Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 081_རྒྱུད་འབུམ།_ཅ

Văn bản gốc(Tây Tạng)

Trang 5 / 19 (50.000 ký tự/trang)
རྣམས་ཀྱི་གནས་ཇི་ལྟར་ལགས་གསུངས་ཤིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རི་རབ་ཀྱི་བྱང་ཕྱོགས་ན་གྲོང་ཁྱེར་བཱ་ལ་བྷཉྫ་བྱ་བ་དེ་ན། ཀླུའི་རྒྱལ་
པོ་བུ་ག་བོ་ག་དྷི་ག་ཞེས་པ་འབྱུང་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །དེའི་བུ་རིགས་རྒྱུད་སྟོང་གི་བར་དུ་གྲོང་ཁྱེར་ཀླུའི་གདུང་རྒྱུད་དུ་འགྱུར་ཏེ། རྗེ་བཙུན་འཇམ་དཔལ་གྱི་སྙིང་པོ་སྟོང་ཕྲག་བྱེ་བ་གཅིག་ཏུ་བཟླས་པ་དང་། ང་སྐྱེ་བ་བརྒྱུད་ནས་ཐང་ཤིང་གི་ལོ་མ་ཙམ་
གྱིས་དངོས་གྲུབ་ཐོབ་བོ། །དེ་ནས་གྲོང་ཁྱེར་དེ་རྒྱ་མཚོས་ནུབ་ནས་འགྲོའོ། །ཡང་གླིང་བ་རི་ཀ་ཞེས་བྱ་བ་རུ་གྱུར་ནས་དེ་རུ་སྐྱེ་བ་སྟེ། མིང་ནི་ཎ་ཌ་ན་དྲ་ཞེས་པ་དང་ལྡན་པ་ལྷ་མ་ཡིན་གྱི་རྒྱལ་པོ་འབྱུང་ངོ་། །ཕྱི་ནས་སྐྱེས་བུ་བདུན་གྱི་བར་དུ་གར་དྷ་བ་ཞེས་པའི་མིང་ཅན་གྱི་
སྲིན་པོར་སྐྱེས་ཏེ་ལོ་འབུམ་ཕྲག་ཉི་ཤུའི་བར་དུའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འཇུག་པ་དེ་དང་དེ་ལ་གང་དང་གང་གི་གཟུགས་ཀྱིས་ཆོས་སྟོན་ཏེ་དེའི་གཟུགས་ཐམས་ཅད་ལ་འཇུག་པ་ཞེས་བསྟན་ཏེ། དེའི་བྱང་དུ་གླིང་ཨུཏྟ་ར་ཨཾ་ཀུ་ར་ཞེས་

པར་དམ་ཚིག་དང་བསྒོམ་པ་ཡོངས་སུ་ཤེས་པའི་ནུས་པས་པ་རི་ཀི་ཏ་བར་ཏ་ནའི་དུས་འབྱུང་སྟེ་ལོ་བྱེ་བ་ཕྲག་བཅུ་གཅིག་དང་ཁྲི་ཕྲག་ཉི་ཤུ་རྩ་བདུན་གྱིས་རྫོགས་སོ། །དེ་ན་ཀི་ཏ་ནན་དའི་དུས་འབྱུང་སྟེ། དུས་ཚིགས་སུ་དུང་ཕྱུར་ཕྲག་བཅུ་དང་། འབུམ་ཕྲག་བདུན་ཅུ་རྩ་གཅིག་
དང་། སྟོང་ཕྲག་བཅུ་གཉིས་དང་། བརྒྱ་རྩ་གཅིག་སོང་བ་དང་། བ་བླ་བརྒྱ་ཕྲག་ལྔ་བཅུ་རྩ་གཅིག་དང་། བཞི་ཡིས་ལྷག་པའི་འབུམ་ཕྲག་བཞི་སྟེ། འདི་རྣམས་ལ་ཨུཏྟ་ར་ཨཾ་ཀུ་ར་ཞེས་པར་ཡོངས་སུ་བསྒྲགས་སོ། །ཡང་རི་རབ་ཀྱི་ལྷོ་ཕྱོགས་ལང་ཀ་ལ་ཐུག་པ་
ན་རི་བ་ཧུ་ར་ཞེས་པ་འབྱུང་སྟེ། དེ་ན་སྲིན་པོའི་ཚོགས་ཉི་མ་དང་ཟླ་བ་ཇི་སྲིད་གནས་ཀྱི་བར་དུ་འབྱུང་ངོ་། །དེའི་ལྷོ་ཕྱོགས་ན་གྲོང་ཁྱེར་ས་མོ་རི་ཞེས་པ་འབྱུང་སྟེ། དེའི་རྒྱལ་པོ་ར་ས་ན་ཞེས་བྱའོ། །དེའི་ལྷོ་ཕྱོགས་ན་གྲོང་ཁྱེར་ཀཱ་མ་རཱུ་ཞེས་པ་རུ་དེ་རུ་རྒྱལ་པོ་མཚན་
ཉིད་བདུན་པ་ཞེས་པ་འབྱུང་ངོ་། །རྒྱལ་པོ་འབྱུང་བའི་གནས་དེར་མ་བྱུང་འབྱུང་བར་མི་འགྱུར་བའི་འདོད་པའི་གཟུགས་ཅན་མ་འབྱུང་བར་འགྱུར་རོ། །ཙནྜི་ཀ་ཡང་འབྱུང་བར་ལུང་བསྟན་ཏོ། །ཉ་པ་གཅིག་ཉ་ཡིས་ཟོས་ནས་ཤི་བ་དང་། དེ་རྣལ་འབྱོར་པ་དྷ་རི་ཀ་
ཞེས་པར་སྐྱེས་ནས་དེས་ཆུ་བོ་གང་གཱ་ལ་ཆང་འཕངས་པས་ཆུ་ཚོད་གཅིག་ན་ཡུལ་བ་ད་ཧ་ཞེས་པར་འགྱུར་རོ། །དེའི་སྔགས་ཀྱི་འབྲས་བུས་མཁའ་འགྲོ་དང་མཁའ་འགྲོ་མ་འཆིང་ངོ་། །ཡུལ་དེར་རྩིས་མཁན་ཆེན་པོ་བ་ར་ཧ་ཞེས་པ་འབྱུང་ངོ་། །རྒྱལ་པོ་སུ་བཱ་
ཧ་ཞེས་བྱ་བའི་བུ་དང་བུའི་ཡང་བུའི་བར་དུ་འབྱུང་སྟེ། ལོ་ཉི་ཤུ་རྩ་བཞིའི་བར་ལ་ལྷ་རྟེན་འབུམ་ཕྲག་གཅིག་བརྩིགས་པ་དང་ལོ་ལྔ་བཅུའི་བར་ལ་རྫོགས་སོ། །དེ་ནས་ལོ་བརྒྱད་ལྷག་པའི་འབུམ་ཕྲག་ལྔ་བཅུ་དང་དུས་ཚིགས་གསུམ་གྱི་བར་ལ་རྣལ་འབྱོར་ཁྲི་
ཕྲག་གཅིག་དང་། སངས་རྒྱས་སྟོང་ཕྲག་གཅིག་འབྱུང་བར་འགྱུར་རོ། །དེའི་ཤར་དུ་རིའི་རྒྱལ་པོ་ཆེན་པོ་འབྱུང་སྟེ། རྒྱ་མཚོས་ཕོགས་གསུམ་དུ་ནུབ་ནས་འོང་ངོ་། །དེར་ཡང་ནི་དྷྲི་ཏ་ཞེས་པའི་གནོད་སྦྱིན་དུས་ཚིགས་གཉིས་སུ་གནས་པ་འབྱུང་ངོ་། །ཕྱི་

ནས་བྷྃ་ག་ལའི་རི་ཁྲོད་པ་རྣམས་ཀྱི་དཔོན་པོའི་ཆུང་མར་སྐྱེས་ནས་ལྷ་མོ་ཙུན་དཱ་ལ་མཆོད་པ་བྱེད་པར་འགྱུར་རོ། །དེ་ནས་སྐྱེ་བ་བརྒྱད་ན་ཀཱ་མ་རཱུ་པའི་རྒྱལ་པོར་སྐྱེས་ཏེ། བཙུན་མོ་བཞི་བརྒྱ་དང་། ཕོ་བྲང་དགུ་དང་། འབྲུ་སྣ་ཚོགས་ཚང་བ་དང་།
ཨ་ག་རུ་ནག་པོ་རྣམས་དང་ལྡན་པ་འབྱུང་བར་འགྱུར་རོ། །དེའི་ལྷོ་ཕྱོགས་སུ་མ་གན་དྷ་རི་ཞེས་པའི་ཚོང་འདུས་འབྱུང་སྟེ། ལོ་འབུམ་ཕྲག་བརྒྱའི་བར་དུ་གནས་སོ། །ཕྱི་ནས་དེ་དཔལ་གྱི་ཚོང་འདུས་ཞེས་པར་གྱུར་ནས་འགྲོ་སྟེ་དེའི་ལྔ་ཆ་གཅིག་ལྕི་བ་དང་ཡང་བ་
དང་། གཞོན་པའི་ཨ་ག་རུ་ནག་པོ་འབུམ་ཕྲག་དང་ལྡན་པར་འགྱུར་བ་དང་། ལོ་བརྒྱ་ཕྲག་སུམ་ཅུ་སོ་གཉིས་ཀྱི་བར་དུའོ། །ཀཱ་མ་རཱུ་པའི་ཤར་ལྷོ་མཚམས་ཀྱི་རི་ཀུ་ཧ་ར་ཞེས་པར་ཇི་སྲིད་ཉི་ཟླ་གནས་ཀྱི་བར་དུ་གནས་པ་ཧ་ན་མནྟ་ཞེས་པ་འབྱུང་ངོ་། །དེའི་ལྷོ་ཕྱོགས་
སུ་རྒྱལ་པོ་ཡང་དག་པའི་དོན་ཅན་ཞེས་པ་ར་མ་དང་། ལ་ཁྨ་ཎའི་ཕ་ཤིང་རྟ་བཅུ་པ་དང་། ཨ་ཛ་ཏིའི་བུ་བཱ་ལི་དང་པུ་དྲི་བ་དང་། ཐམས་ཅད་ཡོངས་སུ་བྱེད་པ་བྷུ་ཛཾ་ག་པོ་ད་དྷི་ཀ་རྣམས་ཀྱི་བར་འདོད་ཆགས་དང་། གཏི་མུག་དང་། མྱ་ངན་གསུམ་གྱིས་བསྐྱེད་ནས་
རྒྱལ་པོར་འགྱུར་རོ། །དེའི་ནུབ་ཕྱོགས་སུ་བ་སུ་དེ་བའི་སྤྲུལ་བ་པཱཎྜུ་ཞེས་པ་རྟགས་ལྔ་འཛིན་པ་ལག་པས་དབྱུག་པ་མ་བཟུང་བར་འདུལ་བར་ནུས་པ་འབྱུང་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་བཱ་ལའི་རིམ་པ་འབྱུང་སྟེ། དེ་དག་གི་ཡུལ་ཚོས་བསྐོར་བ་འབྱུང་བར་
འགྱུར་རོ། །དེའི་དབུས་སུ་པ་ཏི་ཀོ་ར་ཀ་ཞེས་པའི་ཡུལ་དུ་བུ་དང་བུའི་བུ་ལ་སོགས་པའི་རྒྱལ་པོ་ལོ་ལྔ་བཅུ་ལྷག་པའི་ལྔ་བརྒྱའི་བར་ལ་ལྷ་རུ་ཕྱུགས་བདག་མཆོད་པ་འབྱུང་བར་འགྱུར་ཏེ། དེ་རྣམས་ནི་གནས་སྐབས་ཀྱི་རྒྱལ་པོ་པཱ་ལ་ཞེས་པ་དང་ལྡན་པའི་
བརྒྱུད་པ་ལྔ་བཅུ་འབྱུང་བར་འགྱུར་རོ། །དེའི་ལྷོ་ནུབ་ཏུ་གྲོང་ཁྱེར་བྷཎྜ་པུ་རི་ཞེས་པའི་རྒྱལ་པོའི་བཞུགས་ས་འབྱུང་སྟེ། དེར་རྒྱལ་པོ་བི་ཀྲ་མ་ཨ་དི་ཏྱ་ཞེས་པ་ཛམྦྷལའི་བཀའ་དྲིན་གྱིས་གྲུབ་པ་ཐོབ་པ་ལོ་བཞི་བརྒྱ་གནས་པར་འབྱུང་བ་དང་། གྲོང་ཁྱེར་དེ་རུ་

