Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 081_རྒྱུད་འབུམ།_ཅ
Văn bản gốc(Tây Tạng)
Trang 6 / 19 (50.000 ký tự/trang)
ག་གཅིག་བཟླས་ནས་བསྒྲུབ་པར་བྱ་བ་ནི། སྨན་ག་ལར་ཊ་དང་། སུ་པ་ལ་ན་དང་། མ་ཧཱནྟ་ར་དང་། ཨི་ཀྑ་ར་ཡ་ཝ་དང་། ས་མ་ཊི་ར་ཎ་དང་། ཨ་ལ་ཝུ་དང་། ནཱི་ར་ཀ་ལ་དང་། ཀྃ་ཊཱ་ཧཱ་བཱི་ཀ་ཛ་དང་། ཆུ་ཤིང་གི་འབྲས་བུ་དང་། སྦྲང་དང་། ཊ་སུ་རཱི་དང་། མུ་ཏི་རི་དང་། ས་པྟ་དང་། ལི་དང་། ཨྃ་ག་བ་ལཱི་དང་། ར་ཎ་སཱ་སུ་ར་དང་། ཕེ་ཊ་ཝཱ་ར་དང་། གྷ་ཎ་ཊ་ཀ་ཕ་ལ་དང་། སུ་མུ་རི་དང་། ཙནྡྲ་མ་སུ་རི་དང་། ཨུ་བྷཀྟ་ཙི་དང་། ལ་ཊ་ཀཱི་དང་། ཏེ་ན་ཧ་ དང་། ཙརྚ་པྲི་དང་། པུཀྵ་ཡཱ་དང་། ཙ་ར་ཊ་དང་། མ་དི་ར་བཱི་ཛ་དང་། སུཾ་བྷཱ་ཕ་ལ་དང་། ཧ་གྷོ་ར་དྲ་བྱ་ནེ་ཧ་ར་དང་། སུདྡྷ་མུ་ཎི་པྲཱ་ཙཱརྱ་ཕ་ལ་དང་། ཨ་མྲ་ཕ་ལ་དང་། པྲ་ཧ་རི་དང་། ཀུནྡྷ་ལི་ཙི་ལཱི་དང་། ཛ་ལ་ཙ་ར་ཌིབྦ་དང་། མཱ་ག་ཊ་དང་། བུ་ མ་ལ་ཧ་དང་། ཨ་ཡན་ཏ་ཕ་ལ་དང་། ཀཉྫ་རུ་དང་། པུ་ག་དང་། ཨ་མུ་ག་ལ་དང་། གྷན་པཱ་ར་མཱ་ན་སཱ་དང་། རྣལ་འབྱོར་པས་རྫས་བཞི་བཅུ་པོ་དེ་རྣམས་བཟུང་ལ། ཟླ་བ་དང་། ཉི་མ་གཟས་བཟུང་བའི་དུས་སུ་དེ་རྣམས་ཆ་བསྙམས་ལ་ལྟོ་སྟོང་ལ་མིད་ནས་ཇི་སྲིད་གྲོལ་གྱི་བར་ དུ་སྔགས་བཟླས་ན་སྐད་ཅིག་དེ་ཉིད་ལ་འཆི་བ་མེད་དེ་མཁའ་སྤྱོད་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་རོ། །གལ་ཏེ་མ་གྲུབ་ན་སྒྲུབ་པ་པོས་ཟླ་ཕྱེད་བསྐྱར་ན་ལོ་སྟོང་ཕྲག་གཅིག་ཏུ་འཚོ་ཞིང་དངོས་གྲུབ་ཆེན་པོ་བརྒྱད་རྣམས་ལས་གང་འདོད་པ་དེ་འགྲུབ་པར་འགྱུར་རོ། །ཟླ་བ་དང་། ཉི་མ་གཟས་གཏོང་བའི་དུས་སུ་གོང་གི་བྱ་བ་བྱེད་པ་དེས་ཐེ་ཚོམ་མེད་པར་ཐམས་ཅད་མཁྱེན་པ་དང་མཚུངས་པའི་སངས་རྒྱས་འཐོབ་བོ། །གལ་ཏེ་དངོས་གྲུབ་འདི་མ་གྲུབ་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་རྣམས་རྣམ་པར་སྨད་པ་ཡིན་ནོ། །དེའི་ཕྱིར་ཚིག་ མང་པོས་དགོས་པ་མེད་དེ། གང་གིས་དེ་རྣམས་ལས་འདི་མཐོང་བ་ལ་ཉེ་བར་གནས་པར་མི་བྱེད་པའི་མི་དེ། སྡིག་པའི་གོང་བུ་དང་མཚུངས་པར་རིག་པར་བྱ་སྟེ། སྐྱེ་བ་འདིར་དགྲོལ་བར་མི་ནུས་སོ། །ལེའུ་འདི་ནི་དད་པ་དམན་པ་རྣམས་ལ་གསལ་པོར་བསྒྲག་པར་ མི་བྱའོ། །གལ་ཏེ་གསལ་པོར་བསྒྲགས་ན་སློབ་དཔོན་དེས་དེ་བཞིན་གཤེགས་པ་ལྔ་རྣམ་པར་ཉམས་པར་བྱས་པའོ། །ལེའུ་འདི་མཐོང་བ་ཙམ་ཡང་རྙེད་པར་དཀོན་ནོ། །སྨན་བྷན་དུཾ་དང་། ཀཱི་རཾ་དང་། མ་ཀི་ར་དང་། སུ་མི་ཏཾ་དང་། པྲ་བྷཾ་ཌཾ་རྣམས་ཟླ་བ་དང་ཉི་མ་ གཟས་བཟུང་དུས་སུ་ཟོས་ན་ངག་གི་དབང་ཕྱུག་འགྲུབ་པར་འགྱུར་རོ། །ལྗོན་ཤིང་པུ་ན་ལའི་རྩ་བ་དང་། ས་ག་རའི་འདབ་མ་དང་། པ་ར་ད་རྣམས་དང་། ཚ་བའི་མར་དང་། ཡང་དག་པར་ལྡན་པ་གཟས་བཟུང་བའི་དུས་སུ་ཟོས་ན་ཐོས་པ་ཙམ་གྱིས་འཛིན་པར་ནུས་པ་ དང་། བཀླགས་པ་ཙམ་གྱིས་ཟིན་པར་ནུས་པ་དང་། ཐེ་ཚོམ་མེད་པར་ཚིགས་སུ་བཅད་པ་རྩོམ་པར་ནུས་པར་འགྱུར་རོ། །སྨན་པྲཧྨི་ཙུ་ཊ་དང་། བྷོ་ཊཱ་རཱ་ལཱ་དང་། ཐང་ཤིང་གི་ཁུ་བ་དང་། སྟབས་གཅིག་ཏུ་འཐུངས་ན་པཎྜི་ཏར་འགྱུར་རོ། །ཤུ་དག་དང་། མངྒ་ ནི་དང་། ལྒ་དང་། གོ་སྙོད་དང་། ཀནྡ་བཛྲ་མ་ལི་རྣམས་སྦྲང་དང་སྦྱར་ཏེ་ཟོས་ན། སྐད་ཅིག་གིས་པཎྜི་ཏ་ཆེན་པོར་འགྱུར་རོ། །ཨོཾ་མཱོཾ་ཧྲཱིཿཞེས་པའི་སྔགས་འདི་གཟས་བཟུང་བའི་དུས་སུ་སྨན་བ་ད་ར་ཁར་བཅུག་སྟེ་ཇི་སྲིད་བཏང་གི་བར་དུ་བཟླས་ན་ཉིན་རེ་ཞིང་ ཚིགས་སུ་བཅད་པ་བརྒྱ་ཕྲག་རེ་རེ་ཟིན་པར་འགྱུར་རོ། །སྔགས་སྟོང་ཕྲག་གཅིག་བསྙེན་པ་བསྐྱལ་ནས་ལག་པའི་མཐིལ་དུ་གནུར་ཏེ་ཆུ་ཁྱོར་བ་གང་འཐུངས་ན་དབྱངས་ཅན་མ་འགྲུབ་པར་འགྱུར་ཏེ། ངེས་པར་ཐོས་པ་ཙམ་གྱིས་ཟིན་པར་འགྱུར་རོ། །སྔགས་འདི་ཁྲི་ཕྲག་ གཅིག་སྦྱིན་སྲེག་བྱས་ན་གསུང་ཆེན་པོ་ཚིག་དག་པ་ཡང་ཐོབ་པར་འགྱུར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་དབྱངས་ཅན་མའི་ཆོ་ག་བསམ་གཏན་གྱི་བསྒྲུབ་པའི་ལེའུ་སྟེ་སུམ་ཅུ་སོ་གསུམ་པའོ།། །།གཞན་ཡང་གཞོན་ནུ་མས་རྩི་བའི་ལེའུ་བཤད་ པར་བྱའོ། །མཛྫྡཧ་རི་པུ་ཧ་ཨུ་ར་ཧ་རི་ཨོ། ཨནྟེ་ཨ་རུ་ཛུ་ཨུ་ར་པ་སི་ཨོ། ཛ་ཛཱ་ཛ་ཏ་ཐ་མ་ཛཱ་ཨི་ཨོ་ཏ་ཀྑ་ཎ་ཧོ། །ཨི་ཎུ་པཱ་ཝི་ཨོ་ཀ་ཧ་ནཾ། ཨ་ར་ཝཱ་ར་ཎི་ཡུཏྟི་ཨ་ནཱ་ཧི་ཨོ། སུ་ཏི་ཨོ་པ་ཨི་ཊི་ཨུ་སེ་ས་ཝཀྐཱ་ན་ཏེ་ས་ཀ་ཁུ་ས་ཧི་ཨོ། ཛཾ་ཧ་ཨུ་དཱ་ཐ་ཨ་ཧ་ཨོ། ཀ་ཧ་ཀ་ཧ་ཏ་ ག་ཁ་ཎུ་ཀ་ཧི་ཨོ། འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་གཞོན་ནུ་མས་རྩི་བའི་ལེའུ་སྟེ་སུམ་ཅུ་སོ་བཞི་པའོ།། །།གཞན་ཡང་རིམ་གྱིས་སྣའི་རྒྱུ་བ་གཉིས་གཅིག་ཏུ་བྱ་སྟེ། བརྒྱུས་ན་ལྷ་རྣམས་ཀྱང་འཆི་བར་འགྱུར་བས་སོ། །དཔེར་ན་གྲོང་ཁྱེར་གྱི་སྐྱེ་བོ་མི་ ཤེས་པ་རྣམས་ཀྱིས་ཁྲིམས་དང་འགལ་བ་བྱས་ཏེ། ཡུལ་ནས་འཐོན་པ་དང་། སྐྲག་ཅིང་དངངས་པས་དེ་རྣམས་བྲོས་ཀྱང་སྲོག་དང་འབྲལ་བར་འགྱུར་བ་ལྟར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་མཉམ་པར་སྦྱོར་བའི་ལེའུ་སྟེ་སུམ་ཅུ་སོ་ལྔ་པའོ།། །། གཞན་ཡང་གི་ཝང་དང་། སཱ་ཥཱ་དང་། ཙོ་ཎ་དང་། པྲེ་ཏ་རྣམས་ཆ་བསྙམས་ནས་ཁར་བཅུག་སྟེ་སྔགས་བཟླས་ན་འདས་པ་དང་མ་འོངས་པའི་དོན་ངེས་པར་ཤེས་པར་འགྱུར་རོ། །ཡང་གི་ཝང་དང་སུ་ཁ་ད་ཡཱི་དང་། པ་ར་སོ་དྷཱ་ནཱི་དང་། ཧ་པུ་རུ་རུ་དང་། ཨ་རུ་དཱུ་ནི་རྣམས་ དཀའ་བ་སྤྱོད་པས་ཆ་བསྙམས་ནས་རིལ་བུ་བྱས་ཏེ། མིད་ན་སྐད་ཅིག་དེ་ལ་འདས་པ་དང་མ་འོངས་པའི་དོན་ཤེས་པར་འགྱུར་རོ། །ཡང་ཡུང་བ་དང་། སེ་ན་དང་། ར་ཎ་པ་ཎ་རྣམས་ཀྱི་ཁུ་བས་མིག་གཉིས་ལ་བྱུགས་ན་འཇིག་རྟེན་གསུམ་ན་གནས་པ་ཤེས་ཤིང་མཐོང་བར་ འགྱུར་རོ། །ཡང་ཨ་ཤ་མཱུ་ལི་དང་། ཛ་ཡནྟ་མུ་ལ་དང་། པཎྜ་ཏ་ཀ་ར་མཱུ་ལ་རྣམས་ཟླ་བ་དང་། ཉི་མ་གཟས་བཟུང་བའི་དུས་སུ་ཁུ་བ་ལ་བསྣུར་ནས། བྱ་བ་ཐམས་ཅད་བསྔོགས་ལ་ཁར་བཅུག་སྟེ་སྔགས་བཟླས་སོ། །ཕྱི་ནས་ཁའམ་གསང་བའི་ལམ་དུ་བཅུག་ན་ངེས་ པར་འདས་པ་དང་མ་འོངས་པའི་དོན་ཤེས་པར་འགྱུར་རོ། །གལ་ཏེ་མི་ཤེས་ན་ངས་མཚམས་མེད་པ་ལྔ་བྱས་པའོ། །ལྗོན་ཤིང་གང་དང་གང་གི་རྩ་བ་ཟིལ་པའི་ཆུ་ལ་བསྣུར་ན་ཁ་དོག་བཟང་པོར་འགྱུར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་ཁ་དོག་འབྱུང་ བའི་ལེའུ་སྟེ་སུམ་ཅུ་སོ་དྲུག་པའོ།། །།གཞན་ཡང་རེངས་པར་བྱ་བའི་སྔགས་བཤད་པར་བྱའོ། །ཨོཾ་ཛ་ལ་ཡ་ཝ་ནཱ་ཧཱུྃ་ཞེས་པ་འབུམ་ཕྲག་གཅིག་བཟླས་ན་འདས་པ་དང་མ་འོངས་པའི་དོན་ཤེས་པར་འགྱུར་རོ། །ཨོཾ་ཝ་ར་ཝ་ར། པྲ་ཝ་ར་པྲ་ཝ་ར་ཧཱུྃ་ཞེས་པ་ ཁྲི་ཕྲག་གཅིག་བཟླས་ཏེ་ཕྱི་ནས་ཕོགས་བདུན་བཟླས་ཤིང་གདོང་བཀྲུ་བ་དང་བཏུང་བར་བྱས་ན། ཐོས་པ་ཙམ་གྱིས་ཟིན་པ་དང་། བཀླགས་པ་ཙམ་གྱིས་ཟིན་པར་འགྱུར་རོ། །ཨོཾ་པྲ་ཝ་ར་ཧྲཿརབ་ཏུ་དགུག་པའི་སྔགས་སོ། །ཨོཾ་པཱ་སུ་ག་ཡ་ལི་ཧཱུྃ་བསྐྲད་པའི་སྔགས་སོ། ། ཨོཾ་ཁ་ཊ་པ་ཙ་ཏྲ་ཧྲཿགསད་པའི་སྔགས་སོ། །ཨོཾ་རུ་ཨ་སྭཱ་ས་བི་དུ་པཿརྨུགས་པར་བྱེད་པའི་སྔགས་སོ། །ཨོཾ་ཧཿཧཿཛཿདགུག་པའི་སྔགས་སོ། །ཨོཾ་ཧི་ཏིཥྛ་ཧེ་བཿཧཱུྃ་མཁའ་འགྲོ་མ་འཆིང་བའི་སྔགས་སོ། །ཨོཾ་མཱཾ་རཾ་ཧཱ་འབྱུང་པོ་འཆིང་བའི་སྔགས་སོ། །ཨཱཿསྭཱ་ཧཱ་བྱ་ ཁྱུང་བཅིང་བའི་སྔགས་སོ། །ཨོཾ་མཱཾ་ཧཱུྃ་བྱ་བསྐྲད་པའི་སྔགས་སོ། །ཨོཾ་ཛྭཾ་རཾ་མེ་རེངས་པར་བྱ་བའི་སྔགས་སོ། །ཨོཾ་ཛཾ་ཛཾ་ཛཾ་ཆུ་རེངས་པར་བྱ་བའི་སྔགས་སོ། །ཨོཾ་ཧཾ་ཛཾ་ཡཾ་སྭཱ་ཧཱ་རལ་གྲི་རེངས་པར་བྱ་བའི་སྔགས་སོ། །ཨོཾ་ཛཾ་མཾ་རཾ་ཁུ་བ་རེངས་པར་བྱ་བའི་སྔགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབེན་པའམ་རྡོ་རྗེའི་ཁྱིམ་མམ་ཁང་སྟོང་རྣམས་སུ་གཞན་དུ་ནི་མ་ཡིན་ནོ། །ནག་པོ་ཆེན་པོའི་དཀྱིལ་འཁོར་བསྒོམས་ལ་བྱ་བ་ཐམས་ཅད་བྱ་བ་ནི་ཆང་དང་ཤ་དང་ཁྲག་དང་བ་ལང་ཤ་རྣམས་དང་བཅས་པས་སྲུ་མོ་དང་། ནེ་ ནེ་མོ་དང་། སྲིང་མོ་དང་། ཚ་མོ་དང་། མ་ཡར་མོ་དང་། བུ་མོ་དང་། ཞང་པོའི་ཆུང་མ་རྣམས་ལ། རྣལ་འབྱོར་པས་སྙོམས་པར་འཇུག་པ་ནི་དང་པོ་སྐེ་ནས་འཁྱུད་དེ། མཆུ་ནས་སོས་བཟུང་ལ་ནུ་མ་ལ་སེན་མོས་བྲུད་མཚན་མར་སོར་མོ་གཞུག་གོ། །དེ་ནས་བསྐྱོད་པ་དང་ དེས་བྷ་ག་ཙུམྦ་ན་བྱའོ། །ཨོཾ་གཽ་རི་ཧེཾ་བན་དྷ་མུ་ཧྲཾ་སརྦ་གཽ་རི་ཏ། ཛྙཱ་ནཾ་ད་དཱ་མཎྜ་ལ་སྥོ་ཊ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ནི་རྣལ་འབྱོར་མ་བྱིན་གྱིས་བརླབ་པའི་སྔགས་སོ། །བློ་གྲོས་ཅན་གང་གིས་འདི་རྣམས་བྱེད་པས་ངེས་པར་བདེ་བ་ཐམས་ཅད་འགྲུབ་པར་ འགྱུར་རོ། །བཟའ་བ་དང་བཏུང་བ་དང་ལྡན་པར་རྣལ་འབྱོར་མ་དང་སྟབས་གཅིག་ན། ལྷ་མོ་ཨུ་མཱ་ཐེ་ཚོམ་མེད་པར་སྤྱན་དྲངས་པར་འགྱུར་རོ། །དགུན་གྱི་དུས་ན་མེ་ཏོག་བན་དྷུ་སྤྱི་བོར་བཏགས་ན་སྤྱན་དྲངས་པར་འགྱུར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ ལས་རེངས་པར་བྱ་བའི་སྔགས་ཀྱི་ལེའུ་སྟེ་སུམ་ཅུ་སོ་བདུན་པའོ།། །།གཞན་ཡང་མི་རྣམས་ཞི་བར་བྱ་བའི་སྦྱིན་སྲེག་བཤད་པར་བྱ་སྟེ། ཐབ་ཁུང་གྲུ་བཞི་པ་གཏིང་དུ་ཁྲུ་ཕྱེད་བྲུས་པར་སྦྱིན་སྲེག་སྟོང་ཕྲག་བདུན་བྱ་བ་ནི་ཇི་ལྟར་རྙེད་པའི་མེ་ཏོག་གིས་ཨོཾ་ཀྵཾ་ས་ མ་སིདྡྷི་དྷ་པ་ཡ་ཧྲཱཾ་སྭཱ་ཧཱ་ཞེས་པ་དང་བཅས་པར་གཞན་དུ་མི་སེམས་པར་རོ། །ཨརྒྷ་དབུལ་སྦྱིན་སྲེག་ཐམས་ཅད་དུ་མར་དང་སྦྲང་རྩི་དབུལ་ལོ། །གལ་ཏེ་མ་གྲུབ་ན་རྒྱུད་ཐམས་ཅད་དུ་བཤད་པའི་སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པ་པོ་བཏགས་པ་དེ་རྣམས་མི་རིགས་པར་འགྱུར་རོ། ། འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་སྦྱིན་སྲེག་གི་ལེའུ་སྟེ་སུམ་ཅུ་སོ་བརྒྱད་པའོ།། །།དེ་ནས་ཡང་ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་མི་ལ་བདེ་བ་སྟེར་བར་འགྱུར་བའི་ཐེག་པ་གང་དང་གང་གི་དེ་ཁོ་ན་ཉིད་ངེས་པར་ཉན་པར་འཚལ་བས་སྒྲུབ་པ་པོ་གང་དང་གང་ གིས་བཟའ་བ་དང་བཏུང་བ་ལ་ལོངས་སྤྱད་ན་ལུས་འགྲུབ་པ་ལ། གལ་ཏེ་གཤེ་བར་བྱེད་པ་ལ་ཆད་པ་མ་བཅད་ན། ཡེ་ཤེས་འབྱུང་བར་འགྱུར་རམ། བཀའ་སྩལ་པ། གང་དང་གང་གིས་ཁྱོད་ཀྱིས་ཆང་འཐུངས་པ་དང་སྲིང་མོ་བླངས་པ་དང་ཤ་ཆེན་པོ་ཟོས་པ་ཞེས་སྨྲ་ན། དེའི་ཚེ་ ཤིང་སུ་བྷ་ཨཉྫ་ནཱིའི་རྩ་བ་བརྡུངས་པ་ཆང་གིས་ཕྲུལ་པ་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ་དེའི་ཁར་ཆང་བླུགས་ནས་ཕྱིས་གསུས་པ་ལ་སྔགས་བྲི་ཞིང་བཟླས་པར་བྱ་བ་ནི། ཨོཾ་ཀ་མ་ལེ་བི་མ་ལེ། ར་ཏཾ་སྨ་རཱ་མི་ཆེ་གེ་མོ་ལས་ཨུརྡྷོ་མནྟྲ་མ་དྱཱ་མཱཾ་སཾ་ཧཾ་ཧཾ་ཧཿཧཿཞེས་པའི་སྔགས་ དྲན་པ་ཙམ་གྱིས་ཆང་དང་ཤ་ངེས་པར་སྐྱུག་པར་འགྱུར་རོ། །དེའི་ཕྱིར་ཆེ་གེ་མོས་སྲིང་མོ་བླངས་པ་ལ་སོགས་པ་གང་གིས་ཀྱང་སྨྲ་བར་མི་ནུས་ཤིང་། རང་གི་ལུས་རྣམ་པར་དག་པར་ཡང་བྱེད་དོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་སྟོན་མོ་དང་ཤེས་རབ་ མས་རྣམ་པར་དག་པར་བྱེད་པའི་ལེའུ་སྟེ་སུམ་ཅུ་སོ་དགུ་པའོ།། །།ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉན་ཐོས་ལ་སོགས་པའི་རིམ་པས་ཚངས་པར་སྤྱོད་པ་ལ་བརྟན་པར་གནས་པ་ཡོངས་སུ་སྤྱད་པར་བྱས་ནས་ཉི་མ་རྒས་པ་དང་། ཆེན་པོར་གནས་ པས་ཐམས་ཅད་རབ་ཏུ་ཕྱེ་ལ། རྔ་བོ་ཆེ་དང་། རྔ་པ་ཊ་ཧ་དང་། པ་ཊ་ཧ་ཆེན་པོ་དང་། རྫ་རྔ་དང་། རྫ་རྔ་ཆེན་པོ་དང་། ཏམ་བུ་ར་དང་། གླིང་བུ་ལ་སོགས་པའི་སྒྲ་རྡུང་ལུགས་སྣ་ཚོགས་པ་དང་། དྲི་ཟ་རྗེས་ཀྱི་གླུ་ལ་སོགས་པའི་སྒྲ་དང་གར་ཐམས་ཅད་ཡོངས་སུ་རྫོགས་པར་ བྱ་ཞིང་དམ་ཚིག་ཅན་དང་སྟབས་གཅིག་ཏུ་གནས་ལ། ཕྱི་ནས་ཐམས་ཅད་བྱིན་གྱིས་བརླབས་པའི་སྔགས་ནི། ཨོཾ་ཨ་ཤྲུ་ཎི་པྲ་ཧཱུྃ། ཞེས་པ་འདི་བརྗོད་ན་ངེས་པར་ནག་པོ་ཆེན་པོའི་བྱིན་གྱིས་བརླབས་ཐེ་ཚོམ་མེད་པར་འབྱུང་ངོ་། །སླད་ཀྱིས་ཐམས་ཅད་འགྲུབ་ པར་འགྱུར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་རོལ་མོའི་རྒྱ་མཚོ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་པའོ།། །།གཞན་ཡང་རབ་ཏུ་སྦྱོར་བའི་ལེའུ་བཤད་པར་བྱའོ། །དུས་ཤེས་པས་ཤེས་བྱ་ཐམས་ཅད་རྐང་པར་མནན་པར་བསམས་པས་བརླག་པར་ འགྱུར་བ་ནི་ཤེས་པས་བདེ་བ་ཐོབ་པར་ཇི་ལྟར་བྱ་ན། བསྒོམ་བྱ་སྒོམ་བྱེད་བསྒོམ་པ་སྤངས་ལ། བརྟན་པར་གནས་པའི་སྦྱོར་བ་བསམ་དུ་མེད་པར་མཐར་གཏུགས་ཀྱི་བར་དུ་ངེས་པར་བྱའོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་རབ་ཏུ་སྦྱོར་ བའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའོ།། །།གཞན་ཡང་བྱོལ་སོང་བསྐྲད་པར་བྱ་བའི་སྔགས་བཤད་པར་བྱ་སྟེ། ཨོཾ་ཛཾ་ཛཾ་ཞེས་པ་དྲན་པར་བྱས་ན་གླང་པོ་ཆེ་འབྲོས་པར་འགྱུར་རོ། །ཧཾ་རཿཞེས་པ་དྲན་པར་བྱས་ན་ཁྱི་འབྲོས་པར་འགྱུར་རོ། །པྲཿཔྲཿཞེས་པ་དྲན་ པར་བྱས་ན་རྟ་འབྲོས་པར་འགྱུར་རོ། །ཊ་ཧཱུྃ་ཞེས་པ་དྲན་པར་བྱས་ན་སེང་གེ་འབྲོས་པར་འགྱུར་རོ། །ཨེ་ཧི་ཊཾ་ས་ཎ་ཧཿཞེས་པ་དྲན་པར་བྱས་ན་སྦྲུལ་འབྲོས་པར་འགྱུར་རོ། །མུཿཞེས་པ་དྲན་པར་བྱས་ན་སྤྲེའུ་འབྲོས་པར་འགྱུར་རོ། །གཽ་ཝ་གཿཞེས་པ་དྲན་པར་བྱས་ན་གླང་ འབྲོས་པར་འགྱུར་རོ། །སཿཀུ་ལུ་ཀུ་ལུ་ཞེས་པ་དྲན་པར་བྱས་ན་རྒྱལ་པོས་ཅུང་ཟད་ཀྱང་གནོད་པ་བྱ་བར་ནུས་པར་མི་འགྱུར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་བྱོལ་སོང་བསྐྲད་པའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ།། །།གཞན་ཡང་མཉམ་པར་སྦྱོར་བས་རྗེ་ བཙུན་རྟོགས་ཏེ། མཆོག་ཏུ་ཟབ་པ་ལ་མཉམ་པར་སྦྱར་ན་རང་བཞིན་བདེ་བ་མཆོག་ཏུ་འགྱུར་བ་སྐྱེ་བས་སོ། །བདེ་བ་ཐོབ་པར་བྱེད་པ་ནི་སེམས་མ་ཡིན་ཞིང་སེམས་ལས་བྱུང་བ་ཡང་མ་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་ཡང་རྟོགས་པ་དང་མི་ལྡན་པ་བློན་པོ་གཅོལ་ཆུང་ མཆོག་ཏུ་ཟབ་པ་གང་གིས་མི་ཤེས་པའི་མི་དེས་གཉིས་སུ་མེད་པའི་ཡེ་ཤེས་ཚིག་ཙམ་དུ་ཡང་དྲན་པར་མི་འགྱུར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས། མཉམ་པར་སྦྱོར་བའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ།། །།གཞན་ཡང་རྣལ་འབྱོར་གྱི་ལེའུ་བཤད་པར་ བྱ་སྟེ། སྟེང་འོག་ཡང་དག་པར་མནན་ཏེ། ལྟེ་བའི་དབུས་སུ་ཟླ་བ་བསྒོམས་ན་ཟླ་བ་དྲུག་གིས་ངེས་པར་འགྲུབ་པར་འགྱུར་རོ། །སྣའི་བུག་པ་བཀག་སྟེ་ཐིག་ལེ་བསྒོམས་ན་ཉིན་ཞག་ཉི་ཤུ་རྩ་གཅིག་གིས་འགྲུབ་པར་འགྱུར་རོ། །ལྕེ་སྟེངས་སུ་བཀུག་ན་རྒས་པ་དང་ཤི་བ་ལས་ གྲོལ་བར་འགྱུར་རོ། །དགང་བ་དང་། དབྱུང་བ་དང་། བུམ་པ་ཅན་རིམ་པ་ཇི་ལྟ་བར་དྲན་པར་བྱས་ན་ཟླ་བ་ཕྱེད་ཀྱིས་མཁའ་སྤྱོད་འགྲུབ་པར་འགྱུར་རོ། །རླུང་གིས་ཡིད་བསད་པ་ལ་ཟླ་བའི་སྦྱོར་བ་བྱ་བ་ནི་སྔགས་ཀྱི་སྦྱོར་བ་རྣམ་པར་བྱེད་པས་སྐད་ཅིག་ཙམ་གྱིས་ཀྱང་འཕྲོག་སྟེ། ལག་པ་རབ་ཏུ་གཅག་པར་བྱའོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་རྣལ་འབྱོར་གྱི་ལེའུ་སྟེ་བཞི་བཅུ་རྩ་བཞི་པའོ།། །།འདིར་རྣལ་འབྱོར་པ་གཟའ་རྣམས་ཀྱི་གཙོ་བོ་བསྒྲུབས་ནས་ཡང་དག་པའི་བདེ་བ་ཤིན་ཏུ་ཁྱབ་པར་བྱེད་པའི་སྦྱིན་བསྲེག་བྱ་སྟེ། བདག་ཉིད་ལ་གུར་གུམ་དང་། སྨན་ཧ་རེ་ཎུ་དང་ཁུ་བ་དང་དངུལ་ཆུ་རྣམས་ལུས་ལ་བྱུགས་ན་ཕས་ཀྱི་དཔུང་འཇོམས་པར་འགྱུར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་ཕས་ཀྱི་དཔུང་འཇོམས་པའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པའོ།། །།གཞན་ཡང་ལྷ་མོས་གསོལ་ པ། ཀྱེ་བཅོམ་ལྡན་འདས་ཉི་མ་གང་དང་གང་ལ་སྔགས་དང་སྨན་གྱི་ནུས་པ་འགྲུབ་པར་འགྱུར་གསུངས་ཤིག་ཉན་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉི་མ་ཐམས་ཅད་བཟང་པོ་ཡིན་ཏེ། འོན་ཀྱང་དུས་ཚོད་ལ་ལྟོས་པར་རིགས་པས་དེའི་ཕྱིར་དུས་ ཚོད་བརྗོད་པར་བྱའོ། །ཉི་མ་ནི་ལྔ་པ་ལའོ། །ཟླ་བ་ནི་གཉིས་པ་ལའོ། །གཟའ་རྣམས་ཀྱི་གཙོ་བོ་ནི་བདུན་པ་ལའོ། །སྔགས་པ་ནི་བཞི་པ་ལའོ། །གཟའ་ལྷག་པ་ནི་གསུམ་པ་ལའོ། །མིག་དམར་ནི་དྲུག་པ་ལའོ། །སྤེན་པ་ནི་གཅིག་པ་ལ་སྟེ། རང་རང་གི་དུས་ཚོད་ངེས་ པར་འགྲུབ་པར་འགྱུར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་གཟུང་བ་དང་དོར་བའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ།། །།གཞན་ཡང་ནང་གི་བདག་ཉིད་ཅན་གྱིས་རྨི་ལམ་བརྟགས་ལ་སེམས་ཅན་རྣམས་ཀྱི་རྨོངས་པ་དང་བྲལ་བའི་དུས་ཚོད་དང་རབ་ཏུ་ལྡན་པར་བྱ་བའི་ ཕྱིར་གཟའ་དང་། སྐར་མ་དང་། ཚེས་གྲངས་ཀྱི་གོ་རིམས་བརྗོད་པར་བྱ་སྟེ། ནག་པོའི་ཕྱོགས་ཀྱི་བཅུ་བཞིའམ། བརྒྱད་དམ། བཅུའམ། ཚེས་གཅིག་རྣམས་ཀྱིས་རི་དང་། ཆུ་སྟོད་དང་། མེ་བཞི་དང་། སྐག་དང་། མཆུ་དང་། ནག་པ་དང་། ཐ་སྐར་དང་། བྲ་ཉེ་དང་། སྨིན་དྲུག་རྣམས་དང་རབ་ཏུ་ལྡན་ པར་བྱའོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་སྐར་མའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའོ།། །།གཞན་ཡང་ནམ་ཡིད་ཆེས་པའི་དུས་སུ་མཁས་པས་རྒྱུ་བའི་རྩ་གཉིས་མནན་པར་བྱ་ཞིང་། ཤིན་ཏུ་དགའ་བ་ལ་སོགས་པ་ལ་ཉེ་བར་གནས་ནས་ཤེས་ བྱ་ཐམས་ཅད་ལྟེ་བའི་དཀྱིལ་འཁོར་དུ་མནན་ན་འགྲོ་བ་རྣམས་ཀྱི་བདེ་བ་ཐེ་ཚོམ་མེད་པར་ཐོབ་པ་ནི་ཡུལ་རྣམས་ཡེ་ཤེས་ཀྱི་མེས་བསྲེགས་ནས་སྒྱུ་མ་སྣང་བའོ། །མ་འོངས་པའི་དུས་ནའང་འགྲོ་བ་རྣམས་ཀྱིས་ཤིན་ཏུ་ཡོངས་སུ་དག་པ་དྲི་མ་མེད་པ་བསམ་དུ་མེད་པའི་ ཞིང་བཟང་པོར་སྐྱེ་བར་འགྱུར་རོ། །རྣལ་འབྱོར་འདིས་འོ་མ་འཐུངས་ན་ལྦུ་བ་ལྟར་དྲི་མ་མེད་པར་འགྱུར་རོ། །རླུང་ཕྱིར་འདོན་ཅིང་དག་པར་བྱས་ན་དགེ་བ་བསམ་པ་འགྲུབ་པར་འགྱུར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་དགེ་བ་བསམ་པའི་ལེའུ་སྟེ་བཞི་བཅུ་ རྩ་བརྒྱད་པའོ།། །།ལྷ་མོས་གསོལ་པ། བཅོམ་ལྡན་འདས་ལམ་གྱི་ཆོ་གའི་རིམ་པ་བཤད་དུ་གསོལ། གང་གིས་གང་སྦར་ལ་སྦྱིན་བསྲེག་བྱ། སྙིང་རྗེ་དང་ལྡན་པས་སེམས་ཅན་ཐམས་ཅད་བདེ་བ་ལ་ཇི་ལྟར་དགོད། དང་པོར་དངོས་གྲུབ་འདོད་པའི་སྔགས་བཟླས་པ་བྱས་ནས་སྦྱིན་ བསྲེག་བྱའོ། །མྱུར་བ་ནི་རྟག་པ་བསྟན་ན་བདེ་བའི་རང་བཞིན་ཡེ་ཤེས་གོ་སྟེ། སྐད་ཅིག་དེ་ལ་ལུས་ཅན་རྣམས་ཀྱིས་ཡེ་ཤེས་འཐོབ་པར་འགྱུར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་ལམ་གྱི་ཆོ་གའི་རིམ་པའི་ལེའུ་སྟེ་བཞི་བཅུ་རྩ་དགུ་པའོ།། །།གཞན་ཡང་ཨ་ཐརྦ་ཤ་བ་རཱིའི་ སྔགས་ཀྱི་ལེའུ་བཤད་པར་བྱའོ། །ཨོཾ་སརྦ་མནྟྲ་ཎི་དཱ་ནཾ་ཀྵེ་མཾ་རྃ་ཧཱུྃ་ཀྵཿཧཿཞེས་པའི་སྔགས་ཀྱི་རྒྱལ་པོ་འདི་ཕོགས་གཅིག་བཀླགས་པ་ཙམ་གྱིས་སྒྲུབ་པ་པོ་རྣམས་ཀྱི་སྡིག་པ་ཐམས་ཅད་ཚེགས་མེད་པར་ཟད་པར་འགྱུར་རོ། །འདི་ནི་དཔལ་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་ཨ་ཐརྦ་ཤ་བ་རཱིའི་སྔགས་ཀྱི་ལེའུ་ སྟེ་ལྔ་བཅུ་པ་རྫོགས་སྷོ།། །།ལྡང་འཕྲུལ་གྱི་གཙུག་ལག་ཁང་ཆེན་པོ་ར་ས་ར་མོ་ཆེར་ཕ་རྒྱལ་ཁམས་པས་ཞུས་པའི་དོན་དུ། པཎྜི་ཏ་ཆེན་པོམནྟ་ཤྲཱི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རྭ་དགེ་སློང་ཆོས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བ།། །། ༄༅༅། །རྒྱ་གར་སྐད་དུ། ཡ་ཐཱ་ལ་བྡྷ་ཁ་ས་མ་ཏནྟྲ་ནཱ་མ། བོད་སྐད་དུ། ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་ཞིག་སངས་རྒྱས་ལྔ་ཡི་ཅོད་པན་ཅན། ། ས་གསུམ་ཀུན་གྱི་སྙིང་པོ་དང་ལྡན་པ། །དཔལ་ལྡན་དང་པོའི་སངས་རྒྱས་ངོ་བོ་མཛད། །དེ་ནི་མཁའ་དང་མཉམ་པར་སྤྱོད་པའོ། །གལ་ཏེ་དེ་འདྲའི་ངོ་བོར་སེམས་དག་པ། །བྱིས་པ་འདི་ནི་དོན་དམ་སྒོམ་པ་ཡིན། །སངས་རྒྱས་རྣམས་ཀྱི་རང་བཞིན་མཐོང་ མིན་ཏེ། །སངས་རྒྱས་དང་ནི་རྡོ་རྗེ་འཛིན་པ་དང་། །རིན་ཆེན་ཏོག་དང་པད་ལྡན་འཇུག་པ་སྟེ། །ལྷ་དེ་རྣམས་ཀྱི་རང་བཞིན་ཡོད་མ་ཡིན། །དང་པོའི་སངས་རྒྱས་ནམ་མཁའི་རང་བཞིན་ནོ། །དང་པོའི་ཆོས་ལས་དེ་རྣམས་འབྱུང་བ་སྟེ། །མཁའ་དང་ལྷན་ཅིག་ སེམས་ཅན་ཁམས་རྣམས་ཀྱང་། །གཞུག་རྣམས་སུ་ནི་བསྟན་བཅོས་ཚད་མར་བྱས། །གདོད་ནས་དག་པའི་གོ་འཕང་མཁའ་མཉམ་མཚུངས། །སངས་རྒྱས་ལྔ་ཡི་ཅོད་པན་དང་ཡང་ལྡན། །གང་ཞིག་ཆོས་དེ་ཉིད་ཀྱི་རང་བཞིན་ཅན། །ས་གསུམ་པོ་ཡི་ཆོས་ནི་འབྱུང་ འགྱུར་བ། །རྡོ་རྗེ་སེམས་དཔའ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་ལ་ནི་ཕྱག་འཚལ་བའི། །བསོད་ནམས་ཀྱང་ནི་མཐའ་ཡས་འབྱུང་འགྱུར་ཞིང་། །རྡོ་རྗེ་སེམས་དཔའ་དེ་ལ་ཕྱག་འཚལ་བས། །ཆོས་ཀྱི་བདག་ཉིད་ཆེན་པོ་འཐོབ་པར་འགྱུར། །སེམས་ཅན་ ཐམས་ཅད་ཡོངས་སུ་བསྒོམ་པར་ཡང་། །བྱ་བ་འདི་ནི་ཐར་པའི་རང་བཞིན་ནོ། །དངོས་ཀུན་རྡོ་རྗེ་སེམས་དཔར་དག་བྱས་པའི། །ཐར་པ་ཆོས་ཀྱི་རང་བཞིན་བྱ་བ་སྟེ། །ཆོས་འདི་འཇིག་པ་མེད་པའི་རང་བཞིན་ཅན། །འཇིག་རྟེན་པས་ནི་རང་བཞིན་གཞན་དུ་བྱས། །འདི་ ནི་སྐུ་དང་གསུང་དང་ཐུགས་དག་ནི། །ཆོས་འདི་ཡི་ནི་དང་པོ་འབྱུང་བ་སྟེ། །རྣལ་འབྱོར་གནས་ནི་ལྷ་མོ་སྐུལ་བྱེད་མ། །དེར་ནི་དང་པོར་ཆོས་རྣམས་འབྱུང་འགྱུར་བའོ། །དེར་ནི་སྔགས་རྣམས་རྡོ་རྗེ་གཅིག་དངོས་བསྒོམ། །ཆོས་ཀྱི་རང་བཞིན་རྡོ་རྗེ་དངོས་དམིགས་སམ། ། རལ་པའི་ཐོར་ཚུགས་ཀྱིས་ཀྱང་རབ་བརྒྱན་ཅིང་། །སྐུ་མདོག་ཀྱང་ནི་སྔོན་པོའི་རང་བཞིན་ཅན། །རྡོ་རྗེ་སེམས་དཔའི་ཏིང་འཛིན་དགེ་བ་སྟེ། །གཅིག་པའི་རང་བཞིན་ཉིད་ནི་བསྒོམ་པར་བྱ། །ཉི་མའི་དཀྱིལ་འཁོར་གྱི་ནི་དབུས་གནས་པར། ། ཡི་གེ་བསྐྱེད་པ་ཉིད་དུ་བསམ་པར་བྱ། །ཡི་གེའི་གཟུགས་ནི་ཡོངས་སུ་གྱུར་པ་ལས། །རྡོ་རྗེ་རང་བཞིན་ཉིད་དུ་བསམ་པར་བྱ། །མཆུ་ཡི་མཐའ་ནི་སྔགས་པས་བསྒོམ་བྱ་བ། །རང་གི་ངོ་བོ་ཉིད་ཀྱིས་རང་བཞིན་ཏེ། །གཉིས་སུ་མེད་པའི་སྐུ་ཡི་རང་བཞིན་ཅན། ། རྡོ་རྗེ་སེམས་དཔའ་དམིགས་པར་བྱ་བའོ། །འདི་ནི་སེམས་ཉིད་ཡོངས་སུ་གྲུབ་པ་སྟེ། །རྡོ་རྗེ་འཛིན་པ་ཡིས་ནི་གསུངས་པ་ཡིན། །གང་ཞིག་བསྒོམ་པ་འདི་ཡིས་སྒོམ་བྱེད་པ། །སེམས་ཀྱི་རང་བཞིན་ཉིད་ནི་འགྲུབ་པར་འགྱུར། །འདི་ནི་ལྷ་མོ་བཞི་རྣམས་ རོ་གཅིག་པའོ། །ངོ་བོ་བློས་ནི་མཁའ་དང་མཉམ་ལས་བསྒོམ། །དེ་ལྟའི་ཆོས་བྱས་སེམས་ཀྱི་རང་བཞིན་ཏེ། །ལྷ་མོ་ཐར་པའི་རང་བཞིན་ཉིད་དུ་བསྒོམ། །རྡོ་རྗེ་སེམས་དཔའ་དེས་མཐོང་བ། །ཆོས་རྣམས་ཀུན་གྱི་རང་བཞིན་ཅན། །རྣལ་འབྱོར་གནས་དང་རོལ་ པ་སྟེ། །ཐམས་ཅད་མཉམ་པའི་བཙུན་མོར་བཅས། །བཀོད་པ་དག་དང་ལྡན་པར་གནས། །མཁས་བཅས་དངོས་ལས་བྱུང་དེ་ལ། །རྡོ་རྗེ་སེམས་དཔའ་གང་མཐོང་བར། །གཟུང་བ་སངས་རྒྱས་སྤྲོ་བསྡུའོ། །བཞི་ཡི་ངོ་བོ་ལྷ་མོ་བཞི། །དབུས་སུ་ངེས་པར་ གནས་པ་སྟེ། །སྒྱུ་མ་ལྟ་བུའི་རང་བཞིན་གྱིས། །ས་གསུམ་ལ་ནི་ཁྱབ་པའོ། །ལྷ་ཡི་དེར་ནི་ཁ་བཞི་པའི། །ལྷ་ཚོགས་རྡོ་རྗེ་ཉིད་ཡིན་ནོ། །དེ་ལ་སངས་རྒྱས་རྣམས་ཀྱི་ནི། །རྣམ་འཕྲུལ་ཐམས་ཅད་འདི་ཡིའོ། །ཅི་ལྟ་ཅི་ལྟར་སེམས་ཅན་རྣམས། །སྐྱེ་བར་ འགྱུར་བ་ལན་ཉིད་དེ། །སངས་རྒྱས་རྣམས་ཀྱི་རྣམ་འཕྲུལ་ནི། །སྣ་ཚོགས་རྡོ་རྗེ་ཡིན་པར་འགྱུར། །དེ་ལས་གང་བྱུང་ལྷ་ཀུན་ཀྱང་། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཡིན། །སེམས་ཅན་རྣམས་ནི་ཆོས་ཀྱི་ངོ་བོར་བལྟ། །ས་གསུམ་ཐམས་ཅད་གཅིག་པའི་ངོ་བོ་ཉིད། ། རོལ་པ་མཛད་པ་སངས་རྒྱས་ཀྱིས་གཟིགས་ཤིང་། །དེ་ཡིས་རྣལ་འབྱོར་དབང་ཕྱུག་མ་ཀུན་མཐོང་། །ལྷ་ཡི་དམ་ཚིག་གི་ལེའུ་སྟེ་དང་པོའོ།། །།རྟག་ཏུ་མཆོག་ལྡན་ཁྱོད་ཀྱི་ནི། །དམ་ཚིག་ལྷ་མོ་ཐམས་ཅད་ཀྱི། མཆོག་ཏུ་གྱུར་པའི་ལྷ་མོ་ནི། །དུ་མཆིས་བདག་ཅག་ ཞུ་བར་འཚལ། །དེ་ལ་གླུ་བཞི་གསུངས་པ་སྟེ། །སྟེང་དང་དབྱེར་མེད་བྱས་པའི་ཆོས་མཉམ་རང་སྣང་མ། །ཞི་ལ་ཐར་པ་མ་དང་མཆོག་ཏུ་མཉམ་བྱེད་མ། །གང་ཕྱིར་སྒྱུ་མའི་མཛད་པས་སངས་རྒྱས་རྣམས་དང་མཉམ། །མཁའ་མཉམ་ཐམས་ཅད་རོལ་པ་ཞི་བ་མེད་པའོ། ། རུ་ལུ་རུ་ལུ་བྷྱོ་རུ་དྷ། མཁའ་དང་མཉམ་པའི་ཆོས་རྣམས་ཀུན་དུ་རོལ་པ་སྟེ། །སྒྱུ་མའི་རང་བཞིན་དང་ནི་སྒྲ་བརྙན་ཆོས་མཉམ་སྣང་། །ལྷན་ཅིག་གནས་མིན་ཆ་སྟེ་རང་ཉིད་པི་ཝང་མཚུངས། །བྱས་པའི་སྣང་བ་དང་ནི་མཉམ་པར་གྱུར་པའོ། །གང་ཞིག་ཆོས་རྣམས་སྣང་ བ་ནམ་མཁའ་དང་མཉམ་པ། །དེར་ནི་རྡོ་རྗེ་མཛད་པ་གཟུགས་ཅན་ལྟ་བུ་སྟེ། །རྡོ་རྗེའི་ཐེག་པ་དེར་ནི་གཟུགས་སོགས་འདོད་ཡོན་གྱི། །བདེ་བ་མི་ཟད་སྣ་ཚོགས་དང་མཉམ་སྩོལ་མཛད་པའོ། །རྣལ་འབྱོར་གནས་ནི་དུ་མའི་རྡོ་རྗེའི་ཚུལ་འདི་ནི། །དུ་མའི་གཟུགས་ འཛིན་དེར་ནི་རྡོ་རྗེ་དང་མཉམ་ཞིང་། །ཉིད་དང་འདྲ་བའི་སེམས་དཔའ་རྣམས་ནི་སྤྲོ་མཛད་པའི། །རྡོ་རྗེ་དབྱིངས་དང་ལྷན་ཅིག་མཆོག་སྩོལ་མཛད། །རང་བདག་མཁའ་མཉམ་བཞུགས་ལ་བསྐུལ་བ་ནི། །གང་ཞིག་རྩེ་གཅིག་སེམས་ཀྱིས་འདི་ཉན་ཅིང་། །བརྗོད་ བཅས་སེམས་ཀྱི་གླུ་འདི་འཛིན་པའོ། །གླུ་འདི་ནམ་མཁའ་དང་ནི་མཉམ་པ་སྟེ། །དེར་ནི་གཟུགས་བཅས་རྡོ་རྗེ་ལེན་པའི་ཕྱིར། །རྡོ་རྗེའི་བདག་ཉིད་ཐུགས་ནི་སད་བྱེད་ཅིང་། །རང་བཞིན་གཅིག་པའི་ཕྱིར་ནི་རྒྱུད་ཀྱང་ལེན་པར་འགྱུར། །འདི་ནི་རྡོ་རྗེའི་ཚིག་སྟེ་རྡོ་རྗེ་ གཞན་རང་བཞིན། །སྔགས་པས་ཐུགས་ཆུད་དཀྱིལ་འཁོར་ཀུན་བསྒོམས་ཤིང་། །ཆོས་ཀྱི་དཀྱིལ་འཁོར་དབུས་གནས་པད་མཆོག་དེར་བསྒོམ་པ། །དཀྱིལ་འཁོར་དབུས་གནས་ཆོས་ནི་ཧཱུྃ་གི་དབྱེ་བ་ཅན། །གཟུགས་རྣམས་ཐམས་ཅད་སྒྱུ་མའི་ངོ་བོར་ངེས་པར་བརྟག ། ཐུགས་ཀྱི་ངོ་བོ་ར་གཅིག་བསམ་རྡོ་རྗེ་ཐེག་པའོ། །སེམས་ནི་མཁའ་མཉམ་སེམས་ཀྱི་ཐེག་པ་རང་བཞིན་མེད། །གཉིས་ཀའི་རང་བཞིན་ཡང་ནི་ལུས་ཅན་མ་ཡིན་ཏེ། །དེར་ནི་རྡོ་རྗེ་ལ་ནི་མེད་པ་ཡིས། །རྡོ་རྗེ་སེམས་དཔའ་ཁྱོད་ནི་གཅིག་པའི་རང་ བཞིན་ཏེ། །འཇིག་རྟེན་པ་ལ་སྒྱུ་མའི་རང་བཞིན་ཉིད་དུ་མཛད། །སེམས་ཅན་འདུལ་བའི་རང་བཞིན་དུ་ནི་སད་མཛད་པ། །ཀྱེ་ལགས་རྡོ་རྗེ་སེམས་དཔའ་ཁྱོད་ནི་གཅིག་པའི་དངོས། །ལྷ་མོ་བཞིས་སྨྲས་རྡོ་རྗེ་ཀུན་ཏུ་སྤངས་པ་སྟེ། །ནང་དུ་གནས་པ་རྡོ་རྗེ་རོལ་པར་ལྡན་པ་དང་། ། ཐུགས་ཀྱི་ངོ་བོ་ཉིད་ཀྱིས་དེར་ནི་རབ་ཏུ་གནས། །ཐུགས་ཀྱི་གསང་བའི་ཆོས་ནི་རྣམ་པར་འབྱུང་བའོ། །ནམ་མཁའི་རང་བཞིན་ཅན་གྱི་རྡོ་རྗེ་སྤྲོ་བྱ་ཞིང་། །སྤྲོས་པའི་རྡོ་རྗེ་སླར་ཡང་བསྡུ་བྱས་ཏེ། །སེམས་ཀྱི་རང་བཞིན་དུ་ནི་གཅིག་ཕྱིར་རོ། །སེམས་ནི་འགོག་པར་གྱུར་པ་ ན། །ཀུན་ཀྱང་མཉམ་ཞིང་མཚུངས་པར་མཐོང་། །ཡང་དང་ཡང་དུ་སྔགས་བསྡུས་པས། །གཅིག་པའི་རྣམ་པར་བྱ་བའོ། །ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།། །།བྲམ་ཟེ་དང་ནི་གདོལ་པ་གཅིག་པའི་རང་བཞིན་དུ། །ཆོས་རྣམས་ཀྱི་ནི་རང་ བཞིན་སངས་རྒྱས་ཀྱིས་གསུངས་པའོ། །གཅིག་གི་རང་བཞིན་ལ་གནས་པ་ཡི་དངོས་པོ་སྟེ། །དེ་ལ་རྡོ་རྗེ་ཅན་གྱིས་མཉམ་པའི་ངོ་བོར་གསུངས། །བྲམ་ཟེ་དང་ནི་ཁྱི་དག་གཅིག་པའི་དངོས་ཡིན་ཞིང་། །རུས་པའི་རྒྱན་རྣམས་ཀྱང་ནི་སྒྱུ་མའི་རང་བཞིན་ཏེ། །རྡོ་རྗེའི་ གོ་འཕང་དེ་ལ་ལེན་པའི་རང་བཞིན་ནོ། །རྣལ་འབྱོར་དེ་ལ་མཉམ་པའི་ངོ་བོར་དེས་མཐོང་སྟེ། །དེ་དང་མཉམ་པའི་རང་བཞིན་སེམས་ཅན་རྣམས་ལ་སྦས། །དེ་ཡི་རྣལ་འབྱོར་རང་བཞིན་ལྷ་མོས་གསུངས་པ་ནི། །ལྷ་མོ་ཐམས་ཅད་དེར་ནི་གཅིག་པའི་རང་བཞིན་ཏེ། །གཙོ་ བོ་དང་བཅས་མཛེས་པ་གཅིག་པུ་འབྱུང་གྱུར་ཁྱོད། །མཉམ་པ་རང་བཞིན་དེ་ནི་སྔགས་པ་གཅིག་པུ་སྟེ། །རྡོ་རྗེ་རྣམ་པར་སད་པར་བྱེད་པ་གཅིག་པུ་ཉིད། །དེར་ནི་ཞེ་སྡང་རང་བཞིན་དག་ནི་ཞིག་པ་སྟེ། །ཡན་ལག་ཕྱེད་པའི་ཆོས་ནི་འབྱུང་བར་འགྱུར་བ་ཡིན། །དེར་ནི་ རྡོ་རྗེའི་བཙུན་མོ་གཅིག་རང་བཞིན། །གང་ཚེ་རྡོ་རྗེ་ལ་ནི་དབྱངས་ཀྱིས་བསྟོད་པའི་ཚེ། །ལྷ་ཡི་གཡོན་གྱི་ཕྱེད་དང་གཅིག་ཏུ་གྱུར་པར་བལྟ། །ལུང་ཉིད་ཚད་མར་བྱས་ནས་རྡོ་རྗེ་སེམས་དཔའ་དེ་བསྒོམ་བྱ། །གསུང་གི་དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། །། གླང་པོ་དང་ནི་རྟ་དང་མི་དང་ཁྱི་དང་ནི། །བ་ལང་ཤ་སྟེ་ཐམས་ཅད་མ་ལུས་གྱུར་པ་རྣམས། །དམ་ཚིག་དེ་ཉིད་གཅིག་པའི་རང་བཞིན་ཉིད་ཡིན་ཏེ། །མཁའ་མཉམ་རང་བཞིན་ཅན་གྱིས་རྣལ་འབྱོར་པས་བཟའ་བའི། །དམ་ཚིག་འདི་ནི་ལྷ་མོ་བཞི་པོས་གསུངས་པའོ། །རྣལ་ འབྱོར་པ་ལ་བསྒོམ་པའི་སེམས་དང་ལྡན་གྱུར་ཅིང་། །སེམས་གཅིག་པ་ནི་རྡོ་རྗེ་འཆང་ཉིད་འགྲུབ་འགྱུར་ཏེ། །དངོས་པོ་ཉིད་དང་བཅས་པའི་ཐུགས་ནི་སྐྱེ་བར་འགྱུར། །རྡོ་རྗེའི་དངོས་མཛད་ཞི་བ་མ་གསུངས་སྙིང་པོ་སྟེ། །འདི་ལྟར་ཆོས་རྣམས་མཉམ་པ་ཉིད་དུ་རྟོགས་ བྱ་ཞིང་། །དེ་ལྟར་མཁའ་དང་མཉམ་པར་རྣམ་པར་དཔྱད་པར་བྱ། །ལྷ་འདི་རྣམ་སྣང་ལྷ་མོ་ལྔ་རྣམས་དེའི་བདག་ཉིད། །རྡོ་རྗེ་ཐེག་པ་ལ་ནི་མཉམ་པའི་རང་བཞིན་ཏེ། །སྐུལ་བྱེད་མས་ནི་སྲིད་པའི་རང་བཞིན་ཡིན་ཕྱིར་རོ། །གཅིག་པའི་དང་པོ་རྡོ་རྗེ་སེམས་ཏེ་སྐུར་མཐོང་བ། ། རྡོ་རྗེའི་ཐེག་པར་འདོད་རྣམས་ལྷ་མོས་འདི་སྐད་གསུངས། །བདེན་པ་བསྐྱེད་པ་འདི་ནི་རྣམ་སྣང་ལྷ་མོས་གསུངས། །འདི་ནི་ཟླ་བའི་དབུས་གནས་བསྒོམ་པ་རྡོ་རྗེའི་གསང་སྔགས་ཏེ། །དེ་ནི་སེམས་གཅིག་པ་ཡིས་རྡོ་རྗེ་རྣམ་བསྒོམ་པ། །རབ་ཏུ་འབར་བའི་རྡོ་རྗེ་རྩེ་ གསུམ་པ་ཉིད་དོ། །རྣལ་འབྱོར་གནས་ཀྱི་དབུས་གནས་རྡོ་རྗེའི་རང་བཞིན་བསྒོམ། །ངས་ནི་རྡོ་རྗེའི་ཐེག་པར་འདི་སྐད་དུ། །ཆོས་རྣམས་གཅིག་པའི་རང་བཞིན་ཉིད་དུ་བསྟན། །སྐུའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།། །།དངོས་མེད་མི་རྟག་པ་ལས་དངོས་ བཅས་ལུས་བསྒོམ་མིན། །ལྷ་མོས་སྐུལ་བ་བྱེད་པའི་དངོས་པོ་སྟེ། །དེ་ལྟར་ཆོས་ལས་ངེས་པར་བརྟག་བྱ་བས། །སེམས་ནི་ནམ་མཁའ་ལྟ་བུའི་མཚན་ཉིད་དང་། །དངོས་པོ་ཐེག་པ་མེད་པའི་དངོས་པོར་བྱ། །དངོས་པོའི་རང་བཞིན་ལ་ནི་ཐེག་པ་མེད་པ་སྟེ། །སེམས་ ནི་ནམ་མཁའ་ཉིད་དང་མཉམ་པའི་རང་བཞིན་ཅན། །སྔ་མ་ཅི་བཞིན་སེམས་ནི་རྣམ་པར་སྦྱར་བར་བྱ། །ཅི་ལྟར་དེ་ནི་དངོས་པོར་བྱ་བ་སྟེ། །དངོས་པོ་འདི་ནི་ཐེག་པར་འགྲུབ་པར་མི་འགྱུར་ཏེ། །སེམས་ཅན་ནམ་མཁའ་ལྟ་བུའི་མཚན་ཉིད་དང་། །དབུས་ སུ་ཚིག་ནི་ཆོས་ལ་ངེས་རྟོག་པར། །སེམས་ལས་དངོས་པོ་ཉིད་དུ་བྱ་བ་སྟེ། །རྣམ་པ་དུ་མའི་ཚུལ་གྱི་རང་བཞིན་གྱིས། །རྡོ་རྗེ་སེམས་དཔའ་བསྐྱེད་པར་བྱ་བའོ། །ཅི་ལྟར་དང་ཞིང་རྙོག་པ་མེད་པའི་ཆུ། །འདི་འདྲའི་སེམས་ནི་མྱུར་བའི་ངོ་བོར་བསྒྲུབ། །དེ་ལྟར་བསྟན་དུ་ མེད་པ་འདི་ནི་ང་ཡིས་བསྟན། །རྡོ་རྗེ་སེམས་དཔའི་སྐུ་ཡི་རང་བཞིན་གྱིས། །བཞི་པའི་རྣམ་པའི་ངོ་བོར་བྱ་བ་སྟེ། །དེ་ལ་རྡོ་རྗེའི་ཆུ་ནི་ཡི་དམ་ལྷ་ཡི་རང་བཞིན་ཅན། །ཐུགས་ཀྱི་ངོ་བོའི་རྣལ་འབྱོར་པས་བཟའ་བྱ། །ཆོས་དང་དགེ་འདུན་དང་ནི་རྡོ་རྗེའི་ཆུ་སྟེ་དེ་རྣམས་མཉམ་ པའི་རང་བཞིན་ཏེ། །ཞག་དང་ཁྲག་སོགས་མཆོག་ཏུ་མཛེས་པར་རབ་བཞུགས་དངོས་པོའི་ལུས་ནི་བསྒྱུར་བར་བྱ། །བཟའ་དང་བཅའ་དང་མལ་སྟན་ལ་སོགས་དེ་རྣམས་ཐམས་ཅད་འདིའི་རང་བཞིན། །གང་ཞིག་ཏིང་ངེ་འཛིན་དུ་ངེས་པར་བསྟན་པའང་དེ་དང་གཅིག་པའི་ རང་བཞིན་ནོ། །སངས་རྒྱས་ཀྱིས་ནི་གསུམ་ཆར་ར་རྡོ་རྗེའི་ངོ་བོར་མཛད། །ཆོས་རྣམས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་ཏེ། །རྡོ་རྗེ་ཅན་གྱིས་སྒྱུ་མའི་རང་བཞིན་ཉིད་དུ་གསུངས། །དེ་ཡི་རང་བཞིན་མཁའ་མཉམ་སོ་སོར་སྣང་བར་འགྱུར། །སྒྱུ་མའི་ངོ་བོར་ངེས་པར་ བསྟན་པ་ཡིས། །རྡོ་རྗེ་ཡི་ནི་ངེས་པར་འཇུག་པར་བྱ་བ་སྟེ། །སེམས་ཅན་རང་བཞིན་ལ་ནི་ཐེག་པར་མེད། །སེམས་ནི་དེ་ལ་གནས་པའི་སྙིང་པོའོ། །དེ་ལྟའི་ངོ་བོས་ཐུགས་ཀྱི་བདག་ཉིད་ཀྱི། །སྔགས་པ་ཁྱོད་ནི་འགྲུབ་པར་འགྱུར་བ་སྟེ། །ཐུགས་དང་སྤྲོ་དང་སླར་ཡང་ བསྡུས་བྱ་བ། །གསུམ་ཅར་ཡང་ནི་གཅིག་པའི་རང་བཞིན་ནོ། །སེམས་ནི་རི་རབ་ཧཱུྃ་དང་མཉམ་བྱས་ཏེ། །དག་པའི་སངས་རྒྱས་སུ་ནི་སེམས་སླར་བསྐྱེད། །སེམས་དུབ་གྱུར་ན་སླར་ཡང་བསྡུ་བ་དག །དེར་ནི་སྔགས་པས་དེས་བརྟག་བསྒོམ་པར་བྱ། །བསྡུས་པའི་ངོ་བོས་ སླར་ཡང་སྦྱར་བར་བྱ། །རྡོ་རྗེ་སེམས་དཔའ་དེར་ནི་སྐུ་གཡོས་མཛད། །སླར་ཡང་ནམ་མཁའི་ངོ་བོས་ཁྲོ་བས་ཏེ། །དེ་ལྟར་སྤྲོས་དང་བསྡུས་པའི་རང་བཞིན་ནོ། །དེ་ལ་རྡོ་རྗེ་སེམས་དཔའ་གཅིག་དངོས་གྲུབ་པའི་ཕྱིར། །དེའི་ཕྱིར་སྤྲོ་བའང་རྡོ་རྗེ་འཆང་དུ་རིགས། །སྔགས་ པས་བརྟན་པར་གྱུར་ན་སྤྲོ། །བརྟན་པར་མ་གྱུར་འདིར་སྤྲོས་པ། །ལུས་ཉོན་མོངས་ཀྱི་འབྲས་མི་འབྱིན། །ངེས་པར་འགྲུབ་འགྱུར་ཐེག་པའི་དངོས། །ཐམས་ཅད་བདེན་པ་འདི་རྣམས་བསྟན། །དེ་ལྟའི་ཆོས་ནི་བསྒོམ་པ་ཡི། །དངོས་པོ་རྡོ་རྗེའི་རང་བཞིན་ནོ། །མཁའ་ དང་མཉམ་པའི་སེམས་ནི་སྨད་མི་བྱ། །གང་ཡང་དྲི་མ་ཅིས་ཀྱང་གོས་པ་མིན། །ཀྱེ་རྣལ་འབྱོར་པ། བཅོམ་ལྡན་འདས་ཡུམ་སྐུལ་བྱེད་མ་ནི་དང་པོའི་རང་བཞིན་ཏེ། །རྡོ་རྗེ་བསྐྱེད་པར་བསྒོམས་པས་སངས་རྒྱས་བསྐྱེད་མཛད་པའོ། །ལྷ་མོ་རྣམས་ནི་ལྷ་དང་གཅིག་པའི་ རང་བཞིན་ཏེ། །རྡོ་རྗེ་སེམས་དཔའ་སངས་རྒྱས་འབྱོར་པ་བསྐྱེད་མཛད་པའོ། །རྗེས་སུ་འཛིན་པས་བསྒོམ་པའི་སེམས་དང་ནི། །ཡི་གེ་ཧཱུྃ་གིས་ཀྱང་ནི་དེ་འགྲུབ་འགྱུར། །བརླ་དང་རྐང་པ་དག་ཏུ་རྣམ་རྟོག་པའི། །རྨོངས་པ་ཡིད་ལ་བྱ་བ་མ་ཡིན་ནོ། །འཇིག་རྟེན་གསུམ་གྱི་འཁོར་ ལོ་འདི་ཉིད་ནི། །རྡོ་རྗེའི་འོད་ཟེར་གྱིས་ནི་ཡང་དག་བཅིངས། །སྔགས་པས་ནམ་མཁའི་ཁམས་སུ་ཁྲོ་བོའི་ལྷ། །བྱེ་བ་སྟོང་ཕྲག་དག་ནི་སྤྲོ་བྱ་སྟེ། །གཅིག་པའི་ངོ་བོར་གྱུར་པའི་རྡོ་རྗེར་ནི། །སླར་ཡང་ངེས་པར་བསྡུ་བར་བྱ་བ་ཡིན། །བྱང་ཆུབ་ཐེག་པ་སེམས་ཀྱི་རང་ བཞིན་ཏེ། །བྱང་ཆུབ་ཀྱང་ནི་སེམས་ཀྱི་རང་བཞིན་ནོ། །གཉིས་ཀ་རང་བཞིན་སེམས་ཀྱི་ཐེག་པ་སྟེ། །སེམས་ཀྱང་མཁའ་དང་མཉམ་པའི་རང་བཞིན་ནོ། །རྒྱུད་གཞན་དང་ཐུན་མོང་བའི་ལེའུ་སྟེ་ལྔ་པའོ།། །།ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་ པའི་རྒྱུད་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ཏཱཀྵ་ཀ་ག་ཎ་དང་། ལོ་ཙཱ་བ་མང་འོར་དགེ་སློང་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩིཏྟ་ར་ཧ་སྱོ་གུ་ཧྱ་ས་མཱ་ཛ་ནཱ་མ་མ་ཧཱ་ཀལྤ་རཱ་ཛ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་ཆེན་པོ། དཔལ་ རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ། །བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐུ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གསུང་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ས་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རླུང་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་རྡོ་རྗེ་ དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རོ་རྡོ་རྗེ་དང་། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རེག་བྱ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་དང་། དེ་དག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ ཕྲ་རབ་སྙེད་རྣམས་དང་། དེ་བཞིན་གཤེགས་པ་ནམ་མཁའི་ཁམས་དང་མཉམ་པ་ལ་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་ཏོག་དང་། དེ་བཞིན་གཤེགས་པ་རྡོ་རྗེ་ འོད་དཔག་མེད་དང་། དེ་བཞིན་གཤེགས་པ་རྡོ་རྗེ་དོན་ཡོད་པ་དང་དེ་དག་ལ་སོགས་པ་ནམ་མཁའི་ཁམས་ཐམས་ཅད་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དང་། ཐབས་ཅིག་ཏུ་བཞུགས་པ་ནི་འདི་ལྟ་སྟེ་དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཤིན་ཏུ་ཡོངས་སུ་གང་བར་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀོད་པ་དེ་དག་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ཡོངས་སུ་མཉེས་པར་བྱ་བའི་ཕྱིར་ཉིད་ཀྱི་སྐུ་ བུད་མེད་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ལས་མངོན་པར་བྱུང་བར་གྱུར་ཏོ། །དེ་ལ་ལ་ལ་ནི་སངས་རྒྱས་སྤྱན་གྱི་རྣམ་པར་རོ། །ལ་ལ་ནི་མཱ་མ་ཀཱིའི་རྣམ་པར་རོ། །ལ་ལ་ནི་གོས་དཀར་མོའི་རྣམ་པར་རོ། །ལ་ལ་ནི་དམ་ ཚིག་སྒྲོལ་མའི་རྣམ་པར་ཡང་དག་པར་གནས་པར་གྱུར་ཏོ། །ལ་ལ་ནི་གཟུགས་ཀྱི་ངོ་བོའི་རྣམ་པས། ལ་ལ་ནི་སྒྲའི་ངོ་བོའི་རྣམ་པས། ལ་ལ་ནི་དྲིའི་ངོ་བོའི་རྣམ་པས། ལ་ལ་ནི་རོའི་ངོ་བོའི་རྣམ་པས། ལ་ལ་ནི་རེག་བྱའི་ངོ་བོའི་རྣམ་པས་ཡང་དག་པར་གནས་པར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ལ་གྲུ་བཞི་རྡུལ་མེད་པ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་བྱིན་གྱིས་བརླབས་པ་ནི། གསལ་བ་དེ་ཡི་ངོ་བོ་ཉིད། །སྣ་ཚོགས་གཟུགས་ཀྱིས་ཀུན་དུ་རྒྱས། །སངས་རྒྱས་སྤྲིན་ནི་ཀུན་ ཏུ་བཀྲམ། །མེ་སྟག་འཕྲོ་བ་མང་པོ་འཁྲུག །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་དེ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུ་བདག་ཉིད་བཞག་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་རིན་ཆེན་ཏོག་དང་། དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་ དོན་ཡོད་གྲུབ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྣམས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་ གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྙོམས་པར་ཞུགས་པ་དེ་མ་ཐག་ཏུ། དེ་ནས་ནམ་མཁའི་དབྱིངས་འདི་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་གནས་པར་ གྱུར་ཏོ། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་བྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་པ་ཆེན་པོ་སྐྱེས་བུའི་གཟུགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བྱིན་གྱིས་བརླབས་ ཀྱིས་བྱིན་གྱིས་བརླབས་སོ། །བྱིན་གྱིས་བརླབས་པ་ཙམ་གྱིས་དེ་མ་ཐག་ཏུ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་དེ་ཉིད་ཞལ་གསུམ་པའི་རྣམ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་ པ་མི་བསྐྱོད་པ་ལ་སོགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་ཐུགས་ཀ་ནས་མངོན་པར་བྱུང་སྟེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་རབ་འཇུག་པ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རབ་ ཏུ་མི་རྟོག་གནས་མེད་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་སྤྲོས་པའི་དམ་ཚིག་དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེའི་སྤྲིན་ གྱིས་ཡང་དག་པར་མཆོད་དེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །འདུས་པ་གསང་བ་ལས་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རྡོ་རྗེ་སྙིང་པོ་བཏུས་པ་ཡི། །དེ་ཉིད་བཅོམ་ལྡན་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལེགས་སོ་ལེགས་སོ། །འོན་ཀྱང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཐེ་ཚོམ་ སྐྱེ་བར་བྱེད་པ་ཡིན་ན་བྱང་ཆུབ་སེམས་དཔའ་གཞན་རྣམས་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་འདས་འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་ལ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ གསུང་དང་ཐུགས་ཀྱི་གསང་བ་སྟོན་པར་མི་སྤྲོ་བ་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱིན་གྱིས་བརླབ་པ་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་འབྱུང་བའི་ཚིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་ བ་དང་། ཡིད་བདེ་བ་མྱོང་བར་བགྱི་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་། མངོན་པར་ཤེས་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་གྱི་ཕྱིར་ཡང་དག་པར་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་དེ་མཁྱེན་ནས། ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེ་སྡང་གི་རིགས་ཀྱི་སྔགས་མཆོག་གི་སྙིང་པོའི་ སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཛྲ་དྷྲིཀ །དེ་ནས་འདི་ཕྱུང་མ་ཐག་ཏུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོར་སྦྱོར་བ་མཆོག་གི་གནས་ཀྱིས་ནག་ པོ་དཀར་པོ་དམར་པོའི་རྣམ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་སྐུ་གསུང་ཐུགས་རྡོ་རྗེ་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ཏེ་གཏི་མུག་གི་རིགས་ཀྱི་སྔགས་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཛི་ན་ཛིཀ །དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ ཆེན་པོར་སྦྱོར་བ་མཆོག་གི་གནས་ཀྱིས་དཀར་པོ་ནག་པོ་དམར་པོའི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་སྤྱན་སྔར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་འབྱུང་བའི་རྡོ་རྗེ་དཔལ་ཞེས་བྱ་ བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཡིད་བཞིན་ནོར་བུའི་རིགས་ཀྱི་སྔགས་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རཏྣ་དྷྲྀཀ །དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་རིན་ཆེན་ཏོག་གི་ཕྱག་རྒྱ་ཆེན་པོར་སྦྱོར་བ་ནམ་མཁའ་མཆོག་གི་གནས་ཀྱིས་སེར་པོ་ནག་པོ་དཀར་པོའི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་གཡས་ཕྱོགས་སུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོའི་རྒྱུན་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་འདོད་ཆགས་ཀྱི་རིགས་ཀྱི་སྔགས་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨཱ་རོ་ལིཀ །དེ་ནས་འདི་ཕྱུང་ མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་འཇིག་རྟེན་དབང་ཕྱུག་གི་རིག་པའི་བདག་པོ་ཆེན་པོའི་ཕྱག་རྒྱ་ཆེན་པོར་སྦྱོར་བ་མཆོག་གི་གནས་ཀྱིས་དམར་པོ་ནག་པོ་དཀར་པོའི་རྣམ་པས་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རྒྱབ་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་མཆོག་གི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དམ་ཚིག་དགུག་པའི་རིགས་ཀྱི་སྔགས་མཆོག་གི་སྙིང་ པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །པྲཛྙཱ་དྷྀཀ །དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་རྡོ་རྗེ་དོན་ཡོད་པའི་ཕྱག་རྒྱ་ཆེན་པོར་སྦྱོར་བ་མཆོག་གི་གནས་ཀྱིས་ལྗང་ཁུ་ ནག་པོ་དཀར་པོའི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བྱང་ཕྱོགས་སུ་བཞུགས་སོ། །ཞེ་སྡང་གཏི་མུག་དེ་བཞིན་ཆགས། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ནི་ལྔ་པོ་འདི་རྣམས་ཉིད། །འདོད་དང་ཐར་པར་བསྒྲུབ་པའོ། ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་པ་རྗེས་སུ་ཆགས་པའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དྭེ་ཥ་ར་ཏི། དེ་ ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ། ཤར་ཕྱོགས་ཀྱི་གྲྭར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཐམས་ཅད་རྗེས་སུ་ཆགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །མོ་ཧ་ར་ཏི། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ་ལྷོ་ཕྱོགས་ཀྱི་གྲྭར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་པ། རྗེས་སུ་ཆགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་པའི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རཱ་ག་ར་ཏི། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་ སྐྱེས་བུ་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ་ནུབ་ཕྱོགས་ཀྱི་གྲྭར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སླུ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ འཆང་བ་རྗེས་སུ་ཆགས་པའི་རྡོ་རྗེ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཛྲ་ར་ཏི། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ། བྱང་གི་གྲྭར་ བཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་ བའི་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཡ་མཱནྟ་ཀྲཱིཏ། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་བསྙེངས་པར་བྱེད་པའི་རྣམ་པས་ཤར་ ཕྱོགས་ཀྱི་སྒོར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཁྲོ་བོ་ཆེན་པོ་འདི་ ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །པྲརླུནྟ་ཀྲྀཏ། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་རྡོ་རྗེ་དམ་ཚིག་བསྙེངས་པར་བྱེད་པའི་རྣམ་པས་ལྷོ་ཕྱོགས་ཀྱི་སྒོར་བཞུགས་སོ། །དེ་ནས་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་རིན་པོ་ཆེ་འབྱུང་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཆང་བའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་གསུང་ ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །པད་མནྟ་ཀྲྀཏ། དེ་ནས་དེ་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་བསྙེངས་པར་བྱེད་པའི་རྣམ་པས་ནུབ་ཕྱོགས་ཀྱི་སྒོར་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ རྡོ་རྗེ་ལས་ཕྱུང་ངོ་། །བིགྷནྟ་ཀྲྀཏ། དེ་ནས་དེ་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བསྙེངས་པར་བྱེད་པའི་རྣམ་པས་བྱང་ཕྱོགས་ཀྱི་སྒོར་བཞུགས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་དང་ཐུགས་མཉེས་པར་བྱེད་པ་དང་དཀྱིལ་འཁོར་གྱི་དམ་ཚིག་སེམས་དཔའ་རྣམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་ཏེ་ཕྱག་འཚལ་ ནས་འདི་སྐད་ཅེས་གསོལ་ཏོ། །སྙིང་པོ་སྐུ་གསུང་ཐུགས་མཆོག་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །བླ་ན་མེད་པའི་བྱང་ཆུབ་སེམས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ ཐུགས་རྡོ་རྗེའི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་མཁྱེན་ཅིང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་ ཀྱིས་སེམས་ལུས་ཀྱི་རྣམ་པ་དང་། ལུས་སེམས་ཀྱི་རྣམ་པ་དང་། སེམས་ཚིག་ཏུ་བརྗོད་པས་སྐྱེད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ནི་ནམ་མཁའ་ལྟ་ བུར་ཡང་དག་པར་སྦྱར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ་ཀུན་དུ་བཟང་པོ་ཡི། །སྐུ་དང་གསུང་ཐུགས་རྡོ་རྗེ་ཅན། །སྐྱེ་བ་མེད་པ་སྦྱོར་བ་ཡིས། །སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པ་ བསྒོམ་པ་མ་ཡིན་ཉིད། །དེ་ལྟར་དངོས་པོ་དངོས་མེད་དེ། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་ མཛད་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་ཐམས་ཅད་རྣམ་བྲལ་ཕུང་པོ་ཁམས། །སྐྱེ་མཆེད་གཟུང་བ་འཛིན་ པ་རྣམ་སྤངས་པ། །ཆོས་བདག་མེད་མཉམ་ཉིད་ཀྱིས་རང་གི་སེམས། །གདོད་ནས་མ་སྐྱེས་སྟོང་ཉིད་རང་བཞིན་ནོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་ མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མི་ཟད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པར། །བྱང་ ཆུབ་ཚུལ་འདི་བརྟན་པའོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་ཏོག་གིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་། །ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས། །ཆོས་བདག་མེད་ལས་ཀུན་ཏུ་བྱུང་། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་རིན་ཆེན་ཏོག་གིས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་ཚེ་དཔག་ཏུ་མེད་པས་ཡེ་ཤེས་འོད་ཟེར་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མ་སྐྱེས་པ་ཡི་ཆོས་རྣམས་ལ། ། ངོ་བོ་མེད་དེ་སྒོམ་པའང་མེད། །ནམ་མཁའི་གནས་ཀྱི་སྦྱོར་བ་ཡིས། །འདིས་ནི་དངོས་པོ་རབ་ཏུ་བསྒྲགས། །ཞེས་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རྡོ་རྗེ་ཚེ་དཔག་ཏུ་མེད་པས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་རྡོ་རྗེ་དོན་ཡོད་གྲུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་ སེམས་ཅིང་མངོན་རྟོགས་མེད། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་དོན་ཡོད་གྲུབ་པས་གསུངས་སོ། །དེ་ནས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ གསུང་དང་ཐུགས་ཀྱི་གསང་བའི་ཆོས་ཉིད་ཀྱི་ཡི་གེ་ཐོས་ནས་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས། །ཆོས་བཤད་པ་ནི་ངོ་མཚར་ཆེ། །ཡང་དག་དོན་ནི་དག་པའི་དོན། །བྱང་ཆུབ་ སེམས་ཁྱོད་ཕྱག་འཚལ་ལོ། །ཆོས་ཀྱི་བདག་མེད་ཡང་དག་བྱུང་། །སངས་རྒྱས་བྱང་ཆུབ་རྫོགས་མཛད་པ། །རྣམ་པར་མི་རྟོག་དམིགས་སུ་མེད། །བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ། །ཀུན་དུ་བཟང་པོ་ཐམས་ཅད་དོན། །བྱང་ཆུབ་སེམས་ནི་རབ་སྐོར་བ། ། བྱང་ཆུབ་སྤྱོད་པ་རྡོ་རྗེ་ཆེ། །བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ། །ཐུགས་ནི་དེ་བཞིན་གཤེགས་པའི་དག །སྐུ་དང་གསུང་ཐུགས་རྡོ་རྗེ་ཅན། །སངས་རྒྱས་བྱང་ཆུབ་རབ་སྟོན་པ། །བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ འཕྲོ་བ་སྤྲིན་བཀོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་འདི་གསུངས་སོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བཱཏྨ་ཀོ྅་ཧྃ། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་བྱ་སྟེ། ། འོད་ཟེར་སྤྲིན་གྱི་བཀོད་པ་ཆེ། །སངས་རྒྱས་འབར་བའི་འོད་དང་མཉམ། །འོད་ཟེར་ལྔ་ནི་ཀུན་དུ་ཁྱབ། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། །འདོད་པའི་ཡོན་ཏན་ལྔ་ཡིས་སྤྲས། །མཆོད་པ་རྣམ་པ་ལྔས་བརྒྱན་པ། །བསྒོམ་པར་བྱས་ནས་བསྡུས་པ་ཡིས། ། གཟུགས་ནི་དབུས་སུ་བསྒོམ་པར་བྱ། །རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །སྐུ་གསུང་ཐུགས་ཀྱིས་མཚན་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། ཕྱག་རྒྱ་ཡང་ནི་བསྒོམ་པར་བྱ། །བསྡུས་པ་གཉིས་མེད་སྦྱོར་བ་ཡིས། །མི་བསྐྱོད་ཕྱག་རྒྱ་མཆོག་རབ་དང་། ། རིན་ཆེན་ཏོག་གི་ཕྱག་རྒྱ་ཆེ། །ཚེ་དཔག་མེད་པའི་འོད་བྱེད་དང་། །དོན་གྲུབ་ཕྱག་རྒྱ་ཆེན་པོ་རྣམས། །སངས་རྒྱས་དཀྱིལ་འཁོར་དག་ཏུ་བསྒོམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཨིན་དྲ་ནཱི་ལའི་ཁ་དོག་འདྲ། །རབ་འབར་ཕྱག་ན་རྡོ་རྗེ་བསྣམས། ། རྣམ་པར་གཙིགས་གསལ་འཇིགས་སུ་རུང་། །ཤེལ་དང་ཟླ་བའི་འོད་དང་འདྲ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །རབ་འབར་ཕྱག་ན་འཁོར་ལོ་བསྣམས། །སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན། །འཛམ་བུ་ཆུ་བོའི་གསེར་འོད་འདྲ། །སངས་རྒྱས་ སྤྲིན་ནི་ཀུན་དུ་འཁྲིགས། །རྩེ་མོ་དགུ་པའི་རྡོ་རྗེ་ཆེ། །དེ་ཡི་ཕྱག་ཏུ་རྣམ་པར་བསྒོམ། །མ་ར་ཀ་ཏའི་འོད་འདྲ་བ། །རྡོ་རྗེ་འབར་བས་རྣམ་པར་བརྒྱན། །ཀུན་དུ་འབར་བའི་སྤྲིན་གྱིས་ཁྱབ། །ཕྱག་ན་རིན་ཆེན་བསྣམས་པར་བསྒོམ། །པད་མ་རཱ་གའི་མདོག་ འདྲ་བ། །གཙོ་བོ་འདོད་ཆགས་འོད་འབར་འཆང་། །རབ་འབར་ཕྱག་ན་པད་མ་བསྣམས། །འདོད་ཆགས་རྡོ་རྗེ་ཅན་བསྒོམ་བྱ། །འོད་ཟེར་ལྔ་ཡི་མདོག་འདྲ་བའི། །སྣ་ཚོགས་དོན་ཡོད་རྡོ་རྗེ་ཅན། །ཞི་བ་ཕྱག་ན་རལ་གྲི་བསྣམས། །སངས་རྒྱས་དཀྱིལ་འཁོར་ དུ་ནི་བསྒོམ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་སྔགས་ འདི་གསུངས་སོ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ། །རིན་ཆེན་བརྟན་པར་གྱུར་ན་སྤྲོ། །བརྟན་པར་མ་གྱུར་ཡོང་མི་སྤྲོ། ། སངས་རྒྱས་འབར་བ་མཉན་པའི་འོད། །རབ་མཆོག་སྤྲིན་རྣམས་སྤྲོ་བར་བྱ། །འཁོར་ལོ་རྡོ་རྗེ་རིན་ཆེན་ཆེས། །པད་མ་རལ་གྲི་མཚོན་ཆ་འཛིན། །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་རྣམས། །སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ། །ནམ་མཁའི་ཁམས་ཀྱི་དབུས་གནས་ པར། །ཟླ་བའི་དཀྱིལ་འཁོར་བྲི་བར་བྱ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ། །པད་མའི་དཀྱིལ་འཁོར་ཡང་དག་གསལ། །པད་མ་སྒོམ་པས་བསྒོམ་པར་བྱ། །རིན་ཆེན་དཀྱིལ་འཁོར་ཡང་དག་གསལ། ། རིན་ཆེན་བརྩོན་པས་བསྒོམ་པར་བྱ། །སྦྱོར་བའི་དཀྱིལ་འཁོར་ལས་བྱུང་བ། །ནམ་མཁའ་འདྲ་བར་བྲི་བར་བྱ། །སངས་རྒྱས་རབ་མཆོག་འདི་རྣམས་ཉིད། །སྐུ་གསུང་ཐུགས་ནི་སྒྲུབ་པ་ཡིས། །དཀྱིལ་འཁོར་རྡོ་རྗེ་ལས་བྱུང་བ། །ཐམས་ཅད་མཁྱེན་པའི་ཚུལ་ ཐོབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ནས། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ལ་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་བོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་ དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་ཉིད་མིན་པ་ཐམས་ཅད་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། ། ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དག་ནི་བཤད་དུ་གསོལ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། ། འཇིག་རྟེན་གསུམ་པ་ཁམས་གསུམ་པ། །འཇིག་རྟེན་གསུམ་མཆོག་རྡོ་རྗེ་གཙོ། །འཇིག་རྟེན་གསུམ་མཆོག་སྟོན་པ་པོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་ཚུལ། །དཀྱིལ་འཁོར་ ཉམས་དགའ་རབ་ཏུ་བཤད། །དེ་ནས་དེ་ཕྱིར་ཐུགས་དཀྱིལ་འཁོར། །མཆོག་ཐུགས་རྡོ་རྗེ་རབ་འདྲ་བ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །དཀྱིལ་འཁོར་ཡང་དག་རབ་བཤད་བྱ། །ལུས་དང་ངག་སེམས་བསྒོམས་པ་ཡིས། །ཤེས་རབ་ཅན་གྱིས་ཐིག་ གདབ་པ། །ཐིག་སྐུད་སར་པ་ལེགས་བཀལ་བ། །ཚད་མ་བཟང་པོ་མཛེས་པ་ཡིས། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི། །ཁྲུ་ནི་བཅུ་གཉིས་ཚད་དུ་བྱ། །ངོས་བཞི་དང་ནི་གྲྭ་བཞི་དང་། །སྒོ་བཞི་བར་ནི་རབ་ཏུ་བརྟག །དེ་ཡི་དབུས་སུ་འཁོར་ལོ་ནི། །རབ་ ཏུ་ཟླུམ་པོ་བྲི་བར་བྱ། །ཆོ་ག་མཐོང་བའི་ལས་ཀྱིས་ནི། །དེ་ནས་ཕྱག་རྒྱ་དགོད་པར་བྱ། །དེ་དབུས་རྡོ་རྗེ་བྲི་བ་ནི། །ཨིན་དྲ་ནཱིལའི་ཁ་དོག་འདྲ། །འབར་བ་ཆེན་པོ་རྩེ་ལྔ་པ། །འཇིགས་པ་དག་ཀྱང་རབ་འཇིགས་བྱེད། །ཤར་དུ་འཁོར་ལོ་ཆེན་པོ་ནི། །རྡོ་རྗེ་འབར་བས་ རྣམ་པར་བརྒྱན། །ལྷོ་རུ་རིན་ཆེན་ཆེན་པོ་ནི། །འོད་ཟེར་མང་པོ་རབ་ཏུ་འཁྲིགས། །ནུབ་ཏུ་པདྨ་ཆེན་པོ་ནི། །པདྨ་རཱ་གའི་ཁ་དོག་འདྲ། །བྱང་དུ་རལ་གྲི་ཆེན་པོ་ནི། །འོད་ཟེར་འབར་བ་རབ་འཁྲིགས་བྲི། །དབུས་སུ་སྤྲིན་ནི་ཞི་བའི་འོད། །སྤྱན་ནི་ཤར་གྱི་གླ་ རུ་བྲི། །མཱ་མ་ཀཱི་ཡི་རིགས་བྱུང་བའི། །རྡོ་རྗེ་དེ་བཞིན་ལྷོ་རུའོ། །པད་མ་ཁ་བྱེ་སྡོང་བུར་བཅས། །ནུབ་ཏུ་ཀུན་དུ་བྲི་བར་བྱ། །བྱང་དུ་ཨུཏྤལ་མཛེས་པ་ནི། །མཐིང་ཀ་སྤྲིན་དང་འདྲ་བ་བྲི། །ཐོ་བ་ཀུན་ནས་འོད་མཛེས་འབར། །ཤར་གྱི་སྒོར་ནི་བྲི་བར་ བྱ། །རྡོ་རྗེ་འབར་སོགས་འོད་བཟང་བ། །དབྱུག་པ་ལྷོ་རུ་ཀུན་དུ་བྲི། །པད་མ་རལ་གྲི་འབར་འོད་བྱེད། །ནུབ་ཏུ་ཀུན་དུ་བྲི་བར་བྱ། །རྡོ་རྗེ་འཁྱིལ་བ་རྡོ་རྗེ་ཅན། །བྱང་དུ་རྡོ་རྗེ་བྲི་བར་བྱ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །ཡོངས་སུ་གསལ་བར་ཤེས་བྱས་ནས། ། ལུས་དང་ངག་སེམས་མཆོད་པ་ཡིས། །ནན་ཏན་དུ་ནི་མཆོད་པར་བྱ། །བཙུན་མོ་མཛེས་ཤིང་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལ་རྙེད་ནས། །དྲི་དང་མེ་ཏོག་བརྒྱན་བྱས་ཏེ། །དེ་དབུས་སུ་ནི་འདོད་པ་བྱ། །ཡོན་ཏན་སྐེ་རགས་མཱ་མ་ཀཱི། །ཤེས་རབ་ཅན་གྱིས་ དེ་བྱིན་བརླབས། །ཞི་བ་སྤྲོ་བྱ་སངས་རྒྱས་གནས། །ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། །བཤང་གཅི་ཁུ་བ་ཁྲག་ལ་སོགས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ལྟར་བྱས་ན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་གྲགས་ཆེན་མཉེས། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ནི། །ཀུན་གྱི་སྐུ་དང་གསུང་ཐུགས་ཀྱི། །རྡོ་ རྗེ་འཆང་བའི་རྒྱལ་པོ་ནི། །གནས་ཀྱི་དབང་ཕྱུག་ཀུན་མཆོག་གིས། །སྤྱོད་པ་ཀུན་མཆོག་ཆོས་ཀྱི་དོན། །སྤྱོད་པའི་མཚན་ཉིད་བཀའ་སྩལ་ཏོ། །རྣམ་པར་མི་རྟོག་དོན་ལས་བྱུང་། །འདོད་ཆགས་ཞེ་སྡང་གཏི་མུག་འཁྲུགས། །ཐེག་པའི་མཆོག་ནི་བླ་ན་མེད། ། རབ་མཆོག་དངོས་གྲུབ་སྒྲུབ་པར་བྱེད། །གདོལ་པ་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་གཉེར་སེམས་པ་རྣམས། །ཐེག་ཆེན་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །སེམས་ཅན་མཚམས་མེད་ལས་སོགས་པ། །སྡིག་པ་ཆེན་པོ་བྱེད་པ་ཡང་། ། དེ་རྣམས་ཀུན་ཀྱང་ཐེག་པ་ཆེ། །མཆོག་གི་སྒྲུབ་པ་འདིར་འགྲུབ་འགྱུར། །སློབ་དཔོན་སྨོད་པ་པོ་གཞན་དག །བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར། །སྲོག་གཅོད་པ་ཡི་སེམས་ཅན་གང་། །བརྫུན་དུ་སྨྲ་ལ་དགའ་བ་དང་། །གཞན་གྱི་ནོར་ལ་ཆགས་པ་དང་། ། རྟག་ཏུ་འདོད་པ་སྤྱོད་དགའ་གང་། །བཤང་གཅི་ཟས་སུ་ཟ་བ་སྟེ། །དེ་རྣམས་སྒྲུབ་པའི་སྐལ་ལྡན་འགྱུར། །མ་དང་སྲིང་མོ་བུ་མོ་ལ། །སྒྲུབ་པོ་གང་གིས་འདོད་བྱས་ན། །ཐེག་ཆེན་མཆོག་གི་ཆོས་སུ་ནི། །དངོས་གྲུབ་རྒྱ་ཆེན་དེས་འཐོབ་བོ། །སངས་རྒྱས་གཙོ་ བོའི་ཡུམ་དག་ལ། །མཉེས་པར་བྱས་ཀྱང་མི་གོས་ཏེ། །དེ་ནི་བློ་ཅན་རྣམ་མི་རྟོག །སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར། །དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཅིའི་སླད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་འདི་ལྟ་བུའི་ཚིག་ངན་པ་གསུང་ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྒྲིབ་པ་ཐམས་ ཅད་རྣམ་པར་སེལ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚིག་གསན་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་རྣམས་ཐོང་དེ་སྐད་མ་སྨྲ་ཅིག །ཆོས་ཉིད་དག་འདི་སངས་རྒྱས་ནི། །སྙིང་ པོ་ཡེ་ཤེས་ཅན་རྣམས་ཀྱི། །སྙིང་པོའི་ཆོས་ཀྱི་དོན་བྱུང་བ། །འདི་དག་བྱང་ཆུབ་སྤྱོད་པའི་གནས། །དེ་ནས་ཡང་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་རི་རབ་ལ་སོགས་པའི་རྡུལ་ཕྲ་མོ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་འཇིགས་ཤིང་ སྐྲག་ལ་བརྒྱལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་བརྒྱལ་བར་གྱུར་པ་གཟིགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་བསླང་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནམ་མཁའ་དང་མཉམ་པ་ཉིད་གཉིས་སུ་ མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོའི་འོད་ཀྱིས་རེག་པ་ཙམ་གྱིས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་རང་རང་གི་སྟན་ལ་གནས་ པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར་རྨད་དུ་གྱུར། དགྱེས་པས་ཁྱབ་པར་གྱུར་ནས་ཆོས་ཀྱི་དབྱངས་འདི་སྐད་ཅེས་གསུངས་སོ། །ཨེ་མའོ་ཆོས་ཨེ་མའོ་ཆོས། །ཨེ་མའོ་ཆོས་ཀྱི་དོན་འབྱུང་བ། །ཆོས་དོན་དག་པ་བདག་མེད་ པ། །རྡོ་རྗེ་རྒྱལ་པོ་ཕྱག་འཚལ་འདུད། །སྐུ་དང་གསུང་ཐུགས་རབ་ཏུ་དག །ནམ་མཁའ་དང་ནི་མཉམ་ཉིད་གནས། །རྣམ་པར་མི་འགྱུར་སྣང་བ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་འདུད། །ཐུགས་ནི་དེ་བཞིན་གཤེགས་པའི་གཙོ། །དུས་གསུམ་དག་གི་ལམ་དུ་ འབྱུང་། །ནམ་མཁའ་ཆེན་པོར་ཁམས་གྱུར་པ། །ནམ་མཁའི་ལམ་ལ་ཕྱག་འཚལ་འདུད། །ནམ་མཁའི་སྐུ་ལས་ཡང་དག་བྱུང་། །ནམ་མཁའི་ལམ་ལ་གནས་པ་པོ། །ནམ་མཁའི་ཐུགས་ཏེ་ཆོས་ཀྱི་མཆོག །སྤྱོད་པའི་གནས་ཁྱོད་ཕྱག་འཚལ་ལོ། །དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་ཀུན་དུ་སྤྱོད་པའི་མཆོག་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་ བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཐུགས་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱིས་རྡུལ་དང་བྲལ་བའི་རྡོ་རྗེའི་ གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྐུ་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་ཚེ་དཔག་ཏུ་མེད་པས་མཉམ་པ་ཉིད་མི་གཉིས་པའི་རྡོ་རྗེ་ ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གསུང་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། རྡོ་རྗེ་གསུམ་པ་དེ་བཞིན་གཤེགས་པའི་གསང་། །གནས་དང་གནས་ནི་རྣམ་པར་བསྒོམ་པ་སྟེ། །དེ་དག་ ཉིད་མཆོག་རབ་ཀྱི་སྔགས་ཀྱི་ནི། །མཚན་ཉིད་མཚན་མ་བསྒྲུབ་པ་ཉིད་དུ་བྱ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་ཏོག་གིས་ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་ ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨཀོ྅་ཧཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་དོན་ཡོད་གྲུབ་པས་རྡོ་རྗེ་དོན་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། རྟག་ ཏུ་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཚུལ་བཞིན་མཆོད་པར་བྱ། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོས་ གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས