོད་ཟེར་གྱིས། །དེ་ལས་ལྕགས་ཀྱུ་བསྣུན་ནས་ནི། །ཞགས་པ་ཡིས་
ནི་འགུགས་པར་བྱེད། །རྣམ་པར་མྱོས་ཤིང་ལུས་ནི་དམར། །ཡང་དང་ཡང་དུ་བརྒྱལ་གྱུར་ཏེ། །བུ་ག་སྒོ་དགུ་ནས་བསྣུན་ནས། །ཁྲག་ནི་རབ་ཏུ་འབབ་པར་བྱེད། །སྒྲིབ་པ་མེད་པར་དང་མཚུངས་པར། །རང་ལུས་རྣམ་པར་བལྟ་བར་བྱ། །དེ་ཡི་དབུགས་ལས་བཞེངས་པའི་སྔགས། །
ཡི་གེའི་དབང་པོ་དང་པོར་བསམ། །འབར་ཞིང་འབར་བ་ལྟ་བུ་ཡིས། །ཁ་ཡི་སྒོ་རུ་སྔོན་འདོད་རོལ། །པདྨའི་གཟུགས་འཛིན་དེ་ཡང་ནི། །ཁ་ཡི་ནང་ནས་ངེས་པར་འབྱུང་། །བསྒྲུབ་བྱའི་ཁ་རུ་ཐིམ་གྱུར་ཏེ། །ཇི་སྲིད་དེ་སྙིང་ཆུ་སྐྱེས་ལ། །གང་ཞིག་དེ་ཡི་སྙིང་གནས་པ། །འདིར་ནི་དེའི་སྙིང་
ཀུན་ནས་ཕྲོགས། །མེར་མེར་པོར་ནི་བླངས་པ་ཡིས། །སྒྲོལ་མའི་གཟུགས་བཞིན་ཡིད་འཕྲོག་པ། །དེ་ནི་གསུམ་པས་ཆོ་ག་བཞིན། །རླུང་གིས་ལོ་མ་གཡོ་བ་ལྟར། །རང་གི་ཁྱིམ་དུ་རིམ་པར་བསྒོམ། །གཅིག་གི་ངོ་བོར་གྱུར་པ་མཆོག །ལྷ་དང་ལྷ་ཡི་སྒྲུབ་པའི་ཐབས། །མཚན་མོ་

མདུན་དུ་བསྒྲུབ་པར་བྱ། །བྲན་གྱི་ངོ་བོས་འཇུག་འགྱུར་ཞིང་། །འཚོ་བ་དང་ནི་ནོར་གྱིས་ཀྱང་། །ས་སྟེངས་འཇིག་རྟེན་སླར་ཅི་སྨོས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྔགས་ཀྱི་དབང་པོ་སྒྲུབ་པ་པོས། །རང་དབང་མེད་རྣམས་སྦྱར་མི་བྱ། །སྔགས་
ཀྱི་རྒྱལ་དབང་བཟླས་བྱས་པས། །རྒྱལ་སྲིད་སྒྲུབ་པ་དེ་མཆོག་གོ། །གཞན་དུ་གང་གིས་རབ་བསྒྲུབས་ན། །བུད་མེད་འདོད་པས་ལོང་བཞིན་མྱོས། །གལ་ཏེ་ལྷ་ཡི་བུ་མོ་ཡང་། །དེ་ཡི་སྐད་ཅིག་ཉིད་ལ་མཆི། །རིགས་ཀྱི་འཇིག་རྟེན་མགོན་པོའི་ལྔ་བཅུ་པ་ལས་ལྷའི་དེ་ཁོ་ན་ཉིད་
ཀྱི་ལེའུ་སྟེ་གསུམ་པའོ།། །།འཇིག་རྟེན་དབང་ཕྱུག་སྙིང་པོ་མཆོག །སྦ་ཞིང་སྲོག་བཞིན་ཡང་དག་བསྲུང་། །དམ་ཚིག་སྤྱོད་པ་དམན་པས་ཀྱང་། །འདྲེན་པའི་བདག་ཉིད་སྔགས་བཟླས་བྱ། །གཅིག་པུ་གྲོགས་དང་བྲལ་བྱས་ཏེ། །བློ་དང་ལྡན་པས་འབུམ་དུ་བཟླས། །དེ་ཡི་
མངོན་སུམ་འོང་འགྱུར་ཏེ། །འཁོར་ལོ་གསུམ་དུ་ལེགས་འགྲོ་མཆོག །འཇིག་རྟེན་ཐམས་ཅད་འབྱིན་པ་དང་། །སྡུད་པ་དང་ནི་ཡང་དང་ཡང་། །ནམ་མཁའི་གོ་འཕང་བདེར་འགྲོ་སྟེ། །དྲན་པས་འདི་ལ་ཐེ་ཚོམ་མེད། །སེམས་དང་སེམས་མེད་སྦྱོར་བ་ནི། །སེམས་ནི་སེམས་མེད་ལ་དེས་
མཐོང་། །སེམས་ནི་སེམས་མ་ལ་ཐིམ་ནས། །རབ་འཇུག་ལུས་སྐྱེས་མ་རྣམས་ལ། །ནད་བཅས་ནད་མེད་པ་དང་ནི། །ནད་མེད་དེ་བཞིན་ནད་བཅས་བྱེད། །ཞགས་པ་ལྕགས་ཀྱུ་འཛིན་པའི་མཆོག །སྔགས་ཀྱི་རྒྱལ་པོའི་དབང་པོས་སོ། །གཞན་དུ་བྱིས་པ་རྨོངས་པ་ཡིས། །ཟླ་བ་
འཛིན་པར་འདོད་པ་བཞིན། །གང་ཞིག་རང་བཞིན་སྦྱོར་བྲལ་བས། །ལས་རྣམས་བསྒྲུབ་པ་དེ་མཆོག་མིན། །གང་གིས་གསུམ་གསུམ་གནས་སྐབས་གསུམ། །འཇིག་རྟེན་མགོན་པོ་ཉིད་རིག་ནས། །ཆུ་འཛིན་བྲལ་བའི་ནམ་མཁའ་བཞིན། །འཇིག་རྟེན་མགོན་པོའི་གོ་འཕང་འགྲོ། །