དངོས་གྲུབ་བྱེ་བྲག་ཐམས་ཅད་འཐོབ་པ་འབྱུང་བ་དང་། དེའི་ལྔ་ཆ་ཡིས་བུའི་བྱ་བ་བྱེད་པ་འབྱུང་བར་འགྱུར་རོ། །ལོ་ལྔ་བཅུའི་བར་ལ་འབྱུང་པོ་དང་ལྷ་ཡིས་སྐྱོང་བར་འགྱུར་རོ། །དེ་རྣམས་བསྡོམས་པས་ལོ་སྟོང་ཕྲག་གཅིག་སོང་ནས་རྒྱལ་པོ་རུས་སྦལ་ཞེས་
པ་ལོ་ཉིས་བརྒྱའི་བར་དུ་གནས་སོ། །བྷ་ག་ལའི་མངའ་བདག་ལོ་བརྒྱ་ཕྲག་བཅྭ་བརྒྱད་ཀྱི་བར་ལ་གང་སྐྱེས་པའི་སྐྱེས་བུ་ཁ་དོག་སེར་པོ་སོ་སྟོ་བ་དེ་ག་བ་ཞེས་པ་དང་ལྡན་པའི་བརྒྱུད་པར་ཡུལ་ཨ་བ་ལུ་ཀའི་རྒྱལ་པོར་འགྱུར་ཏེ། དེའི་བུ་དང་བུའི་ཡང་བུ་ལ་སོགས་པ་
རྣམས་རྒྱལ་པོ་བྱེད་པར་འགྱུར་རོ། །རྒྱལ་པོ་དེ་རྣམས་ཀྱི་དུས་ལ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ལྔ་དང་། རྣལ་འབྱོར་མ་གཉིས་ཀྱང་འབྱུང་བར་འགྱུར་རོ། །དེ་ལྟར་ཡུལ་ཨོ་རུ་བཱི་ས་ཡང་མཚུངས་པར་ངེས་པའོ། །དེར་སྐྱེས་བུ་བརྩོན་འགྲུས་ཆེན་པོའི་སྦྱོར་བ་དང་
ལྡན་པ། ར་མ་ནའི་བཀའ་དང་མཚུངས་པ། སྡེ་ཚན་དང་པོའི་དང་པོ་ཀ་ལ་དབྱངས་ཡིག་དང་པོས་བརྒྱན་པ། སྡེ་ཚན་བདུན་པའི་བཞི་པ་ཅུང་ཟད་ན་ལ་ཞོན་པའི་མིང་ཅན་རྣལ་འབྱོར་དབང་པོ་གཅིག་པོ་འདིས་དངོས་གྲུབ་ཆེན་པོ་བརྒྱད་ཐོབ་པར་འབྱུང་ངོ་། །འཛམ་བུའི་
གླིང་དུ་མ་བྱུང་འབྱུང་བར་མི་འགྱུར་རོ། །དེའི་སློབ་མ་རྣལ་འབྱོར་པ་དྲུག་གིས་ལུས་དངོས་པོ་སྤངས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ནས་ཙན་དྲ་ཞེས་པའི་མིང་དང་ལྡན་པའི་རྒྱལ་པོའི་རིགས་རྒྱལ་ཁམས་སྐྱོང་བ་འབྱུང་བ་ལས་རིགས་དེ་འགྲིབ་པའི་དུས་ཟླ་
བའི་མིང་དང་ལྡན་པའི་བྲམ་ཟེའི་བུ་དམངས་རིགས་ནཱ་མ་བྷ་པཱ་ལི་ཏ་ཞེས་པ་འབྱུང་བར་འགྱུར་རོ། །དེ་ནས་སློབ་མ་སྡེ་ཚན་དང་པོའི་གཉིས་པ་ལ་དབྱངས་ཡིག་གསུམ་པས་བརྒྱན་པ། སྡེ་ཚན་བཞི་པའི་དང་པོ་ལ་དབྱངས་ཡིག་བཅུ་གསུམ་པས་བརྒྱན་པ་འབྱུང་སྟེ། ཟླ་བའི་
མིང་དང་ལྡན་པ་རྫོགས་ནས་སོ། །དེ་ནི་སྔོན་གྱི་དུས་སུ་རྗེ་བཙུན་འཇམ་དཔལ་གྱི་བཟླས་པ་བྱེ་བ་ཕྲག་བཅུ་གཉིས་བཟླས་པའི་འབྲས་བུའོ། །དེའི་ཕྱི་ནས་བྲམ་ཟེའི་མིང་ཅན་གྱི་རྒྱལ་པོ་འབྱུང་བར་འགྱུར་ཏེ། ཕྱི་ནས་དེའི་བུ་དང་བུའི་ཡང་བུ་ངེས་པར་རྣལ་འབྱོར་པར་འགྱུར་

རོ། །ཡང་པཱ་ལ་ཞེས་པའི་མིང་དང་ལྡན་པར་གྱུར་ཏེ་སྐྱེས་བུ་གཅིག་ཁོ་ནའོ། །དེ་སྤངས་ནས་དཏྟ་དང་། གྷོ་ཥ་དང་། དྷ་མ་དང་། སིང་ཧ་དང་། ནན་ཏི་དང་། ཨཾ་བ་ར་དང་། ཨཱ་དི་ཏྱ་དང་། སེ་ནཱ་རྣམས་ཀྱིས་རིམ་གྱིས་རིམ་གྱིས་སྐབས་སྐབས་སུ་
སྐྱོང་བར་བྱེད་དོ། །ཕྱི་ནས་བསོད་ནམས་ཆུང་བར་གྱུར་པའི་རྒྱལ་པོ་འབྱུང་བར་འགྱུར་རོ། །བ་ཊི་ཀེ་ར་ཀའི་བྱང་ཕྱོགས་སུ་རྒྱ་མཚོ་གཅིག་འབྱུང་སྟེ། ཕྱིས་བྱེ་མའི་ས་གཞིར་འགྱུར་རོ། །ཡུལ་དེ་ལ་མ་ཌ་ཞེས་སོ། །དེར་ཀམ་པོ་ཛ་ཞེས་པའི་རྒྱལ་པོ་འབྱུང་བར་འགྱུར་རོ། །
དེའི་བུའི་མིང་ཀོ་ཤཱམྦ་ཞེས་པ་དང་ལྡན་པའི་རྒྱལ་པོ་འབྱུང་ཞིང་གྲོང་ཁྱེར་གྱི་མིང་ཡང་ཀོ་ཤཱམྦ་ཞེས་པ་འབྱུང་ངོ་། །ཕྱི་ནས་ཡུལ་པ་ཏྲི་ཀ་རེ་ཀ་ར་ཤ་བྷ་ལ་ཞེས་པ་འབྱུང་སྟེ། དེའི་བུ་རྒྱལ་པོར་འགྱུར་རོ། །ཡང་བི་ཀྲ་མ་པཱུ་རི་ཞེས་པ་ཡུལ་གྱི་དབུས་སུ་བརྟགས་པ་དེར་འོན་
ཀྱང་རྣལ་འབྱོར་མ་དངོས་གྲུབ་དང་ལྡན་པ་འབྱུང་སྟེ། དེའི་དབུས་སུ་རྣལ་འབྱོར་མ་གཅིག་གིས་བཙུན་མོ་བྱེད་པར་འགྱུར་རོ། །དེའི་བསོད་ནམས་ཀྱིས་བུའི་བུ་ལ་སོགས་པའི་རིགས་བརྒྱུད་ཀྱི་བྷཾ་ག་ལ་དག་པར་བྱ་སྟེ། འོན་ཀྱང་འདིར་ས་གཞིའི་བཟོད་པ་ཟད་པ་ལ་རྩོད་པའི་
དུས་ཞེས་བརྗོད་དོ། །དེ་རྫོགས་ནས་མགོན་པོ་བྱམས་པ་ཞེས་པའི་སངས་རྒྱས་འབྱུང་སྟེ། དངོས་པོ་མེད་པའི་རང་བཞིན་མཐོང་བ་བློ་གྲོས་ཀྱིས་འཆད་པར་འགྱུར་རོ། །གཞན་ཡང་ཡུལ་ཨོ་རུ་བྷི་ས་དང་། ཙོ་དྷ་དང་། སིངྒ་ལ་དྭཱི་པ་རྣམས་སུ་དུས་དུས་སུ་ཀླུའི་རྒྱལ་པོས་
ཆར་འབེབས་པར་འགྱུར་རོ། །ཡང་ཡུལ་ར་དྷ་རུ་པ་ལ་ཞེས་པའི་མིང་ཅན་སྐྱེས་བུ་སུམ་ཅུའི་བར་དུ་འབྱུང་སྟེ། བརྒྱུད་པ་ཐ་མའི་བུས་ཡུལ་ཨོ་རུ་བྷི་སའི་རྒྱལ་པོ་འབྲས་བུ་ལ་ཕན་པ་ཞེས་པའི་ལྷ་སྐོར་དང་བཅས་པ་འཇོམས་ཤིང་། རྣལ་འབྱོར་མ་རྣམས་འཇོམས་
པ་འབྱུང་སྟེ། དེས་རྣལ་འབྱོར་པ་རྣམས་ཀྱི་གཙོ་བོ་མཆོག་གི་དབང་ཕྱུག་ཐོབ་པ་ནི་སངས་རྒྱས་དང་མཉམ་པར་སྡོམ་པ་དང་ལྡན་པས་བཟླས་པ་བྱེ་བ་ཕྲག་བཅུ་གཉིས་བཟླས་པས་སོ། །དེའི་སློབ་མ་གཉིས་དང་། སློབ་མའི་སློབ་མ་གསུམ་དང་། དེའི་ཡང་སློབ་མ་

རྣལ་འབྱོར་པ་རྣམས་དང་། པཎྜི་ཏ་རྣམས་ཀྱི་གཙོ་བོར་གྱུར་པ་ཆོས་ཀྱི་གྲགས་པ་ཞེས་པར་ཡོངས་སུ་གྲགས་པ་འདི་དང་སྐྱེས་བུ་དྲུག་བསྟན་པ་ལ་ཕན་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱིས་གྲུབ་པ་འཐོབ་བོ། །ཕྱི་ནས་མ་ཏི་ལ་དང་། པཱ་ག་ར་དང་། བྷ་བྱ་
གྷོ་ཥ་དང་། ས་ཧཱ་སྲི་ཀཱརྞ་ཞེས་པའི་མིང་ཅན་ཡོངས་སུ་སྐྱོང་བ་རྣམས་ལོ་བཅུ་གསུམ་གྱིས་གྲུབ་པ་ཐོབ་པ་འབྱུང་ངོ་། །ཡང་རྣལ་འབྱོར་པས་སརྨ་དང་། ཧ་ཏི་ན་དང་། གརྨུ་ཀ་དང་། པ་ཙན་ན་དང་། སམ་བེ་དུ་དང་། བུད་དྷ་ཧ་ས་དང་། པ་ཏེ་ལ་རྣམས་ཀྱིས་རུས་
སྦལ་གྱི་རིགས་རྫོགས་སོ། །དེའི་ནུབ་ཕྱོགས་སུ་གྲོང་ཁྱེར་མཱ་ལ་ལཱི་ཞེས་པ་གྲུབ་པ་ཐོབ་པའི་གནས་དེར་བྷོ་ཛྱ་དེ་བ་ཞེས་པར་ཡོངས་སུ་གྲགས་པར་རྫོགས་ནས། ཀོ་ཏི་ཀ་དང་པཱ་ལི་ཏ་དག་འཁོར་དང་བཅས་པ་ཡིས་ཚེ་ལོ་སྟོང་ཕྲག་གཅིག་ཐུབ་པའི་རྒྱལ་པོ་འབྱུང་ངོ་། །
དེའི་ནུབ་ཕྱོགས་སུ་གྲོང་ཁྱེར་སམ་བུ་ཀ་ཞེས་བྱ་བ་འབྱུང་སྟེ་དེར་རྒྱལ་པོ་སྟོང་ཕྲག་ལྔ་རུ་བྷ་དྷ་ན་ཞེས་པ་དང་ལྡན་པའི་མིང་ཅན་འབྱུང་ངོ་། །ཕྱི་ནས་ཀ་ལེ་དང་མ་ལ་ཞེས་པ་འབྱུང་སྟེ། དེ་དག་གིས་གྲུབ་པ་ཐོབ་པར་འགྱུར་རོ། །དེའི་ལྷོ་ཕྱོགས་སུ་གྲོང་ཁྱེར་ཨ་ཛ་ར་ཡོ་གི་ནཱི་
ཞེས་པ་འབྱུང་སྟེ། དེར་ཀླུ་སྒྲུབ་པ་ཞེས་བྱ་བའི་རྣལ་འབྱོར་པས་ཤིང་ས་ལ་ཞོན་པ་གོ་པཱ་ལ་ཞེས་པ་ལ་རྒྱལ་པོ་བྱིན་པས་བུ་ཤི་ནས་བ་ཧྣའི་ཚ་བོ་ལ་སོགས་པའི་རྒྱལ་པོ་འབྱུང་ངོ་། །དཔལ་རྣལ་འབྱོར་གྱི་དབང་ཕྱུག་རྫོགས་ནས་འཇིག་རྟེན་གསུམ་གྱི་རྒྱལ་པོའི་འབྲེལ་
པ་དངོས་གྲུབ་ཆེན་པོ་བརྒྱད་ཀྱི་རྙེད་པ་ཐོབ་པ་འབྱུང་སྟེ། དེའི་མིང་ནི་ཀེ་བ་ཏ་པུ་ཏྲ་ཞེས་པའི་རྒྱལ་པོའི་བུ་རྗེ་རིགས་ཀྱིས་བསད་ནས་དེའི་བུ་དང་བུའི་ཡང་བུའི་བར་དུ་ནུབ་ཕྱོགས་སུ་གང་དང་གང་སོང་བ་དེ་དང་དེ་རྡོ་རྗེར་གཤེགས་སོ། །དེའི་ཡང་ནུབ་ཕྱོགས་ན་ཏྲི་པ་ཊ་ན་
ཞེས་པའི་ལྷ་རྟེན་ཡོད་པས་སོ། །དེའི་ལྷོ་ཕྱོགས་སུ་དེའི་བུ་ཉི་མ་ཞེས་པ་འབྱུང་ངོ་། །དེའི་ལྷོ་ནུབ་མཚམས་སུ་གྲོང་ཁྱེར་བྷ་ཊ་ཀུ་ནི་རེ་ཞེས་པར་གྲོང་ཁྱེར་བ་རྣམས་བློ་གྲོས་དང་ལྡན་པ་འབྱུང་ཞིང་རྒྱལ་པོ་ནི་བྷན་དུ་དེ་ཝ་ཞེས་པ་འབྱུང་ངོ་། །དེའི་བུ་དང་བུའི་ཡང་བུ་རྫོགས་ནས་

