Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 081_རྒྱུད་འབུམ།_ཅ

Văn bản gốc(Tây Tạng)

Trang 4 / 19 (50.000 ký tự/trang)
ོད་པ་དང་། སྔགས་

ཀྱིས་བྱིན་གྱིས་བརླབ་པ་ནི། ཨོཾ་ཀ་ལ་ཤ་ཨ་བྷི་ནཱ་ཡ་ནཾ་སྣཱ་ནཾ། ཨོཾ་ཤཱུ་ནྱ་ཏཱ་ཨ་དྷིཥྛི་ཏེ་སྭ་ཧཱ། ཆུའི་དབང་བསྐུར་བ་བྱིན་པ་དང་། བདུད་རྩི་ལྔ་བྱིན་པ་ནི་ལྷ་མོ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ལྷ་མོ་རྣམས་ཀྱིས་མེ་ཏོག་གི་ཆར་
འབབ་པར་འགྱུར་རོ། །གླ་རྩི་དང་དྲི་ཞིམ་པོ་ཡོངས་སུ་འཛིན་པར་འགྱུར་རོ། །སྲེད་མེད་ཀྱི་བུ་ལ་སོགས་པས་བྱིན་གྱིས་རློབ་པར་འགྱུར་རོ། །ལྷ་ཐམས་ཅད་ཀྱི་དམ་ཚིག་གིས་སྐྱོང་ཞིང་སྲོག་ལ་བབ་ཀྱང་གཏོང་བར་མི་འགྱུར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ལས་ལྷ་དབང་
བསྐུར་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་རྡོ་རྗེ་འབྱུང་མོ་ལ་སོགས་པའི་ལྷ་མོ་གཙོར་གྱུར་པ་རྣམས་ཐེ་ཚོམ་སྐྱེས་ཏེ་ཡིད་མི་བདེ་བར་གྱུར་ནས། བཅོམ་ལྡན་འདས་ལ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་ཐེ་ཚོམ་འདི་རྣམས་བསལ་དུ་
གསོལ། །འདི་ལྟར་ལེའུ་འདིར་བཤད་པའི་གར་གྱི་ཉམས་དགུ་དང་། གླུ་ཡིས་གྲུབ་པར་འགྱུར་བ་དེ་བདག་ཐེ་ཚོམ་མཆིས་ན། གླུ་དང་གར་གྱིས་དོན་ཇི་ལྟར་དུ་འགྱུར་བ་ལགས། ལྷ་ལ་དབང་བསྐུར་བ་ཉེ་བར་སྤྱོད་པ་ཇི་ལྟར་འགྱུར་བ་ལགས། ཞེ་སྡང་ལ་སོགས་པའི་
ཕྱག་རྒྱས་ཇི་ལྟར་རྒྱས་འདེབས་པར་འགྱུར་བ་ལགས། ས་བོན་ཐམས་ཅད་སྔགས་ཀྱི་ལེའུ་ལས་བརྗོད་པ་ཇི་ལྟར་ལགས། ལྷ་མོའི་ས་བོན་ལ་ཐེ་ཚོམ་སྐྱེས་པ་གང་ལགས། གཟུགས་ཅན་གྱི་ས་བོན་གྱི་མཐུ་གང་ལགས། ཀྱཻ་བཅོམ་ལྡན་འདས་དམ་ཚིག་ཅན་
རྣམས་ཀྱི་སྤྱོད་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨ་ཀོ་ཡི་གྷ་ཎ་པི་ཊ་ཊ་ཡི་ར་ཧཱ་ཧཱ་ཀཱ་རེ་མ་ཧཱ་ཀཱ་ལ། ཨུཙྪ་ལ་ཡ་ཡི་ཀཀྐོ་ལེ་གྷ་ཎ་ཌ་མ་རུ་བཛྲ་ཛི་ཡཱ་ཡི། ཀཱ་རུ་ཎེ་ཡཱ་ཡི། ན་རོ་ལི་ཡཱ་ཡི། ཏ་ཧིཾ་མ་ཧཱ་མཱཾ་ས་ནི་བ་བྷ་རེ་ཁཱ་ཧི་ཡཱ་ཡི། པི་བ་ཡི་མ་ཡ་ཎཱ་གྷཎྚེ། ཧ་རེ་ཀཱ་ལི་ཛྙཱ་ཛ་
ར་པ་ཡི་ས་ཡི་བཱ་ཡི་ཡ་ཡཱ་ཡི། དུཾ་དུ་ཏ་ར་མཱ་ག་པ་ཨི་པཏྟེ། ཀ་སྟུ་ར་ཀཱ་ཏ་ཐ་རི་སིཧླ་ཙ་ཨུ་ས་མ་ལཱ་གཱ་ཡ་ཡཱ་ཡི། སི་ལི་ནི། བྷ་ར་མཱཾ་ས་ཀཱི་ཏ་ཧི་ལ་ཧི་ཡཱ་ཡི། ནཱ་ཊེ་གཱིཾ་ཏཾ་ཨེ་ཀོ་ན་མུ་ཡི། ལཱི་ལཱ་བྷ་ར་ཎ་མཱ་ལཱ་གྷ་རི་ཡཱ་ཡི། ཏ་ཧིཾ་པ་ཎི་ཡཱ་ཡི། ས་ཧཱ་གཱ་ཐི་ཎ་ཀུན་དུ་རུ་པ་ཡི་ཡཱ་ཡི།

ཌཱ་མ་རུ་ནཱ་ད་ཨུཙྪ་ལི་ཡཱ་ཡི། གར་ནི་དཔལ་ནག་པོ་ཆེན་པོའི་རྣལ་འབྱོར་གྱིས་ཇི་ལྟར་བདེ་བའི་སྦྱོར་བས་སྐྱ་རེངས་ཤར་བ་དང་། བསམ་གཏན་ལ་ཆགས་པའི་སེམས་ཀྱིས་སོ། །གོམས་པའི་རིགས་པའི་སེམས་ནི་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་རྣལ་འབྱོར་གྱི་
མ་རྣམས་ལའོ། །གཞན་དུ་ནི་མ་ཡིན་ནོ། །གར་དང་གླུ་འདི་དག་གིས་མཆོག་ཏུ་བདེ་བ་སྐྱེ་བར་འགྱུར་རོ། །འདི་ཉིད་ཀྱིས་བདག་སྲུང་བ་དང་། ཚོགས་སྲུང་བ་དང་། བདུད་རྩི་ལྔ་དང་མཆོག་ཏུ་དགའ་བའི་དབང་དུ་གྱུར་པའི་སྔགས་བཟླས་པ་འདིས་འཇིག་རྟེན་དུ་ཚེགས་
མེད་པར་བྱ་བ་བྱེད་པ་དེའི་ཕྱིར་དངོས་གྲུབ་རྟག་ཏུ་བླང་བར་བྱའོ། །བར་དུ་གར་ཡང་བྱའོ། །ཡང་ཡང་དུ་ཚོགས་ཀྱི་བདག་པོ་དེ་ཉིད་ལ་དང་པོར་བྱ་རྒོད་ཀྱི་དྲི་དང་། གཉིས་པ་དཔལ་སྲེད་མེད་ཀྱི་བུའི་དྲི་སྣའི་ཉེ་བར་དམིགས་པར་འགྱུར་རོ། །གསུམ་པ་གླ་རྩིའི་དྲི་དང་། གུར་
གུམ་ལ་སོགས་པའི་དྲི་སྣ་ཚོགས་མཉམ་པར་ལོངས་སྤྱོད་པར་འགྱུར་རོ། །རྣལ་འབྱོར་དབང་ཕྱུག་གི་སའོ། །དེའི་རྗེས་ལ་གླུ་བྱིན་གྱིས་བརླབས་པས་བུང་བའི་སྒྲ་ཉན་པ་དང་། ངང་པ་དང་། ཁུ་བྱུག་དང་། གོ་མཱ་ཡུ་དང་། གལ་ཏེ་གར་བྱེད་ན་ཐམས་ཅད་དང་སྒྲ་
བཞིན་ནོ། །དེ་ནས་ཀླུའི་ཚོགས་བྱིན་གྱིས་བརླབ་པ་ནི། ཕྱིའི་མིའམ་ཅི་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་དག་ཚིག་རྣམས་ཀུན་དུ་སྤྱད་པར་བྱའོ། །གྲོང་ཁྱེར་གྱི་མཐའ་འམ། སྐྱེད་མོས་ཚལ་ལམ། ནགས་ཚལ་དུ་ངེས་པར་མཚོན་པར་བྱའོ། །ཕྱག་རྒྱ་ཐམས་ཅད་ཀྱི་ངེས་པར་དངོས་
གྲུབ་ཏུ་འགྱུར་རོ། །ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་འཛམ་བུའི་གླིང་པའི་སེམས་ཅན་གྱི་དོན་བྱེད་པར་འདོད་པ་དང་། བཅུད་ལེན་བྱེད་པར་འདོད་པ་རྣམས་དེ་བཞིན་དུ་དབང་ལ་སོགས་པ་དེ་རྣམས་ཀྱི་ཐབས་ཀྱིས་ཇི་ལྟར་འབྱུང་བ་བསྟན་དུ་གསོལ། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ལྷ་མོ་རྣམས་ཀྱི་ཕྱག་རྒྱ་བཞི་ཇི་ལྟ་བར་ཤེས་པར་བྱའོ། །དེའི་རྗེས་སུ་ཐམས་ཅད་སྟོན་གྱིས། ཡང་ལྷ་མོས་གསོལ་པ། རིམ་པ་རྣམས་ཇི་ལྟར་ཡིད་ཆེས་པར་བཤད་པར་བྱེད། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱིས་དོན་ཐོབ་པར་བྱ་བའི་

ཕྱིར་ཡིན་ནམ། ལྷ་མོ་ངས་ལེའུ་བརྒྱད་པ་ལ་སོགས་པ་བཤད་པར་བྱའོ། །རིགས་རྣམ་པ་ལྔ་ལ་བཞུགས་ནས་གང་ཉི་མ་རེ་རེ་དེའི་འབྲས་བུ་དངོས་གྲུབ་ངེས་པར་འཐོབ་པར་འགྱུར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ལས་སྤྱོད་པའི་ལེའུ་སྟེ་དྲུག་
པའོ།། །།དེ་ནས་ཐོག་མར་ཉེ་བར་མཁོ་བའི་མཆོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་ཚངས་པའི་གནས་བཞི་བསྒོམས་ནས་ལྷག་མ་ཉིད། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ་བྱས་ནས་སྒྱུ་མའི་སྤྱོད་པ་ཐམས་ཅད་སྦྱངས་ནས། ནག་པོ་ཆེན་པོ་
ཞལ་གསུམ་པ། དབུ་སྐྲ་སེར་པོ་འབར་བ་གྱེན་དུ་བརྫེས་པ། སྐྲ་དང་སྨིན་མ་འབར་བ། མཆེ་བ་གཙིགས་ཤིང་རྒོད་པས་འཇིགས་པར་མཛད་པ། ཤིན་ཏུ་འཇིགས་པའི་ཞལ་དང་པོ་གནག་པ། གཡོན་དཀར་པོ། གཡས་ཀྱི་ཞལ་ལྗང་གུ། སྟག་གི་པགས་པ་གོས་སུ་
གྱོན་པ། མིའི་མགོ་བོའི་ཕྲེང་བས་ཉེ་བར་འཕྱང་བ། ཐུང་ཞིང་གསུས་པ་འཕྱང་བ། ཀླུ་བརྒྱད་ཀྱི་རྒྱན་གྱི་གདེངས་ཀས་བརྒྱན་པའོ། །ཕྱག་བརྒྱད་པ་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་ལྷ་མོ་ལ་འཁྱུད་པ། གཉིས་པ་གྲི་གུག །གསུམ་པ་རྡོ་རྗེ། བཞི་པ་ཌཱ་མ་རུ། ཕྱག་
གཡོན་ན་ཁྲག་གིས་བཀང་བའི་ཐོད་པ། གསུམ་པ་ན་དྲིལ་བུ། བཞི་པ་ན་ཐོ་བ། རོ་ལ་ཞོན་པ། ཞབས་གཡོན་བརྐྱང་བས་གནས་པ། རྣལ་འབྱོར་མ་བཞིས་ཡོངས་སུ་བསྐོར་བ། ཤར་ཕྱོགས་ཀྱི་སྣམ་བུ་ལ་ཙཎྜི་སྭ་རི་ཕྱག་ན་གྲི་གུག་དང་ཐོད་པ་བསྣམས་པ། ཁ་དོག་དཀར་
མོ་སྐྲ་གྲོལ་བ། མཆེ་བ་གཙིགས་ཤིང་འཇིགས་པར་མཛད་པ། ལྷོའི་སྣམ་བུ་ལ་ཙརྩི་ཀཱ་ཁ་དོག་ནག་མོ། གཅེར་བུ་སྐྲ་སིལ་བུ། ལག་པས་གྲི་གུག་དང་ཐོད་པ་བསྣམས་པ། ཞབས་གཡོན་བརྐྱང་བས་གནས་པ། མཆེ་བ་གཙིགས་པ་ལ་སོགས་པ་འཇིགས་པར་བྱེད་
པའོ། །ནུབ་ཀྱི་འཕར་མ་ལ་ཀཱ་ལི་ཀཱ་ཁ་དོག་ནག་པོ་མདུང་རྩེ་གསུམ་པ་དང་ཐོད་པ་བསྣམས་པ། སྐྲ་སིལ་བུ། ཐམས་ཅད་སྔ་མ་སྨོས་པ་བཞིན་ནོ། །བྱང་དུ་རིགས་ཀྱི་དབང་ཕྱུག་མ་ལག་པ་གྱེན་དུ་བརྐྱང་སྟེ། གཡོན་པ་ན་ཐོད་པ་ཁ་དོག་ལྗང་གུ། ལྷག་མ་ཐམས་ཅད་སྔ་མ་

བཞིན་ནོ། །ལྷ་མོ་ཐམས་ཅད་སྤྱན་གསུམ་པ། ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་བཅོམ་ལྡན་འདས་ལྷ་མོ་ལ་འཁྱུད་པ། ལྷན་ཅིག་སྐྱེས་པའི་ཁ་སྦྱོར་ལ་མངོན་པར་གནས་པ། སྦྱོར་བ་དེ་དག་སྤྱོད་པའི་རྣལ་འབྱོར་གྱིས་ཕྱག་བརྒྱད་པ་བཞེངས་པའོ། །དང་པོ་ཧཱུྃ་ལས་འོད་བྱུང་
བས་ཁམས་གསུམ་ན་གནས་པའི་ལྷ་དང་། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ལ། ཨོཾ་ཤཱུ་ནྱ་ཏཱ་ལ་སོགས་པས་འགྲོ་བ་ཐམས་ཅད་རང་བཞིན་མེད་པར་བསྒོམས་ནས་ཧཱུྃ་གི་ས་བོན་ལས་འོད་ཟེར་བྱུང་ནས་དེས་བཀུག་པའོ། །ཕྱི་ནས་
རྡོ་རྗེ་དྲ་བ་རྣམ་པར་བསྒོམ་པར་བྱའོ། །རྟག་ཏུ་རྣལ་འབྱོར་པ་ཞལ་བཞི་པ། དང་པོ་ནག་པོ། གཡས་པ་དམར་པོ། གཡོན་པ་དཀར་པོ། རྒྱབ་ཕག་གི་གདོང་པ། ཞབས་བཞི་པ། གཡོན་བརྐྱང་བས་གནས་པ། ཁ་དོག་ནག་པོ། གསུས་པ་འཕྱང་བ། ཞལ་རེ་རེ་
ལ་སྤྱན་གསུམ་གསུམ་པ། དབུ་སྐྲ་གྱེན་དུ་བརྫེས་པ། ཨག་ཚོམ་འབར་བ། ལྷག་མ་སྔ་མ་བཞིན་ནོ། །ཕྱག་བཅུ་གཉིས་པ། ཕྱག་གཡས་གཡོན་དང་པོ་གཉིས་ཀྱིས་ལྷ་མོ་ལ་འཁྱུད་པ། བཅོམ་ལྡན་འདས་ཀྱི་མཆེ་བས་ལྷ་མོའི་མཆུ་བཙིར་བ། གཡོན་གཉིས་པ་ན་རྔ་
མ་དཀར་པོ། གསུམ་པ་ན་རྩེ་གསུམ་པ། བཞི་པ་ན་ཐོད་པ། ལྔ་པ་ན་གླང་པོ་ཆེའི་པགས་པ་དང་། དྲུག་པ་ན་ལོག་འདྲེན་གྱི་མཆེ་བ། གཡས་ཀྱི་གཉིས་པ་ན་གྲི་གུག །གསུམ་པ་ན་རྡོ་རྗེ་རྩེ་གཅིག་པ། བཞི་པ་ན་ཐོ་བ། ལྔ་པ་ན་གླང་པོ་ཆེའི་པགས་པ། དྲུག་པ་ན་རྡོ་
རྗེ། མ་ཧེ་ལ་ཞོན་པ། བདུད་ཐམས་ཅད་ཞབས་ཀྱིས་མནན་པ། ལྗགས་འདྲིལ་བ། ཁྲག་འཛག་པ། ཞལ་ཁ་སྦྱོར་དུ་བྱེད་པས་གནས་པ། ལྷག་མ་སྔ་མ་བཞིན་ནོ། །རྣལ་འབྱོར་མ་བཞིས་ཡོངས་སུ་བསྐོར་བ། གླུའི་མཆོད་པ་ཉེ་བར་ལོངས་སྤྱོད་པ་རྣམས་དང་། ཕེཾ་གྱི་
སྒྲ་ཆེན་པོ་སྒྲོགས་པ། གད་མོ་ཆེན་པོ་རྒྱུན་མི་འཆད་པར་འབྱུང་བའི་ལྷ་མཆོག་ཏུ་དགའ་བའི་རང་བཞིན་ཅན་གྱི་ཀཱི་ལི་ཀཱི་ལའི་སྒྲ་དང་ལྡན་པ། འཇིག་རྟེན་པ་རབ་ཏུ་ཞི་བའི་དོན་དུ་འགྲོ་བ་འདི་རྣམས་དགའ་བ་ཆེན་པོའི་རིམ་པའི་མགོན་པོ་ནི་ཧི་ལི་ཀཱི་ལིའི་སྔགས་ཀྱི་ཕྲེང་བ་དང་ལྡན་