ཞེས་པ་ནི་དཔལ་པདྨ་འབར་བའི་རྒྱུད་ཆེན་པོ་ལས་ཕྱུང་བ་རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་བི་མ་ལ་ཤྲཱི་བྷ་དྲའི་ཞལ་སྔ་ནས། བྱང་ཆུབ་རིན་ཆེན་གྱིས་བསྐུལ་ནས། ཤུད་ཀེ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་

ཆེན་པོར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རེ་ཀུ་རུ་ཀུལླེ་ཀལྤ། བོད་སྐད་དུ། འཕགས་མ་སྒྲོལ་མ་ཀུ་རུ་ཀུ་ལླེའི་རྟོག་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཕགས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་
འཚལ་ལོ། །སྒྲོལ་མ་འབྱུང་བའི་རྣལ་འབྱོར་རྒྱ་མཚོའི་རྒྱུད་ཀྱི་ནི། །གཞུང་དང་རྟོག་པ་ཉམས་ཤིང་ནུབ་པར་གྱུར་ནས་ཡང་། །སྒྲོལ་མ་འབྱུང་བའི་ཏིང་འཛིན་ཞེས་བྱ་རྒྱུད་ཀྱི་གཙོ། །དེ་ཡང་ནུབ་པར་གྱུར་ནས་རྟོག་པ་འདི་ཡང་འབྱུང་། །སེམས་ཅན་མང་པོའི་དོན་དུ་རྣལ་འབྱོར་པ། །རྒྱས་པར་
བསྟན་པའི་རྒྱུད་ལས་བསྡུས་བྱས་ནས། །རྟོག་པ་འདི་ནི་འཇིག་རྟེན་དབང་ཕྱུག་གསུངས། །བྱང་ཆུབ་སེམས་དཔའ་ཐམས་ཅད་མཉན་པར་གྱིས། །འཇིག་རྟེན་སྐྱབས་མེད་གྱུར་ལ་རྣམ་བལྟས་ནས། །འགྲོ་ཀུན་དོན་བྱེད་པ་ཡི་ཚུལ་འདི་ནི། །སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་གྱུར་
བལྟས་ནས། །གུས་པ་ཆེན་པོས་ཁྱོད་ཀྱིས་བླང་བར་བྱོས། །འཇིག་རྟེན་རྣམ་རྟོག་ཞི་བར་བྱ་ཕྱིར་རྟོག་པ་འདི། །སངས་རྒྱས་ཐམས་ཅད་ཀྱིས་ནི་རབ་ཏུ་གསུངས། །དཔལ་ལྡན་གྲུ་འཛིན་རི་ལ་འཇམ་དཔལ་དང་། །པདྨ་བསྣམས་དང་རྒྱལ་བར་བྱེད་པ་དང་། །སྒྲིབ་པ་རྣམ་སེལ་བློ་གྲོས་རྒྱ་མཚོ་
དང་། །བྱམས་པ་ལ་སོགས་ཚོགས་རྣམས་ཐམས་ཅད་ཀྱིས། །གང་ཡང་ཆོས་ཀྱི་ཚིག་འདི་ཐོས་གྱུར་ནས། །རྗེས་སུ་ཡི་རང་སྤྱི་བོས་གུས་ཕྱག་བྱས། །རྒྱལ་བའི་སྲས་ཀྱིས་མངའ་བྱས་བསྟོད་པ་འམ། །ཡང་ན་གླུ་དང་དབྱངས་དག་བྱས་པ་ཡིས། །སྣ་ཚོགས་གར་གྱིས་འདི་ནི་མཆོད་
པ་བྱས། །གནོད་སྦྱིན་སྲིན་པོ་ཡི་དགས་འཇིག་རྟེན་དང་། །སྣ་ཚོགས་བུ་མོ་དང་ནི་རྒྱུ་སྐར་དང་། །ས་ཡི་དབང་དང་ལག་ན་རྡོ་རྗེ་དང་། །རླབས་རྣམས་སྣ་ཚོགས་ཅན་གང་གནས་པ་ཡི། །ཀླུ་ཡི་བུ་མོ་ཟུར་གྱིས་བལྟ་བས་ལྟ་བ་དང་། །ས་འོག་སྐྱོང་དང་ལྷ་དབང་གྲུབ་པའི་བུ་མོས་མཆོད། །དྲི་ཟའི་རྒྱལ་
མོ་ནུ་མ་ཤིན་ཏུ་རྒྱས་པ་དང་། །རིག་པ་འཛིན་དང་མི་འམ་ཅི་ཡི་ཆུང་མ་དང་། །གནོད་སྦྱིན་ཆུང་མ་རི་ཡི་བུ་མོའི་བུ་དག་ནི། །གང་ཡིན་བདག་དང་སྐྱབས་མེད་ཅེས་ནི་འདི་སྐད་སྨྲ། །གང་ཕྱིར་སྐྱབས་མེད་སྐྱབས་གྱུར་སངས་རྒྱས་བསྟན་པ་འདིར། །མགོན་མེད་མགོན་གྱུར་འཇིག་རྟེན་མགོན་པོ་ཁྱོད། །

བདེ་བ་བསྐྱེད་ཅིང་ངོ་མཚར་ཆེ་གྱུར་གང་། །མགོན་པོ་ཚོགས་ཀྱི་ཚིག་དབང་འདི་ཐོས་ནས། །ཉིད་ཀྱི་དབང་དུ་བྱེད་པའི་གསང་སྔགས་གསུངས། །སྔགས་ཀྱི་རྒྱལ་པོ་བུད་མེད་ཀུན་ཐོས་པས། །མཐར་ཐུག་སངས་རྒྱས་བདེ་བ་དུ་མ་འབྱུང་། །རྡོ་རྗེ་རེག་པས་ཁམས་ཀྱང་