སིན་དྷུ་ཞེས་པར་གྱུར་ནས་འགྲོའོ། །དེ་ཤི་ན་གར་ཞེས་པར་འབྱུང་ངོ་། །ཕྱི་ནས་སྐྱེ་བ་བདུན་གྱི་བར་དུ་རྣལ་འབྱོར་པར་འབྱུང་བར་ཤེས་པར་བྱས་ཏེ་ཕྱོགས་དང་ཕྱོགས་བྲལ་བ་རྣམས་ཀྱང་ངོ་། །དེ་ནས་གྲོང་ཁྱེར་དེ་ལ་བྷན་དྷ་ནི་ཞེས་པར་འགྱུར་ནས་འགྲོའོ། །
དེ་རུ་ཙཎྜ་མ་ཧཱ་རོ་ཥ་ཎའི་རྣལ་འབྱོར་ཉམས་སུ་བླངས་པས་རྒྱལ་པོར་འགྱུར་རོ། །དེ་ཡིས་སྐྱེ་བ་འདི་ལ་སངས་རྒྱས་ཀྱི་འབྲས་བུ་འཁོར་དང་བཅས་པ་ཡིས་འཐོབ་བོ། །ལྷོ་ཕྱོགས་ན་གྲོང་ཁྱེར་ས་བྷིཉྫི་ཀ་ཞེས་པ་སངས་རྒྱས་ཀྱིས་དུས་ཐམས་ཅད་དུ་བྱིན་གྱིས་བརླབས་པའི་
གནས་སུ་སངས་རྒྱས་རྗེ་བཙུན་གྱིས་རྒྱལ་པོ་མཛད་པ་ལ་འཁོར་གྲུབ་ཐོབ་རྣམས་ཀྱིས་བསྐོར་བ་འབྱུང་སྟེ་ལོ་སྟོང་གི་བར་དུའོ། །དེའི་བྱང་ཕྱོགས་སུ་ལྷས་མཛད་པའི་རྡོ་རྗེའི་ཁྲི་ལ་བཞུགས་པའི་རྗེ་བཙུན་བཞུགས་སོ། །དེའི་ཤར་ཕྱོགས་མཚམས་སུ་ཡུལ་ཁརྶ་པཱ་
ཎི་ཞེས་པར་རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་ངེས་པར་འབྱུང་བར་འགྱུར་རོ། །ནུབ་ཕྱོགས་སུ་གྲོང་ཁྱེར་མ་ཧཱ་བྷཉྫ་པུ་རི་ཞེས་པ་འབྱུང་ངོ་། །དེར་རྒྱལ་པོ་བ་སུ་བྷ་དྷ་ན་ཞེས་པ་འབྱུང་སྟེ། དེའི་བུ་དང་བུའི་ཡང་བུ་རྫོགས་ནས་རྒྱལ་པོ་གདུང་བརྒྱུད་འཆད་དོ། །
དེ་ནས་ཐམས་ཅད་རྒྱ་མཚོས་ནུབ་པར་འགྱུར་རོ། །གཞན་ཡང་ཡུལ་ལཊ་དང་ཙོ་ཌ་དང་། གོ་དྷ་བང་ག་ལ་དང་པོ་ཨོ་ཌི་ཡཱ་ན་དང་། ཛ་ལནྡྷ་ར་དང་། པ་ཊི་ཀེ་ར་ཀ་དང་། ཀཱ་མ་རཱུ་པ་ལ་སོགས་པ་རྣམ་པ་རྒྱུན་དུ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་མཛད་པར་
འགྱུར་རོ། །ཡུལ་དེ་རྣམས་སུ་འདོད་པ་ཐམས་ཅད་འབྱུང་སྟེ། རྒྱལ་པོ་དང་། འཁོར་དང་། རྣལ་འབྱོར་པ་དང་། གྲུབ་པ་ཐོབ་པ་ལ་སོགས་པ་དོན་རྣམས་ཡོངས་སུ་མཛད་པ་ལ་འཛམ་བུའི་གླིང་ཞེས་གྲགས་སོ། །རྒྱ་མཚོའི་ཤར་ཕྱོགས་སུ་རི་བོ་ཧུ་ར་
ཞེས་པ་ན། ལྷ་མ་ཡིན་དཔག་ཏུ་མེད་པ་གནས་པ་འབྱུང་ངོ་། །ལྷོ་ཕྱོགས་སུ་བྱ་རོག་གི་གདོང་པ་ཅན་ཞེས་པ་གནས་པར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱིས་ཀྱང་ཐབས་མཆོག་ཏུ་གྱུར་པ་ཤེས་པ་འབྱུང་ངོ་། །རྒྱ་མཚོའི་ལྷོ་ཕྱོགས་སུ་མི་གདོང་གྲུ་གསུམ་པ་དང་། སྲིན་

པོ་དང་། མིའམ་ཅི་དང་། ལྷ་མ་ཡིན་ལ་སོགས་པ་རྣམས་དང་། སྤྲེའུ་ལ་སོགས་པ་རྣམས་ཧ་ཧ་ཞེས་པའི་སྒྲ་སྒྲོགས་པ་དང་། ཧ་ནུ་མན་ཏ་རྣམས་ངེས་པར་གནས་པར་འབྱུང་བར་འགྱུར་རོ། །རྒྱ་མཚོའི་ནུབ་ཕྱོགས་སུ་ཟླ་བ་ཕྱེད་པའི་གདོང་པ་ཅན་གྱི་མི་གནས་པར་
འགྱུར་རོ། །དེའི་ནུབ་ཕྱོགས་ན་ལྷ་ལ་སོགས་པ་གནས་པ་འབྱུང་ངོ་། །རྒྱ་མཚོས་བསྐོར་བ་ན་གནས་པའི་མི་རྣམས་ལ་བ་ལང་སྤྱོད་ཅེས་བསྒྲགས་ཏེ། དེ་ན་གནས་པའི་མི་རྣམས་གདོང་ཟླུམ་པོ་དང་ལྡན་པ་དང་། དེ་རྣམས་ཀྱི་རྒྱལ་པོར་གནས་པ་དེ་ཡུལ་ཐམས་ཅད་ཀྱི་
རྒྱལ་པོ་སྟེ། འཆི་འཕོ་བ་དང་སྐྱེ་བ་མེད་པར་འབྱུང་བར་འགྱུར་རོ། །དེའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ར་ས་ལན་དྷི་ཞེས་པར་དང་པོའི་དུས་སུ་ལྷ་མ་ཡིན་གྱི་རྒྱལ་པོ་འབྱུང་ངོ་། །དེ་ནས་རྒྱལ་པོ་ལྷའི་ལུས་ཅན་ཞེས་བྱ་བའི་མིང་གི་རྒྱལ་པོ་འབྱུང་ངོ་། །དེ་བསད་ནས་ཀཾ་བི་སི་ཧ་ཞེས་
པ་དང་བུ་དང་བུའི་ཡང་བར་དུ་འབྱུང་ངོ་། །དེ་ནས་བྷེ་ས་ཛྱ་སེ་ན་ཞེས་པའི་མིང་གི་མཐའ་རྟེན་དང་ལྡན་པའི་སྐྱེས་བུ་བདུན་གྱི་བར་དུ་འབྱུང་ངོ་། །དེ་ནས་པ་ལ་ཞེས་པའི་རྒྱལ་པོ་འབྱུང་སྟེ། དེ་ནས་དེས་ཉ་པའི་ཤུ་བི་ལ་གྲོང་འཇུག་བྱས་པས་རྒྱལ་པོ་ས་ཧ་དེ་ཝ་ཞེས་པར་འགྱུར་
བ་འབྱུང་ངོ་། །གྲོང་ཁྱེར་གསེར་གླིང་གི་ཤར་ཕྱོགས་སུ་གྲོང་ཁྱེར་མཎྜ་ཀ་ཞེས་པ་ན་རྒྱུན་དུ་གནས་པའི་མི། རྨ་བྱའི་མདོངས་ལ་བརྒྱན་པ་ཞལ་རྒྱས་པ། ཨོཾ་སུ་མུ་ཁི་ནི་སརྦ་ཞེས་པའི་སྔགས་བརྗོད་ནས་ཟས་སུ་ལྦུ་བ་ཟ་བ་དེ་རྣམས་ཀྱི་ལྷག་མ་མེད་པར་བསོད་ནམས་དང་ཡེ་ཤེས་
ཀྱི་ཚོགས་ཐོབ་བོ། །དེའི་རྒྱལ་པོ་སྦྲུལ་གྱིས་ཕྱོགས་བཞིའི་རྒྱན་བྱེད་པ་འབྱུང་ངོ་། །དེ་ནས་སྲིན་པོར་འགྱུར་ཏེ། དེའི་བུ་དང་བུའི་ཡང་བུའི་བར་རྫོགས་ནས་རྒྱ་མཚོ་ཡིས་ཐམས་ཅད་ནུབ་པར་འགྱུར་རོ། །ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་ཅིའི་ཕྱིར་གནས་ཐམས་
ཅད་རྫོགས་པར་མི་གསུང་ཐམས་ཅད་དུ་ཡོངས་སུ་གསུངས་པའི་བྱང་ཆུབ་སེམས་དཔའ་ཞེས་པ་སྤངས་ནས་གསུངས་པ་ཅིའི་ཕྱིར། དེའི་ཕྱིར་འདི་སྐད་ལ་སོགས་པ་མི་བདེན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ཆེན་མོ་ཉོན་ཅིག་ཉོན་ཅིག །གང་