པའོ། །བུད་དྷའི་བསྟན་པ་དང་ལྡན་པ། ཕྱག་བཞི་པ་བཞེངས་པ་བཤད་པ་ནི་བཅོམ་ལྡན་འདས་ཀྱིས་དངོས་གྲུབ་ཐམས་ཅད་ཀྱི་དོན་དང་། བགེགས་ཉེ་བར་ཞི་བར་བྱེད་པ་ལ་ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་ནག་པོ། མཆེ་བ་རྣམ་པར་གཙིགས་ཤིང་
འཇིགས་པར་བྱེད་པ། ལྟོ་འཕྱང་བ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། ཨག་ཚོམ་ཁམ་སེར། ཀླུ་བརྒྱད་ཀྱི་རྒྱན་གྱིས་བརྒྱན་པ། རོའི་གདན་ལ་བཞུགས་པ། རྒྱབ་སྟག་ལ་སྙེས་པ། ཧཱུྃ་ལས་བསྐྱེད་པ་ཕྱག་བཞི་པ། གཡས་ན་རྩེ་གསུམ་དང་ཐོ་བ། གཡོན་ན་གྲི་གུག་དང་
ཐོད་པ། ཕེཾ་གྱི་སྒྲ་འབྱིན་པ། ཕྱོགས་གཉིས་སུ་རྣལ་འབྱོར་མ་གཉིས་གནས་པ་བསྒོམ་པར་བྱའོ། །བགེགས་ཐམས་ཅད་ཞི་བར་བྱ་བའི་དོན་དུ་ཕྱག་དྲུག་པ་བཞེངས་པ་བཤད་པ། གསུམ་པ་མཆོག་ཏུ་དགའ་བའི་རང་བཞིན་ཅན། སངས་རྒྱས་ཀྱི་བསྟན་པ་ལ་ཉེ་བར་
ཕན་པར་བྱེད་པ། སྡིག་པ་ལ་སོགས་པ་ཡོངས་སུ་སྤོང་བ། དང་པོ་སྟོང་པ་ཉིད་ལ་སོགས་པ་ཡོངས་སུ་བསྒོམས་ནས་རྣལ་འབྱོར་པས་དང་པོར་རྡོ་རྗེ་གུར་གྱི་སྦྱོར་བ་བྱའོ། །དེ་དང་དུས་མཉམ་དུ་ཧྲཱིཿའི་ས་བོན་ལས་ལངས་པའི་ལྷའོ། །སེང་གེའི་སྟེང་ན་གནས་པ། ཞལ་
གསུམ་པ། དང་པོ་སྤྲིན་ནག་པོའི་མདོག །གཡས་དཀར་ལ་གཡོན་ལྗང་བ། མི་བརྟན་པའི་ཡན་ལག་ཅན། མཆེ་བ་གཙིགས་ཤིང་འཇིགས་པ། སྐྲ་དམར་པོ་གྱེན་དུ་བརྫེས་པ། སྤྱན་གསུམ་པ། ཀླུ་བརྒྱད་ཀྱིས་བརྒྱན་པ། གཡས་ན་གྲི་གུག་ཐོ་བ་ཌཱ་མ་རུ། གཡོན་
ན་ཐོད་པ་རྩེ་གསུམ་རལ་གྲི། གཏུམ་པའི་དབང་ཕྱུག་མ་དང་། ཀ་ལིང་ཀ་དང་། རིགས་ཀྱི་དབང་ཕྱུག་མ་དང་། ཙརྩི་ཀཱ་བཞི་རྣམས་ཀྱིས་བསྐོར་བ་ནི་ཁ་སྦྱོར་གྱི་རྣལ་འབྱོར་གྱིས་གནས་པ། ལྷ་མོ་བཞིར་གནས་པ་ཐམས་ཅད་ཀྱིས་ཡང་དག་པར་བསྐུལ་ནས་ལངས་པ།
འབྱུང་བ་ལྔ་ལས་ཡང་དག་པར་བཞེངས་པ། ཐམས་ཅད་ཀྱི་མིང་གིས་བསྐོར་བ། ལྷ་མོས་གསོལ་པ། ཀྱཻ་བཅོམ་ལྡན་འདས་རང་གི་ལྷའི་གཟུགས་ཀྱིས་འགྲོ་བའི་དངོས་གྲུབ་ཀྱི་མཚན་ཉིད་ཇི་ལྟར་ཤེས། བཅོམ་ལྡན་འདས་ཀྱིས་གསུངས་པ། ལྷ་མོ་ཨུ་མཱའི་རྣལ་

འབྱོར་གྱི་བདག་ཉིད་དང་། དཔལ་ནག་པོ་ཆེན་པོའི་སྐྱེ་བོ་ལ་སོགས་པའི་དོན་དུ་སྐད་ཅིག་དང་ཅིག་ཤོས་གཞན་དང་གཞན་དུ་གང་བཀག་པ་དེ་ལ་དངོས་གྲུབ་མི་འཇུག་གོ། །དང་པོ་གོམས་པའི་དུས་སུ་དངོས་གྲུབ་ཀྱི་མཆོག་གི་གནས་བརྟག་པར་བྱ་སྟེ། གང་དུ་གྲུབ་པའི་གནས་
དེའམ། སྔགས་པ་རང་གི་ཁྱིམ་མམ། ཐང་སྟོང་ངམ། ཕྱི་རོལ་བླ་གབ་མེད་པའམ། དབེན་པའི་ཕྱོགས་སམ། དེར་མཉམ་པར་གཞག་སྟེ། ཁང་སྟོང་དུ་རྟག་ཏུ་བསྒོམ་པར་བྱའོ། །ཕྱག་བཅུ་དྲུག་པ། རྣལ་འབྱོར་མ་བརྒྱད་ཀྱིས་བསྐོར་བ། ཡང་དག་པར་ལྡན་
པ་དེའི་འཁོར་རྣམས་སྲེད་མེད་ཀྱི་བུ་ལ་སོགས་པས་ཀྱང་ཡོངས་སུ་གང་བ་བསྒོམ་པར་བྱའོ། །དངོས་གྲུབ་བསྒྲུབ་པ་ཞེས་ངས་བསམ་པར་བྱའོ། །རིགས་ལྔ་ལ་བཞུགས་པ། ཤེས་རབ་ཀྱིས་ཀྱང་མཉམ་པར་སྦྱོར་བའོ། །རྣལ་འབྱོར་པས་རྟག་ཏུ་བཟའ་བ་ནི་ཤ་ཆེན་ནམ།
བ་ལང་དང་། ཁྱི་དང་། མི་ལ་སོགས་པ་ཤ་ལྔ་དང་། བདུད་རྩི་ལྔ་རྣམས་རྟག་ཏུ་བཟའ་བར་བྱའོ། །འདིར་དངོས་གྲུབ་འདོད་པའི་རྣལ་འབྱོར་པ་རྣམས་ཀྱིས་དངོས་གྲུབ་སྒྲུབ་བོ། །གང་རིགས་ལྔ་ལ་གནས་པས་བ་སེར་སྐྱའི་ཤ་བཟའ་བར་བྱའོ། །དེ་ནས་བདག་གི་སེམས་
ཀྱིས་ནག་པོ་ཆེན་པོ་བསྒོམ་པར་བྱའོ། །རྣལ་འབྱོར་པས་ཕྱག་བཅུ་དྲུག་པ། རྟག་ཏུ་དེ་ཉིད་ཀྱིས་བྱེད་པ་བརྗོད་པར་བྱའོ། །གང་དང་གང་དུ་ཕྱག་གཉིས་པ་བསྒོམས་པས་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་དོན་ནོ། །ཕྱག་རྒྱ་བསྒྲུབ་པ་རབ་ཏུ་འབད་པ་ཡིས་ཕྱི་ནས་དུས་
འདིར་དངོས་གྲུབ་ཐམས་ཅད་ངེས་པའོ། །དངོས་པོ་བསྒོམ་པ་བསྒོམ་པ་མེད་པའོ། །རྟག་ཏུ་དངོས་གྲུབ་ཀྱི་ཡེ་ཤེས་ཉེ་བར་འཐོབ་པའོ། །གང་དངོས་གྲུབ་ཐོབ་པའི་རྣམ་པ་ཇི་ལྟར་འགྱུར། དེ་ནས་དང་པོ་མཆོད་པ་ཉེ་བར་བྱ་སྟེ། དྲི་སྣ་ཚོགས་པ་ལ་སོགས་པ་
སྤོས་དང་མེ་ཏོག་ཕྲེང་བ་ལ་སོགས་པའོ། །སྙིང་གར་ཧཱུྃ་ཡིག་བལྟས་ལ་མཆོད་པ་ལ་སོགས་པ་བྱས་ནས་མདུན་དུ་བལྟ་བར་བྱའོ། །སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །ལག་པ་ལ་དགོད་པ་ལ་སོགས་པ་བྱ་སྟེ། ལག་

པ་གཡས་ལ་ཨོཾ་གཡོན་པ་ལ་ཨཾ། གནས་རྣམས་སུ་བྱིན་གྱིས་བརླབ་པ་ནི། ཨོཾ་ཐ་མུ་ཨཱཿཧཱུྃ། མིག་ཏུ་ཀྵི། རྣ་བ་གཡོན་པ་ལ་ཨ། རྣ་བ་གཡས་པ་ལ་ཨཱ། སྣ་ལ་ཏྲཾ། ལྕེ་ལ་ཧྲཱིཿ རྐང་པ་གཉིས་ལ་བཾ་བཱཾ། རྡོ་རྗེ་ལ་ཧཱུྃ། ཕྱིན་ནས་ལུས་ངག་ཡིད་བྱིན་གྱིས་
བརླབ་པར་བྱའོ། །ཨོཾ་ཧཾ་ཧཱུྃ། སྙིང་ཀར་ཧཱུྃ། མགྲིན་པར་ཨོཾ། སྤྱི་གཙུག་ཏུ་ཧཾ། གཞལ་ཡས་ཁང་རྟ་བབས་བཞི་དང་ལྡན་པ། གྲུ་བཞི་པ། སེང་གེའི་གདན་ཡོངས་སུ་བསྒོམ་པར་བྱའོ། །སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ།
ཇི་ལྟར་གྱུར་པ་དེ་ནས་བལྟ་བར་བྱ་སྟེ། པི་བང་དང་། རྔ་བྲན་དང་། གླིང་བུ་དང་། ཏིང་ཏིང་ཤག་དང་། གར་དང་། གླུ་དང་། རྔ་སྒྲ་དང་། སྲེད་མེད་ཀྱི་བུ་ལ་སོགས་པས་ཧཱུྃ་གི་ཡི་གེ་བསམ་པར་བྱའོ། །རྡོ་རྗེ་གུར་བཅིངས་པ་ལ་སོགས་པ་མ་ལུས་པ་སྔར་བཞིན་བྱའོ། །ལྷ་
མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་བཞེངས་ལ་སེམས་ཅན་གྱི་དོན་མཛོད་ཅིག །ཅིའི་ཕྱིར་སྟོང་པ་ཉིད་དུ་སེམས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མ་ཞེན་པར་གང་སེམས་ཅན་འཛམ་བུའི་གླིང་པ་རྣམས་ལ་གཟིགས་ཤིང་དངོས་གྲུབ་སྣ་ཚོགས་པ་རྣམས་བྱིན་ཅིག །བཅོམ་ལྡན་
འདས་ཀྱིས་ལྷ་མོ་མ་ལུས་པ་ལ་གསུངས་པ། ལྷ་མོ་ཆེན་མོའི་བདག་ཉིད་ལྟོས་ཤིག་ལྟོས་ཤིག །དཔལ་ནག་པོ་ཆེན་པོ་མཆོག་ཏུ་དགའ་བའི་རང་བཞིན་ནམ་མཁའི་རང་བཞིན་རྣམས་ཞལ་བཞི་པ་ཧཱུྃ་ལས་བསྐྱེད་པ། དང་པོའི་ཞལ་ནག་པོ། གཡོན་ལྗང་གུ། གཡས་དམར་པོ།
རྒྱབ་མ་ཧིཥའི་གདོང་པ་ཅན། མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། འཇིགས་པ་ཆེན་པོའི་ང་རོ་ཤིན་ཏུ་དྲག་པ། འཇིགས་པ་ཡང་ཤིན་ཏུ་འཇིགས་པར་བྱེད་པ། སྨ་ར་སེར་པོ་དང་། སྐྲ་སེར་པོ་གྱེན་དུ་བརྫེས་པ། ཞལ་རེ་རེ་ལ་ཡང་སྤྱན་གསུམ་གསུམ་པ། སྐྲ་ཤིན་ཏུ་གྱེན་
དུ་བསྒྲེང་བ། འོད་ཟེར་དང་ལྡན་པ། ཀླུ་འཇོག་པོས་དཀྲིས་པ། ཞབས་བཞི་པ། མ་ཧི་ཥ་འོག་ཏུ་གནོན་པ། ཕྱག་བཅུ་དྲུག་པ། གཡས་གཡོན་གྱི་དང་པོ་གཉིས་ཀྱིས་ལྷ་མོ་ལ་འཁྱུད་པ། ཞབས་གཡས་བརྐྱང་བས་གནས་པ། བདུད་བཞི་ཡང་དག་པར་མནན་པ། གཡས་

ཀྱི་གཉིས་པ་ན་གྲི་གུག །གསུམ་པ་ན་ཐོ་བ། བཞི་པ་ན་རྔ་མ་དཀར་པོ། ལྔ་པ་ན་གཤིན་རྗེའི་དབྱུག་པ། དྲུག་པ་ན་རྡོ་རྗེ། བདུན་པ་ན་ལོག་འདྲེན་གྱི་མཆེ་བ། བརྒྱད་པ་ན་གླང་པོ་ཆེའི་པགས་པ། གཡོན་གྱི་གཉིས་པ་ན་ཁྲག་གིས་བཀང་བའི་ཐོད་པ། གསུམ་པ་ན་རྩེ་གསུམ་པ།
བཞི་པ་ན་རྔེའུ་ཆུང་། ལྔ་པ་ན་རྡོ་རྗེ། དྲུག་པ་ན་དྲིལ་བུ། བདུན་པ་ན་མ་ཧེའི་མགོ། བརྒྱད་པ་ན་གླང་པོ་ཆེའི་པགས་པ་ལྟོ་འཕྱང་བ། སྟག་གི་པགས་པས་རྐེད་པ་དཀྲིས་པ། རིགས་ཅན་གྱིས་དཔུང་པ་བརྒྱན་པ། མགོ་བོའི་ཕྲེང་བའི་དོ་ཤལ་འཕྱང་བ། རྐེད་པ་དང་མགྲིན་པ་
ལ་སོགས་པ་རྣམས་ལ་དགའ་བོ་དང་། ནོར་རྒྱས་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བརྒྱན་ཞིང་། ཀླུ་ཐམས་ཅད་ཀྱིས་བརྒྱན་པ། མཁའ་འགྲོ་མ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། སྲེད་མེད་ཀྱི་བུ་ལ་སོགས་པ་རྣམས་ཀྱི་ཞབས་ལ་འཇུས་ནས་ཕྱག་བྱེད་པ། ཕེཾ་གྱི་སྒྲ་ཆེན་པོ་
ཡོངས་སུ་སྒྲོགས་པ། ཀཱི་ལི་ཀཱི་ལའི་སྒྲ་དང་ལྡན་པ། འབྲུག་གི་སྒྲ་སྒྲོགས་པ། ཧ་ཧཱ་ཧི་ཧཱི་ཧེ་ཧཻ་ཧོ་ཧཽ་སྒྲ་རབ་ཏུ་འབྱུང་བ། ཤར་གྱི་འཕར་མ་ལ། གཏུམ་པའི་དབང་ཕྱུག་མ། ཙོཾ་གྱི་ས་བོན་ལས་བསྐྱེད་པ། ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ། མགོ་བོའི་ཕྲེང་བའི་
དོ་ཤལ་ཅན་ཁ་དོག་དཀར་མོ་མཆེ་བ་རྣམ་པར་གཙིགས་ཤིང་འཇིགས་པར་བྱེད་པ། ལྷོའི་འཕར་མ་ལ་ཙརྩི་ཀཱ་ཁ་དོག་ནག་མོ་ཀྃ་གི་ས་བོན་ལས་བསྐྱེད་པ། ཕྱག་གཉིས་ན་གྲི་གུག་དང་ཐོད་པ་འཛིན་པ། ལྷག་མ་སྔར་བཞིན། ནུབ་ཀྱི་འཕར་མ་ལ་ཀཱ་ལི་ཀཱ། ལྃ་གྱི་ས་བོན་ལས་བསྐྱེད་
པ་གཡས་གཡོན་ན་རྩེ་གསུམ་པ་དང་ཐོད་པ། ལྷག་མ་རྣམས་སྔར་བཞིན་ནོ། །བྱང་དུ་རིགས་ཀྱི་དབང་ཕྱུག་མ། རྃ་གྱི་ས་བོན་ལས་བསྐྱེད་པ་ཁ་དོག་སེར་མོ། གཡས་པ་གྱེན་དུ་བསྒྲེང་བ། གཡོན་པ་ན་ཐོད་པ་ཐོགས་པ། ལྷག་མ་ནི་སྔ་མ་བཞིན་ནོ། །ལྷ་མོ་ཐམས་ཅད་སྤྱན་
གསུམ་པ། མགོ་བོའི་ཕྲེང་བ་རབ་ཏུ་འཕྱང་བ། ཀླུ་བརྒྱད་ཀྱིས་ཡང་དག་པར་བརྒྱན་པ། རོའི་སྟེང་ན་ཞབས་གཡོན་བརྐྱང་བས་གནས་པ། དེ་བཞིན་དུ་གཅེར་བུ་སྐྲ་སིལ་བུ་འཇིགས་པར་བྱེད་པ། ཕྱིའི་སྣམ་བུ་ལ་ཆོམ་རྐུན་མ་ལག་པ་རྔ་མ་བཟུང་བ་ཁ་དོག་ནག་མོ། ཙྃ་གྱི་ས་