འཛག་པར་འགྱུར། །ཟུར་གྱིས་ལྟ་བར་བྱེད་པས་ལྟ་བྱེད་ཅིང་། །རྐང་པ་དག་ཀྱང་ས་ལ་གྱ་ཚོམ་འདོར། །འདོད་ཆགས་ཤིན་ཏུ་བདེ་བས་ཁུ་འབབ་ཚེ། །འདི་ལྟར་མཐོང་ནས་ལྷ་ཡི་བུ་མོ་ལ། །འགྲོ་བ་དབང་བྱེད་ཀུ་རུ་ཀུལླེའི་སྔགས། །རས་རིས་བྲི་དང་གསང་སྔགས་བསྒྲུབ་པའི་ཕྱིར། །དུས་ལ་བབ་
པའི་ཚིག་འདི་མགོན་སྨྲོས་ཞེས། །དེ་ལྟར་བཅོམ་ལྡན་འཇིག་རྟེན་མགོན་པོས་གསུངས། །དེ་ཚེ་འཇིག་རྟེན་དབང་ཕྱུག་ལས་རྣམས་རབ་ཏུ་གསུངས། །ཀུ་རུ་ཀུལླེའི་རི་མོའི་ལུགས། །གང་ཞིག་བྲིས་པ་ཙམ་གྱིས་ནི། །སྒྲུབ་པ་པོ་ཡིས་འབྲས་ཐོབ་པ། །དེ་ནས་ཡང་དག་བཤད་པར་བྱ། །རི་
མོ་མཁན་ནི་གང་ཞིག་གིས། །ཚེས་གྲངས་གང་དང་དུས་གང་ལ། །སྒྲོལ་མ་འབྱུང་ལས་བཤད་པ་བཞིན། །དེ་ནི་བདག་གིས་བཤད་པར་བྱ། །རི་མོ་མཁན་ནི་གང་ཞིག་གིས། །གང་གི་མིག་ནི་དམར་འགྱུར་ཞིང་། །ལག་པ་དེ་བཞིན་རྐང་པ་དམར། །བྱ་ཡི་མིག་ཅན་ཨེ་ནྱའི་རྐང་། །
དེས་ནི་སྒྲོལ་མ་བྲི་བར་བྱ། །དཔྱིད་ཀྱི་ཟླ་བ་དང་པོ་ཡི། །མྱ་ངན་མེད་པའི་ཚེས་བརྒྱད་ཉིན། །ཐུན་ནི་ཕྱེད་དང་གཉིས་པ་ལ། །སྒྲོལ་མའི་མིག་ནི་བྲི་བར་བྱ། །མངར་གསུམ་བཟའ་ཞིང་ཉ་ལ་སོགས། །ཤ་དང་ཆང་ཡང་སྤང་བར་བྱ། །དམར་པོའི་གོས་ཀྱང་རྟག་ཏུ་བགོ། །དམར་པོའི་དྲི་ཡིས་རྟག་ཏུ་
བྱུག །བྱམས་པའི་སེམས་ནི་བསྐྱེད་བྱས་ལ། །ཐོ་རངས་ཁྲུས་བྱས་བསངས་ནས་སུ། །ལན་གསུམ་གོས་ནི་བརྗེས་ནས་སུ། །དབང་དུ་བྱེད་མ་ཡང་དག་བྲི། །ཞལ་གཅིག་མིག་ནི་ཡངས་པ་དང་། །ཕྱག་བཞི་མ་ལ་གུར་གུམ་མདོག །བཅུ་དྲུག་ལོ་ལོན་སྒེག་བཅས་འདྲ། །བུད་
མེད་སྒྱུ་མས་རྒྱགས་པ་བྲི། །གཞོན་ནུ་མ་དམར་སེར་མོས་བྱས་པའི་སྐུད་པ་ལས་རས་བྱས་ལ། དེ་དང་ཐགས་མཁན་གཉིས་ཀ་ཟན་དང་འོ་མ་བཟའ་བར་བྱ་ཞིང་། དེ་ནས་པདྨའི་གདན་ལ་སྟོད་གཡོགས་དམར་པོའི་གོས་དང་བཅས་པས་རིན་པོ་ཆེའི་རྣ་ཆ་དང་། རིན་པོ་ཆེའི་ཅོད་པན་དང་།

གཡས་པས་མི་འཇིགས་པ་སྦྱིན་པ་དང་། གཉིས་པས་མདའ་སྣ་རྩེར་འགེངས་པ། གཡོན་པས་གཞུ་འཛིན་པ་དང་། ཨུཏྤལ་དམར་པོ་གཉིས་པ་ན་བསྣམས་པ་དང་། འོད་དཔག་མེད་ཅོད་པན་ན་བཞུགས་པ་རིའི་ཕུག་ན་གནས་པའི་ཀུ་རུ་ཀུལླེའོ། །ཀུ་རུ་ཀུལླེའི་འོག་ཏུ་ནི་སྒྲ་གཅན་འཛིན་
ནོ། །དེའི་སྟེང་དུ་འདོད་པའི་དབང་ཕྱུག་ཆུང་མ་དང་བཅས་པའོ། །འདོད་པའི་ལྷའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་པདྨ་དམར་པོའི་གདན་ནོ། །དེ་ལ་གནས་པའི་སྣ་ཚོགས་པའི་ཆ་བྱད་ཅན་གྱི་བཅོམ་ལྡན་འདས་མ་བྲིས་ལ། རས་རིས་རབ་ཏུ་གནས་པར་བྱའོ། །དེའི་མདུན་
དུ་མཆོད་པ་རྣམ་པ་བཅྭ་བརྒྱད་བྱས་ལ། ཡར་གྱི་ངོའི་ཚེས་བརྒྱད་ཟླ་བ་ཉའི་བར་དུ་བཟླས་པ་བྱའོ། །སྒྲོལ་མའི་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་ཀུ་རུ་ཀུ་ལླེ་ཧྲཱིཿཧཱུྃ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སོ། །དེ་ནས་སྔོན་དུ་བསྙེན་པ་འབུམ་ཙམ་བྱས་ལ། ཡང་སྟོན་ཟླ་ཐ་ཆུངས་སམ། དཔྱིད་ཟླ་འབྲིང་