དང་གང་དུ་ང་ཡིས་གནས་བསྟན་པ། དེ་དང་དེ་ནི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའོ། །གནས་གཞན་རྣམས་ནི་སངས་རྒྱས་མ་ཡིན་པའི་ལྷ་རྣམས་ཀྱིས་རྣམ་པར་བརྟགས་པའོ། །གང་གྲུབ་པ་ཐོབ་པ་ཐམས་ཅད་ཀྱི་མིང་གནས་ཀྱིས་བརྟགས་
སོ། །སྡིག་པ་རེ་རེ་དག་པར་བྱེད་པ་གང་དང་གང་ལ་ཡོད་པ་དེ་དང་དེ་ཏིང་ངེ་འཛིན་ནོ། །བུམ་པ་གསུམ་ལ་སོགས་པ་རྣམས་དང་། གང་དང་གང་ལ་ཕུང་པོ་ལྔ་རྣམས་ཡོད་པ་ལ་ལུས་ཞེས་བྱ་སྟེ། རྒྱལ་པོ་དང་རྒྱལ་སྲིད་རྣམས་དང་། རྣལ་འབྱོར་པ་དང་། རྣལ་འབྱོར་
མ་རྣམས་ལ་དབུགས་དབྱུང་བ་དང་། དབུགས་འཇུག་པས་དག་པ་ནི་དཔེར་ན་དབང་པོ་དང་ཡུལ་བཞིན་ནོ། །བདེ་བར་གཤེགས་པའི་ལམ་དང་འབྲེལ་པ་ལ་སྐྱབས་སུ་གང་འགྲོ་བ་དེས་སྐྱེ་བ་འདི་ལ་བསྒྲུབ་པར་བྱས་པ་ཐམས་ཅད་འགྲུབ་བོ། །གང་གིས་རྒྱལ་པོའི་
གཏམ་རྒྱུད་འདི་བཀླགས་ན་དེས་ལྐོག་ཏུ་གྱུར་པའི་ཡེ་ཤེས་འཐོབ་བོ། །ལེའུ་སུམ་ཅུ་སོ་དྲུག་པར་རྩིས་ཀྱི་ཡེ་ཤེས་བརྗོད་པར་བྱ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བ་ཇི་ལྟར་ཤེས་པ་དེའི་བྱ་བ་བྱེད་དོ། །ཀྱེ་ལྷ་མོ་ལེའུ་ཉི་ཤུ་རྩ་ལྔ་པ་ལ་སོགས་པར་མིང་གང་
གིས་ཐམས་ཅད་ཤེས་པར་བྱེད་པར་ནུས་པ་དེའི་དུས་ཀྱི་ཡེ་ཤེས་སོ། །དེ་ལྟར་ཐམས་ཅད་བདུད་ཀྱིས་བསླུས་པར་མི་འགྱུར་རོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་རྒྱལ་པོའི་གཏམ་རྒྱུད་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། བསྒྲུབ་པར་བྱ་བ་རྒྱལ་པོ་འདོད་པས་རྒྱལ་པོ་ལ་བལྟ་བར་བྱའོ། །བསྒྲུབ་པར་བྱ་བ་དངུལ་ཆུ་འདོད་པས་དངུལ་ཆུ་ལ་བལྟ་བར་བྱའོ། །བསྒྲུབ་པར་བྱ་བ་ལུས་གྲུབ་པར་འདོད་པས་ལུས་ལ་བལྟ་བར་བྱའོ། །བསྒྲུབ་པར་བྱ་བ་དེ་ཁོ་ན་འདོད་པས་དེ་ཁོ་ན་ལ་
བལྟ་བར་བྱའོ། །བསྒྲུབ་པར་བྱ་བ་འདོད་པའི་ཡོན་ཏན་འདོད་པས་འདོད་པའི་ཡོན་ཏན་ལ་བལྟ་བར་བྱའོ། །ལྷ་མོ་དེའི་ཕྱིར་བསྒྲུབ་བྱ་གཅིག་གྲུབ་ནས་ཐམས་ཅད་ཚེགས་མེད་པར་འགྲུབ་བོ། །དེ་སྤངས་པའི་གཞན་སྒྲུབ་པ་རྣམས་འབྲས་བུ་མེད་པ་ལ་འབད་རྩོལ་བྱེད་པའོ།

མཚན་མ་གཅིག་པའམ། དུར་ཁྲོད་དམ་ཆུ་འགྲམ་རྣམས་སུ་རྨ་མེད་པ་མ་གོད་པའི་རོའི་སྟེང་དུ་བསྡད་ནས་སྔགས་བརྒྱ་ཕྲག་བརྒྱད་བཟླས་ན་སྔགས་ཀྱི་རྗེས་ལ་ལྕེ་རེག་ཏུ་འོང་སྟེ། དེ་བཅད་ནས་ལག་པ་གཡས་པས་བཟུང་ན་རལ་གྲིའི་དངོས་གྲུབ་འགྲུབ་བོ། །དེ་
ནས་གཞན་ཡང་བརྗོད་པར་བྱ་སྟེ། ཚྭ་བླངས་ལ་རོ་ལ་བསྣུན་ན་གསེར་དྲུག་ནམ་བརྒྱད་སྟེར་བར་བྱེད་དོ། །ཚེས་བརྒྱད་དམ་བཅུའམ་བཅུ་བཞི་རྣམས་ལ་རང་གི་བཞི་མཉམ་བླངས་ནས་ལུས་ལ་བྱུགས་ཏེ་ཕྱི་ནས་བྲམ་ཟེའི་ཐོད་པའི་སྟེང་དུ་བསྡད་ནས། སྨན་མུ་ཏ་ཀ་དང་ཤི་ཧླ་
ཡིས་ལྷ་མོ་ལྔ་ལ་སོགས་པའི་མར་མེ་སྦར་ལ་རྡོ་རྗེའི་ཁང་པར་སྔགས་སྟོང་ཕྲག་གཅིག་བཟླས་པར་བྱ་སྟེ་དེ་ཡིས་བཟླས་པ་བྱ་བའི་སྔགས་ཀྱི་རྒྱལ་པོ་ནི་འདི་ཡིན་ཏེ། ཨོཾ་མ་ཧཱ་ཙཎྜ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ་ཅེས་པའོ། །ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་ཆུ་འགྲམ་དུ་
སོང་སྟེ། མེ་ཏོག་ཨ་པ་རཱ་ཛི་ཏ་ཡིས་མཎྜལ་བྱས་ཏེ་ཆུ་འགྲམ་གྱི་བྱེ་མའི་སྟེང་དུ་གནོད་སྦྱིན་གྱི་ཀཱི་ལི་ཀཱི་ལའི་གཟུགས་བརྙན་ཡོངས་སུ་འདྲ་བ་བྱས་ལ་དྲི་སྣ་ཚོགས་ཀྱིས་ལུས་ལ་བྱུག་གོ། །ཕྱི་ནས་དེ་རུ་བསྡད་ནས་སྔགས་བཟླས་པ་ནི། ཨོཾ་སུཿཥཿཧཱུྃ་ཞེས་པའི་སྔགས་སྟོང་ཕྲག་
ལྔ་བཟླས་ན་ཁྱོད་བཟའི་ཞེས་སྨྲ་ཞིང་འོང་སྟེ། སྒྲུབ་པ་པོས་ཀྱང་འཇིགས་པར་མི་བྱ་བར་གཡོག་པོ་ཁྱོད་ང་ཅག་གི་དོན་གྱིས་ཤིག་ཅེས་བརྗོད་ཅིང་དེའི་མགོ་ལ་ཨརྒྷ་ཕུལ་ན་གསེར་སྲང་ལྔ་བརྒྱ་ལྔ་བརྒྱ་ཉིན་རེ་ཞིང་སྟེར་བར་བྱེད་ཅིང་བཅུད་དང་བཅུད་ཀྱིས་ལེན་དང་ངོ་། །གལ་ཏེ་མ་
བྱུང་ན་དེའི་ཚེ་མུ་ཟི་དང་། ལྷང་ཚེར་དང་། སུ་པརྞ་མ་ཀྵི་རྣམས་ལག་པ་གཡོན་པས་བཟུང་ལ། དེའི་སྤྱི་སྟེངས་སུ་ཐལ་ལྕག་གསུམ་རྒྱབ་ན་ངེས་པར་འོང་ངོ་། །མ་འོངས་ན་མགོ་ཨརྫ་ཀའི་འབྲས་བུ་ལྟར་འགས་པར་འགྱུར་བས་རིམ་པ་དེ་ལྟར་བསྒྲུབ་པ་བྱས་ན་གང་འདོད་པ་དེ་བྱེད་དེ།
དེ་ལྟར་བྱས་ན་གནོད་སྦྱིན་བརྒྱད་ཀ་ཡང་འོང་བར་འགྱུར་རོ། །རྣལ་འབྱོར་པས་གྲོང་ཁྱེར་གྱི་མཐར་སོང་ལ་ནག་པོ་ཆེན་པོ་ཕྱག་བཞི་པའི་སྔགས་སྟོང་ཕྲག་ལྔ་སོང་བ་དང་། ཕྱི་ནས་ནག་པོ་ཆེན་པོའི་དཀྱིལ་འཁོར་བཞེངས་ལ་ཤ་ཎའི་རྩ་བ་དང་། སྨན་ཛ་ཏ་ཀའི་པགས་པ་

དང་། སྨན་ཏི་མི་རིའི་རྩ་བ་རྣམས་བཏགས་པས་ལུས་ལ་བྱུགས་ན། འཇིགས་བྱེད་ཆེན་པོ་སྒྲ་ཆེན་པོ་དང་བཅས་ནས་འོངས་པས་ཙནྡན་གྱི་ཆུ་དང་ནམ་མཁའི་ཆུ་ཡིས་ཨརྒྷ་དབུལ་ཏེ། དེ་མཐོང་བ་ལ་འཇིགས་པར་མི་བྱའོ། །སྒྲུབ་པའི་གྲོགས་པོ་བྱང་
ཕྱོགས་ན་གནས་པས་སྐྱེས་བུ་ཞེས་པ་དང་བཅས་པས་ཕྱོགས་གསུམ་དུ་བསྒོ་བ་བྱས་ན་གང་འདོད་པ་དེ་ཡིས་བྱེད་དོ། །གཞན་ཡང་སྐྱེད་མོས་ཚལ་དུ་སོང་ནས་ཤིང་མྱ་ངན་མེད་པའི་འོག་ཏུ་སྟག་གི་པགས་པའི་སྟེང་དུ་བསྡད་ལ་གཅེར་བུར་ཕུད་སྐྲ་བཀྲོལ་བ། བདག་སྲུང་བ་ཡན་
ཆོད་དེ་ལྟར་བྱས་ནས་ཤིང་པུ་པ་སིམ་པའི་ལོ་མའི་ཁུ་བས་ལུས་ལ་བྱུགས་ནས་ནག་པོ་ཆེན་པོ་ཕྱག་གཉིས་པའི་སྔགས་སྟོང་ཕྲག་གཅིག་བཟླས་པ་དང་། གཏོར་མ་སྦྱིན་པ་ནི་མར་དང་། སྦྲང་རྩི་དང་། སུལ་ཀ་དང་། སྲན་མ་དང་། ཏུ་མུ་ལ་དང་། ཆང་དང་། ཤ་
རྣམས་ཀྱིས་ཡང་དག་པར་བརྒྱན་ལ་ཕྱི་ནས་རལ་གྲི་ཐོགས་ནས་སྤྱོན་ཞེས་པ་ཕོགས་གསུམ་བརྗོད་པ་དང་། དགའ་བ་ཆེན་པོ་ཐལ་མོ་རྡེབས་ཤིང་འོང་སྟེ། དེ་ལ་འཇིགས་པར་མ་བྱས་ན་རྣལ་འབྱོར་པ་དངོས་གྲུབ་འདོད་པས་མཐོང་བ་དང་གསེར་སྲང་སྟོང་ཕྲག་གཅིག་སྟེར་བར་
འགྱུར་རོ། །མཚན་མ་གཅིག་པར་སོང་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ་ནག་པོ་ཆེན་པོའི་སྔགས་སྟོང་ཕྲག་ལྷག་པ་བཟླས་ཤིང་དེའི་དུས་སུ་བདུད་རྩི་ལྔས་ལུས་ལ་བྱུག་གོ། །ཡང་སྔགས་བརྒྱ་ཕྲག་བཟླས་པའི་ཕྱི་ནས་སུ་པ་སིམ་པའི་ཁུ་བས་ལུས་ལ་བྱུགས་ཏེ་རོ་སྟེང་དུ་བསྡད་
དེ་སྔགས་བཟླས་པ་ནི། ཨོཾ་མུཿཧཱུྃཿཛཿབཾ་ཧིཿཞེས་བརྗོད་པས་ཐུན་ཚོད་གསུམ་ན་གནོད་སྦྱིན་མོ་སྣ་ཚོགས་པའི་གཟུགས་བཟུང་ནས་སྣ་ཚོགས་པའི་རྫས་ཀྱི་མཆོད་པ་བཟང་པོ་དང་བཅས་པར་འོངས་ཏེ། གྲོགས་བྱེད་པས་ལས་གཞན་དུ་མ་ཡིན་པས་ཉིན་རེ་ཞིང་གསེར་སྲང་ལྔ་
ལྔ་སྟེར་བར་བྱེད་དོ། །ཤིང་བསྲུང་བ་ལྡན་གྱི་དྲུང་ངམ་མེ་ཏོག་ཅན་གྱི་དྲུང་དག་གོང་དང་མཚུངས་སོ། །གཞན་ཡང་ལེགས་པར་བརྗོད་པར་བྱ་སྟེ། ཟླ་བ་དང་ཉི་མ་དགུག་པ་ནི་སངས་རྒྱས་ཀྱི་རྟེན་ཡོད་པར་སོང་ལ་གཏོར་མ་ཆེན་པོ་བྱིན་ནས་རྒྱ་སྐྱེགས་དང་ཆུ་དང་ཙནྡན་རྣམས་ལེགས་