བོན་ལས་བསྐྱེད་པ། ལྷག་མ་སྔར་བཞིན་ནོ། །ལྷོའི་སྣམ་བུ་ལ་ལན་ཚྭ་ནི་ཁ་དོག་ལྗང་གུ། ཙྃ་གྱི་ས་བོན་ལས་བྱུང་བ། ལག་པས་སྤོས་ཁང་བཟུང་བ། ནུབ་ཏུ་དགའ་ཆེན་མོ་མྃ་གྱི་ཡི་གེ་ལས་བསྐྱེད་པ་ཁ་དོག་དམར་མོ། ལག་པ་རྡོ་རྗེ་དང་དྲིལ་བུ་ཐོགས་པ། བྱང་དུ་དགའ་
བའི་དབང་ཕྱུག་མ་ནྃ་གྱི་ཡི་གེ་ལས་ཡོངས་སུ་རྫོགས་པ། ཁ་དོག་སེར་མོ། ལྷག་མ་སྔར་བཞིན་ནོ། །ལྷ་མོ་ཨུ་མཱས་གཙོ་བོ་ལ་འཁྱུད་པ་ཁ་དོག་དཀར་མོ་ཕྱག་བཞི་པ་དགའ་བ་ཆེན་པོས་གནས་པ། དེ་བཞིན་དུ་མཆེ་བ་རྣམ་པར་གཙིགས་པ། ལྷག་མ་སྔར་བཞིན་ནོ། །ཕྱག་རྒྱ་ཤིན་ཏུ་
དགའ་བས་གནས་པ། སངས་རྒྱས་རྣམས་ཀྱིས་སྔགས་གསལ་བར་བཤད་པར་བྱ་སྟེ། དངོས་གྲུབ་སྣ་ཚོགས་མཆོག་ཏུ་སྟེར་བའི་ཕྱིར། དཔལ་སེམས་ཅན་རྣམས་ལ་ཆགས་པས་སེམས་ཅན་རྣམས་ལ་ཕན་པ་དང་མི་ཕན་པའི་རྣམ་པ་མི་སྤྱོད་པས་དགའ་བ་ཆེན་པོར་གནས་
པའི་སྒྲུབ་པ་པོས་བརྒྱད་དམ་བཅུ་འམ་བཅུ་གཉིས་ལ་བསྒོམ་པར་བྱའོ། །གང་རྣལ་འབྱོར་པ་ཆང་དང་གོ་ཀུ་ད་ཧ་ན་ལ་སོགས་པ་བདུད་རྩི་ལྔ་དང་། ཡང་དག་པར་ལྡན་པས་སྤྱད་པར་བྱའོ། །རྟག་ཏུ་བཏུང་བ་ཁྲག་གིས་བྱའོ། །གལ་ཏེ་ཐེ་ཚོམ་ཟ་ན་སྐྱེ་བར་མི་འགྱུར་རོ། །གང་
གིས་འབད་པ་ཆེན་པོས་བསྙེན་པ་བྱས་ནས་དངོས་གྲུབ་ངེས་པར་འབྱུང་ཞིང་དེས་ཡུན་མི་རིང་བར་འཇོམས་པར་འགྱུར་རོ། །གསང་བའི་རིགས་ལ་གནས་ན་དེ་བཞིན་དུ་ལས་བྱའོ། །ཇི་ལྟར་གསལ་བར་མི་འགྱུར་རོ། །གལ་ཏེ་གང་གིས་གསལ་བར་བྱས་ན་ནི་དེ་དངོས་གྲུབ་ཏུ་མི་
འགྱུར་རོ། །ཆེན་པོར་མི་གསལ་བར་བསམ་པར་བྱའོ། །ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་དགོངས་པའི་སྐད་ནི་ཇི་ལྟར་གསུངས། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་ཉན་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགོངས་པའི་སྐད་ནི་ཇི་ལྟ་བར་
རྒྱས་པར་ཆང་ལ་སྟོབས་ཅན་ཞེས་བྱ། ཤ་ལ་བ་ལ་ཞེས་སོ། །སྐད་ཆེན་མི་ཡིས་མ་རྟོགས་པར་བྱའོ། །དངོས་གྲུབ་ཐོབ་པར་ཤེས་པར་བྱ་བའི་ཕྱིར། རིགས་ཅན་ལྔ་རབ་ཏུ་གསལ་བར་བཤད་པར་བྱ་སྟེ། གཡུང་མོ་རྡོ་རྗེའི་རིགས་ལས་བྱུང་བ་དང་། གར་མཁན་མ་པདྨའི་རིགས་

ལས་བྱུང་བ་དང་། བྲམ་ཟེ་མོ་རིན་པོ་ཆེའི་རིགས་ལས་བྱུང་བ་དང་། ཚོས་མཁན་མ་ལས་ཀྱི་རིགས་ལས་ཡང་དག་པར་སྐྱེས་པ་དང་། རྒྱལ་རིགས་མོ་སྐུའི་རིགས་ལས་བྱུང་བའོ། །ཕྱག་རྒྱ་འདི་ནི་རང་གི་དངོས་གྲུབ་སྟེར་བ་དང་། དེ་འདི་དག་རྣམས་ལ་བུད་མེད་རྣམས་ཀྱིས་རྡོ་རྗེ་དཀར་
པོ་འཛིན་པ་སྔགས་པས་ངེས་པར་དེ་ཡིས་རབ་ཏུ་མཆོད་པ་དང་། རྟག་ཏུ་བཏུང་བར་བྱའོ། །ཀྱཻ་ལྷ་མོ་ལ་བཤད་པ་དེ། འདི་ལྟར་གང་ཁྱོད་སྙིང་རྗེ་དང་ལྡན་པས་ཐམས་ཅད་དུ་གུས་པ་ཆེན་པོའི་བདག་ཉིད་ཀྱིས་ཡོངས་སུ་གཟུང་བར་བྱའོ། །སྐད་གཞན་གྱིས་ངོ་མཚར་བ་དང་། མི་
གང་དབང་མ་བསྐུར་བ་དང་། སྐད་འདིས་དཔལ་ནག་པོ་ཆེན་པོའི་དབང་མ་བསྐུར་བ་ལ་རབ་ཏུ་བཤད་ན། དེ་ཉི་མ་བདུན་གྱིས་འཆི་བར་འགྱུར་རོ། །གལ་ཏེ་མ་ཤི་ན་ཡང་ན་བ་དང་། ཚེ་ཐུང་བ་དང་། པོ་ཏི་མིག་གིས་མི་མཐོང་བར་འགྱུར་རོ། །དབང་མ་བསྐུར་བ་དང་། བརྫུན་
དུ་སྨྲ་བ་དང་། མི་གུས་པའི་མི་དེ་རྣམས་རྣལ་འབྱོར་མ་དང་། མཁའ་འགྲོ་མ་ཐམས་ཅད་དང་། ལྷ་རྣམས་འཁྲུག་པར་འགྱུར་རོ། །ལྷ་མོ་གང་དང་གང་དུ་ངས་བཤད་པ་ཐམས་ཅད་མ་ལུས་པ་འབད་པ་ལ་ངས་བྱིན་གྱིས་བརླབ་བོ། །དངོས་གྲུབ་ཆེན་པོ་བརྒྱད་འགྲུབ་བོ། །རྒྱུད་ཐམས་
ཅད་ཀྱི་གླེང་གཞི་རྒྱུད་འདིར་སྨྲས་པ། དེའི་ཕྱིར་དབང་བསྐུར་བའི་མིས་ཀློག་པའམ་འདྲི་བས་དངོས་གྲུབ་འགྲུབ་བོ། །རྗེ་བཙུན་བྲི་བར་བྱ་སྟེ། སོར་བཅུ་དྲུག་ཙམ་གྱི་ཚད་ཙམ། རྒྱ་སྐྱེགས་ཀྱི་ཁུ་བའམ། སེན་རྩིའམ། དྲི་སྣ་ཚོགས་ཀྱིས་བསྲེས་ཏེ། ནིམ་པའི་ཤིང་གི་སྨྱུག་གུས་
གྲོ་ག་ལ་གཟུགས་བརྙན་ཇི་ལྟ་བར་བྲིས་ནས་རས་དམར་པོའམ་དུར་ཁྲོད་ཀྱི་རས་ལ་བརྟེན་ནས་ལག་པ་བྱིན་གྱིས་བརླབ་པ་ལ་སོགས་པ་བསྒོམ་པར་བྱ་སྟེ། ཡང་ན་ནིམ་པའི་ཤིང་ལ་བྱས་པ་ལ་རྟག་ཏུ་ཡང་དག་པར་བསམ་པར་བྱའོ། །ལྷ་མོས་གསོལ་པ། ཀྱཻ་བཅོམ་ལྡན་འདས་ཁྱོད་
ཉོན་ཅིག །བཞེངས་ཤིག་བདག་གིས་འདི་བསྐུལ་ནས་ནག་པོ་ཆེན་པོའི་བདག་ཉིད། ཨུ་ཊ་ཋི་ཡ། བྷ་རཱ་ཊོ། ཀཱ་རུ་ཎ་མ་ནྱ། ནཱ་ཙཱ་མི་ཧ་ཝུཾ་དེ་བི། ཨི་ཐི་ཏ་ཀཱི་ས་ཀ་རི་བ་མ་ཡི་ཛ་མ་ཡི་ཏུ་ཧཱུྃ་པུཙྪ་སི་ཀཱ་ཛཱ་ཛ་ཏ་ག་ཁ་ཎེ་ཧོ་ཡི་སརྦ་ཡཱ་རཱ་ཧཱ་སཾ་ཎ་ཙ་ཙ་ཡི། ཨེ་ཀ་ལ་བི་ར། ཏི་ཎ་ཎི་བྷུ་ཡ་ཎེ་ཀ་

ཀ་རི་ཡཱ་ཁ་ཌཱ་རུ་ཧ་ཡེ། ཨཙྪན་ཏེ་ཀཱ་ལཱི་བོ་ལཱི། ཙཎྜེ་ས་ས་རཱི་ཀུ་ལི་ཀཱི་ནཱི་བྷི་རི་ལཱ་ཨ་གེ་ཏ་ཡི་ཀིཾ་པཱུརྞྞ་པུཙྪ་སི་ལོ་བྷོ་ལཱི། ཨ་ཨཱི་ན་ཨན་ཏ་ན་ན་ཧི་ཏོ་ཧེ་ཀ། ཨེ་ཀཱ་ནཻ་ཀ་རི་ཡ་སི་སཏྟ་བཱ་ཐཱ། ཨེད་བྷུ་ཏ་སུ་མ་ཧི་ཡ་ཀ་རི་ཧི་སི་ཛོ་ཡི། ཇི་ལྟར་བསྐུལ་བའི་དུས་སུ་བཅོམ་ལྡན་
འདས་སྐད་ཅིག་དེ་ཉིད་ལ་རྫོགས་པར་ལོངས་ཤིག །ཡིད་ཀྱི་འགྱུར་བ་གསལ་བས་ཕྱག་བཅུ་དྲུག་པ་རྫོགས་པར་བྱས་ནས་ཕྱག་གཉིས་པ་བཤད་པར་བྱ་སྟེ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་བའི་དོན་དུ་ཇི་ལྟར་ཕན་པར་བསམས་པ་ཙམ་གྱིས་སྡུག་བསྔལ་ཐམས་
ཅད་ལ་ཡང་དག་པར་འདོན་པའོ། །ལྷའི་རིགས་བསམ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། དང་པོར་ཧཱུྃ་ཡིག་བསམ་པར་བྱ་བ་དང་། ཕྱི་ནས་མཆོད་པ་དང་བསྙེན་བཀུར་ལ་སོགས་པ་བྱས་ནས་དངོས་གྲུབ་འདོད་པས་བསྒོམ་པར་བྱའོ། །ཞལ་གཅིག་ཕྱག་
གཉིས་པ་གཡས་གྲི་གུག་གཡོན་ཐོད་པ། སྐུ་མདོག་ནག་པོ་སྐྲ་སེར་པོ་གྱེན་དུ་བརྫེས་པ། རོའི་སྟེང་ན་གནས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ལྟོ་འཕྱང་བ། བོང་ཐུང་བ། རྣལ་འབྱོར་མ་གཉིས་ཀྱིས་ཡོངས་སུ་བསྐོར་བ་དང་ཐབས་ཅིག་ཏུ་བསྒོམ་པར་བྱའོ། །ཆར་
སྤྲིན་གྱི་མདོག་ལྟ་བུ་འབྲུག་གི་སྒྲ་སྒྲོགས་པ་པོ། སྐྱེ་བོ་གནས་པ་དེའི་དུས་སུ་སྒྲ་སྙན་པ། སྦས་པ་རྣམས་ཀྱིས་དུང་སྐྱོང་དྲན་པར་བྱའོ། །ཀྱཻ་ལྷ་མོ་མི་འགྲུབ་ན་ཉེ་བར་སྤྱོད་པ་ལ་དགོས་པ་ཅི་ཡོད། ལྷ་མོས་གསོལ་པ། ཀྱཻ་བཅོམ་ལྡན་འདས་ཅིའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་ཇི་ལྟར་
དུ་རྒྱུ། གལ་ཏེ་རིགས་ལྔ་ལ་གནས་པའི་ཀྱཻ་ལྷ་ཆེན་པོ་མེ་ཏོག་གི་ཆར་འབབ་པ། ཡན་ལག་སྟོང་དང་ལྡན་པ། ཡན་ལག་གཅིག་ཏུ་གྱུར་པ། ཇི་ལྟར་ཡན་ལག་བཞི་ཡིས་ཡང་དག་པར་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་གསུངས་པ་ས་གསུམ་དང་མཉམ་པར་སྦྱོར་བའི་རྣལ་
འབྱོར་མ་རྣལ་འབྱོར་བསྒྲུབ་པའི་དོན་དུ་ངེས་པར་ཡོངས་སུ་བསྒྲུབ་པར་བྱའོ། །འདི་ནི་དཔལ་ནག་པོ་ཆེན་པོའི་རྒྱུད་ལས་ལྷ་རྣམས་བཞེངས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལྷ་མོས་གསོལ་པ། འོན་ཀྱང་མཉམ་པར་ལོངས་སྤྱོད་ཅིང་ལོངས་སྤྱོད་པར་འདོད་པའི་སེམས་

ཅན་དབུལ་པོ་རྣམས་ཀྱི་དོན་དུ་ཐབས་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་གསུངས་པ། ཇི་ལྟར་འཛམ་བུའི་གླིང་པའི་དངོས་གྲུབ་སྣ་ཚོགས་ཉེ་བར་སྤྱོད་པ་ཞེས་བྱ་བ་བཤད་པར་བྱའོ། །རྣལ་འབྱོར་པ་རྣམས་ཀྱིས་བྱིན་གྱིས་བརླབས་པས་ས་སྟེངས་ཀྱི་དངོས་གྲུབ་རྣམས་འགྲུབ་བོ། །མཚན་
མོའི་ཆ་ལ་རྡོ་རྗེའི་ཁྱིམ་དུ་སྣ་ཚོགས་པའི་ཉ་དང་། ཤ་དང་། ཁྲག་དང་བཅས་པ་བཟའ་བར་བྱའོ། །བགེགས་ཉེ་བར་ཞི་བར་བྱེད་པའི་གཏོར་མ་བྱ་སྟེ་སྔགས་ཀྱི་ལེའུ་ལས་བཤད་པ་ཇི་ལྟར་འབྱུང་བ་ལྟར་བྱའོ། །དགྲ་རྣམས་བཙིར་བ་ཨརྐྐའི་འདབ་མ་ལ་བ་བླས་སྔགས་བྲིས་ལ། རབ་
ཏུ་སྦྱོར་བ་དང་ལྡན་པས་ཕྱི་ནས་མིང་བྲིས་ཏེ་ས་འོག་ཏུ་བཅུག་ནས། རྐང་པ་གཡོན་པས་མནན་ལ་སྔགས་བཟླས་ཏེ། ནག་པོ་ཆེན་པོའི་གཟུགས་སུ་བསྒོམས་ནས་སོ། །ཞི་བར་འདོད་ན་འཁར་བའི་སྣོད་དུ་འོ་མས་བཀྲུས་ལ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་རུ་ཎི་ཀཱ་སརྦ་ཤ་ཏཱུཾ་ཎི་མུ་ཁཾ་བཾ་དྷ་ཡ་སྟཾ་བྷ་
ཡ་མོ་ཧ་ཡ་ཧཱུྃ་ཧེཾ་ཕཊ། ཚ་བ་གསུམ་དང་། བྷ་ལཱ་ཏ་ཀ་དང་། སྒེ་གཤེར་དང་། ཀེ་སུའི་རྩ་བ་དང་། ཉི་མ་བདུན་གྱིས་རྫོགས་པར་མུ་ཟི་ལྷན་ཅིག་ཕྱེ་མར་བྱས་པ་བླུགས་ལ། ཇི་ལྟར་རྣལ་འབྱོར་པས་སྦྲང་རྩི་དང་ལྷན་ཅིག་བཟའ་བར་བྱའོ། །དེའི་ལུས་ལ་དགྲ་ཡིས་མི་ཚུགས་སོ། །དེ་ནི་བསྒྲུབ་
པར་རིགས་པ་སྟེ་ལུས་རྒྱས་པར་བྱེད་པའོ། །ཉི་མ་ཉི་ཤུ་རྩ་གཅིག་ཏུ་གོམས་པས་སོ། །ལྟེ་བའི་མེ་ཞན་པ་རྒྱས་པར་བྱ་བ་ནི་དེ་ནས་དེ་ཉིད་ཙི་ཏྲ་ཀ་དམར་པོ་པི་པི་ལིང་གི་རྩ་བ་དང་། ལེགས་མཐོང་གི་རྩ་བ་དང་ཚ་བའི་མར་ཁུ་ཡང་དག་པར་ལྡན་པས་བྱང་ཆུབ་ཀྱི་ཤིང་གི་ཁུ་བ་ཨ་རུ་ར་བཙོས་
པ་དང་། ཚྭ་དང་ལྷན་ཅིག་ཏུ་བཟའ་བར་བྱའོ། །རིལ་བུ་ཉི་མ་ཉི་ཤུ་རྩ་གཅིག་དང་ལྡན་པར་བྱས་པས་སྔར་གྱི་གཟུགས་བཞིན་དུ་འགྱུར་རོ། །མེའི་དྲོད་ཆེན་པོ་དང་ལྡན་པར་འགྱུར་རོ། །ལུས་བརྟན་པའི་དངོས་གྲུབ་བསྟན་པའོ། །དང་པོ་བ་རུ་ར་དང་། ཏ་ཀའི་རྩ་བ་དང་། སྐྱུ་
རུ་ར་དང་། ཏིལ་ཏིལ་དང་། དེ་དང་དེ་མཉམ་པར་ལྡན་པ། ནཱ་ག་མཆོག་ཏུ་བྱས་པ། ཁའི་ནང་དུ་བཅུག་ནས་སྲིན་བྱའི་ཁྲག་མིག་གཉིས་ལ་བྱུགས་ནས་འོག་གི་བུག་པ་མཐོང་བར་འགྱུར་རོ། །གཞན་ཡང་ནཱ་ག་ཁར་བཅུག་ལ་ས་ཧ་དེ་བའི་འདབ་མའི་ཁུ་བས་དངུལ་ཆུ་བཅིངས་