པོའམ། དབྱར་ཟླ་འབྲིང་པོའི་སངས་རྒྱས་ལ་མཆོད་པའི་དུས་ཚིགས་ཀྱི་ཉིན་པར་ཐོ་རངས་ཀྱི་ཁྲུས་བྱས་ལ་གསོ་སྦྱོང་བཟུང་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། ཉན་ཐོས་ཀྱི་དགེ་འདུན་ལ་མཆོད་སྟོན་གསོལ། །དེ་ནས་ཐེག་པ་ཆེན་པོའི་གསང་སྔགས་པའི་ཚོགས་ལ་མཆོད་
སྟོན་བྱས་ནས་ཡོན་ཕུལ་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ཇི་ལྟར་འདོད་པའི་དངོས་གྲུབ་བླང་བར་བྱའོ། །ཉན་ཐོས་ཀྱི་དགེ་འདུན་གང་ན་བཞུགས་པ་དང་། ཐེག་པ་ཆེན་པོ་ལ་དགའ་བའི་ཚོགས་རྣམས་ལ་ཕྱག་བྱས་ནས་
བཟོད་པར་གསོལ་ཏེ། གང་ན་བཅོམ་ལྡན་འདས་མའི་རས་རིས་བཀྲམ་པའི་ཕྱོགས་དེར་ཉེ་བར་སོང་ལ། དངོས་གྲུབ་གང་འདོད་པའི་དོན་དུ་རིག་པ་འཛིན་པས་བསམ་གཏན་དང་ལྡན་པར་གནས་ལ་ཡི་གེ་གྲངས་ཀྱི་འབུམ་བཟླས་པ་བྱའོ། །ཆ་གཅིག་གིས་ནི་ཤེས་རབ་འཕེལ། །ཆ་གཉིས་
ཀྱིས་ནི་དབང་དུ་བྱེད། །གང་ཞིག་ཆ་ནི་གསུམ་པ་ཡིས། །མིས་ནི་དུག་ཀྱང་འགུགས་པར་འགྱུར། །མྱོས་ཤིང་འགྱིང་བའི་བུད་མེད་རྣམས་དང་ནི། །འཇིག་རྟེན་ཐམས་ཅད་ཀྱིས་ནི་མཆོད་པར་འགྱུར། །སྦྱོར་བ་གོམས་པས་ལྷ་མོ་མཛེས་རྣམས་ལ། །སྔགས་འཆང་དེས་ནི་ཅི་

ལྟར་འདོད་པར་སྤྱོད། །དེ་ཡི་མིང་ཙམ་གྱིས་ནི་མཚུངས་མེད་དུག་ཅན་འབྲོས་པ་དང་། །གདེངས་ཀའི་གཙོ་བོའི་འོད་ཀྱིས་དཔལ་ལྡན་དག་ཀྱང་ཉ་བཞིན་འགྱུར། །བཟླས་བརྗོད་ལྡན་པ་ཡི་ནི་ངག་གི་དབང་ཕྱུག་བྱེད་འགྱུར་བས། །རིག་པས་འགྱིང་བའི་སྟོབས་དང་ལྡན་པའི་
མཁས་པའང་ལན་མེད་བྱེད། །རིག་པ་འཛིན་པ་གླང་པོ་རྟ་ཡི་རྒྱབ་ཏུ་ཞོན་པ་དང་། །རིག་མ་མཛེས་མས་ལེགས་པར་འཁྱུད་ཅིང་མགུལ་ནས་འཇུས་པ་ལས། །སྔགས་རིག་པ་ཡི་གཙོ་བོ་ཡི་ནི་སྟོབས་ཀྱིས་རྒྱལ་བར་འགྱུར། །མཐར་གྱུར་པ་ཡི་རྒྱལ་སྲིད་ལོངས་སྤྱོད་དག་ལ་ཡིད་ཀྱིས་སྤྱོད། །
འདོད་པའི་ལྷ་ལས་དགའ་བའི་བུ་ལ་སོགས་པ་རི་ཁྲོད་མ། །སྲེད་མེད་བུ་ལས་དཔའ་མོ་མི་ཕྱེད་པ་ལས་བདེ་སོགས་དང་། །ཚོགས་བདག་ལས་ནི་དྲི་མེད་དབྱངས་ཀྱི་དབང་ཕྱུག་དཀར་མོ་དང་། །ས་འཛིན་ལྷ་ལས་ཕུན་ཚོགས་མངའ་བ་སྔགས་ཀྱིས་རྣམ་རྒྱལ་བྱེད། །གསང་སྔགས་ལྡན་པར་བཅོམ་
ལྡན་འདས་མ་གང་ཞིག་སྒོམ་བྱེད་པ། །དེས་ནི་སྣ་ཚོགས་གཏེར་དང་གསེར་དང་དངུལ་དང་རྣ་ཆ་དང་། །གོས་ལ་སོགས་པའི་ནོར་རྣམས་ཀུན་ལ་ཆེད་དུ་གང་བསམས་པ། །སེམས་ཀྱིས་ཐམས་ཅད་མ་ལུས་ཀུན་ནས་ལོངས་སྤྱོད་བྱེད། །རྒྱལ་ལས་རྒྱལ་སྲིད་དབང་པོའི་ཡུལ་འདས་ཤིང་ལས་འབྲས་
བུ་དང་། །ཀླུ་དང་ཆུ་ཀླུང་རྒྱ་མཚོ་རྣམས་ལས་ཆུ་རྣམས་འགུགས། །སྔགས་དང་ལྡན་པས་འཐུང་ཞིང་ཟས་ལ་སྔགས་ཀྱིས་དག་པར་བྱེད། །སྐྱེ་བོ་སྔགས་མེད་པར་ནི་ལོངས་སྤྱོད་གྲུབ་པ་མེད། །ནགས་སྐྱེས་གླང་པོ་རྟ་མཆོག་རི་དགས་དང་ལྡན་པ། །དུག་བཅས་གདེངས་ཀ་ཅན་གྱི་སྦྲུལ་མཆོག་དང་། །
ཆུ་སྲིན་ཆུ་གླང་སྟག་དང་བསེ་དག་དང་། །རང་གི་སྔགས་ཀྱི་སྟོབས་ཀྱིས་བཀུག་ནས་ནི། །ཞོན་ཡང་ངོ་མཚར་མེད་པར་བྱས་པ་ཡི་ནི་མིག་དག་གིས། །ལྟ་བར་གལ་ཏེ་གསང་སྔགས་གྲུབ་པ་དེ་ཡིས་མཐོང་བར་འགྱུར། །གལ་ཏེ་སྙིང་རྗེའི་ལྟ་བས་འཇིག་རྟེན་འདི་ལྟར་སྡུག་བསྔལ་བས། །རྒུད་པར་