པར་སྦྱར་བས་ལུས་ལ་བྱུགས་ཏེ། རོའི་སྟེང་དུ་ཤར་དུ་བལྟས་པས་བསྡད་ལ་ཡང་བདུད་རྩི་ལྔས་ལུས་ལ་བྱུགས་ནས་སྒྲ་ཆེན་པོ་དང་བཅས་པས་སྔགས་སྟོང་ཕྲག་ལྔ་བཟླས་ན་འདིར་ཉི་མ་འོང་སྟེ། འོངས་པ་དང་བྱང་ན་གནས་པའི་སྒྲུབ་པོས་གི་ཝང་དང་། ཙནྡན་དག་གིས་
ཨརྒྷ་བྱིན་ན་ངས་ཅི་བྱ་བ་ཞེས་ཉི་མས་བརྗོད་པར་འགྱུར་རོ། །དེ་ལ་སྒྲུབ་པ་པོས་བཅུད་ལེན་གྱི་དངོས་གྲུབ་བདག་ལ་གསོལ་ཞེས་ཕོགས་གསུམ་དུ་བརྗོད་དོ། །ཤིང་ཀུན་དའི་འོག་ཏུ་རྩ་བ་བདུན་པས་རྒྱན་བྱས་ལ་ཇི་ལྟ་བའི་ཚོགས་གཏོར་མ་བྱིན་ནས། མེ་ཏོག་པདྨ་
བཀྲམ་པའི་སྟེང་དུ་བསྡད་ནས་སྔགས་བཟླས་ན་ཟླ་བ་ངེས་པར་འོངས་ནས་གང་འདོད་པ་དེ་བྱེད་དོ། །དེའི་ཁྱིམ་དུ་མཉམ་པར་གཞག་སྟེ། སིན་དྷུ་ར་དང་སྤོས་ཆུ་དག་གིས་ལུས་ལ་བྱུགས་ནས་རྣལ་འབྱོར་པས་མིའི་ཐོད་པའི་སྟེང་དུ་བསྡད་དེ། ནག་པོ་ཆེན་པོའི་ཐང་ཀའི་མདུན་
དུ་སྔགས་སྟོང་ཕྲག་བརྒྱད་བཟླས་ན་དེར་དུས་ཅན་མ་འོང་ངོ་། །གལ་ཏེ་མི་འོང་ན་སྤྱི་བོ་ལ་ཐལ་མོ་རྡེག་པའི་ཕྱག་རྒྱ་བྱས་ན་ངེས་པར་འོངས་ན་ཏི་ན་ར་བརྒྱ་བརྒྱ་ཉིན་རེ་ཞིང་སྟེར་ཏེ་གཡོག་མོར་ངེས་སོ། །གཞན་ཡང་ཙ་རྩི་ཀཱ་བསྒྲུབ་པར་བྱ་སྟེ། འོན་ཀྱང་ཕྱག་རྒྱ་དཔྱི་གཡོན་པར་
བཅས་ན་ངེས་པར་འོངས་ནས་ནོར་བུ་དང་ནོར་བུ་རིན་པོ་ཆེ་སྟེར་རོ། །ཡང་དེ་ཡིས་བསྒྲུབ་པར་བྱ་སྟེ། རྣལ་འབྱོར་མ་གཉིས་ཀྱིས་བཅུད་དང་བཅུད་ཀྱིས་ལེན་གང་འདོད་པ་དེ་སྟེར་ཏེ་བླང་བའི་སྔགས་ནི་ཨོཾ་ཡཀྵ་ཧཱུྃ་ཊཿཞེས་པས་རྣལ་འབྱོར་མ་ཐམས་ཅད་ཅ་ཅོའི་སྒྲ་སྒྲོགས་
ཤིང་ས་དང་ཕེཾ་ཆེན་པོའི་སྒྲ་སྒྲོགས་ཤིང་འོངས་པས་འཇིགས་པར་མི་བྱ་བར་མཐོང་བ་དང་བྱང་གི་སྒྲུབ་པ་པོས་བརྗོད་པ་ཁྱོད་ཀྱིས་ངའི་གཡོག་མོ་གྱིས་ཤིག་ཅེས་བྱའོ། །དུར་ཁྲོད་དུ་སོང་ལ་ནག་པོ་ཆེན་པོའི་ཐང་སྐུའི་མདུན་དུ་མ་ཧེའི་ཐོད་པའི་སྟེང་དུ་མཉམ་པར་གཞག་པས་ཉིན་
ཞག་བདུན་དུ་སྔགས་བཟླས་ན་ཐུན་ཚོད་གསུམ་ནས་ནག་པོ་ཆེན་པོ་འཁོར་དང་བཅས་པ་འོང་སྟེ། དེ་རྣམས་མཐོང་ཡང་འཇིགས་པར་མི་བྱའོ། །ཀྱེ་སྒྲུབ་པ་པོ་ཁྱོད་བཟའོ་ཞེས་དེས་སྨྲ་ན། དེ་ལ་བྱང་ན་གནས་པའི་སྒྲུབ་པ་པོས་ཧཱུྃ་སོད་ཅིག་ཅེས་བརྗོད་ནས་གི་ཝང་དང་ཙནྡན་དག་

གི་ཆུས་ཨརྒྷ་དབུལ་ལོ། །ཕྱི་ནས་དེ་ཡིས་གསུངས་པ། ཀྱཻ་དཔའ་བོ་ཆེན་པོ་ཅིའི་ཕྱིར་ང་འབོད་ཅེས་གསུངས་ན། བྱང་ན་གནས་པའི་སྒྲུབ་པ་པོས་གསོལ་པ། གང་དང་གང་གི་དུས་སུ་ཁྱོད་ལ་ལས་བཅོལ་ན་གཏོང་དགོས་པ་དེའི་དོན་དུ་ཞེས་བརྗོད་དོ། །དངོས་
གྲུབ་གང་དང་གང་འདོད་པ་སྦྱིན་ནོ་ཞེས་དེས་གསུངས་སོ། །དེ་ལ་སེང་གེའི་ཕྱག་རྒྱ་བཅས་ན་རྙེད་པར་དཀའ་བའི་སེང་གེའི་ལུས་ཀྱང་འཐོབ་བོ། །འདི་ཡིས་རྫས་དང་དངོས་གྲུབ་སྣ་ཚོགས་ཀྱང་སྟེར་བར་འགྱུར་རོ། །དེའི་སྔགས་ནི་ཨོཾ་ཨཱ་གཙྪ་མ་ཧཱ་ཧཱུཾྃ་ཧོ་ཧོ་ཞེས་སོ། །འདི་
ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་གཡོག་མོ་བསྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།གཞན་ཡང་དབང་དུ་བྱ་བའི་ལེའུ་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ང་ཡིས་སྨན་དང་སྔགས་དང་ཕྱག་རྒྱ་རྣམས་བཤད་པར་
བྱའོ། །ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་སྨན་གྱི་འབྲས་བུ་ཆེན་པོ་གསུངས་ཤིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེས་བརྒྱད་ལ་སྦྱིན་སྲེག་གི་ཆོ་ག་གང་ཡིན་པ་ལྟར་བྱས་ལ་ཤིང་ཨརྒའི་འབྲས་བུའི་བལ་བླངས་པ་ལ་དུར་ཁྲོད་ཀྱི་རས་ཀྱིས་
དཀྲིས་པ་དང་། གི་ཝང་དང་། བདུད་རྩི་ལྔ་དང་། མི་ལྕེ་རྣམས་ཕྱེ་མར་བཏགས་ཏེ་སྡོང་བུ་བྱས་ལ་ཟངས་ཀྱི་ནང་དུ་མིའི་ཚིལ་ལ་མིག་སྨན་ཕབ་ལ་རང་གི་བྱང་སེམས་དང་བསྲེས་ནས་ཐིག་ལེ་བྱས་ཏེ། གང་དང་གང་གི་བུ་མོ་ལ་བལྟས་ན་འབབ་པར་འགྱུར་རོ། །གལ་ཏེ་མི་འབབ་
ན་ནག་པོ་ཆེན་པོ་མ་ཡིན་ཏེ། སངས་རྒྱས་ཀྱི་བསྟན་པ་སྲུང་བར་དམ་བཅས་པ་སྤངས་པས་མཚམས་མེད་པ་བྱས་པའོ། །ཨོཾ་ཧྲཱིཿཀྵཿཨ་མུ་ཀི་ཨཱ་གཙྪན་ཏི་ཡཾ་ཞེས་པའི་སྔགས་འདིས་ཤིང་སིམ་པའི་ལོ་མས་སྦྱིན་སྲེག་སྟོང་ཕྲག་ལྔ་བྱས་ཏེ་གོས་དང་བྲལ་ཞིང་སྐྲ་གྲོལ་བ་སེམས་མ་
ཡེངས་པར་བསྒོམས་ན། རྐང་པའི་དྲུང་དུ་སྔགས་ཀྱི་ནུས་པས་ངེས་པར་འོང་སྟེ། གཡོག་མོའི་གཟུགས་ཀྱིས་བདེ་བ་སྐྱེད་ཅིང་གཞན་གྱི་དབང་དུ་མི་འགྱུར་རོ། །གལ་ཏེ་མི་འོང་ན་སྔགས་མགོ་མཇུག་བཟློག་ནས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་མགོ་གས་ནས་འཆི་ཞིང་དངོས་

གྲུབ་མཆོག་སྟེར་རོ། །དགུན་ཟླ་ཐ་ཆུངས་ཀྱི་ཚེས་བཅུ་བཞི་ལ་ནག་པོ་ཆེན་པོ་སྐུ་མདོག་དམར་པོར་སྤྲོས་ཏེ་དེ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཁ་ཤར་ཕྱོགས་སུ་བལྟས་ལ་ཆང་དང་། ཨུཏྤལ་དམར་པོ་དག་གིས་སྟོང་ཕྲག་ཕྱེད་དུ་སྦྱིན་སྲེག་བྱས་ན་ནམ་ཕྱེད་ནས་རྒྱལ་པོའི་བུ་མོ་ཡང་
དབང་དུ་འགྱུར་ན། གཞན་གྱི་བུ་མོ་ལྟ་སྨོས་ཅི་དགོས་གལ་ཏེ་དབང་དུ་མ་གྱུར་ན། སྔགས་བཟླས་པས་ངེས་པར་དབང་དུ་འགྱུར་ཏེ། འཛམ་བུའི་གླིང་ན་རྙེད་པར་དཀའ་བའི་དབང་དུ་བྱ་བའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པའོ། །སྨན་སཱ་ལུ་ཀ་དང་ཀྱི་
ལྕེ་བ་དང་ཙནྡན་དང་ཨ་ག་རུ་དང་བདུད་རྩི་ལྔ་རྣམས་ཏིལ་མར་གྱིས་ཕྲུལ་ནས་ཕྱག་བཅུ་དྲུག་པའི་སྔགས་ཀྱིས་ཕོགས་ཉི་ཤུ་རྩ་གཅིག་བཟླས་ཏེ། དེས་ཁ་བཀྲུས་ཏེ་རྒྱལ་པོའི་ཕོ་བྲང་དུ་བསྡད་ནས་རྒྱལ་པོ་ལ་ཁྲོ་ཞིང་ཅུང་ཟད་སྨྲ་དང་མཐུན་པའི་ཚིག་སྨྲར་འོང་ངོ་། །ངོ་མཚར་ཅན་
གྱི་སྦྱོར་བ་འདི་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བསྒྲགས་པ་སྟེ། བྱ་རྒོད་ཀྱི་ཤ་གི་ཝང་དང་བཅས་པ་རང་གི་བྱང་ཆུབ་སེམས་ཀྱིས་ཕྲུལ་ལ་བུ་མོ་ལ་སྦྱིན་ནོ། །བཟླས་པའི་སྦྱོར་བས་གཡོག་མོར་ངེས་པར་འགྱུར་ཏེ། དབང་དུ་བྱ་བ་ཆེན་པོའི་སྦྱོར་བའོ། །བ་ལང་གི་ཞག་དང་།
ནེ་ཚོའི་ཞག་དང་། ཏིལ་གྱི་མར་རྣམས་ཀཀྐོ་ལའི་ས་བོན་དང་ཕྲུལ་ནས་བུ་མོ་ལ་བསྣུན་ན་ཕྱི་ནས་ཁུ་བ་འཛག་ཅིང་རང་ལུས་སྟེར་བར་འགྱུར་ཏེ། མ་ཤི་བར་དུ་སྡོད་དོ། །གྲོ་གའི་ལོ་མ་ལ་གི་ཝང་དང་རྒྱ་སྐྱེགས་ཀྱི་ཕོ་ཚོས་དང་སིན་དྷུ་ར་རྣམས་སྐྱུ་རུ་རའི་ཁུ་བས་ཕྲུལ་ལ། འཁོར་ལོ་གྲུ་
གསུམ་ཆ་ཤས་གསུམ་པ་བྲིའོ། །དེའི་དབུས་སུ་སྡེ་ཚན་གསུམ་པའི་དང་པོ་ཅུང་ཟད་ར་ལ་ཞོན་པ་སྣ་ལྡན་གྱིས་བརྒྱན་པ་དབུས་སུའོ། །ཡང་ཕྱི་རོལ་ཏུ་ཨོཾ་ཛོཾ་ཨ་མུ་ཀི་ཀཱ་མ་དེ་བ་ཨ་མུ་ཀ་ས་ཡ་ཧཱ་ཀཱ་རཱ་ཧཱཿཧཿཧཿཕཊ་སྭཱ་ཧཱ། ཞེས་པ་བཀོད་ལ་དེ་དུར་ཁྲོད་ཀྱི་རས་ལ་གཏུམས་ཏེ་ཙནྡན་
གྱི་ཆུ་ལ་བཅུག་ནས་ཐུན་ཚོད་གཅིག་བཞག་ན་དུས་དེ་ཉིད་དུ་ངེས་པར་དབང་དུ་འགྱུར་ཏེ། གང་འདོད་པ་དེ་བྱེད་དོ། །ཡང་ཉིན་རེ་ཞིང་དྷ་དུ་ར་སུམ་བརྩེགས་ཀྱི་ས་བོན་ལ་སྔགས་འདིས་སྟོང་ཕྲག་ལྔ་བསྣུན་ན་ཉིན་ཞག་ལྔ་ན་བི་བཱ་ཧ་དབང་དུ་འགྱུར་རོ། །ཨོཾ་སྟྲི་ཀྵཱིཿཨ་མུ་ཀྃ་ཨཿསྱཿ