པ་དང་། ཁྲག་དང་། ག་བུར་དང་ལྡན་པ་མིག་སྨན་དུ་བསྐུས་ནས་འོག་གི་བུག་པ་མཐོང་བར་འགྱུར་རོ། །ནག་པོ་ཆེན་པོའི་འབྲས་བུ་དང་ཀུ་བ་ཁན་དེ་དང་། སེ་བའི་འབྲས་བུ་དང་། སེ་འབྲུ་དང་འདི་རྣམས་བསྲེས་ནས་ཚ་བ་གསུམ་དང་སྦྲང་རྩི་དང་བཅས་ནས་བཙོས་ནས་
ཏིལ་ནག་པོ་དང་། ལུས་རྣམ་པར་དག་པར་བྱས་ནས་ཇི་ལྟར་གོམས་པ་ཡིས་མན་ཆ་ངེས་པར་བྱས་ནས་ཟོས་ན་ཉི་མ་ལྔ་ན་སའི་བུག་པ་མཐོང་བར་འགྱུར་རོ། །འབད་དེ་ལུས་ལ་བྱུགས་ན་གངས་ཏི་སེ་ལ་སོགས་པ་མཐར་ཐུག་པ་མཐོང་བར་འགྱུར་རོ། །ཅོང་ཟིའི་ཆུས་ཁྲུས་བྱས་ན་
སྔ་མ་བཞིན་དུ་ལེགས་པར་གནས་པར་འགྱུར་རོ། །ཙ་ལ་ཏའི་ཁུ་བ་དང་། བྱ་རྒོད་ཀྱི་ཤ་དང་། ཏིལ་ནག་པོའི་མར་རྣམས་སྦྱར་ནས། རབ་ཏུ་ཟོས་ན་ཉི་མ་ཉི་ཤུ་རྩ་གཅིག་ཏུ་ཕྱི་ནས་རང་གི་ཆུས་མིག་སྨན་བྱས་ནས་འོག་གི་གཏེར་ཐམས་ཅད་མཐོང་བར་འགྱུར་རོ། །ས་འོག་གི་
སྦྲང་དང་། སྦྲུལ་དུག་མེད་ཀྱི་ཚིལ་དང་། གི་ཝང་དང་ལྡན་པས་ཆ་མཉམ་པར་བྱ་སྟེ་ཅོང་ཟིའི་ཆུ་དང་བསྲེས་ཏེ་མིག་གཉིས་སུ་མིག་སྨན་བྱས་ན་ཁྲུ་ལྔ་ཙམ་ན་ཡོད་པའི་ས་འོག་གི་གཏེར་རྣམས་དྲག་ཏུ་ངེས་པར་མཐོང་བར་འགྱུར་རོ། །པོ་རོ་ལིའི་ཁུ་བ་དང་། ཁྲག་དང་། གི་ཝང་
དང་། པགས་པ་འདུལ་བྱེད་ཀྱི་སྨན་དང་། དུར་ཁྲོད་ཀྱི་རས་ལེགས་པར་སྦངས་ཏེ་སྡོང་བུ་བྱས་ལ་རའི་ཞག་དང་། བྲམ་ཟེའི་ཐོད་པ་རུ་མིག་སྨན་བྱས་ནས་དེའི་ཕྱི་ནས་མིག་ལ་བསྐུས་ན་དྲི་མ་དག་པར་འགྱུར་རོ། །ཡང་ན་རས་ཀྱིས་མིག་བཀབ་པས་ཀྱང་མཐོང་བར་འགྱུར་རོ། །རྒྱུ་སྐར་ས་རིལ་
པད་མའི་སྐུད་པ་དང་། ཙནྡན་ཡོངས་སུ་སྦྱངས་ནས་གླིང་དཀར་པོ་ལ་གུར་གུམ་དང་གླ་རྩི་བྱུགས་ལ་སྡོང་བུ་བྱས་ན། ཅེ་སྤྱང་ཚིལ་བུ་དང་མིའི་ཐོད་པར་མིག་སྨན་བ་བླ་བསིལ་བའི་དུས་སུ་མིག་སྨན་བྱས་ནས་འོག་གི་བུག་པ་མཐོང་བར་འགྱུར་རོ། །ཕྱི་ནས་མིག་གཉིས་བཀྲུ་བར་བྱའོ། །རས་
དན་ཁ་དང་ལྕགས་གསུམ་ལ་བ་ལང་གི་ཚིལ་བུ་བཙོས་ནས་ཡང་ཚིལ་ཆེན་དུ་བཙོས་ནས་གཞན་ཡང་མ་ཧེའི་མར་དང་། ཕྱི་ནས་རིལ་བུ་ཁར་བཅུག་ནས་ཉི་མ་གསུམ་དུ་སྨྱུང་བར་གནས་ཏེ། རང་གི་མཆིལ་མས་རང་གི་མིག་སྨན་བྱས་ནས་འོག་གི་བུག་པ་མཐོང་བར་འགྱུར་རོ། །དང་པོ་ལྟོ་དག་པར་

བྱ་བ་ནི། ཉི་མ་གཅིག་ཟས་མི་ཟ་བར་བྱས་ལ་སའི་ལྕུག་མའི་མར་ཁུ་དང་། སྒོག་སྐྱ་བཙོས་ནས་རིལ་བུ་བཅུ་བཞིར་བྱས་པ་ཉི་མ་དང་པོར་ཟོས་ནའོ། །ཉི་མ་གསུམ་པ་ལ་ཉི་ཤུ་རྩ་གཅིག་བཟའ་བར་བྱའོ། །ཉི་མ་བཞི་པ་ལ་སུམ་ཅུ་གསུམ་བཟའ་བར་བྱའོ། །ཉི་མ་ལྔ་པ་ལ་སུམ་ཅུ་རྩ་ལྔ་བཟའ་བར་
བྱའོ། །དྲུག་པ་དང་བདུན་པ་ལ་ཡང་སུམ་ཅུ་རྩ་ལྔ་བཟའ་བར་བྱའོ། །ཉི་མ་རེ་རེ་འོ་མ་བཏུང་བར་བྱའོ། །ཉི་མ་བརྒྱད་པ་ལ་རའི་འོ་མ་བཏུང་བར་བྱའོ། །དང་པོ་དང་གཉིས་པ་ལ་མ་ཧེའི་འོ་མ་བཏུང་བར་བྱའོ། །ཉི་མ་གསུམ་པ་ལ་བ་སེར་སྐྱའི་འོ་མ་བཏུང་བར་བྱའོ། །བཞི་པ་ལ་སྣ་བུག་ནས་
ཐུན་མོང་གི་འོ་མ་བཏུང་བར་བྱའོ། །ཐུན་ཚོད་ལྔ་པ་ལ་རང་གི་ཆུས་མིག་སྨན་བྱས་ན་ངེས་པར་ས་འོག་རིམ་པ་བདུན་གྱི་སའི་བུག་པ་མཐོང་བར་འགྱུར་རོ། །འབྲས་བུ་གསུམ་དང་། གུ་གུལ་དང་། བ་ལང་གི་ཆུ་ཡིས་བཤལ་བྱས་ནས། ཡུངས་ཀར་གྱི་མར་དང་། སྦྲང་དང་བུ་
རམ་དང་། ཚ་བ་གསུམ་དང་། སྒོག་སྐྱ་དང་། མར་དག་ཟོས་ནས་རའི་འོ་མ་འཐུངས་ན། ཇི་སྲིད་ཉི་མ་བདུན་གྱི་ཕ་རོལ་དུ་ཏིལ་ནག་པོའི་མར་དང་སའི་ལྕུག་མ་བཙོས་ནས་ཟོས་ན་ལྕུག་མ་ལྔའི་ཚད་ཙམ་ལྷག་མ་ཉི་མ་བདུན་པ་ལ་ཏིལ་གྱི་མར་ཁུ་དང་། སོ་བའི་ཟན་ཟོས་ན་ཉི་མ་ཉི་ཤུ་རྩ་
གཅིག་ན་ཉིན་མོ་དང་མཚན་མོ་ལ་ངེས་པར་ས་འོག་གི་བུག་པ་མཐོང་བར་འགྱུར་རོ། །ཚེས་བརྒྱད་ལ་ཕྱག་བཞི་པའི་མགོན་པོ་ནག་པོའི་སྔགས་བཟླས་ན་སྟོང་ཕྲག་ལྔ་རུ་ཆང་དང་། ཤ་དང་། ཉ་དང་། ལྕགས་ཀྱུ་ལྔ་ལ་སོགས་པ་བཟའ་བར་བྱའོ། །ལྷ་མོའི་རྟེན་ལ་དེ་ནས་མིག་
འབྲས་ལ་མིག་སྨན་བྱས་ནས་ས་སྟེངས་ན་གནས་པའི་གནོད་སྦྱིན་ལ་སོགས་པ་རྣམས་མཐོང་བར་འགྱུར་རོ། །གལ་ཏེ་མ་གྲུབ་ན་སྦྱོར་བའི་མཆོག་འདིས་དེ་ནི་མཚམས་མེད་པ་ལྔའི་ལས་བྱས་པར་འགྱུར་རོ། །མ་བྱུང་བར་གྱུར་ན་ནག་པོ་ཆེན་པོ་ངའི་ཡང་དག་པའི་མིག་སྨན་མ་ཡིན་
ནོ། །ས་ལིན་ཙི་དང་། མ་ལིན་ཙི་དང་། ཀེ་ཤ་རཱ་ཛ། བྷྲྀང་ག་རཱ་ཛ། ཅུ་གང་དང་། ཚ་བ་གསུམ་དང་། པ་ལ་ཤའི་ཤུན་པ་དང་། ཀ་མ་ཙི་དག་བཙོས་ནས་ཀུ་མུ་ཧའི་ཤ་དང་། ལན་བདུན་དུ་བཙོ་བའི་རིམ་པ་འདིས་ཏིལ་ནག་པོའི་མར་ཁུ་དང་། ལྟོ་དག་པར་བྱས་ན་སུམ་ནམ་

གཉིས་ཉི་མ་དང་པོ་ལ་བཟའོ། །གཉིས་པ་ལ་སུམ་ནམ་གསུམ་མོ། །གསུམ་པ་ལ་སུམ་ནམ་ལྔའོ། །བཞི་པ་ལ་སུམ་ནམ་དྲུག་གོ། །ལྔ་པ་ལ་སུམ་ནམ་བརྒྱད་དོ། །དྲུག་པ་ལ་སུམ་ནམ་བཅུའོ། །བདུན་པ་ལ་སུམ་ནམ་བཅྭ་ལྔའོ། །ངེས་པར་སོ་བའི་ཁུ་བ་ཟོས་ནས་
བརྟན་པར་བྱའོ། །གཞན་དུ་ན་ཉི་མ་བརྒྱད་པ་ལ་འགར་ད་མའི་སྦྲང་རྩིས་མིག་གཉིས་ལ་བསྐུས་ན་དེས་བུག་པ་ཐམས་ཅད་མཐོང་བར་འགྱུར་རོ། །སྣ་བུག་གཡོན་ནས་རའི་འོ་མ་འཐུངས་ནས་ཇི་སྲིད་ཉི་མ་ཉི་ཤུ་རྩ་གཅིག་ཏུ་འོ་མའི་བཏུང་བའོ། །གི་ཝང་དང་སྦྲང་རྩིས་མིག་སྨན་བྱས་ནས་མིག་
གཉིས་ལ་བསྐུས་ན། ས་གཞི་ལ་ཡོད་པའི་གཏེར་ཐམས་ཅད་མཐོང་བར་འགྱུར་རོ། །ཁོ་ཌིའི་ས་བོན་དང་། ཛ་ཡན་ཏིའི་ས་བོན་དང་། པ་ལཀྵ་པ་དྲ་བའི་ཁུ་བ་དང་། སི་ཏི་ལིའི་ཁུ་བ་དང་། གི་ཝང་དང་། རང་བྱུང་དང་། དྷ་དུ་རའི་ཁུ་བ་དང་། ཀླུ་འདུལ་བ་དང་། པ་ན་རའི་ལོ་མ་དང་།
རྩ་བའི་ཁུ་བ་དང་། སྨན་འགར་དམ་དུ་དང་། སྦྲུལ་དུག་མེད་ཀྱི་མཁྲིས་པ་དང་བཅས་པ་བཏགས་ནས་རིལ་བུ་བྱས་ཏེ་ཉི་མ་གཉིས་པར་གྱུར་པ་ལ་སྲོད་ཀྱི་དུས་སུ་མིག་སྨན་བྱས་ནས་འོག་གི་བུག་པ་མཐོང་བར་འགྱུར་རོ། །གྷི་ལ་ཀའི་འབྲུ་གུ་དང་། འགར་དམ་དུ་ཡ་དང་། ཡང་དག་པར་
ལྡན་པ་དང་། བ་སེར་སྐྱའི་མར་དང་། གི་ཝང་དང་། ཁུ་བ་དང་། ཁྲག་དང་མཉེས་ནས་ཕྱི་ནས་སྨྱུང་བར་གནས་ནས་ལྟོགས་པའི་དུས་སུ་མིག་སྨན་བྱས་ནས་འོག་གི་བུག་པ་མཐོང་བར་འགྱུར་རོ། །རིག་པར་བྱ་བ་ནི་བཅུ་བཞི་ལ་གྲོ་གའི་ལོ་མ་ལ་སྔགས་བྲིས་ནས་ཁར་བཅུག་ནས་སྔར་བཞིན་
དུ་མིག་ལ་མིག་སྨན་བྱས་ན་ཉིན་མོ་སའི་གཏེར་ཐམས་ཅད་མཐོང་བར་འགྱུར་རོ། །ཇི་ལྟར་རྗེས་སུ་གནས་པ་བཞིན་དུ་མིག་སྨན་གྱི་དངོས་གྲུབ་དེ་ཉིད་དེ་ལྟར་རིག་པས་དཔྱད་པར་བྱའོ། །རྣལ་འབྱོར་པས་ཇི་ལྟར་འདོད་པའི་བྱེ་བྲག་གིས་གོ་རིམས་བཞིན་བྱའོ། །འདིར་བྱེ་བྲག་ཏུ་བསམ་
པ་ནི་ཇི་ལྟ་བས་རྣལ་འབྱོར་པས་རྟག་ཏུ་ཐོབ་པར་བསྐྱེད་པར་བྱ་སྟེ། དེ་ནས་ནག་པོ་ཆེན་པོའི་འཁོར་ལོ་བསྒོམས་ནས་བགེགས་ཞི་བར་བྱ་བའི་དོན་དུ་དུར་ཁྲོད་དུ་གནས་ནས་ཉི་མ་ལྔར་བདུད་རྩི་ལྔ་ལ་ལོངས་སྤྱད་པར་བྱའོ། །གང་དང་གང་དུ་རྟག་ཏུ་གནས་པ་དེ་དང་དེར་སྔོན་དུ་གནས་པ་བལྟ་བར་བྱའོ།

ས་སྦྱང་བ་ནི་གཏོར་མ་དང་མཛེས་པའི་སྟོན་མོ་དང་། ལྷ་བཤོས་སྔགས་ཀྱིས་བྱིན་གྱིས་བརླབས་ནས་ཕྱི་ནས་ངེས་པར་ས་བརྐོ་བར་བྱས་ན། དངོས་གྲུབ་གཞན་དུ་ངེས་པར་མི་འགྱུར་རོ། །ལྷ་མོས་གསོལ་པ། ཀྱཻ་བཅོམ་ལྡན་འདས་གང་དང་གང་དུ་རྟག་ཏུ་གནས་པ་དེའི་མཚན་ཉིད་ཇི་ལྟར་
ལགས། གང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བ་བསལ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དུ་གནས་པའི་མཚན་ཉིད་ནི་ཅི་བརྗོད་པའི་ངག་རུང་བ་དང་། མི་རུང་བའི་སྨན་རྣམས་ཇི་ལྟ་བར་འགྱུར་རོ། །དེ་བསྐྱང་བ་ལ་སོགས་པའི་རིག་པས་བཟའ་བ་དང་ཡོ་བྱད་
དུ་ཇི་ལྟ་བར་འགྱུར་རོ། །ངེས་པར་ལེའུ་འདིའི་དངོས་གྲུབ་ཏུ་གང་འགྱུར་བ་རྣལ་འབྱོར་པ་ཡོངས་སུ་ཚོལ་བཞིན་པས་ཉིན་པར་དང་ནུབ་མོ་མཐོང་བར་བྱ་བ་མེ་ཏོག་ཨུཏྤལ་ལ་སོགས་པ་ལྟར་རམ་གལ་ཏེ་དུ་བ་ལྟར་སེམས་ངེས་པར་བྱའོ། །ཁང་པ་སྟོང་བ་ན་བྱི་བའི་སྒྲ་ཐོས་ནས་གང་དང་གང་དུ་
ངེས་པར་གྱུར་པ་ན་དེ་ན་གཏེར་ཡོད་པར་འགྱུར་རོ། །ཡུལ་དབུས་སམ་ཐད་ཀ་ལ་ཆུ་འཛིན་པ་མཐོང་ན་གང་དང་གང་དུ་མེ་ཏོག་དོར་བ་དེ་བརྟན་པར་གྱུར་པ་དང་། དེ་ནས་གཏེར་འབྱུང་བར་འགྱུར་རོ། །ཕྱག་བཅུ་དྲུག་པའི་སྔགས་ཀྱིས་བ་ཏའི་ཤིང་ལ་ལན་བདུན་དུ་བསྔགས་ནས་གསོལ་བ་བཏབ་
ན་དེར་ངེས་པར་རྨི་ལམ་མཐོང་བར་འགྱུར་རོ། །མགོའི་སྒྲ་གང་ན་འདོན་པའི་ས་དེ་ན་གཏེར་ཡོད་པར་འགྱུར་རོ། །རྨ་བྱའི་སྒྲ་ཐོས་པའི་ས་གང་ན་གྲག་པ་དེའི་ས་ན་ནོར་བུ་ཡོད་པར་འགྱུར་རོ། །འདིས་ནི་སེམས་ཅན་གྱི་དོན་ཡོངས་སུ་རྫོགས་པར་འགྱུར་རོ། །འདི་ནི་དཔལ་ནག་པོ་ཆེན་པོའི་རྒྱུད་
ལས་ས་འོག་གི་བུག་པ་བརྟག་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྣལ་འབྱོར་པ་ཐམས་ཅད་ཀྱི་དོན་དུ་རིལ་བུའི་ལེའུ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིལ་བུ་ནི་ལུས་དང་ངག་དང་ཡིད་གཅིག་ཏུ་བྱས་པའོ། །གུ་ཞེས་བྱ་བ་ནི་ལུས་ལ་བརྟེན་པའོ། །
ཌི་ཞེས་བྱ་བ་ནི་ངག་གི་རང་བཞིན་ནོ། །ཀ་ཞེས་བྱ་བ་ནི་སེམས་སོ། །གསུམ་གཅིག་ཏུ་བྱས་པ་ནི་རིལ་བུའོ། །དབང་པོ་གཉིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི་དུས་ཀྱི་མེ་ཡིས་རབ་ཏུ་འབར་བ་གསུམ་རོ་གཅིག་པ་ནི་རིལ་བུ་སྟེ། སེམས་ཅན་རྣམས་ཀྱི་བདེ་བ་ཕུན་སུམ་ཚོགས་པའི་