གྱུར་པའི་མི་མཉམ་པ་ལ་བསྔགས་པ་དེས། །ཡིད་བཞིན་ནོར་བུ་བཞིན་དུ་འཇིག་རྟེན་ལ་ཕན་སྒྲོན་མ་ཡིན། །འཇིག་རྟེན་མ་ལུས་སྒྲོན་མེར་བྱེད་ཅིང་ཞི་བར་བྱེད། །བདུད་རྣམས་བཅོམ་ནས་ནོར་གྱི་ཆར་རྒྱུན་འབེབས་པར་བྱེད། །དཔག་བསམ་ཤིང་དུ་གྱུར་ནས་འགྲོ་རྣམས་ཅི་འདོད་སྦྱིན་པར་བྱེད། །ནོར་

གྱི་དབང་ཕྱུག་མ་ལུས་པ་ཡི་ནོར་རྣམས་ཀུན་བཀུག་ནས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར་དུ་སྦྱིན་པར་བྱེད། །དེ་བཞིན་ཕོངས་པའི་འཇིག་རྟེན་རྣམས་ཀྱི་ཆེད་དུ་གོས་དག་དང་། །སྟན་དང་ཁྱིམ་དང་བླ་རེ་དག་ཏུ་སྒྲོལ་མས་མཛད་པ་དང་། །རྒྱ་མཚོའི་གླིང་དུ་ཚོང་བའི་གྲུ་ཞིག་གྱུར་པའི་ཕོངས་པ་ལ། །
གཟིངས་དང་གྲུ་ལ་སོགས་པར་སྒྲོལ་མས་མཛད་པར་འགྱུར། །སྒྲོལ་མ་དེ་བསྒོམས་རྣལ་འབྱོར་པ། །དང་པོ་སྡུག་བསྔལ་ལྷན་ཅིག་གྱུར། །དེ་སྤངས་ནས་ནི་ཅུང་ཞིག་ན། །མིས་ནི་སྟོན་མོ་རྙེད་པར་འགྱུར། །གཉིས་པར་གོས་ནི་རྙེད་པར་འགྱུར། །དེ་བཞིན་བཙུན་མོ་དང་ཡང་འཕྲད། །
དེ་ནས་སོ་རྩི་ལོངས་སྤྱོད་འགྱུར། །མ་བླངས་པར་ཡང་ཅི་འདོད་སྤྱོད། །གལ་ཏེ་ཚངས་སྤྱོད་ཡིན་ན་ཡང་། །ལྷ་མཆོག་བསྐྱེད་པའི་བུ་མོ་སྤྱོད། །སེམས་ཅན་གསོད་ལ་དགའ་བ་ཡིས། །བསྟན་པ་འདི་ལ་འགྲུབ་མི་འགྱུར། །དགེ་བ་བཅུ་ལ་དགའ་འགྱུར་ཞིང་། །ཐེག་པ་ཆེ་
ལ་སེམས་གཅིག་པས། །རྡོ་རྗེ་ཆོས་ཀྱི་བཀའ་བཞིན་དུ། །དངོས་གྲུབ་མཆོག་ནི་དེས་སྤྱོད་འགྱུར། །འདི་ནི་རས་རིས་ལ་འཇུག་པའི་རྟོག་པ་སྟེ་དང་པོའོ།། །།ཆོས་མཆོད་པ་ཡི་སྦྱོར་བ་ཡིས། །གང་གི་ཆོས་ཉིད་བརྙེས་གྱུར་ན། །ཆོས་ཀྱི་དབྱིངས་སུ་རང་གྱུར་པ། །དེ་
ནས་ཡང་དག་བཤད་པར་བྱ། །དེའི་རྗེས་ལ་དཔག་བསམ་ཤིང་གི་སྒྲུབ་པ་འབྱུང་བར་འགྱུར་རོ། །བྲག་གི་ཡི་གེ་ལས་བྱུང་བ། །དཔག་བསམ་ཤིང་ནི་རྣམ་པར་བསྒོམ། །ཨུཏྤལ་ཡོངས་སུ་གྱུར་པ་ལས། །ཤིང་ནི་གཡོན་དུ་བསྒོམ་པར་བྱ། །སྣ་ཚོགས་ནོར་གྱི་ཆར་པ་དག །
ནམ་མཁའི་དཀྱིལ་ནས་འབབ་པ་ཡིས། །འདོད་པའི་བསམ་པ་རྫོགས་བྱེད་པ། །དེ་ལྟར་བསྒོམས་ན་ནོར་བདག་འགྱུར། །གླིང་བཞི་པ་ཡི་སེམས་ཅན་རྣམས། །སེམས་ཀྱི་འོད་ཟེར་གྱིས་བཀུག་ནས། །རྟག་ཏུ་རིན་ཆེན་བདུན་རང་བཞིན། །དེ་དག་ལ་ནི་རབ་སྦྱིན་བྱ། །ཡོངས་ཀྱི་
གཙོ་བོ་རིན་ཆེན་དང་། །དེ་བཞིན་རིན་ཆེན་རྒྱ་མཚོ་སྐྱེས། །བུད་མེད་རིན་ཆེན་རྟ་རིན་ཆེན། །དེ་བཞིན་རལ་གྲི་རིན་ཆེན་དང་། །གླང་པོ་རིན་ཆེན་སོགས་རིན་ཆེན། །སངས་རྒྱས་རྣམས་ལ་ཡིད་ཀྱིས་དབུལ། །བུད་མེད་རྒྱན་གྱིས་བརྒྱན་བྱས་ལ། །སྣ་ཚོགས་གཟུགས་ཅན་འགྱིང་བ་རྣམས། །

སངས་རྒྱས་འབྲས་བུ་འདོད་རྣམས་ཀྱིས། །སངས་རྒྱས་རྣམས་ལ་རྟག་ཏུ་དབུལ། །འདིས་ནི་སངས་རྒྱས་ཐམས་ཅད་དང་། །རིག་པ་འཛིན་པ་ཐོབ་པར་འགྱུར། །རིན་པོ་ཆེ་ནི་ཡོངས་རྒྱས་པའི། །ཡོངས་ཀྱི་གཙོ་བོ་ནོར་དབང་ཕྱུག །སངས་རྒྱས་འབྲས་བུ་འདོད་པ་ཡིས།