བི་ཏཱ་བི་བཱ་ཧོ་ནམ་ཧྱྃ་རྡྃ་པ་ཡ་སྭཱ་ཧཱཿ། ཞེས་པའི་སྔགས་ནག་པོའི་ཚེས་བརྒྱད་དམ་བཅུ་གཅིག་དག་ལ་ཨུཏྤལ་ནག་པོ་དང་། མར་དང་། སྦྲང་རྩི་དང་། བུ་རམ་རྣམས་ཡང་དག་པར་སྦྱར་བས་སྦྱིན་སྲེག་བརྒྱ་ཕྲག་ལྔ་བྱས་ན་ཉིན་ཞག་བདུན་གྱིས་རྣལ་འབྱོར་པས་
བུ་མོ་དབང་དུ་འགྱུར་རོ། །གལ་ཏེ་དབང་དུ་མ་གྱུར་ན་སྔགས་བརྒྱ་བརྒྱ་བཟླས་ན་ངེས་པར་དབང་དུ་འགྱུར་རོ། །དུར་ཁྲོད་ཀྱི་ས་དང་ལྡོང་རོས་དང་ཡ་བཀྵ་ར་དང་བུ་རམ་རྣམས་རང་གི་ཁུ་བ་ཕྲུལ་ནས་ལུས་ལ་བྱུགས་ན་ཕྱུགས་ཐམས་ཅད་ངེས་པར་དབང་དུ་འགྱུར་རོ། །འདི་ནི་དཔལ་
ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་དབང་དུ་བྱ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།གཞན་ཡང་ཕ་རོལ་གྱི་བྱ་བ་ཆུད་གསན་པར་བྱ་བའི་ལེའུ་བཤད་པར་བྱའོ། །མི་གང་གིས་ལོག་པར་བྱེད་པ་དེ་བསད་པའི་སྨན་ཤིན་ཏུ་མཆོག་ཏུ་གྱུར་པ། ཨ་མུ་ཧ་བཏུས་ལ་བསྐམས་
ཏེ་གཏོར་ན་བྱ་བ་ངེས་པར་ཆུད་གསོན་ནོ། །ལྡོང་རོས་གཏོར་ན་ངེས་པར་ཆུད་གསོན་ནོ། །བུད་མེད་ཀྱི་ཁྲག་གཏོར་ན་བྱ་བ་ངེས་པར་ཆུད་གསོན་ནོ། །རྗེས་སུ་ཤི་བའི་རས་གྱོན་ན་ངེས་པར་ཆུད་གསོན་ནོ། །འདི་ནི་དཔལ་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་ཕ་རོལ་གྱི་བྱ་བ་
ཆུད་གསོན་པའི་ལེའུ་སྟེ་བཅྭ་བརྒྱད་པའོ།། །།གྲོང་ཁྱེར་གང་ན་ལྷ་མོས་འདོད་པ་གསུམ་དང་ལྡན་པའི་སངས་རྒྱས་ཀྱི་མཚན་ཉིད་བྱེད་པ་ཡོད་པ་དེ་རེངས་པར་བྱེད་པའི་གནས་ཏེ། དེ་འདི་རྗེས་སུ་འགྲོའོ། །དེའི་དུས་སུ་སངས་རྒྱས་ཐམས་ཅད་འདུས་པའི་ནག་པོ་ཆེན་པོ་
ཞེ་སྡང་གི་རང་བཞིན་ཞལ་གཅིག་པ། སྐུ་མདོག་དཀར་པོ་འཇིགས་པ་ཆེན་པོར་བྱེད་པ། གཡས་བརྐྱང་བའི་འོག་ཏུ་ལྷ་མ་ཡིན་ནག་པོ་བསྒྱེལ་བ། གྲི་གུག་དང་ཐོད་པ་ཕྱག་ན་བསྣམས་པ། སྤྱན་གསུམ་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འདི་བསྒོམ་པ་ཙམ་གྱིས་
ཐམས་ཅད་རེངས་པར་འགྱུར་རོ། །བསྒོམས་པས་སྐྱོ་ན་སྔགས་ཀྱི་རྗེས་སུ་འབྲང་བ་སྟེ། ཨོཾ་མཿཛཿཨ་མུ་ཀྃ་སྟྃ་བྷཱ་ཡ་ཧཱུྃ་ཕཊ་ཅེས་པ་ཁྲི་ཕྲག་གཅིག་སྔོན་དུ་བསྙེན་པ་བྱས་ན་དངོས་པོ་ཐམས་ཅད་རེངས་པར་འགྱུར་རོ། །མེ་ཏོག་ཅན་གྱི་རས་ལ་ཚེས་བརྒྱད་དམ་བཅུ་བཞི་ལ་ལྷ་

རྣམས་ཀྱི་རྗེ་བྲི་བར་བྱ་སྟེ། བདུད་རྩི་ལྔ་ཉིན་རེ་བཞིན་ཁར་བཅུག་ལ་རེངས་པར་བསྒོམ་པར་བྱའོ། །འདིར་མི་གང་གིས་སྒྲུབ་ཐབས་གཞན་བསྒྲུབ་པ་སྟེ་རྐང་པ་བཞི་ལ་སོགས་པ་ཡང་དག་པར་རེངས་པར་བྱ་བ་ནི་དེའི་དུས་སུ་བློ་གྲོས་ཅན་གྱིས་སྨན་བརྩམ་པར་བྱ་སྟེ། བྱི་
བའི་ཤ་དང་། རུས་སྦལ་གྱི་ཤ་དང་། སྦྲུལ་གྱི་ཤ་རྣམས་ཕྱེ་མར་བྱས་ལ་བསྣུན་ན་ཕྱུགས་ཐམས་ཅད་རེངས་པར་འགྱུར་རོ། །གཞན་ཡང་སྨན་སུ་ཏ་ཀ་དང་། ཕ་ལ་ནི་དང་རུས་སྦལ་གྱི་མགོ་བོ་དང་། སྨན་ཛ་ཡན་ཏི་རྣམས་བསྲེས་ནས་གཏོར་ན་མི་རྣམས་ངེས་པར་རེངས་པར་
འགྱུར་རོ། །གུ་གུལ་དཀར་པོ་དང་། སྨན་ཀ་ཎརྡུ་ཀ་ཡ་ར་ཀའི་སིམ་བཱུ་རི་དང་ཕུ་ལ་ཌི་རྣམས་ཆ་བསྙམས་ཏེ་སྦྱངས་པ་གཏོར་ན་སྦྲུལ་རེངས་པར་འགྱུར་རོ། །ཤུ་དག་དང་། སྨན་ཀུ་མཱ་རཱི་དང་། བེ་ལི་དྷ་རྣམས་བསྣུན་ན་ངེས་པར་རེངས་པར་འགྱུར་རོ། །སྨན་སིམ་བྷི་དང་། ཀ་ལ་
ཌ་དང་། ཀ་ཀྵ་ཏྭི་དང་རང་འབྱུང་རྣམས་ཕྲེང་བར་བྱས་རྐེད་པར་བཅིངས་ན་ས་བོན་རེངས་པར་འགྱུར་རོ། །སྤྲིན་རེངས་པར་བྱེད་པ་ཡང་དེ་ཉིད་དོ། །སྤྲིན་རེངས་པ་དགྲོལ་བ་བརྗོད་པར་བྱ་སྟེ། སྨན་སི་ཛི་དཱ་དང་པུ་ག་ནཱ་དང་། ས་མ་ཎ་ཌ་དང་། རུས་སྦལ་རྣམས་ཆ་བསྙམས་པ་
ཡིས་སྤྲིན་རེངས་པ་གྲོལ་བར་འགྱུར་རོ། །འདི་ནི་དཔལ་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་རེངས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།གཞན་ཡང་འདིར་ཡང་དག་པར་བརྗོད་པར་བྱ་སྟེ། བྱ་བ་མ་ཡིན་པ་བྱེད་པ་རྣམས་བསད་ནས་འཇིག་རྟེན་པ་བདེ་བ་ལ་དགོད་
པའི་ཕྱིར་འཇིགས་བྱེད་ཆེན་པོ་བསྒོམ་པར་བྱ་བ་ནི་ཞལ་གཅིག་པ། ཁ་དོག་ནག་པོ་ལྟོ་འཕྱང་བ། གྲི་གུག་དང་ཐོད་པ་ཕྱག་ན་འཛིན་པ། མ་ཧེ་ལ་ཞོན་པ་ཀླུ་བརྒྱད་ཀྱིས་བརྒྱན་པ། མཆེ་བ་གཙིགས་པ་དབུ་སྐྲ་གྱེན་དུ་འབར་བ། འཇིགས་པར་བྱེད་པ་ཡང་འཇིགས་
པར་བྱེད་པ། ལོ་བཅུ་དྲུག་པའི་ཆ་བྱད་འཛིན་པ། མཚན་མ་གྱེན་དུ་བསྒྲེང་བ། གཅེར་བུ་སྦོམ་ལ་ཐུང་བ། ས་བོན་ཡི་གེ་ཧཱུྃ་ལས་འོད་ཟེར་འཕྲོ་བ་འདི་རྣམས་དང་ལྡན་པ་བསམས་པ་ཙམ་གྱིས་དགྲ་ཐམས་ཅད་བརླག་པར་འགྱུར་ཞིང་རྒྱུན་གཅོད་པ་དང་། མགོ་བོ་འགས་