རྒྱུའོ། །ལྷ་མོས་གསོལ་པ། ཀྱཻ་བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་བདེ་བ་ཕུན་སུམ་ཚོགས་པའི་རྒྱུ་ཉེ་བར་བསྟན་པར་བྱ་བའི་དོན་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟླ་བ་གཟས་ཟིན་པའི་དུས་སུ་སྨན་ཏ་ཀ་རིའི་རྩ་བ་དང་། ཨུཏྤལ་
མ་དྷི་ཀའི་རྩ་བ་དང་། དེའི་རྩ་བ་ཡོངས་སུ་བཟུང་ནས་བཞག་སྟེ། སྨིན་དྲུག་གི་ཟླ་བ་ལ་ཉི་མ་གཟས་ཟིན་པའི་དུས་སུ་ལྕགས་གསུམ་གྱིས་ལེགས་པར་ཡོངས་སུ་དཀྲིས་ནས་ཁར་བཅུག་ན་རིལ་བུའི་དངོས་གྲུབ་ཏུ་འགྱུར་རོ། །ཉིན་རེ་བཞིན་དུ་ཉི་མ་དང་པོ་ལ་བ་ཏིའི་རྩ་བ་དང་།
གཉིས་པ་ཐོག་གིས་ལྷུང་བའི་ཤིང་དང་། གསུམ་པ་ལ་ནི་རེ་ཀེ་ལ་དང་། བཞི་པ་ལ་སེ་བའི་འབྲས་བུ་དང་། ལྔ་པ་ལ་བུད་མེད་ཀྱི་ཁྲག་དང་། དྲུག་པ་ལ་དངོས་གྲུབ་མཆོག་གོ། །བཅོམ་ལྡན་འདས་ཀྱིས་རིལ་བུའི་དམ་ཚིག་སྤྱད་པའོ། །གཞན་དུ་ནི་དངོས་གྲུབ་ཏུ་མི་འགྱུར་རོ། །
རྒྱལ་གྱི་ཟླ་བའི་ནག་པོའི་ཕྱོགས་ཀྱི་བཅུ་བཞི་ལ། བི་ཌཱ་ལའི་རྩ་བ་དང་། ལཛྫ་ལུའི་མེ་ཏོག་རྣམས་གཅིག་ཏུ་བྱས་ནས་གོ་རིམས་བཞིན་དུ་ལུས་ལ་བྱུགས་ན་ཇི་ལྟར་རིགས་པར་རིལ་བུའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཛ་ལུའི་རྩ་བ་དང་། སྲོད་ཀྱི་དུས་སུ་རིལ་བུ་བྱས་ལ་དངུལ་ཆུ་
དང་བསྲེས་ལ་བྱུག་པ་བྱས་ན་མི་མཐོང་བར་འགྱུར་རོ། །ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་མི་གྲིར་ཤི་བའི་ཤ་དང་ཁྲག་བླངས་ནས་ཕྱག་དྲུག་པའི་མགོན་པོ་ནག་པོ་བསྒོམས་ལ། ཉི་མ་ཤར་བའི་དུས་སུ་བདུད་རྩིའི་རིལ་བུ་ཁར་བཅུག་ན་མི་མཐོང་བར་འགྱུར་རོ། །གཟའ་མིག་དམར་ལ་སྨན་
མ་ཧཱུ་ག་ག་ས་བོན་རང་གི་ཁུ་བ་དང་བསྲེས་ཏེ་ལྕགས་གསུམ་གྱི་ཕྱེ་མ་དང་བསྲེ་བ་བྱས་ནས། པད་ཏྲ་པི་ཤ་ཙིའི་ཁུ་བ་དང་ཡོངས་སུ་བསྲེ་བ་བྱས་པ་བྱི་བླའི་མཁྲིས་པ་དང་རིལ་བུ་བྱས་ནས་ཉི་མ་བདུན་དུ་དུར་ཁྲོད་དུ་སྦས་ཏེ། མཚན་མོའི་དུས་སུ་བླངས་ནས་ཇི་ལྟར་བགེགས་མེད་པར་བྱ་བའི་
ཕྱིར། ནག་པོ་ཆེན་པོ་ཕྱག་བཅུ་དྲུག་པའི་སྔགས་བཟླས་ལ་སྲུང་བའི་དོན་དུ་ལན་བདུན་དུ་གཏོར་མ་སྦྱིན་པར་བྱའོ། །དེས་དེར་བགེགས་ཞི་བར་འགྱུར་ཏེ། འཕོངས་སུ་བཅུག་ན་ལམ་ནས་འགྲོ་ན་ཡང་མི་མཐོང་བར་འགྱུར་རོ། །ཙ་ཏྲ་ས་ཀུ་ལ་མཉམས་པ་དང་དུར་ཁྲོད་ཀྱི་སོལ་བ་

བླངས་ནས་རང་བྱུང་སྲེག་བླུགས་ལྔ་བརྒྱ་དབུལ་བར་བྱའོ། །ཨོཾ་ཀ་རཱ་ལ་བི་ཀྃ་རཱ་ལ་མ་ཧ་ན་ད་ཧཱུྃ་གྲྀཧྞ་གྲྀཧྞ་ཀཾ་ཏྲ་གི་སྭཱ་ཧཱ། སྲེག་བླུགས་ཀྱི་སྔགས་སོ། །འདི་ནི་དངོས་གྲུབ་ཀྱི་སྔགས་ཏེ་དེའི་མིག་བཟུང་ནས་ཁར་བཅུག་ན་མི་སྣང་བར་འགྱུར་རོ། །འཛམ་བུའི་གླིང་ན་རྙེད་པར་དཀའ་བའི་
དངོས་གྲུབ་འབྱོར་པས་ངེས་པར་འགྲུབ་པར་འགྱུར་རོ། །སོ་མ་སྐྱེས་པའི་བྱིས་པའི་ལྕེ་བླངས་ལ་ཀཉྫིའི་ནང་དུ་ཉི་མ་གཅིག་བཞག །ཉི་མ་གཉིས་པ་ལ་རའི་མར་ལ་བཞག །དེ་བཏོན་ནས་ཉི་མ་གསུམ་པ་ལ་རང་འབྱུང་གི་ནང་དུ་བཞག །དེ་ནས་དེ་རིལ་བུ་བྱས་ནས་མར་ཁུ་ཆེན་པོ་དང་
བཙོས་ནས་དེ་ནས་ཉི་མ་བདུན་དངུལ་ཆུའི་ནང་དུ་བཞག་པ་དང་། ཉི་མ་ལྔ་སྦྲང་རྩིའི་ནང་དུ་བཞག །རིགས་ངན་གྱི་ཐོད་པའི་ནང་དུ་ཉི་མ་གཅིག་བཞག་པ་དེ་བླངས་པ་དང་། བྱི་ལའི་ཁྲག་བསྐུས་ནས་བསྐམས་པ་དང་། བྱ་བཟང་པོའི་ཤ་དང་ཅེ་སྤྱང་གི་ཤ་རྣམས་མཉེས་ནས་རིལ་བུ་བྱས་
པ་བཙོས་ཏེ། ཁར་བཅུག་ན་མི་སྣང་བར་གྱུར་ཏོ། །ལྷ་མོ་འདི་ནི་ཤིན་ཏུ་ངོ་མཚར་བ་རྣམས་སོ། །ཤི་ཀ་དང་། ག་པུར་དང་། དེ་བཞིན་དུ་ན་ག་རཱ་དང་། མུ་རཱ་དང་། དྲི་མ་མེད་པ་དང་། ཧཱ་རཱ་དང་། སྨྱོ་བྱེད་ཀྱི་ལོ་མའི་ཁུ་བ་རྣམས་བཏགས་ནས་རིལ་བུ་བྱས་ན་རིལ་བུའི་མཆོག་གོ། །
གཞན་ཡང་བཅུ་དྲུག་ནམ་གཅིག་ཏུ་བཞུགས་པ་ནི་ཚིལ་ཆེན་དང་། འཛོ་ཏི་ས་མའི་མར་ཁུ་དྲུག་ནམ་བཞི་བྲམ་ཟེའི་ཐོད་པར་མཉེས་པ་དང་། གིང་ཧེ་ཀའི་མར་ཁུ་དང་། སོལ་བའི་ལོ་མའི་ཁུ་བ་ལུས་ལ་བྱུགས་ན་ངེས་པར་མི་མཐོང་བར་འགྱུར་རོ། །བལ་པོའི་ཟངས་ཀྱི་སྣོད་དུ་
བའི་མར་བསྐོལ་བ་དང་ཚིལ་ཆེན་བྲཧྨ་ཀཱ་པ་ལའི་ནང་དུ་གླིང་དཀར་པོ་ལ་སྡོང་བུ་བྱས་ནས་བླངས་པ་དང་ཛན་དུ་པི་ཤ་ཙིའི་ཁུ་བ་དང་། བསྲེས་པས་མིག་སྨན་དང་ཐིག་ལེ་བྱས་ན་ཡང་མི་མཐོང་བར་འགྱུར་རོ། །ཀྱཻ་བཅོམ་ལྡན་འདས་ཁྱོད་ཀྱིས་འཛམ་བུའི་གླིང་པའི་སེམས་ཅན་རྣམས་
ཀྱི་དོན་དུ་གསུངས་པ། ངས་ཀྱང་རིལ་བུ་ཅུང་ཞིག་བཤད་པར་བྱའོ། །སྔགས་ཀྱི་ལེའུ་ཡིས་སྔགས་བརྗོད་པ་དེའི་སྔགས་ལན་བདུན་བཟླས་པས་གསོལ་བ་བཏབ་ན་རིལ་བུའི་དངོས་གྲུབ་མཆོག་ཏུ་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །ཐམས་ཅད་དུ་ཡོངས་སུ་རྫོགས་པར་བྱས་

ན་རབ་ཏུ་འགྲུབ་པར་འགྱུར་རོ། །སྣ་ཚོགས་ཡོངས་སུ་བརྗོད་པས་འགྲུབ་པར་འགྱུར་རོ། །དང་པོ་ནི་སུ་ཌ་རའི་འདབ་མ་ཕྱེ་མར་བྱས་ནས་སེ་ད་ཀ་ཎྜ་ཕྱེ་མ་དང་ལུག་གི་གཅིན་དང་མི་ཤ་དང་ཆ་མཉམ་པོར་བྱས་ནས་རབ་ཏུ་བཏགས་ཏེ་རིལ་བུ་བྱས་ནས་མིད་ན་མི་མཐོང་བར་
འགྱུར་རོ། །ཇི་ལྟར་མཐོང་བར་འདོད་ན་ཀན་ཛི་འཐུངས་ན་དེ་ལྟར་མཐོང་བར་འགྱུར་རོ། །རྒྱུ་སྐར་ནག་པ་ལ་པ་ཊའི་རྩ་བ་བཏོན་ནས་རྒྱུ་སྐར་བྲ་ཉེ་ལ་ཏ་ཀ་རའི་རྩ་བ་དང་། ཁྲུམས་སྟོད་ལ་ལུང་ཐང་གི་རྩ་བ་དང་། རྒྱུ་སྐར་མགོ་ལ་ཀུན་དའི་རྩ་བ་དང་། ཚེས་ལྔ་ལ་མཉམ་པོར་བྱས་
ཏེ་བཏགས་ན་ནམ་མཁའི་ཆུ་དང་མཉེས་ནས་རིམ་གྱིས་རིལ་བུ་བྱས་ཏེ། ལྷ་མོའི་སྔགས་བརྗོད་ན་མི་མཐོང་བར་འགྱུར་རོ། །རྟག་པར་བྱས་ཏེ་ཇི་སྲིད་དུ་འོ་མ་ནག་པོར་སོང་སོང་གི་བར་དུ་བཞག་ན་འགྲུབ་པར་འགྱུར་རོ། །འོ་མ་ནག་པོར་མི་འགྱུར་ན་རིགས་ལྔས་བསྒྲུབ་ཅིང་
བྲམ་ཟེ་ལ་ཟན་དང་ཞོ་སྦྱིན་པ་དང་། མཁན་པོ་ལ་ཆང་བྱིན་ན་འགྲུབ་པར་འགྱུར་རོ། །ཤུ་དག་དང་། རུ་རྟ་དང་། པི་པི་ལིང་དང་། ལྒ་སྐྱ་དང་། ཨ་རུ་ར་དང་། སྐྱུ་རུ་ར་དང་། ནིམ་ཕ་དང་། སོ་ཤིང་གི་རྩ་བ་དང་། ལུང་ཐང་རྣམས་ཆུ་བྱའི་ཤ་དང་། སྲིན་བྱའི་ཤ་དང་། མིའི་འབྲས་
བུ་རྣམས་བཏགས་ན་ཀན་ཛི་ནའི་ནང་དུ་ཉི་མ་བདུན་དུ་རའི་མར་དང་སྟབས་གཅིག་བཞག་ན་མི་མཐོང་བར་འགྱུར་རོ། །ཇི་ལྟར་མཐོང་བར་འདོད་ན་ཀན་ཛི་འཐུངས་ན་དེ་ལྟར་མཐོང་བར་འགྱུར་རོ། །པད་མའི་ཟེ་འབྲུའི་རྡུལ་དང་། གྲོག་མཁར་དང་། ལང་ཀའི་སྟེང་གི་ས་རྣམས་གཅིག་
ཏུ་བྱས་ཏེ་རིལ་བུ་བྱས་ནས་རྣམ་སྣང་གི་ལམ་དུ་བཅུག་ན་མི་སྣང་བར་འགྱུར་རོ། །དེ་གལ་ཏེ་མ་གྲུབ་ན་དེས་མཚམས་མེད་པ་ལྔའི་ལས་བྱས་པར་འགྱུར་རོ། །རང་གི་དབང་པོ་ལྔ་ཇི་ལྟར་འགྱུར་བ་རིགས་ལྔ་ལ་ཡང་དང་ཡང་དུ་གནས་པར་བྱའོ། །རིགས་ལྔ་བཟུང་ནས་
ལྕགས་གསུམ་གྱིས་དཀྲིས་པ་དང་། དུར་ཁྲོད་དུ་ཕྱིན་ལ་ཕྱག་རྒྱ་མ་བཟུང་སྟེ་ཞལ་ནས་སྔགས་ཟློས་ཤིང་ནམ་མཁའ་ལ་སྒྲ་འབྱུང་བ་ཐོས་པ་དང་ཁྱིམ་དུ་ལོག་ནས་མིག་སྨན་བྱས་ན་དེ་ནས་མི་མཐོང་བར་འགྱུར་རོ། །ནིམ་པ་རློན་པ་བཟུང་སྟེ་ལུས་ལ་བྱུགས་ནས་གཟའ་ཉི་མ་ལ་སུ་མ་

ཀ་ཏ་ལག་པ་གཡོན་པས་ལུས་ལ་བྱུགས་ཏེ་ཚེས་བརྒྱད་ལ་མིའི་མར་ཁུས་ལུས་ལ་བྱུགས་ནས་རིམ་པ་ཇི་ལྟ་བ་བཞིན་དུ་བྱས་ན་མི་སྣང་བར་འགྱུར་རོ། །གཟའ་མིག་དམར་ལ་སེམས་ཅན་དུ་མ་ནི་ཀ་བཟུང་སྟེ། གཟའ་ལག་པ་ལ་རིན་པོ་ཆེའི་རལ་གྲི་བཟུང་ནས་ཀླུ་ལྷག་མ་ཅན་
གྱི་ལྕེ་བཅད་ནས་བཟུང་བ་དེ། དང་པོ་གསེར་གྱི་སྣོད་དུ་བཅུག་ནས་ཕྱི་ནས་བཏོན་ཏེ། དེ་བཞིན་དུ་ཕྱི་རོལ་ནས་ཟངས་མ་དེ་བཞིན་དུ་ལྕགས་གསུམ་གྱིས་དཀྲིས་ནས་ཁར་བཅུག་ན་མི་མཐོང་བར་འགྱུར་རོ། །སྨན་འཛག་བྱེད་ཀྱི་རྩ་བ་ལ་གསོལ་བ་བཏབ་ནས་སྐུད་པས་བཅིངས་ཏེ་ཉི་མ་
བཟང་པོ་ལ་བླངས་ནས་སེན་དྷ་བ་དང་། ཚིལ་ཆེན་དང་ལྷན་ཅིག་ཏུ་བཙོས་ཏེ་ཟོས་ན་མི་མཐོང་བར་འགྱུར་རོ། །ལྷ་མོའི་སྔགས་ལན་བདུན་སྨན་ཛ་ཡན་ཏིའི་ལོ་མ་ལ་བཟླས་ནས་ཀན་ཛིའི་ནང་དུ་ཉི་མ་གཅིག་བཅུག་ནས་བཏོན་ཏེ། ནིམ་པའི་ཤིང་གི་ནང་དུ་སྦས་ནས། དེ་ཉིད་
ལས་དེ་བཞིན་དུ་བླངས་ནས་བ་ཏ་པའི་ཤིང་དེ་ལ་དེ་བཞིན་དུ་གཞུག །ཕྱི་ནས་སྨལ་པོའི་ཟླ་བ་ནག་པོའི་ཕྱོགས་ཀྱི་བཅུ་གསུམ་ལ་བཏགས་ནས་ལུས་ལ་བྱུགས་ན་མི་མཐོང་བར་འགྱུར་རོ། ཇི་སྲིད་དུ་ལོ་གཅིག་ཏུ་ཡང་དེ་བཞིན་ནོ། །ལྷ་མོའི་རིལ་བུ་ཆེན་པོ་ནི་མེ་ཏོག་
བདུན་གྱི་སུལ་དང་། ན་རི་ཀེ་ལའི་མེ་ཏོག་དང་། སྨན་ཀ་ཏ་ཀ་པ་ཏྲ་དང་། ས་མ་ཡ་གོ་ལ་དག་དང་། ནཱ་ག་པུཥྤ་དང་། པིན་ཏ་དྷ་ཀ་རའི་རྩ་བ་དང་། །ཏྲི་པུ་ར་དང་། དྷ་དུ་རའི་རྩ་བ་དང་། འབྲས་བུ་གསུམ་རྣམས་ལ་རིལ་བུ་ཉི་ཤུ་རྩ་གཅིག་ལུང་ཐང་གི་ལྔ་ཆ་ཙམ་མོ། །
པིན་ཏ་དྷ་ཀ་ར་དང་། རང་བྱུང་དང་། དེ་བརྟ་ནཱ་ར་དང་། རིལ་བུ་ཉི་ཤུ་རྩ་གཅིག་དང་། ནག་པོ་ཆེན་པོའི་འབྲས་བུ་རིལ་བུ་ཉི་ཤུ་རྩ་གཅིག་དང་མཉམ་པའོ། །དེ་རྣམས་བཏགས་ནས་སྦྲང་རྩི་དང་རིལ་བུ་ལྔ་བྱས་ནས་དང་པོ་རིལ་བུ་གཅིག་ཁར་གཞུག །གཉིས་པ་རྣམ་པར་
སྣང་མཛད་ཀྱི་ལམ་དུ། གསུམ་པ་དང་། བཞི་པ་ལག་པ་གཡས་གཡོན་གཉིས་རེ་རེའོ། །ལྔ་པ་ནི་དཔྲལ་བར་ཐིག་ལེ་བྱའོ། །ངེས་པར་མི་སྣང་བར་འགྱུར་རོ། །དེ་ནས་ཡང་གཟའ་མིག་དམར་ནག་པོ་ཕྱོགས་ཀྱི་བཅུ་གཉིས་ལ་སུ་ར་བི་ཙའི་རྩ་བ་བཟུང་ནས་ཚིལ་ཆེན་