སངས་རྒྱས་རྣམས་ལ་དབུལ་བར་བྱ། །དེ་བཞིན་རིན་ཆེན་གཞན་དག་ཀྱང་། །གུས་དང་བཅས་པས་ཡོངས་བཏང་ན། །རྡོ་རྗེ་ཆོས་སུ་གྱུར་ནས་ནི། །སེམས་ཅན་ཀུན་གྱི་དོན་བྱེད་འགྱུར། །འདི་ནི་དཔག་བསམ་ཤིང་གི་སྒྲུབ་པའི་ཐབས་སོ། །སེམས་ཉིད་སངས་རྒྱས་ཐམས་ཅད་དོ། །སེམས་
ཉིད་ཀྱིས་ནི་རྣམ་པར་གྲོལ། །སེམས་ཀྱིས་འཆིང་བ་རྣམས་ལས་ཐར། །སེམས་ཀྱིས་གྲོལ་བ་དང་ལྡན་འགྱུར། །སེམས་མ་གཏོགས་པར་དངོས་དོན་རྣམས། །གཞན་དག་གཞན་པར་མ་མཐོང་སྟེ། །སངས་རྒྱས་ཉིད་དང་དངོས་གྲུབ་ཀུན། །གང་ཕྱིར་ཕུན་ཚོགས་གཞན་མ་མཐོང་། །
གང་ཡང་སྣོད་དང་སེམས་ཅན་རྣམས། །འབྱུང་དང་འབྱུང་ལས་གྱུར་པ་དག །ཟག་མེད་ལྷག་པར་མཐོང་བ་ཡིས། །སེམས་ཙམ་ཡིན་ཞེས་རབ་ཏུ་བསྒྲགས། །དེ་བས་འབད་པ་ཐམས་ཅད་ཀྱིས། །སེམས་ཀྱི་མེ་ལོང་ཕྱིས་བྱས་ན། །རང་བཞིན་གློ་བུར་བ་ཡི་སྐྱོན། །རིམ་གྱིས་རབ་ཏུ་
ཟད་པར་འགྱུར། །དབྱངས་ཡིག་དང་པོ་ལས་བྱུང་བ། །དྲི་མེད་རྫོགས་པའི་ཟླ་བ་སྟེ། །སེམས་ཉིད་ཟླ་བར་བསྒོམ་བྱས་ནས། །དེ་ཡི་སྟེང་དུ་ས་བོན་དགོད། །དྲོ་བ་རྣམས་ཀྱི་བཞི་པ་ན། །མེ་ཡི་མདོག་གི་སྟེང་ན་གནས། །ཡི་གེ་ཨི་དང་ཡང་དག་ལྡན། །ནམ་མཁའ་གཉིས་
ཀྱིས་རྣམ་པར་བརྒྱན། །དེ་ཡི་སྣ་ཚོགས་འོད་རྣམས་ཀྱིས། །འགྲོ་བའི་དྲི་མ་མེད་བྱས་ནས། །སྟོང་གསུམ་འདི་སོགས་མཁའ་དབྱིངས་ཏེ། །ཀུ་རུ་ཀུལླེའི་རིར་ཞུགས་པས། །དེ་ཡིས་སྒྲོལ་མ་བསྐུལ་ནས་ནི། །བཀུག་ནས་མདུན་དུ་གནས་པར་བྱེད། །དེ་ནས་མཁས་པས་ས་བོན་ལ། །
མཆོད་པ་ཆེན་པོའི་སྤྲིན་རྣམས་སྤྲོ། །མེ་ཏོག་སྤོས་དང་མར་མེ་དང་། །དེ་བཞིན་དྲི་དང་ལྷ་བཤོས་སོགས། །ཕྱག་རྒྱ་ཕྲེང་བ་དེ་བཞིན་དུ། །གར་དང་གླུ་ཡིས་མཆོད་སོགས་མཆོད། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་

དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སྔགས་འདི་ལན་གསུམ་བརྗོད་ནས་ནི། །དེ་ནས་གཤེགས་སུ་གསོལ་བར་བགྱི། །སེམས་ནི་བྱམས་པས་གནས་བྱས་ལ། །སླར་ཡང་དེར་ནི་གཞག་པར་བྱ། །སྙིང་རྗེའི་སེམས་ནི་བསྐྱེད་བྱས་ནས། །རབ་དགའི་
སེམས་ཀྱང་བསྐྱེད་པར་བྱ། །ཕྱི་ནས་ཐམས་ཅད་བཏང་སྙོམས་ལ། །སེམས་ཙམ་ལ་ནི་མཉམ་པར་གཞག །ཐ་མལ་རྣམ་པར་སྤང་བའི་ཕྱིར། །སེམས་ཀྱང་སླར་ཡང་སྟོང་པར་བྱ། །ཡང་སྲིད་ལེན་པའི་ཕུང་པོ་ལྔ། །སྟོང་པ་ཉིད་ཀྱི་མེ་ཡིས་བསྲེག །ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཧྨ་ཀོ྅་ཧཾ། །
ཡུད་ཙམ་སྟོང་པའི་རྣལ་འབྱོར་ཉིད། །བྱས་ནས་སེམས་ནི་ངལ་སོས་བྱ། །སྔོན་གྱི་དམ་བཅས་དྲན་བྱས་ནས། །ས་བོན་ཙམ་ཞིག་ཡང་དྲན་བྱ། །གཅིག་པུ་མྱ་ངན་འདས་པ་ཡིས། །སེམས་ཅན་བསླུས་པར་འགྱུར་བའི་ཕྱིར། །སྲིད་པའི་རྒྱ་མཚོ་མཐའ་མེད་ལས། །བདག་གིས་