སོ། །དེའི་སྔགས་ནི་ཨོཾ་མཾ་ཧཱུྃཨ་མུ་ཀ་སྲུྃ་ཕཊ་ཅེས་པ་ཁྲི་ཕྲག་གཅིག་གིས་བསྙེན་པའོ། །བཀྲ་ཤིས་པའི་ཡན་ལག་ཏུ་ནག་པོ་ཆེན་པོའི་བརྒྱད་ལ་མེ་ཏོག་ཅན་གྱི་རས་ལ་བྲིས་པ་དང་བདུད་རྩི་ལྔ་ཁར་བཅུག་ལ་བསྒོམས་ལ་རབ་ཏུ་གནས་པར་བྱ་བ་ནི་
ཚེས་བཅུ་བཞིའི་ནུབ་མོ་དམ་ཚིག་གི་རོ་རྣམས་རྣལ་འབྱོར་པ་ཉི་ཤུ་རྩ་གཅིག་དང་སྟབས་གཅིག་ཏུ་རྣལ་འབྱོར་མ་ལྔ་ཤིན་ཏུ་དག་པ་དམ་ཚིག་སྐྱོང་བར་སེམས་པ་རྣམས་ཀྱིས་སྔགས་འདི་སྟོང་ཕྲག་གཅིག་བཟླས་སོ། །སློབ་དཔོན་གྱིས་སྔགས་འདི་ལན་བདུན་བཟླས་ལ་མེ་ཏོག་
པད་མ་བརྒྱ་རྩ་བརྒྱད་ཀྱིས་མཆོད་པ་དང་མཎྜལ་གྲུ་གསུམ་བྱས་ཏེ་དེ་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ་དང་། རལ་གྲི་དང་། གྲི་གུག་བཀོད་ལ་ཁྲག་གིས་བཀྲུ་བར་བྱ་བ་དང་། འཇིགས་བྱེད་ཆེན་པོ་ལ་བདུད་རྩི་ལྔས་བསྣུན་པར་བྱ་བ་རྣམས་ཀྱི་སྔགས་ནི་ཨོཾ་བུཾ་ཨཿབྷཻ་ར་ཝ་སྭཱ་ཧཱ་ཞེས་པ་ཡིས་
རབ་ཏུ་གནས་པར་བྱས་ཏེ། དེའི་ནུབ་མོ་ཐམས་ཅད་ཀྱིས་ཁྲག་དང་ཆང་བཏུང་བར་བྱ་ཞིང་བཟའ་བ་ཐམས་ཅད་རྫོགས་པར་བཟའོ། །དེ་ནས་གསེར་དྲུག་ནམ་རེ་རེ་དབུལ་བ་བྱས་ན་འཇིགས་བྱེད་ཆེན་པོས་ངེས་པར་བྱིན་གྱིས་རློབ་སྟེ་གླུ་དང་སྒྲ་ཡང་བྱའོ། །གང་གི་ཚེ་
གསོད་པར་བྱེད་པའི་དུས་ནི་ཚེས་བརྒྱད་དམ་བཅུ་བཞི་ལ་ཐང་སྐུ་བཀྲམ་ལ་ཁྲག་དང་། ཆང་དང་། ཤ་རྣམས་ཀྱིས་རྣལ་འབྱོར་བྱས་ལ། དགྲའི་མིང་བླངས་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླ་ཞིང་མཚན་མོ་སྐེ་ལ་རྐང་པས་གནོན་ན་ངེས་པར་རིམས་ཆེན་པོས་ཐེབས་པ་དང་།
ཤིན་ཏུ་རབ་ཏུ་གཏུམ་པའི་རྒྱུ་གཟེར་གཏོང་ཞིང་རྨི་ལམ་དུ་འཇིགས་བྱེད་ཆེན་པོས་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ལ་བརྙས་པ་བྱས་པས་བཟོད་གསོལ་གྱིས་ཞེས་སྨྲར་འོང་ངོ་། །དེའི་དུས་སུ་བཟོད་གསོལ་བྱས་ན་དུས་དེ་ཉིད་དུ་ནད་ཐམས་ཅད་ཞི་བར་འགྱུར་
རོ། །ཐང་སྐུ་འདི་ལ་རྣལ་འབྱོར་པས་ཉི་མ་རེ་རེ་ཞིང་ཤ་ལྔ་ལ་སོགས་པས་མཆོད་པའི་གཏོར་མ་སྦྱིན་པར་བྱས་ཏེ། ཨོཾ་མཿཧཱུྃ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར་སརྦ་ཏྲ་ཝ་མ་ཧཱ་བྷཻ་ར་ཝ་ཏྲ་ཡཙྪཾ་ཏུ་སྭཱ་ཧཱ་ཞེས་པའི་སྔགས་འདིས་སོ། །མགོ་བོའི་ནད་དང་རིམས་ནད་དང་རྒྱུ་གཟེར་

དང་ཆོས་གཅིག་གི་གོང་མ་ལ་སམ་བཅུག་གིས་ནག་པོ་ཆེན་པོའི་འབྲས་བུ་བྱུགས་ནས་ཡུངས་ཀར་དང་། སྨན་ཀ་ཀ་ལིའི་ས་བོན་དང་། ཕོ་བ་རིས་དང་སྒ་ཐོལ་དང་། རྡོ་རྗེའི་འོ་མ་དང་། ཤི་ས་དྱ་ཀནྠ་རྣམས་ཕྱེ་མར་བྱས་པ་བྱུགས་ལ་བ་ལང་གི་ལྕི་བའི་གསེབ་ཏུ་བཅུག་ན་འདུས་
པའི་ནད་ཀྱིས་འཆི་བར་འགྱུར་རོ། །མིའི་ཐོད་པར་བཅུག་ན་རྒྱུ་གཟེར་གྱིས་སོ། །གཅིན་གྱི་ནང་དུ་བཅུག་ན་མགོ་ནད་ཀྱིས་སོ། །ཆུ་གསེབ་ཏུ་བཅུག་ན་རིམས་ཆེན་པོ་ཡིས་སོ། །བ་ལང་གི་ར་བར་སྦས་ན་ལོང་བར་འགྱུར་རོ། །ཉི་མ་ལ་བཞག་ན་པགས་པ་འདྲལ་
བར་འགྱུར་རོ། །མེ་ལ་བཞག་ན་མགོ་འགས་པར་འགྱུར་རོ། །སྦྱོར་བ་འདི་ནི་འཛམ་བུའི་གླིང་ན་ཤིན་ཏུ་རྙེད་པར་དཀོན་ནོ། །ངོ་མཚར་འདི་རྣམས་རྣལ་འབྱོར་གང་འདོད་བྱ་བའི་དོན་དུ་དང་པོ་ཞི་བར་བྱས་ལ་བྱའོ། །ལན་ཚྭ་དང་དུར་ཁྲོད་ཀྱི་ས་དང་ཤི་རི་ཁནྡ་དང་།
ཤིང་མ་ད་ནའི་ཚེར་མ་དང་། ཤིང་བ་ཡ་རའི་འབྲས་བུ་རྣམས་དེ་བཞིན་མ་ཧེའི་འོ་མར་བཅུག་ནས་སྐར་མ་སྣར་མ་དང་ལྡན་པས་སྔགས་ལན་བདུན་བཟླས་ན་འཆི་བར་འགྱུར་ཏེ། སྐད་ཅིག་དེ་ལ་སྦྲང་རྩིའི་ནང་དུ་བཅུག་ན་སླར་འཚོ་བར་འགྱུར་རོ། །འདི་ནི་ཤིན་ཏུ་ངོ་མཚར་
བའོ། །ནག་པོའི་བརྒྱད་དམ་བཅུ་བཞི་ལ་ཡུངས་ཀར་དང་། བ་ལང་གི་ཤ་དང་ལྷན་ཅིག་བྱས་ནས་ཤིན་ཏུ་འདྲ་བའི་གཟུགས་བརྙན་བྱས་པ་ལ་སྔགས་སྟོང་ཕྲག་གཅིག་ཏུ་བཟླས་ཤིང་། ཤི་རི་ཁནྡའི་ཚེར་མས་བཙུགས་ན་ཉི་མ་བདུན་གྱིས་ངེས་པར་འཆིའོ། །
ཕྱིས་འཚོ་བ་མེད་པས་བསྒྲུབ་པར་བྱ་བ་མ་ཡིན་ཏེ། སྐར་མ་ཁྲུམས་ལ་སྐྱེས་པའི་མི་ཚིག་པར་འགྱུར་བ་དང་། སྐར་མ་སྨིན་དྲུག་ལ་སྐྱེས་པའི་མི་ངེས་པར་འཆི་བར་འགྱུར་བས་སོ། །གཟའ་བཀྲ་ཤིས་ལ་དུག་དང་སྨན་ར་ཙི་ཀ་དང་ལ་ཕུག་རྣམས་ཀྱིས་གཟུགས་བརྙན་བྱས་
ལ་བ་ལང་གི་ཁྲག་གིས་ཀྱང་ངོ་། །ཁར་དུག་བཅུག་ནས་ལན་བདུན་སྔགས་བཟླས་ན་སྐད་ཅིག་དེ་ཉིད་ལ་དབང་པོ་ཆེན་པོའི་རིམས་ཀྱིས་ཐེབས་ནས་ཟླ་བ་དྲུག་ནས་འཆིའོ། །རའི་འོ་མས་བཀྲུས་ན་སླར་འཚོ་བར་འགྱུར་རོ། །གཟའ་ཉི་མའི་ཚེ་གྲོ་གའི་ལོ་མ་ལ་རྒྱ་

སྐྱེགས་ཀྱི་ཁུ་བ་དང་དུག་དག་གིས་གཟའ་ཉི་མ་བྲིས་ལ་དཔྲལ་བ་ལ་ཡི་གེ་ཧཱུྃ། མིག་ལ་ཡི་གེ་ཁྃ། ནུ་མ་གཉིས་ལ་ཡི་གེ་ཐ། ལྟེ་བར་ཡི་གེ་ཧྲཱིཿ། གསུས་པ་ལ་མིང་། བརླ་གཉིས་ལ་ཡི་གེ་ཧཱ་རྣམས་བྲིས་ལ་ཤིང་ཀཎྜ་ཕ་ལའི་མེ་ལ་བསྲོས་ན་དང་པོར་
རིམས་ཀྱིས་ཐེབས་ནས་ངེས་པར་འཆི་བར་འགྱུར་རོ། །རྡོ་རྗེའི་ཆུས་བཀྲུས་ན་སླར་རབ་ཏུ་ཞི་བར་འགྱུར་རོ། །གཟའ་ཟླ་བའི་ཚེ་ཤིང་ཥ་ཎའི་ལོ་མ་ལ་བ་བླ་ཡིས་གཟའ་ཟླ་བ་བྲིས་ལ་ལྕེ་ལ་ཡི་གེ་ཧཱུྃ། དཔྲལ་བ་ལ་ཡི་གེ་ཀྵཿདང་། གསུས་པ་ལ་སྔགས་མིང་དང་སྦེལ་
བ་རྣམས་བྲིས་ཏེ། ཕག་གི་སའི་ནང་དུ་བཅུག་ནས་ཆུར་བཅུག་ན་མཛེས་ཐེབས་པར་འགྱུར་རོ། །བཀྲ་ཤིས་ཀྱི་ཚེ་གྲོ་ག་ལ་གི་ཝང་དང་ཁྲག་གིས་གཟའ་བཀྲ་ཤིས་བྲིས་ལ་སྤྱི་གཙུག་ལ་ཡི་གེ་ཁྃ། དཔྲལ་བ་ལ་ཡི་གེ་ཧྃ། མིག་ལ་ཡི་གེ་ར། གསུས་པ་ལ་
མིང་། རྐང་པ་གཉིས་ལ་ཡི་གེ་ཧྲཱིཿརྣམས་བྲིས་ནས་ལྕགས་ཀྱི་སྣོད་དུ་བསྲོས་ན་བསྐམས་ནས་འཆི་བར་འགྱུར་རོ། །འོ་མས་བཀྲུས་ན་སླར་འཚོ་བར་འགྱུར་རོ། །གཟའ་ལག་གི་ཚེ་རྡོ་བ་ལ་བཙག་གིས་གཟའ་ལག་བྲིས་ལ་རྣ་བ་ལ་ཡི་གེ་ཤྃ། དཔྲལ་བར་ཡི་གེ་ཧྃ།
སྣ་ལ་ཡི་གེ་མུྃ། སྐེ་ལ་ཡི་གེ་ཛྃ། གསུས་པ་ལ་མིང་། བརླ་གཉིས་ལ་བྃ་ཛྃ། ལྟེ་བ་ལ་ཡི་གེ་ཧཱུྃ་མེའི་མདོག་ལྟ་བུ་རྣམས་བྲིས་ཏེ། ཉི་མ་ལ་བསྐམས་ན་རིམས་མི་བཟད་པས་ཐེབས་ནས་ཁྲག་སྐྱུགས་ཏེ་འཆི་བར་འགྱུར་རོ། །སྔ་མ་ལྟར་བྱས་ན་རབ་ཏུ་ཞི་
བར་འགྱུར་རོ། །གཟའ་ཕུར་བུའི་ཚེ་མེ་ཏོག་གི་འདབ་མ་ལ་ཁྲག་གིས་གཟའ་ཕུར་བུ་བྲིས་ལ་དཔྲལ་བ་ལ་ཡི་གེ་ཀྵཾ། མགྲིན་པ་ལ་ཡི་གེ་ཧཱུྃ། གསུས་པ་ལ་མིང་རྣམས་བྲིས་ནས། ཕྲུ་བར་བཅུག་ན་གསུས་པ་སྦོས་ནས་འཆི་བར་འགྱུར་རོ། །བཅག་ན་
རབ་ཏུ་ཞི་བར་འགྱུར་རོ། །གཟའ་པ་བ་སངས་ཀྱི་ཚེ་གྲོ་ག་དཀར་པོ་ལ་བྱང་སེམས་ཀྱིས་གཟའ་པ་བ་སངས་བྲིས་ལ། ཁ་ལ་ཡི་གེ་ཧཱུྃ། དཔྲལ་བ་ལ་ཡི་གེ་ཧེ། སྙིང་གར་ཡི་གེ་ཊཾ་རྣམས་བྲིས་ཏེ་སྦས་ནས་ཐོ་བ་བསྣུན་ན་ངེས་པར་སྒུར་པོར་འགྱུར་རོ། །གཟའ་