དང་བཙོས་ཏེ། དེ་ནས་མུ་རུ་མུ་རི་གའི་ཁུ་བ་དང་། སྨན་བྷ་གི་ནིའི་ཁུ་བ་ལ་རིལ་བུ་བྱས་ཏེ། ལྷ་མོའི་སྔགས་བདུན་བཟླས་ཏེ་རིལ་བུ་བྱས་ནས་རྣམ་སྣང་དུ་བཅུག་ན་མི་སྣང་བར་འགྱུར་རོ། །ཉི་མ་བདུན་དུ་ལྷ་མོའི་སྔགས་བཟླས་ནས་སྔགས་པས་གྷོ་དྷ་ཟོས་ནས་ཆང་
འཐུངས་ན་ཐམས་ཅད་མཐོང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་དངོས་གྲུབ་ཐམས་ཅད་ཀྱི་མཐུ་ཁྱོད་ཀྱིས་བརྗོད་པས་ཇི་ལྟ་བར་དེ་ཁོ་ན་ཉིད་སྟོན་པར་བྱེད་དོ། །དེའི་ཕྱིར་ནུས་པ་གང་དང་གང་བྱེད་པ་ཇི་ལྟ་བའི་དངོས་གྲུབ་ཐམས་ཅད་ཀྱི་འཕྲུལ་པའོ། །ལྷ་
མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་དོན་དུ་ཇི་ལྟ་བ་བཞིན་དུ་བསྟན་དུ་གསོལ། འདི་ནི་དཔལ་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་ལྷ་མོས་ཞུས་པ་དང་ལན་ལས་རིལ་བུའི་ལེའུ་སྟེ་དགུ་པའོ།། །།དེ་ནས་
ཡང་དག་པར་བཤད་པར་བྱ་སྟེ་སེམས་ཀྱིས་བསམ་གྱིས་མི་ཁྱབ་པའི་རྐང་མགྱོགས་ཀྱི་མཚན་ཉིད་སྣ་ཚོགས་པ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་མགྱོགས་ལ་ཕྱག་བཅུ་གཉིས་པའི་སྔགས་འབུམ་ཕྲག་ལྔ་བཟླས་ན་མཆོག་ཏུ་འགྲུབ་པའོ། །ཉི་མ་དང་
པོའི་དུས་སུ། དངུལ་ཆུ་དང་། རང་འབྱུང་དང་། པ་ལ་ཤའི་རྩ་བའི་ཁུ་བ་དང་། ཤ་དུ་རི་བཏགས་ནས་རྔ་མོའི་ཆུ་ཡིས་འདེ་གུ་བྱས་ཏེ། རྐང་པ་ལ་བྱུགས་ན་བར་སྣང་ལ་འགྲོ་བར་འགྱུར་རོ། །ཟླ་བའི་ཆུ་ཡིས་ཡོངས་སུ་བྱེད་པ་དང་ཡང་དག་པར་ལྡན་པས་དངོས་གྲུབ་བརྒྱད་པ་དང་
མཉམ་པ་རི་ཀ་ན་བ་སུ་དང་ལྡན་པས། སྨན་དྷ་ན་ཆ་ལྔས་ལྷག་པ་རྐང་པ་ལ་བྱུགས་པ་ཙམ་གྱིས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ཇི་ལྟར་གཟའ་ཡིས་ཟིན་པ་ན་དེ་ནས་དེ་ཉིད་དུ་འབུམ་ཕྲག་གཅིག་གི་ནང་ནས་གཅིག་བླངས་པ་ལ་སྔགས་དེ་ཉིད་ཇི་སྙེད་གྲོལ་གྲོལ་གྱི་བར་དུ་བྱ།
སྦྲང་རྩི་རྐང་པ་ལ་བྱུགས་ན་ངེས་པར་བར་སྣང་ལ་འགྲོ་བར་འགྱུར་རོ། །དམ་ཚིག་ཅན་གྱིས་བསྟེན་པ་ན་བཅོམ་ལྡན་འདས་ཀྱིས་དངོས་གྲུབ་མཉམ་པ་མེད་པ་བདག་ལ་སྩོལ་བའོ། །དེ་ནས་ཡང་ཉི་མ་གཟས་ཟིན་པ་ལ་སེན་དྷ་བ་དང་། ལན་ཚྭ་དང་། གོ་ཊ་བྱས་པ་ཡོངས་སུ་

བསྡུས་ནས་ཕྱག་བཅུ་དྲུག་པའི་སྔགས་ལན་བདུན་དུ་བཟླས་ནས་རྐང་པ་ལ་བྱུགས་ན་བར་སྣང་ལ་འགྲོ་བར་འགྱུར་རོ། །དང་པོའི་བུད་མེད་ཀྱི་རྡུལ་དང་། སི་ཧླ་དང་། ཆུ་དྲོན་གཅིག་ཏུ་བྱས་ནས་སྔར་གསུངས་པའི་སྔགས་ཀྱིས། ཡིད་སྤྲོ་བས་སྦྱངས་པར་གྱུར་ན་དངོས་གྲུབ་
ཏུ་འགྱུར་བ་ནི་མཚན་མོ་ཀུན་ལ་རིམ་པ་བཞིན་དུ་འཆག་པར་འགྱུར་རོ། །སྨན་པཎྜི་གོ་ལ་ཀ་དང་། ལྒ་དང་། ཨ་རུ་ར་དང་། བ་ལ་ཏ་ཀི་དང་མཉམ་པར་བསྲེས་ནས་རྐང་པ་གཉིས་ལ་བྱུགས་ན་བར་སྣང་ལ་འགྲོ་བར་འགྱུར་རོ། །གལ་ཏེ་མ་གྲུབ་ན་དེ་ཡིས་མཚམས་མེད་
པ་ལྔའི་ལས་བྱས་པར་འགྱུར་བའོ། །ཇི་ལྟར་མར་དང་དེ་བཞིན་ནོ། །མེ་ཏོག་ཉི་ཤུ་རྩ་ལྔའམ། ཀུན་དྷའི་མེ་ཏོག་དང་ཚིལ་ཆེན་བསྲེས་ནས་སྦྱིན་བསྲེག་བྱ་བ་ནི། ཨོཾ་དྷ་མུ་དྷ་མུ་ཀྵ་མུ་ཀྵ་སྭཱ་ཧཱ། དེ་ནས་སྔགས་འདི་ཉིད་དང་། ཀླུ་འདུལ་བའི་མེ་ཏོག་དང་། མི་སྐམ་པའི་
མེ་ཏོག་དང་། བ་སེར་སྐྱའི་ཞག་དང་། མིའི་ཞག་དང་མཉེས་ནས་རྐང་པ་ལ་བྱུགས་ན། དེ་ཡང་མེ་ཏོག་རེ་རེའམ་ཐམས་ཅད་ཀྱིས་བར་སྣང་ལ་འགྲོ་བར་འགྱུར་རོ། །ཨོཾ་མ་ཎི་དྷཱ་རི་ཎི། མ་ཧཱ་ཀཱ་ལི་ནི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ན་ཧ་ན། གྷཱ་ཏ་ཡ་གྷཱ་ཏ་ཡ། ཙ་ལ་ཙ་ལ། ཧུྃ་ཧྲིཿཧྲིཿཧཿ།
སྔགས་འདི་ལན་བརྒྱ་བཟླས་པ་དང་ལྡན་པས། སྨན་ཤི་ལ་པ་ཏ་ཀ་རྐང་པ་ལ་བྱུགས་ན་བར་སྣང་ལ་འགྲོ་བར་འགྱུར་རོ། །ས་བླ་རུ་འགྲོ་བར་འདོད་པའི་མིས་སྨན་པ་ལ་ཀིའི་རྩ་བ་དང་། བ་ལང་གི་ལྕེའི་རྩ་བ་དང་། སྨན་ཀུན་སུ་མ་དང་། ཨ་རུ་རའི་རྩ་བ་དང་། ཡུང་བ་དང་འདི་
རྣམས་སུ་མ་འགྱུར་དུ་བྱས་ནས་གླང་པོ་ཆེའི་ཆང་དང་། ལྷན་ཅིག་རྡོ་ཀྱོང་སེར་པོར་རབ་ཏུ་མཉེས་ནས་སྦྲང་དང་ལྷན་ཅིག་རྐང་པ་ལ་བྱུགས་ན་ངེས་པར་ས་བླ་ལ་འཕྱོ་བར་འགྱུར་རོ། །དེ་ནས་ལྷ་མོས་གསོལ་པ། སྦྱོར་བ་ལྔ་ཇི་ལྟར་འགྱུར་བ་རབ་ཏུ་བཤད་དུ་གསོལ། །ད་ནི་ཡང་དག་
པར་རབ་ཏུ་སྦྱིན་པས་འགྲུབ་པ། དང་པོ་ལ་སྨན་སེ་བྷིའི་ཁུ་བ་བླངས་ནས། ཉི་མ་གཉིས་པ་དང་། གསུམ་པ་ལ་བ་རུའི་ཆུ་དང་། བཞི་པ་ལ་ས་ཧོར་གྱི་འབྲས་བུ་ལྔ་དང་། ལྔ་པ་ལ་ཤིང་བ་ཏའི་འདབ་མ་རྣམས་ལ་རའི་ཆུས་བླུགས་ལ་ཉི་མ་ལྔ་བཞག་ལ་མ་ཧེའི་འོ་མ་ལ་ཉི་མ་

ལྔ་སྦང་། རྔ་མོའི་ཆུ་ལ་ཉི་མ་ལྔ་སྦང་། དེ་རྡོ་ཀྱོང་སེར་པོར་སི་སི་རི་དང་བཏགས་ཏེ། དངུལ་ཆུ་དང་གཉིས་སྦྱར་ནས་དེའི་རྗེས་ལ་མཆོད་སྦྱིན་གྱི་ཤིང་དང་ལྷན་ཅིག་ཏུ་རིལ་བུ་བྱས་ནས་ཉ་ཕྱིས་ཀྱི་ནང་དུ་རང་གི་ཁུ་བ་དང་གཉིས་མཉེས་ནས་རྐང་པ་ལ་བྱུགས་ན་ངེས་
པར་བར་སྣང་ལ་འགྲོ་བར་འགྱུར་རོ། །ཟླ་འཛིན་གྱི་ཆུ་དང་སྨན་ནཱ་ག་དྷ་མན་དང་། ཕ་ནི་ཀི་ར་ཎའི་འདབ་མ་གཉིས་ཤི་ལ་པཏྟའི་ཁུ་བ་དང་། སུ་གན་དྷ་ཏི་ཀ་ཏ་ཆེན་པོ་དང་། སྒྲ་སྙན་གྱི་སྨན་དང་། ཧྲི་རནནྱ་པ་རི་ག་དང་། སུ་ག་ཏྲ་མུ་ཏྲ་མུ་ཁི་འདི་རྣམས་ཐམས་ཅད་གཅིག་ཏུ་
བསྡུས་ནས་ཡུངས་ཀར་གྱི་མར་ལ་སྦགས་ཏེ། ཡན་ལག་ཐམས་ཅད་ལ་བྱུགས་ན་ཐུན་ཚོད་གཅིག་ལ་བར་སྣང་ལ་འགྲོ་བར་འགྱུར་རོ། །གལ་ཏེ་ཟླ་བ་གཟས་ཟིན་པའི་དུས་སུ་མ་གྲུབ་ན་རྒྱལ་གྱི་ཟླ་བའི་དཀར་པོ་ཕྱོགས་ཀྱི་ཚེས་ལྔ་ལ་བྱི་ལ་ནག་པོའི་མཁྲིས་པ་བླངས་ནས་དེའི་
རྗེས་ལ་ཚེས་བདུན་ལ་རྨ་བྱའི་མཁྲིས་པ་དང་། ཟླ་བ་དང་། ལུག་གི་ཁྲག་དང་བཅས་པས་རྐང་པ་གཉིས་ཀྱི་མཐེ་བོང་ལ་བྱུགས་ན་ཐུན་གཅིག་གིས་བར་སྣང་ལ་འགྲོ་བར་འགྱུར་རོ། །གལ་ཏེ་མ་གྱུར་ན་བསྒོམ་དོན་དུ་གཉེར་བའི་སྐྱེས་བུས་དེ་ནས་ཆོས་ཐམས་ཅད་ཉམས་པར་
བྱས་པའོ། །བདག་ཉིད་ཀྱིས་སྨྲས་པ་བསླུས་པའོ། །སྨན་སོ་ཀ་རའི་རྩ་བ་དང་། སྨན་ས་བ་ད་ལི་བླངས་ནས་བ་ལང་གི་ཤ་དང་བཏགས་ནས་རྐང་པ་ལ་བྱུགས་ན་དེ་ནས་སུ་ར་སི་ར་ཡིས་བཀྲུས་ན་ངེས་པར་བར་སྣང་ལ་འགྲོ་བར་འགྱུར་རོ། །སྨན་ན་མ་ས་དང་། དབུ་
རྩ་བ་དང་། ས་ཤ་མ་རན་དང་། སུ་ཀ་ཏ་དང་། ཨེ་རན་ཏ་དང་། ས་ཐོ་ཏ་ཀ་རྣམས་ལྕགས་གསུམ་དང་། ཨིནྡ་རོ་དང་། དཔལ་འབྲས་ཀྱི་ས་བོན་དང་། བ་ཏ་བའི་ས་བོན་དང་། ནིམ་པའི་ས་བོན་དང་། ས་ཏ་ནིའི་རྩ་བ་དང་། ལོ་མ་དང་། དེ་རྣམས་གཅིག་ཏུ་
བཏགས་ནས་རྐང་པ་ལ་བྱུགས་ན་བར་སྣང་ལ་འགྲོ་བར་འགྱུར་རོ། །གལ་ཏེ་མ་གྲུབ་ན་སྒྲུབ་པ་པོས་མཚམས་མེད་པ་ལྔའི་ལས་བྱས་པར་འགྱུར་རོ། །ཁྱོད་ཀྱིས་ཆོས་ཐམས་ཅད་རྒྱུད་ལ་ཆགས་པ་ཉམས་པར་བྱས་པས་སོ། །དེའི་ཚེ་ང་ཡིས་རྫུན་སྨྲས་ཤིང་བསླུས་

པར་གྱུར་པའོ། །དེ་ནས་ཡང་རིའི་རྩེ་ལ་རབ་ཏུ་གནས་ཏེ། ལྷ་མོའི་སྔགས་ལན་བདུན་བརྗོད་དོ། །ལྡོང་རོས་ཀྱི་ཕྱེ་མ་དང་། ཀེ་ན་དུའི་ལོ་མ་དང་། ཛཱ་ཏིའི་ལོ་མ་དང་། ས་བོན་རབ་ཏུ་མཉེས་ཏེ་བཀྲུས་ནས་འདི་རྣམས་ཀྱིས་རྐང་པ་ལ་བྱུགས་ན་བར་སྣང་ལ་འགྲོ་བར་
འགྱུར་རོ། །དེ་ནས་ཡང་རྩ་བ་བདུན་པའི་ཁུ་བ་དང་། ཟླ་བའི་ཆུའི་འགུ་ལི་ཀ་རྐང་པ་ལ་བྱུགས་ན་ངེས་པར་བར་སྣང་ལ་འགྲོ་བར་འགྱུར་རོ། །གང་དེ་ཁོ་ན་ཉིད་ཤེས་པའི་མི་དེ་དང་དེའི་རྒྱུ་ཉེ་བར་མཚུངས་པ་ལ་དངོས་གྲུབ་སྣ་ཚོགས་མཆོག་ཏུ་སྟེར་བ་འདི་བྲིས་པའོ། །སྐྱེས་
བུ་དེ་ཉིད་གླུ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པས་སོ། །འདི་ནི་དཔལ་ནག་པོ་ཆེན་པོའི་རྒྱུད་ལས་རྐང་བྱུག་གི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཆོས་ཐམས་ཅད་ཀྱི་མཐུ་བཤད་པར་བྱ་སྟེ། ལྷ་མོས་གསོལ་པ། ཆོས་རྣམས་ཐམས་ཅད་ནི་ནམ་མཁའ་བཞིན་ན་དེ་ཉིད་དེ་
ལྟར་རྒྱ་མཚོ་ལ་བྱའི་རྒྱལ་པོ་ངང་པ་སྤྱོད་པ་བཞིན་སྐྱེའམ། དངོས་གྲུབ་གང་གི་རང་བཞིན་རང་གི་ལྷའི་གཟུགས་ཀྱིས་གནས་པས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱཻ་ལྷ་མོ་གཞན་དུ་ན་སྐད་ཅིག་ཙམ་སེམས་ཡོད་པ་དང་། སེམས་མེད་པར་གནས་པས་དངོས་
གྲུབ་དཀར་པོ་འདོད་པ་རྣམས་ལ། འོད་ཟེར་དཀར་པོ་དང་ལྡན་པས་དྲི་མ་མེད་པའི་དངོས་གྲུབ་འདོད་པ་སྟེར་བས་ཉི་མ་དང་པོ་ལ་གོམས་ཤིང་གོམས་པའི་དུས་སུ་ཡང་དང་ཡང་དུ་གནས་པས་བརྟན་པར་བྱ་སྟེ། ཇི་ལྟར་བདེ་བའི་དོན་དུའོ། །ལྷ་མོས་གསོལ་པ། ཀྱཻ་བཅོམ་
ལྡན་འདས་སྐད་ཅིག་གིས་སེམས་ཡོད་པར་ཡོངས་སུ་འཁྲུལ་པའི་མི་ཡིས་དེ་ལྟར་རིགས་ལྔ་ལ་སོགས་པ་ལ་སྤྱད་པས་འགྲུབ་པར་ཇི་ལྟར་རིགས། ཁམས་རྣམས་བསྲུང་བ་ནི་སྔགས་གཅིག་གིས་ཇི་ལྟར་རིགས། འདིས་ནི་དངོས་གྲུབ་ཆེན་པོ་མཐར་ཐུག་པ་དངོས་གྲུབ་ཀྱི་
འབྲས་བུ་ཡོངས་སུ་འགྲུབ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱཻ་ལྷ་མོ་གང་ཁྱོད་ཀྱིས་སྨྲས་པ་ལ་དགོས་པ་ཅི་ཡོད། དངོས་གྲུབ་ཐམས་ཅད་ངེས་པར་གྱུར་པ་སྒོམ་པ་ཆེན་པོ་གོམས་པ་ནི་རྐང་མགྱོགས་སོ། །སྦྱོར་བ་ཆེན་པོ་འདུས་པ་ནི་