དེ་དག་ཅི་ལྟར་བསྒྲལ། །འདི་ལྟར་བསམས་ནས་བརྩེ་ལྡན་དེས། །སེམས་མེད་པ་ཡི་སྟོང་པ་ཡང་། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སེམས། །སེམས་ཉིད་ཀྱིས་ནི་བསྐྱེད་པར་བྱ། །སངས་རྒྱས་བྱིན་རླབས་ལས་ས་བོན། །དེ་ལ་ཨུཏྤལ་ཞེས་བྱར་འགྱུར། །ཨུཏྤལ་དཀྱིལ་
དུ་ཟླ་བའི་གཟུགས། །ཡི་གེ་ཨ་ལས་བྱུང་བའོ། །སླར་ཡང་ཟླ་བ་དེར་ས་བོན། །དེ་ལས་འོད་ཟེར་འཕྲོས་གྱུར་པ། །དེ་ཡིས་མ་ལུས་འཇིག་རྟེན་ཁམས། །རྣམ་པར་སྦྱངས་པར་བསྒོམ་པར་བྱ། །དེ་ཡིས་སྦྱངས་ཤིང་གསལ་བྱས་ནས། །འོད་ཟེར་ཀུན་གྱིས་སངས་རྒྱས་
ཚོགས། །ཨུཏྤལ་ལ་ཞུགས་བསྒོམ་པར་བྱ། །དེ་ལས་སྒྲོལ་མ་འབྱུང་བར་འགྱུར། །བསྟན་འདྲའི་ལྷ་མོ་བཙོད་མདོག་ཅན། །རྒྱན་རྣམས་ཀུན་གྱིས་རྣམ་བརྒྱན་པས། །དམ་ཚིག་གཟུགས་ནི་མཉམ་བསྐྱེད་ནས། །ཡེ་ཤེས་འཁོར་ལོ་ཡང་དག་བཀུག །ཡུད་ཙམ་
གྱིས་ནི་ངེས་རྫོགས་པའོ། །ཡེ་ཤེས་འཁོར་ལོ་མདུན་གནས་པ། །དམ་ཚིག་ཕྱག་རྒྱའི་སྦྱོར་བ་ཡིས། །ཁ་ཡི་ལམ་ནས་གཞུག་པར་བྱ། །ལག་པ་ཐལ་མོ་སྦྱར་བྱས་ནས། །མཐེའུ་ཆུང་གཉིས་ནི་བསྒོམ་པར་བྱ། །གུང་མོ་གཉིས་ནི་རྩེ་མོར་སྦྱར། །རྩེ་མོའི་ནང་དུ་མིང་མེད་

གཞུག །མཛུབ་མོ་གཉིས་ནི་དབུ་མར་སྦྱར། །མཐེ་བོང་གཉིས་ནི་འོག་ཏུ་བཀུག །དམ་ཚིག་ཕྱག་རྒྱ་འདི་བཅིངས་ནས། །འཁོར་ལོ་བཀུག་ནས་གཞུག་པར་བྱ། །སངས་རྒྱས་རྣམས་ལ་ཚིགས་བཅད་འདིས། །དབང་བསྐུར་བར་ནི་གསོལ་བ་གདབ། །བྱང་ཆུབ་རྡོ་རྗེ་
སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་གསོལ་མཛད་པ། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །རྒྱལ་བའི་དབང་བསྐུར་ཞེས་བྱ་བས། །སྤྱན་ལ་སོགས་པ་ལྔ་པའོ། །རྒྱལ་པོའི་མེ་ཏོག་དབང་བསྐུར་ཞིང་། །ཆེན་པོར་གྱུར་པ་དེ་སྩོལ་མཛོད། །
རྡོ་རྗེ་ཆེན་པོས་དབང་བསྐུར་བ། །ཁམས་གསུམ་པོ་ཡིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང་། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །སངས་རྒྱས་སྒྲོལ་མ་དབང་བསྐུར་བས། །ཆོས་ནི་གཙུག་གི་ནོར་བུར་འགྱུར། །འོད་ཟེར་དམར་པོ་སྣ་ཚོགས་ཀྱིས། །འགྲོ་
བ་གསུམ་པོ་སྣང་བར་བྱེད། །དབང་བསྐུར་རིན་ཆེན་ཐོབ་འགྱུར་ན། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེད། །ཇི་ལྟར་སླར་བསྟན་ཆོ་ག་ཡིས། །ལོ་ཕྱེད་བརྟན་པར་བརྩམས་ནས་ནི། །གཏོར་མ་དུས་གསུམ་གཏང་བར་བྱ། །སྔགས་འདི་ཡིས་ནི་ཁར་བ་འམ། །ཁུར་བ་ལ་སོགས་ཆོ་ག་
ཡིས། །རྨི་ལམ་མཚན་མ་ཐོབ་པར་འགྱུར། །རལ་གྲི་ས་འོག་དངོས་གྲུབ་དང་། །མི་སྣང་བ་དང་བཅུད་ལེན་དང་། །མི་མཐོང་བ་དང་མཁའ་སྤྱོད་ཉིད། །དེ་བཞིན་རྐང་བྱུག་མིག་སྨན་དང་། །རྨི་ལམ་མཚན་མ་སྟོན་འགྱུར་ཞིང་། །དངོས་གྲུབ་རང་ཉིད་འབྱུང་བར་འགྱུར། །གལ་
ཏེ་དེ་ལ་དགའ་འགྱུར་ན། །གྲུབ་པ་ཕྲ་མོ་སྒྲོལ་མས་གྲུབ། །འཁོར་ལོས་སྒྱུར་ནས་རྒྱལ་སྲིད་དང་། །དབང་པོའི་ལོངས་སྤྱོད་ཐམས་ཅད་བྱེད། །སྒོམ་དང་བཟླས་པར་ལྡན་པ་ལ། །རྨི་ལམ་དུ་ཡང་རབ་གྲུབ་བ་བྱེད། །ཟླ་དྲུག་ཐ་མའི་ཟླ་གཅིག་གོ། །མཚན་གཅིག་རངས་པར་
བཟླས་བྱས་ཏེ། །ཨུཏྤལ་ཕྱག་རྒྱ་བཅིངས་ནས་ནི། །བཟླས་ནས་ཕྱག་རྒྱ་ཡུད་ཀྱིས་འབར། །ཕྱག་རྒྱ་འདི་ཡི་མཐུ་ཡིས་ནི། །བཙུན་མོ་དང་བཅས་ཚངས་པ་དང་། །དབང་པོ་ཉེ་དབང་དྲག་པོ་སོགས། །བཀུག་ནས་དབང་དུ་འགྱུར་བར་བྱེད། །དེང་ནས་བརྩམས་ནས་དངོས་གྲུབ་ཀུན། །

བདག་འཁོར་འཆིང་བ་ལས་གྲོལ་འགྱུར། །ཆུ་དང་འདམ་གྱི་སྐྱོན་དག་གིས། །པདྨ་གོས་པར་མི་འགྱུར་ལྟར། །དངུལ་ཆུ་རེག་ནས་དུ་མར་འགྱུར། །བསྡུས་ནས་སླར་ཡང་གཅིག་ཏུ་འགྱུར། །ཐམས་ཅད་མཁྱེན་པ་ཉིད་འགྱུར་ན། །དངོས་གྲུབ་ཐོབ་པའི་སེམས་དེ་
བཞིན། །གྲུབ་པའི་དངུལ་ཆུས་རེག་གྱུར་ནས། །ཟངས་མ་གསེར་དུ་འགྱུར་བ་བཞིན། །གྲུབ་པའི་གསང་སྔགས་ཀྱིས་རེག་ནས། །སྔགས་པ་སངས་རྒྱས་སྐུར་ཡང་འགྱུར། །ལྷ་ཡི་དབང་ཕྱུག་དུ་འགྱུར་ཞིང་། །ཁམས་གསུམ་ཀུན་གྱི་དབང་ཕྱུག་འགྱུར། །སངས་རྒྱས་
རིགས་སུ་བྱུང་ནས་ནི། །འཁོར་ལོ་བསྐོར་བར་ཡང་འགྱུར་རོ། །བལྟམས་དང་རབ་ཏུ་འབྱུང་མཛད་པ། །དཀའ་བ་སྤྱོད་པའི་སྤྱོད་མཛད་ཅིང་། །བྱང་ཆུབ་སྤྱོད་པའང་སྤྱོད་མཛད་ན། །སངས་རྒྱས་ཉིད་ཀྱང་དྲན་པར་མཛད། །ལྷ་ལས་བབས་དང་སྤྲུལ་པ་དང་། །ཆོས་ཀྱི་འཁོར་ལོ་
བསྐོར་བ་དང་། །མྱ་ངན་འདས་པ་ཆེན་པོ་དང་། །དུར་ཁྲོད་གཤེགས་པ་དེ་བཞིན་ནོ། །འཇིག་རྟེན་གསུམ་དུ་ལུས་སྤངས་ནས། །རྒྱལ་བ་ལོངས་སྤྱོད་རྫོགས་སྐུ་ཡིས། །གནས་གཙང་མར་ནི་སླར་གཤེགས་ནས། །སྤྲུལ་པར་བྱུང་བའི་སྐུ་ཡང་འོང་། །གླེགས་བམ་རས་རིས་རིམ་
པ་ཡིས། །ཆོས་ཀྱི་སྐུ་ཡང་འཇུག་པར་མཛད། །གང་གིས་དེ་ཡི་གྲུབ་པའི་སྔགས། །སངས་རྒྱས་རྣམས་ཀྱིས་དེ་ཉིད་གསུངས། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་ཉིད་ཀྱི་ཐུགས་ལ་རྣམ་པར་བརྟགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་
རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ཇི་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་སྐུ་ཆོས་ཀྱི་དབྱིངས་ཀྱི་སྐུ་སའི་ཕྱོགས་གང་དུ་དུས་བྱེད་པར་འགྱུར་བ་ཡིན། དེ་ནས་ལག་ན་རྡོ་རྗེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །
གང་ཡང་བྱང་ཆུབ་སེམས་དཔའ་དག་གིས་འདི་སྐད་དུ། ཅི་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེའི་སྐུ་ཆོས་ཀྱི་དབྱིངས་ཀྱི་སྐུ་མི་ཕྱེད་པའི་སྐུ་སའི་ཕྱོགས་འགའ་ཞིག་ཏུ་དུས་བྱེད་པར་འགྱུར་བ་ཡིན་ཞེས་སྨྲ། དེས་འདི་སྐད་ཉོན་ཅིག །བྱང་ཆུབ་སེམས་དཔའ་དེ་དག་གང་མྱ་ངན་ལས་

འདས་པ་ཞེས་བྱ་བ་དེ་ནི་བདེ་བ་ཅན་དུ་འགྲོ་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། ཅི་ལག་ན་རྡོ་རྗེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་སྐུ་སྤངས་ནས་བདེ་བ་ཅན་དུ་འགྲོ་བའམ། རིགས་ཀྱི་བུ་འོན་ཏེ་སྤྲུལ་པའི་སྐུ་སྤངས་ནས་ལོངས་
སྤྱོད་རྫོགས་པའི་སྐུས་བདེ་བ་ཅན་དུ་འགྲོ་བར་འགྱུར། ལག་ན་རྡོ་རྗེ་ཆོས