རིལ་བུའོ། །དམ་ཚིག་གི་ཆོས་ཀྱི་མཚན་ཉིད་ནི་མིག་སྨན་ནོ། །མཆོག་གི་གནས་ཡང་དག་སྦྱོར་བ་ནི་རལ་གྲིའོ། །ཇི་སྲིད་རྟོག་པ་མེད་པའི་བར་དང་ཡོད་པར་སྨྲ་བ་མཆོག་ཏུ་ཞི་བ་མ་ཡིན་ཏེ་དེས་ན་འཁྲུལ་པའོ། །དྲི་མ་མེད་པའི་སྔགས་ཀྱིས་ངེས་
པར་དངོས་གྲུབ་ཏུ་འགྱུར་རོ། །མཆོག་ཏུ་དགའ་བའི་གོ་འཕང་བཅུད་ཀྱི་དངོས་གྲུབ་མིས་དོན་དུ་གཉེར་བས་ལྷག་མ་མཁའ་སྤྱོད་དང་ས་སྤྱོད་ལ་སོགས་པར་ཡང་འགྱུར་བས་སོ། །ཚེ་རིང་པོའང་རབ་ཏུ་འགྲུབ་པའོ། །ལེའུ་འདིའི་སྒོམ་པ་དོན་དུ་གཉེར་བས་རྒྱལ་
པོར་འགྱུར་རོ། །རྩ་རྣམས་ཐམས་ཅད་ཀྱི་ནང་ནས་ནི་རྒྱལ་པོ་ཨ་བ་དྷཱུ་ཏཱིའི་རྩའོ། །ལྷ་མོས་གསོལ་པ། ཀྱཻ་བཅོམ་ལྡན་འདས་ཐམས་ཅད་ཟོས་ནས་དེ་ཁོ་ན་ཉིད་ཀྱི་རྗེས་སུ་འབྲངས་ནས་ཉེ་བར་དམིགས་པས་ཇི་ལྟར་དངོས་གྲུབ་འཐོབ། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ལྷ་མོ་གཉིས་ཀ་ལ་མཉམ་པར་འདུས་པ་ལས་ཇི་ལྟ་བའི་བདེ་བ་ཐོབ་པའི་རྒྱུ་ཉེ་བར་བསྟན་པར་བྱའོ། །དབང་པོ་གཉིས་མཉམ་པར་སྦྱོར་བའི་ཀུན་དུ་རུ་ལས་ཀུན་དུ་རུ་མཚོན་པ་ལས་གཞན་དུ་ནི་མ་ཡིན་ནོ། །གང་གི་སེམས་མཉམ་པར་གཞག་པ་ལས་
དེ་ལ་བདེ་བ་སྟེར་བར་འགྱུར་རོ། །ཕྱག་བཅུ་དྲུག་པ་ལ་གོམས་པས་དབང་བསྐུར་བ་མཚོན་པའི་རྣལ་འབྱོར་པ་དེས་རྒྱུད་ཀྱི་རྒྱལ་པོ་བྲི་བར་བྱ་བ་དང་། རིགས་ལྔ་ལ་ཆགས་པ་དང་ལྡན་པས་སོ། །ཇི་ལྟར་བརྗོད་པ་རྣམས་ལ་ཐེ་ཚོམ་བྱས་ན་མགོ་ཨརྫ་ཀའི་དོག་པ་
བཞིན་གྱེས་པ་འབྱུང་བ་དང་། ནད་མང་བ་དང་། ཚེ་ཐུང་བ་དང་། མི་མཐོང་བར་འགྱུར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་ལྷ་མོ་མཐུ་ཡིས་བརྒྱན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་འདི་ཉིད་དུ་མིག་སྨན་གྱི་ལེའུ་བཤད་པར་
བྱ་སྟེ། མིག་སྨན་ནི་རྡོ་རྗེ་དང་པད་མ་མཉམ་པར་སྦྱོར་བ་ལས་རོ་གཅིག་པར་བརྗོད་པའོ། །ཕྱི་རོལ་གྱི་མིག་སྨན་ནི་མཁའ་སྤྱོད་ཀྱི་བྱ་རྒོད་བཞིན་ནོ། །ནག་པོའི་བརྒྱད་ལ་བྱི་བའི་རུས་པ་ཡང་དག་པར་བཟུང་ནས། མ་ལི་ཀའི་སྣོད་དུ་གཟའ་ཉི་མ་ལ་ཨ་ས་མི་ནི་བྱས་ནས་

དར་ལིང་ལ་སྡོང་བུ་བྱས་ཏེ། དེའི་རྗེས་སུ་ཁྱིའི་ཞག་དང་། བྲམ་ཟེའི་ཐོད་པར་མིག་སྨན་ཕབ་ནས་མིག་གཉིས་ལ་བསྐུས་ན་ཕོ་རོག་གི་མིག་བཞིན་ནམ་མཁའ་ལ་རྒྱུ་བའོ། །དེ་ནས་ཡང་ལྕགས་ཀྱུ་མཆོག་གིས་རིལ་བུ་གཉིས་བྱས་ཏེ། རབ་ཏུ་བཟུང་ནས་གཟའ་མིག་
དམར་ལ་ཟོས་ནས་གླང་ནག་པོ་བཟུང་ནས་གང་བཞག་པ་དེ་ལ་ཇི་སྲིད་དུ་བསྣུན་ནས། གླང་སྐད་ཕྱུང་བ་དང་། དེ་ནས་བདག་ཉིད་ཞོན་ནས་བཟའ་བ་ཟོས་ན་ཡང་ཐོ་རངས་ཀྱི་དུས་སུ་ཕྱག་བཅུ་དྲུག་པའི་སྔགས་ལན་བདུན་བཟླས་ནས་མིག་ལ་བྱུགས་ན་གླང་ལས་རྣམ་པར་གྲོལ་
ནས་ངེས་པར་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །རིགས་ལ་ཡང་དག་པར་གནས་པ། ནག་པོའི་ཕྱོགས་ཀྱི་བཅུ་བཞི་ལ་རིམ་པས་དྲི་པུ་གན་དྷ། ནཱ་ག་ར་ག་ཏ་དང་། གུར་གུམ་དང་། གླ་རྩི་དང་། ཙནྡན་དང་། ཙམ་བུ་ལི་ཀ་དང་། སི་ཧླ་ཀའི་བར་ཐམས་
ཅད་རྡོ་གཏུན་གྱི་སྟེང་དུ་མཉེས་ནས་རིལ་བུ་བྱས་ཏེ་སྦྲང་རྩི་དང་བཅས་པས་མིག་སྨན་བྱས་ན་སྤྲིན་བཞིན་དུ་ཐམས་ཅད་དུ་འཁོར་བར་འགྱུར་རོ། །དེ་ནས་ཡང་དག་པར་བཤད་པར་བྱ་སྟེ། རྣལ་འབྱོར་པའི་སྙིང་ག་དང་མགྲིན་པའི་རྣལ་འབྱོར་པའི་ངོ་མཚར་བ་ནག་པོ་
ཆེན་པོ་ལ་གུས་པ་གང་རྣལ་འབྱོར་པ་སྣ་རིང་བར་ངེས་པ་དེ་མིག་སྨན་ནོ། །ཐ་མ་དང་འབྲིང་གི་སེམས་ཅན་འདི་ནི་དེའི་དངོས་གྲུབ་མཆོག་ཏུ་འགྱུར་རོ། །ལྷ་མོས་གསོལ་པ། སྨན་ཤ་བ་རིའི་རྩ་བ་དང་སྦྲང་བུ་བཏགས་ཏེ་སྦྱར་ནས་མིག་གཉིས་ལ་བསྐུས་ན་དངོས་གྲུབ་གྲུབ་པར་
འགྱུར་བ་ནི་སྤྲིན་བཞིན་དུ་ནམ་མཁའ་ལ་འཕྱོ་ཞིང་ཇི་ལྟ་བ་བཞིན་བསྐྱོད་པར་འགྱུར་རོ། །དེ་ནས་གཟའ་པ་བ་སངས་ལ་སྨྱོ་བྱེད་ཀྱི་རྩ་བ་བླངས་ལ་གཟའ་སྤེན་པ་ལ་སྨན་ཉི་དགའ་བླངས་པ་དང་། གཟའ་ཉི་མ་ལ་ཛ་ཡན་ཏིའི་རྩ་བ་བླངས་པ་དང་། གཟའ་ཟླ་བ་ལ་བྱི་ལ་
ནག་པོའི་མཁྲིས་པ་བླངས་པ་རྡོ་ཀྱོང་སེར་པོ་རུ་སྦྲང་དང་ལྷན་ཅིག་ཏུ་རབ་ཏུ་མཉེས་ལ་མིག་གི་མིག་སྨན་དུ་འགྱུར་བ་ནི་སྤྲིན་བཞིན་དུ་འཁོར་བར་འགྱུར་རོ། །རྡོ་ཁ་དོག་གཅིག་པའི་སྟེང་དུ་ཛ་ཡ་རའི་འབྲས་བུའི་ནང་བཅུད་དང་སྨན་ཉི་འཁོར་དང་། དཔལ་འབྲས་ཀྱི་མེ་ཏོག་དང་།

ལྕམ་པ་དང་། ཅོད་པན་ཅན་གྱི་མཁྲིས་པ་དང་། སྦྲང་རྩི་རྣམས་རབ་ཏུ་མཉེས་པའི་མིག་སྨན་མིག་གཉིས་ལ་བྱས་ན་མི་བྱ་རྒོད་བཞིན་དུ་ལྡིང་བར་འགྱུར་རོ། །དེ་ཡང་ལྷ་མོ་རྐང་མགྱོགས་ཀྱི་དངོས་གྲུབ་བཞིན་ནོ། །འདི་ལྟར་ཡང་འདི་ནི་དངོས་གྲུབ་སླ་བའོ། །
འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་མིག་སྨན་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། འཛམ་བུའི་གླིང་པ་ཇི་ལྟར་མཆོག་ཏུ་བདེ་བ་གང་འདོད་པ་ལ་བཅུད་ཀྱིས་ལེན་རབ་ཏུ་བཤད་པར་བྱའོ། །གང་གིས་སེམས་
ཅན་རྣམས་གྲོལ་བར་འགྱུར་བ། བཅུད་ཀྱིས་ནུས་པ་ཆེན་པོ་གསོལ་བའི་བཅུད་བསྟེན་པར་བྱ་སྟེ། སྦས་པ་རྣམས་རབ་ཏུ་གསལ་བའི་སྐད། དགོངས་པའི་སྐད་དང་། སྐད་ངན་པ་དང་། བརྡ་ཡིས་སོ། །མཆོག་ཏུ་དགའ་བའི་དགའ་བ་ཆེན་པོ་ཕུན་སུམ་ཚོགས་པ་ཞེས་
བྱའོ། །བཅུད་ཀྱི་རིག་པ་ཤེས་པའི་རྣལ་འབྱོར་པས་དེའི་ཡང་མཆོག་ཏུ་དཔག་ཏུ་མེད་པའི་སྟོབས་བསྐྱེད་པར་འགྱུར་རོ། །བཅུད་བསྡུས་པ་ཕུན་སུམ་ཚོགས་པའི་དུས་སུ་བཅུད་སྒོང་བར་ནུས་སོ། །ར་ས་ཞེས་པའི་ཡི་གེ་གཉིས་ནི་གཉིས་ལ་ཟུང་དུ་འཇུག་པའི་རིམ་པས་བླང་
ངོ་། །དང་པོར་བཅུད་རབ་ཏུ་བླུགས་པ་ནི་རའི་འོ་མར་གནུར་རོ། །དྷ་དུ་རའི་འདབ་མའི་ཁུ་བ་དང་། སེན་ད་བ་དང་། ལན་ཚྭ་དང་། བ་ལང་གི་ལྕི་བའི་ཁུ་བ་རྣམས་ཀྱིས་དེ་བཞིན་བྱས་ལ་ཀརྨ་ར་གའི་ཁུ་བ་བླུགས་ལ་ཉི་མ་ལ་ཐུན་ཚོད་གསུམ་དུ་བཞག་སྟེ། དེ་ནས་ནམ་མཁའི་ཆུ་
དང་། ཅོང་ཟིའི་ཆུས་བཀྲུས་ནས། མིའི་ཁྲག་དང་ཀ་རུ་ཎའི་ཁུ་བ་བླུགས་ལ། དེ་ནས་གསེར་གྱི་ཕྱེ་མ་མན་ཆ་གཅིག་དང་། དངུལ་ཆུ་མན་ཆ་ཉི་ཤུ་རྩ་བཞི་དང་། ཟླ་བ་གཅིག་ཏུ་སིམ་པའི་འདབ་མའི་ཁུ་བ་དང་སྟབས་གཅིག་ཏུ་བཞག་ནས་མཉེས་ཏེ་དེ་བཞིན་དུ་བཀྲུས་ནས་དེའི་རྗེས་ལ་
སྡེ་ཚན་གཉིས་ཀྱི་དབུ་མའི་ཡི་གེ་ཞེས་བྱ་བ་ནི་མིང་གི་ཡི་གེ་དང་པོར་བཞག་པའོ། །མཐའ་ཞེས་བྱ་བ་རབ་ཏུ་བསྟན་པ་ནི་སྡེ་ཚན་བཞི་པའི་དང་པོ་དང་། དབྱངས་ཡིག་བཞི་པས་བརྒྱན་པ་དབུ་མར་རབ་ཏུ་བསྟན་པ་ནི་སྡེ་ཚན་དྲུག་པའི་ཡི་གེ་དང་པོ་དང་། འདིའི་ཡང་མཐའ་སྡེ་ཚན་

བཞི་པའི་མཐའ་མའི་ཡི་གེའོ། །ཨས་སྔར་གྱི་ཡི་གེ་གཉིས་བརྒྱན་པ། དེའི་མིང་ནི་ཛ་ཡན་ཏཱི་ཞེས་བྱ་བར་རབ་ཏུ་གྲགས་པའོ། །དེའི་ལོ་མའི་ཁུ་བ་མེ་མ་དག་ལ་བསྲོས་ནས་མཁས་པས་ལྷང་ཚེར་བ་དཀར་པོའི་ཕྱེ་མ་མན་ཆ་གསུམ་དང་སྲང་གཅིག་དང་ངེས་པར་བྱས་
ནས་བཞི་འགྱུར་དུ་བསྲེ་བར་བྱའོ། །རྣལ་འབྱོར་མཁས་པས་ཟླ་བ་གཅིག་ཏུ་བཙོ་ཞིང་ཉི་མ་རེ་རེ་བལྟ་བར་བྱའོ། །ལྷང་ཚེར་ཟངས་སུ་བླུགས་པར་བྱའོ། །གལ་ཏེ་གསེར་དུ་གྱུར་པ་ན་ངེས་པར་ཉི་མ་ཉི་ཤུ་རྩ་གཅིག་ཏུ་མི་ཡིས་བཟའ་བར་བྱའོ། །ཟ་བའི་དུས་སུ་
ལོ་མ་དང་། སྐྱུར་པོ་དང་། བུད་མེད་དང་། ཉི་མ་རྣམས་བསྲུངས་ན་ཟས་གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ། །གཉེར་མ་དང་སྐྲ་དཀར་དག་ནས་ཚེ་ལོ་སྟོང་ཕྲག་དུ་འཚོའོ། །ངན་པ་ཐམས་ཅད་སྤོང་བར་འགྱུར་རོ། །གཟུགས་དང་ལྡན་པར་འགྱུར་བ་དང་། ཤིན་ཏུ་
བློ་རྣོ་བར་འགྱུར་རོ། །ཞ་ཉེར་བླུགས་ན་དངུལ་དུ་འགྱུར་ཏེ་གོང་མ་ལྟར་རོ། །དེའི་དུས་ཀྱི་གཏོར་མའི་སྔགས་བརྗོད་པ། ཨོཾ་བ་ལི་མ་ཎི་རཾ་ཧཱུྃ་ཛཿརཀྵ་ཎི་རཀྵ་མི་ཀྵ་མི་ཁ་ཁ། གྲྀཧྞ་གྲྀཧྞ་བ་ལི། མ་ཧཱ་བྷཱི་ཥ་ཎཾ། པྲ་སཱ་དྷ་ཡ། པྲ་སཱ་དྷ་ཡ། ཧུ་ལུ་ཧུ་ལུ་ཕཊ་སྭཱ་ཧཱ། སྲན་མ་
ཛམ་བུ་ཌི་དང་། མིའི་ཤ་དང་། ཆང་དང་། དྲི་དང་། བདུག་པ་དང་། ཕྲེང་བ་དང་། མར་མེ་དང་། ཕྱེ་མ་དང་། གདུགས་དང་། དྲིལ་བུ་དང་། བ་དན་ལ་སོགས་པ་ཁྲག་དང་འབྲས་སཱ་ལུ་དང་། ཉི་མ་རེ་རེ་ལ་ཕོགས་གསུམ་གསུམ་དུ་གཏོར་མ་ཆེན་པོ་ཇི་སྲིད་དུ་ཉི་མ་བདུན་དུ་བརྩམ་
པར་བྱའོ། །བཅུད་ཀྱི་ལས་དེའི་དུས་སུ་ཕྱག་བཅུ་དྲུག་པའི་སྔགས་བཟླས་པར་བྱའོ། །རིང་པོ་མ་ལོན་པར་ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་རོ། །དེ་ནས་ཡང་བཅུད་བླངས་ནས་གནུར་བར་བྱ་སྟེ་ཚི་མི་ལིའི་ལོ་མའི་ཁུ་བ་དང་། ཡང་བ་ཀི་ཏའི་ལོ་མའི་ཁུ་བས་སོ། །དེ་
ནས་ཡང་སྨན་ཨ་ལམ་བུ་བླུགས་ལ་དེ་ཉིད་རིམ་པ་འདིས་སྦྲུལ་གྱི་ལྕེ་དང་། གོ་ར་ཀྵཾ་དུ་ལའི་འདབ་མ་དང་། སྨན་ཉི་འཁོར་དང་གཅིག་ཏུ་བྱས་ནས་ལྷང་ཚེར་བ་ནག་པོ་དང་། འདི་ཐམས་ཅད་བཏགས་ལ་སྟེང་འོག་གི་རིམ་པས་ཀོང་བུ་ལེགས་པར་གཡོགས་ལ་ཐབ་ཁུང་གླང་

པོ་ཆེའི་ལག་པ་ལྟ་བུ་རུ་བཅུག་ལ་སྣོད་དུ་སྲ་བར་གྱུར་པ་དང་། ཞ་ཉེ་དཀར་པོ་སྲང་རེ་རེ་སྲ་བར་གྱུར་པ་མན་ཆ་རེ་རེ་ལ་བླུགས་ན་དངུལ་དུ་གྱུར་པས་ན་འདི་ཐམས་ཅད་མཁས་པས་བཟའ་བར་བྱའོ། །བཅུད་བཟུང་ནས་བྱི་ལའི་མཁྲིས་པ་དང་སྦྱར་ནས་ཆུ་ཤིང་
གི་ཁུ་བས་བཀྲུས་པ་དང་། བཙག་དམར་པོའི་ཕྱེ་མ་དང་། ཆུ་ཤིང་དང་། སརྩི་ཀའི་ཚ་དང་། རོ་བསྲེགས་པའི་ཤུལ་གྱི་འདག་པ་དང་། དེ་རྣམས་ཡོངས་སུ་མཉེས་ནས། དེ་ཡང་ཅེ་སྤྱང་གི་ཞག་དང་། དེ་ནས་ཡང་སེ་འབྲས་ཀྱི་ཁུ་བས་ཕྱིས་བཀྲུས་ནས་དེའི་རྗེས་ལ་
སྨན་སི་སི་རི་དང་། ཀཉྫིའི་ནང་དུ་བཞག་ནས་ཉི་མ་རིང་བའི་དུས་སུ་ཐུན་དྲུག་ཏུ་བཞག་ནས་དེ་ནས་ཕྱུང་སྟེ་ཆུ་དྲོན་མོས་བཀྲུས་ནས་ཛམ་བྷི་རའི་ཁུ་བའི་ནང་དུ་ཉི་མ་གཉིས་བཞག་ནས་དེ་ནས་ཚིལ་ཆེན་དང་། དེའི་རྗེས་ལ་ནམ་མཁའི་ཅོང་ཟིའི་ཆུས་རབ་ཏུ་བཀྲུས་ནས་ཉི་མ་
རིང་བའི་དུས་སུ་ཐུན་གཅིག་བཞག་ན། འདིས་ཀྱང་ལེགས་པར་བྱས་པ་ཤེས་སོ། །ད་ནི་ཞུགས་ཤིང་གི་འདུ་བྱེད་ཅེས་བྱ་སྟེ་དཀར་པོ་དང་ནག་པོའི་གསེབ་ནས་འདབ་མ་གཅིག་པར་བྱས་ཏེ། ཀཉྫི་ཀ་དང་། མ་ཧི་ཥའི་ཞོ་དང་། རའི་འོ་མ་དང་། སྟབས་གཅིག་ཏུ་ཉི་མ་
གཅིག་ཏུ་བཞག་ནས། དེ་ནས་དེའི་ལྕི་བའི་ཁུ་བ་དང་། གླང་པོ་ཆེའི་སྦངས་ཀྱི་ཁུ་བ་དང་། ཀཉྫི་རྣམས་ཀྱི་ནང་དུ་བཅུག་ནས་དེ་ཕྱུང་སྟེ་ཉ་རོ་ཧི་ཏའི་མཁྲིས་པ་དང་། ཁྱིའི་མཁྲིས་པ་དང་། ཉིན་ཞག་ལྔ་རབ་ཏུ་མཉེས་ནས་བསྐམས་པ་ལ་ཀརྡོཉྫ་ན་བླུགས་ཏེ་ཉིན་ཞག་
གཅིག་བསྐམས་པ་འདི་ནི་མཁས་པས་ལྷང་ཚེར་བ་སྦྱངས་པར་བྱས་ཏེ། རྒྱུད་འདིར་གང་སྨྲས་པ་འདི་འགྲུབ་པར་འགྱུར་རོ། །འདུ་བྱེད་གཉིས་ཀྱི་རིག་པ་ལེགས་པར་སྦྱངས་པས་ཐམས་ཅད་ཉེ་བར་འབྱོར་པ་ཡིས་དངུལ་སྲང་གཅིག་དང་། ཞ་ཉེ་སྲང་བཞི་ཕྱེ་མར་བྱས་
པ་དང་། ཉིས་འགྱུར་གྱི་ལྷང་ཚེར་ཀོང་བུ་རུ་བླུགས་ཏེ་ཀ་ལི་ཀའི་རྩ་བའི་ཁུ་བ་བྱིན་ནས་བཟུང་སྟེ། རྭ་ཛའི་ཁུ་བ་དང་། ཛ་ཡན་ཏའི་འདབ་མའི་ཁུ་བ་དང་། ཤུ་དག་རྣམས་ཟླ་བ་ཕྱེད་དུ་གཟགས་ནས་ཇི་སྲིད་རྡོག་པོར་གྱུར་གྱི་བར་དུའོ། །དེ་ནས་མེ་ལ་བསྲེགས་ལ་ཕྱེ་མ་

བྱས་པ་མན་ཆ་གཅིག་ཞ་ཉེ་སྲང་གཅིག་ལ་བཅུག་ན་དངུལ་དུ་འགྱུར་རོ། །བཅུད་འདུས་པ་སྔར་གྱི་དེ་ཉིད་བླངས་ནས་རྣལ་འབྱོར་པ་གང་གིས་ར་ཏི་རེ་རེ་ཙམ་ཟོས་ན་སྨྲས་པའི་རིམ་པས་ལུས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཀཱ་རུ་ཎའི་འདབ་མའི་ཁུ་བ་མར་ནག་ལ་
ཟངས་ཀྱི་སྣོད་དུ་བཙོས་ནས་དེ་ལ་བཅུད་བྱུགས་ཏེ་ཐུན་གསུམ་ཉི་མ་ལ་བསྐམས་ལ་སིམ་པའི་འདབ་མའི་ཁུ་བ་དང་མཉེས་པ་དང་དེ་ནས་པྲེ་དྲི་དང་ན་རི་ཀེ་ལིའི་རྩ་བ་དང་། སྨན་ལོ་མ་བཟང་པོ་ལ་འཁྲིལ་བ་དང་། ནེ་ལེ་དང་། མུད་ག་དང་། ག་ག་རྣམས་ཀོང་བུར་
བླུགས་ལ་སྟེང་དང་འོག་འཇིམ་པས་བྱུགས་པ་གླང་པོ་ཆེའི་རྨིག་པ་ལྟ་བུའི་ས་དོང་དུ་བཙོས་ན་སྲ་བར་འགྱུར་རོ། །གལ་ཏེ་རྣལ་འབྱོར་པས་ཟོས་ན་ཞི་བ་དང་མཉམ་པར་འགྱུར་ཏེ། གཞན་དང་མཉམ་པ་མ་ཡིན་ནོ། །ཟླ་བ་གཅིག་གིས་འགྲུབ་པར་འགྱུར་རོ། །
གལ་ཏེ་མ་གྲུབ་པར་གྱུར་ན་བདག་ནག་པོ་ཆེན་པོ་མ་ཡིན་ནོ། །སྔར་གྱི་ཟངས་མན་ཆ་གཅིག་ལ་དེ་བཅུག་ན་ངེས་པར་གསེར་དུ་འགྱུར་རོ། །ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་ཉི་མ་གང་ལ་དངོས་གྲུབ་དང་བཅུད་དུ་འགྱུར་ཐེ་ཚོམ་མཆིས་ན། ཀྱེ་བཅོམ་
ལྡན་འདས་ཁྱད་པར་དུ་རྟོགས་པ་ལྷ་མོ་ད་ཀཀྐོ་ལ་ལ་རྣམ་པར་ཆགས་ནས་ས་སྟེང་དུ་རབ་ཏུ་སྤྱོད་པར་འགྱུར་བས་བླངས་ན་ངེས་པར་བཅུད་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ལྷ་མོ་གལ་ཏེ་ལྷ་མོ་བྱུང་བ་ཙམ་གྱིས་
འབྱུང་བར་འགྱུར་ན་རྟག་ཏུ་ངེས་པར་ཤེས་པར་འགྱུར་བའོ། །ཇི་ལྟར་ནུས་པ་མེད་ན་ནད་མ་རུངས་པ་བཟློག་པར་མི་ནུས་པ་དང་། རབ་རིབ་དང་། མཆིན་ནད་དང་། རྐང་ནད་ལ་ཐུག་པ་བཟློག་པར་མི་ནུས་པས་མི་རྣམས་ཀྱིས་རྗེས་སུ་གནས་པས་དངོས་གྲུབ་བརྒྱད་ཀྱང་རྣམ་
པར་བསམ་པར་བྱའོ། །འཁོར་བ་མི་བཟད་པའི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བར་བྱེད་པ་དང་། སྒྱུ་མར་ཡོངས་སུ་བརྟགས་པས་དུ་མ་དང་བྲལ་བ་རབ་ཏུ་སྤྱོད་ན། སྔོན་དུ་བསགས་པའི་དངོས་པོ་ངན་པ་སྤངས་པས་ཚེགས་མེད་པར་ས་སྟེངས་ཀྱི་དངོས་གྲུབ་སྣ་

ཚོགས་འདིར་འགྲུབ་པར་འགྱུར་རོ། །འདི་ནི་དཔལ་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་དངུལ་ཆུའི་ལེའུ་སྟེ་བཅུ་གསུམ་པའོ།། །།ལྷ་མོས་གསོལ་པ། ཇི་ལྟར་གསུངས་པ་དེ་ལྟར་བགེགས་རྣམས་ཀྱིས་གང་བ་ཇི་ལྟར་མནན། དང་པོར་རྣལ་
འབྱོར་པ་མཁས་པས་ཐམས་ཅད་བསྒྲུབ་པར་འགྱུར་རམ། དཀར་པོ་དང་། ནག་པོ་དང་སྦྱར་བ་ནི་འདབ་མ་གཅིག་ཏུ་བྱས་ནས་ཀཉྫི་དང་བཏགས་པས་ཡང་སྨན་སོ་ནའི་ཁུ་བ་ལན་གཉིས་སུ་བགོས་པར་གྱུར་པས་དེ་ནས་བ་ལ་ཤའི་འདབ་མའི་ཁུ་བ་དང་། དེ་ནས་མེ་ཏོག་
ཨོ་དྷ་དཀར་པོའི་ཁུ་བ་དང་། དེ་ཡང་ལྕི་བའི་ཁུ་བ་དང་། དེ་ནས་ཡང་ཉ་རོ་ཧི་ཏའི་མཁྲིས་པ་དང་། ལན་དགུ་རུ་འདི་རྣམས་རྫོགས་པར་སྨན་ཀ་རུ་ལི་དང་། ཀ་རུ་ཎ་དང་། གང་ཉི་མའི་མཐའ་རུ་གྱུར་པ་ན་ངེས་པར་དངོས་གྲུབ་འགྲུབ་པར་འགྱུར་རོ། །རྒྱ་མཚོ་དང་། སྨྱོ་བྱེད་
ཀྱི་ལོ་མའི་ཁུ་བ་དང་། མི་བསྲེགས་པའི་ས་དང་། བ་བླ་དང་། བ་ཤ་ཀ་དང་བསྲེས་ནས་དད་པ་ཅན་གྱི་ཉི་མའི་འོད་ལ་བཞག་ནས་ཛམ་བྷི་རའི་ཁུ་བ་དང་། མཚན་མོ་གཅིག་ཏུ་དངུལ་ཆུས་བརླན་པའི་བསྡུས་པ་ཡང་ཡང་དེས་ལྷན་ཅིག་ཏུ་བཞག་པ་གང་འདོད་པ་དེ་དག་པར་འགྱུར་ཏེ།
མཁས་པས་བྱའོ། །གལ་ཏེ་བཅུད་རྩོམ་ཞིང་རྩོམ་པའི་དུས་སུ་བགེགས་གློ་བུར་དུ་འོང་བ་ནི་རྩོད་པ་བྱེད་ཅིང་སྐྲ་ཁམ་པ་དེ་བཞིན་དུ་ཁ་དོག་དཀར་པོ་གེགས་བྱེད་པའི་སྐྱེས་བུ་སྟེ། རྣམ་པར་འཇོམས་པ་དེའི་དུས་སུ་ཇི་ལྟར་ནུས་པས་གཏོར་མ་སྦྱིན་པར་བྱ་སྟེ། ཤ་དང་། ཆང་
དང་། མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བ་དང་། ཁྱིམ་བྱའི་ཤ་དང་། ཞིང་སྐྱོང་འོངས་པ་ལ་སྦྱིན་ནོ། །ནག་པོ་འོངས་ན་ཡང་སྔོན་བཞིན་དུ་གཏོར་མ་སྦྱིན་པར་བྱ་བ་སྟེ། གནོད་སྦྱིན་འོངས་པས་སོ། །གལ་ཏེ་བཅུད་ཟག་པ་ལ་ཉི་མ་བདུན་གྱི་བར་དུ་འོངས་ན་
ཤེས་པར་བྱ་བ་ནི། ཨོཾ་ཡཀྵ་ཀཱི་ལི་ཀཱི་ལི་ནཱ་མ་ཕཊ་ཀཱ་ར་རཀྵ་རཀྵཱ་དི་སམ་བན་དྷ། མུ་ཁཾ་བན་དྷ་ཧ་ཏཾ་བན་དྷ་བན་དྷ་སརྦ་ཨཾ་གཾ་ཧཱུྃ་ཧཱུྃ་རྃ་ཧཱྃ་ཕཊ་སྭཱ་ཧཱ། སྔགས་འདིས་འོངས་པ་རྣམས་ལས་རང་བསྲུང་བར་བྱའོ། །རྣལ་འབྱོར་གང་གིས་ཤེས་ནས་དེའི་དུས་ཀྱི་བགེགས་བཅོམ་

ན། དངོས་གྲུབ་ངེས་པར་འགྲུབ་པར་འགྱུར་རོ། །རྩོམ་པའི་དུས་སུ་གནོད་སྦྱིན་མོ་གདོང་ཐུག་ཏུ་འོངས་པའམ་གློ་བུར་དུ་འོངས་པ་དེ་ཡང་བུད་མེད་ནག་མོ་ཅུང་ཞིག་མིག་དམར་བ་ངོ་ཤེས་པ། བག་ཙམ་བོང་ཐུང་བ། སྨྲ་མཁས་པ། སྙན་པར་སྨྲ་བ་གོ་ལ་སྟེར་བཞིན་པ་ཞེ་ས་
དང་བཅས་པ་དེ་ལ་དངོས་གྲུབ་ཀྱི་དོན་དུ་གཏོར་མ་སྦྱིན་པར་བྱའོ། །གང་རྣམ་པར་འཇོག་པ་ཁ་དོག་སེར་སྐྱ་བོང་གེ་རིང་བ། རྗེ་ངར་ལ་སོགས་པའི་ཡན་ལག་རིང་བ་དང་། ཤིན་ཏུ་གཟུགས་དང་ལྡན་པ། སྨིན་མ་བརྫེས་པ་ཁ་དོག་གཉིས་ཉེ་བར་མཚོན་པ། བཅུད་
ཀྱི་བར་ཆད་བྱེད་ཅིང་འཇོམས་པ་སྟེ་རབ་ཏུ་གཏུམ་མའོ། །མཚན་མོ་མའི་གཟུགས་དང་། སྲིང་མོའི་གཟུགས་དང་། དེ་བཞིན་དུ་ཚ་མོ་དང་། ཕའི་མ་དང་། སྒྱུག་མོའམ། མཛའ་མོ་ལ་སོགས་པ་དེ་ལྟ་བུའི་གཟུགས་བཟུང་ནས་བྱུང་ན། ཨོཾ་ཀ་ཏི་མེ་ཛཿཧཱུྃ་ཞེས་
པས་བདག་བསྲུང་བར་བྱས་པ་དང་། བཅུད་ལ་ཐོད་ལེ་སྐོར་གྱིས་ཕོགས་བདུན་མངོན་པར་བསྔགས་པར་བྱས་ཏེ་བསྣུན་ནས་ཅུང་ཟད་འདོད་པ་བརྗོད་པ་དང་། ཤིན་ཏུ་ཡང་དག་པར་བལྟ་བ་དང་ལྡན་པས་རྨི་ལམ་བརྟག་སྟེ། བསྟན་ན་བཅུད་ལེན་གྱི་དོན་ཡང་དག་པར་བྱེད་
པས་དེ་བླང་བའི་སྦྱོར་བ་བྱའོ། །མིན་དང་མ་བྱེད་ཅེས་པ་འབྱུང་བར་འགྱུར་བ་ན་མི་འགྲུབ་པར་ཤེས་པར་བྱའོ། །དངུལ་དང་སྨན་བིཎྜའི་འབྲས་བུ་དངུལ་ཆུ་དང་གནུར་བ་སྲང་གཅིག་དང་། དེ་ལ་གསེར་དྲུག་ནམ་པ་གཅིག་བསྣུན་པ་རྡོ་བའི་སྣོད་དུ་བྱི་ལ་ནག་པོའི་མཁྲིས་པ་
དང་དངུལ་ཆུ་རྣམས་བསྲེས་པ་ལ་ཕྱི་ནས་སིངས་པོ་བླུགས་སོ། །གསུམ་པ་ལ་མ་ཧེའི་གཅིན་དང་། བཞི་པ་ལ་མིའི་ཤ་དང་། ལྔ་པ་ལ་སྐྱུ་རུ་ར་བྲེ་གང་མཉེས་པ་དང་། དྲུག་པ་ལ་བྷ་ལ་ཏེ་ཀ་དང་། བདུན་པ་ལ་འབྲས་བུ་གསུམ་མོ། །ཕྱི་ནས་མིའི་གཅིན་གྱིས་བཀྲུས་ནས་ཉི་མ་
ལ་སྨན་ཛམ་བྷི་རའི་ཁུ་བ་བླུགས་ལ་ཐུན་གཅིག་བཞག་སྟེ། དེ་ནས་བཏོན་ལ་སྨན་སིམ་བི་དང་། བ་རུ་ཎ་དང་། ཀཱ་ལིང་ཀ་དང་། ཧི་མ་རང་ག་དང་། ཙི་ཏྲ་ཀ་དང་མུད་ག་རྣམས་ཀྱི་ཁུ་བ་ལ་དབྱུག་གུ་གཅིག་ཏུ་བཞག་ནས། སྨན་སིམ་བྷི་དང་། ཛ་ཡན་ཏིའི་ཁུ་བས་བཀྲུས་ལ་

ཉི་མ་གསུམ་དུ་བསྐམས་ཏེ། ལྷང་ཚེར་དཀར་པོ་སྲང་བཞི་སྔོན་དུ་བརྗོད་པ་ལྟར་སྦྱངས་པས་སོ། །ཟླ་བ་བཅུ་གཉིས་སུ་ཉི་མ་རེ་རེ་ལྷང་ཚེར་ངེས་པར་བྱའོ། །སྐྱུ་རུ་རའི་ཁུ་བ་དང་། སྨན་སུ་དར་ཤ་ནའི་ལོ་མའི་ཁུ་བ་དག་གིས་ཟླ་བ་གཅིག་ཏུ་གདུལ་ལོ། །ཇི་
སྲིད་གཡས་སྐོར་དུ་བྱུང་ན་དངོས་གྲུབ་མཉམ་པ་མེད་པ་ལྷ་དང་ཚངས་པ་དག་གིས་བྱིན་པ་སྟེ། ཉི་མ་བཅྭ་ལྔའི་བར་དུ་ར་ཏི་རེ་རེ་ཉིན་རེ་བཞིན་ཟོས་ན་ལྕགས་བརྒྱད་ལ་རེག་པ་ཙམ་གྱིས་ངེས་པར་གསེར་དུ་འགྱུར་རོ། །དེའི་དུས་སུ་ཟླ་བ་དང་ཉི་མ་དག་ཤི་བར་གྱུར་ན་སྐད་ཅིག་དེ་ལ་དེ་
གང་འདོད་པ་བྱེད་དོ། །གཞན་ཡང་དཔུང་ཆེན་པོའི་གསེབ་ཏུ་བུད་མེད་དབང་དུ་བྱེད་དོ། །དཔལ་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་དངུལ་ཆུའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་མི་རྣམས་གནས་གང་
དང་གང་དུ་འགྲོ་ཞིང་སྐྱེ། མངའ་བདག་དང་རྣལ་འབྱོར་མ་རྣམས་འཆི་བ་དང་། མི་འཆི་བ་དང་། གནས་པ་དེ་