སྤེན་པའི་ཚེ་ཤིང་ཨ་རྒའི་ལོ་མ་ལ་གཟའ་སྤེན་པ་བྲིས་ལ་དཔྲལ་བ་ལ་ཡི་གེ་ལྃ། མཆུ་ལ་ཡི་གེ་དཾ། ལག་པ་གཉིས་ལ་ཡི་གེ་མྃ། སྙིང་ཀར་མིང་། ལྟེ་བར་ཡི་གེ་སཿརྣམས་དེ་བཞིན་དུ་བྲི་བར་བྱས་ནས་མེ་ལ་བསྲོས་ན་ངེས་པར་གློ་ཡིས་ཐེབས་པར་འགྱུར་
རོ། །ཚེས་བཅུ་གཅིག་གི་དུས་སུ་ཤིང་བ་ཌའི་ལོ་མ་ལ་ཁྲག་གིས་སྤྲེའུ་བྲིས་ལ་ལག་པ་གཉིས་ལ་ཡི་གེ་བཾ་བྲིས་ནས་ཤིང་ནཱ་ག་གེ་སར་ལ་བཅུག་སྟེ་ཐལ་ལྕག་བརྒྱབ་ན་དུས་ཐམས་ཅད་དུ་རྩོད་པ་འབྱུང་བར་འགྱུར་རོ། །དེ་རྣམས་ཀུན་གྱི་སྔགས་ནི། ཨོཾ་མཱཾ་ཧཱུཾ་ཨ་མུ་ཀཱ་
སྲུཾ་ཕཊ་ཅེས་པ་འདི་བསྒྲགས་ན་ངེས་པར་འགྲུབ་སྟེ། དེ་རྣམས་ཐམས་ཅད་སྡུག་བསྔལ་སྟེར་བར་གོ་བར་བྱའོ། །ནག་པོའི་བརྒྱད་ཀྱི་དུས་སུ་གྲོ་གའི་ལོ་མ་ལ་རྒྱ་སྐྱེགས་དང་བ་བླ་དག་གིས་གཟའ་སྒྲ་གཅན་བྲིས་ལ། ས་ལ་ཡི་གེ་རཾ་གསུམ། དཔྲལ་བ་ལ་ཡི་གེ་
ཧྲིཿ། མགོ་ལ་མིང་རྣམས་བྲིས་ཏེ་མེ་ལ་བསྲོས་ན་མགོ་ནད་འབྱུང་ཞིང་ཉིན་ཞག་གསུམ་ན་དབང་པོ་ཆེན་པོའི་རིམས་འབྱུང་བར་འགྱུར་རོ། །ཆུར་བཅུག་ནས་སླར་རབ་ཏུ་ཞི་བར་འགྱུར་རོ། །ཤིང་ཨརྐའི་ལོ་མ་ལ་བ་བླའི་སེང་གེ་བྲིས་ལ་ས་ལ་ཡི་གེ་དེ་བཞི་ལྕེ་ལ་ཡི་གེ་ཧཱུྃ་ལས་
མིང་དང་སྔགས་རྣམས་བྲིས་ནས་བ་ལང་ཆུ་ལ་བཅུག་ན་དུག་གི་ཆུ་བུར་འབྱུང་བར་འགྱུར་རོ། །འོ་མས་སླར་རབ་ཏུ་ཞི་བར་འགྱུར་རོ། །ཤིང་བ་ཌའི་ལོ་མ་ལ་བསེ་རུའི་ཁྲག་གིས་ཆུ་བདག་བྲིས་ལ། ལྟོ་བ་ལ་སྔགས། ལྕེ་ལ་ཡི་གེ་ཧླིཾ། མགོ་ལ་ཡི་གེ་ཙྃ་དང་མིང་རྣམས་བྲིས་
ཏེ་གཙང་པོ་ལ་བཅུག་ན་སྦྲུལ་གྱིས་གསོད་པར་འགྱུར་རོ། །གང་གིས་གསོ་བར་འདོད་ན་སྟེང་དུ་ལག་པས་བཟུང་ངོ་། །ཚེས་ལྔའམ་བཅུ་གསུམ་ལ་ཤིང་བ་ཌིའི་ལོ་མ་ལ་བྱང་སེམས་ཀྱིས་སྒུར་ལ་རྒས་པ་བྲིས་ལ་བྲང་ལ་ཡི་གེ་ཏྲཱཾ། སྙིང་ག་ལ་མིང་རྣམས་བྲིས་ནས་ཆུ་ལ་བཅུག་
ན་ངེས་པར་སྒུར་པོར་འགྱུར་རོ། །རྗེ་བཙུན་གྱིས་གང་གསུངས་པ་དེས་ཚེགས་མེད་པར་འགྲུབ་སྟེ། རྗེས་སུ་གནང་ནས་བྱེད་པས་ཇི་ལྟར་བསྒྲུབས་པ་ལྟར་འགྲུབ་པར་འགྱུར་རོ། །བརྗོད་བྱའི་གཙོ་བོར་ཐམས་ཅད་ཀྱི་ལུས་རྣམས་བཤིག་པར་བྱེད་པ་ཅིའི་ཕྱིར་ན་སྒྲུབ་པ་པོ་སངས་རྒྱས་

ཀྱི་བྱ་བ་མ་ཡིན་པ་བྱེད་པ་དེས་རྙེད་པར་དཀོན་པའོ། །གཞན་ཡང་བརྫུན་པའི་སྡུག་བསྔལ་ཉམས་སུ་ལེན་པ། ནུ་མ་ཉེད་པ་རང་དོན་མི་ཤེས་པ། བཞིན་བཟློག་པ། བདུད་རྩི་ལྔ་དང་། དྲི་ཞིམ་པོ་རྒྱུན་དུ་ཟ་བའི་རྣལ་འབྱོར་པ། ཧ་ཧཱུྃ་ཞེས་བརྗོད་ཅིང་
ཀུན་ཏུ་འགྲོ་བ། དད་པ་རྒྱུན་དུ་འགྲོ་བ་བརླག་པའི་བྱང་ཆུབ་སེམས་དཔའི་ཕྱིར་རོ། །འདི་ནི་དཔལ་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་བསད་པའི་ལེའུ་སྟེ་ཉི་ཤུ་པའོ།། །།གཞན་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ལྷ་མོ་མཚན་ཉིད་ཐམས་
ཅད་ཚང་བའི་བུད་མེད་ང་ཡིས་འཁྱུད་པའི་ལྷ་མོ་སྟེ། ས་སྟེངས་བདེ་བ་གང་ཡང་འགྲུབ་པའོ། །ལྷ་མོས་གསོལ་པ། ཀྱེ་བཅོམ་ལྡན་འདས་ཉི་མ་གང་ལ་དངོས་གྲུབ་འགྲུབ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་ལྷ་མོ་སྒྲུབ་པ་པོ་གང་གིས་བསྒྲུབ་
པ་ནི་འདིར་དགུན་ཟླ་ཐ་ཆུངས་ཀྱི་ནག་པོའི་ཚེས་བརྒྱད་ལ་འཛམ་བུའི་གླིང་དུ་སྐྱེས་པའི་དུས་ལ་རྣལ་འབྱོར་པས་བསྒྲུབས་ན་དངོས་གྲུབ་བརྒྱད་དེ་ཡིས་འགྲུབ་བོ། །འདི་ལ་ཐེ་ཚོམ་མེད་དོ། །དཔྱིད་ཟླ་ཐ་ཆུངས་ཀྱི་ལྔ་ལ་བསྒྲུབས་པའི་མིས་མྱུར་བར་འགྲུབ་བོ། །དབྱར་ཟླ་ཐ་
ཆུངས་ཀྱི་ནག་པོའི་བཅུ་བཞི་ལ་ངེས་པར་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་རོ། །སྟོན་ཟླ་ཐ་ཆུངས་ལ་ཡང་དེ་དང་མཚུངས་སོ། །སྟོན་ཟླ་འབྲིང་པོའི་དཀར་པོའི་བཅུ་གཅིག་ལ་ལུགས་མ་དང་པོ་ཏི་དང་ཐང་སྐུ་རྣམས་རྩོམ་པའི་རྣལ་འབྱོར་པ་དེ་ལ་བྱིན་རླབས་ངེས་པར་
འོངས་པས་རབ་ཏུ་གནས་པ་ཡང་ཚེས་དེ་ཉིད་ལ་བྱ་སྟེ། ཁྲག་དང་ཤ་ལྔ་ལ་སོགས་པ་དང་། ཆང་དང་ཤ་སྣ་ཚོགས་དང་། བཟའ་བ་དང་། བཏུང་བ་དང་། རང་འདོད་པ་རྣམས་བྱས་ན་ཐེ་ཚོམ་མེད་པར་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །འདི་ནི་དཔལ་
ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་དངོས་གྲུབ་ངེས་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་སྤྲིན་དྲལ་བ་དང་བསྡུ་བའི་ལེའུ་བཤད་པར་བྱ་སྟེ། ཆར་ཆེན་པོ་བབ་པའི་དུས་སུ་དུར་ཁྲོད་དུ་ཕྱིན་ལ་ཕྱག་བརྒྱད་པའི་སྔགས་སྟོང་ཕྲག་ལྔ། ཨུཏྤ་ལ་སྟོང་ཕྲག་

ལྔ་ལ་བཟླས་ཤིང་སྦྱིན་སྲེག་བྱས་ན། ཆར་ངེས་པར་རབ་ཏུ་ཞི་བར་འགྱུར་རོ། །གྲོང་གི་མཐར་ཕྱིན་ལ་བ་ལང་གི་ཐོད་པའི་སྟེང་དུ་བསྡད་ནས་ཏིལ་མར་ཆེན་པོས་ལུས་ལ་བྱུགས་ཏེ། འཇིགས་བྱེད་ཆེན་པོ་རབ་ཏུ་བཀྲམ་ལ་བསམ་པ་དང་ལྡན་པས་ཨུཏྤ་ལ་སྔོན་པོ་བརྒྱ་ཕྲག་ལྔ་
ཡིས་སྦྱིན་སྲེག་བྱས་པ་དང་། ཤ་དང་། ཆང་དང་། ཁྲག་རྣམས་བཏུང་བ་དང་། བཟའ་བ་ཡིས་བདག་ཉིད་བདེ་བར་བྱས་ལ། ཨོཾ་ཀྵཾ་ཨཱུ་ཨཱུ་ཨཱུ་ཊ་སྥོ་ཊ་ཡ། མཱ་ར་ཡ་མཱ་ར་ཡ་གརྫྫ་གརྫྫ་རུ་ཏ་རུ་ཏ་ཧཿཧཱུྃ་ཕཊ། ཨཥྚ་ནཱ་གཱ་ནཱཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཱུཿཨཱུཿཞེས་པ་བཟླས་ན་
ངེས་པ་ཉིད་དུ་དེངས་ནས་ཆར་རབ་ཏུ་ཞི་བར་འགྱུར་རོ། །ཨརྒ་སྦྱངས་ནས་སྔགས་ཡང་དག་པར་བཟླས་ན་དེས་ཡོན་ཏན་ཐམས་ཅད་འབྱུང་ངོ་། །མཚན་མ་གཅིག་པར་ཕྱིན་ལ་ལྗོན་ཤིང་གི་འོག་ཏུ་བསྡད་ནས་ལག་པ་གཡོན་པའི་མཛུབ་མོ་ཁར་བཅུག་སྟེ། ལག་པ་སེང་གེ་
བསམ་པ་དང་ཕྱག་བཅུ་དྲུག་པའི་སྔགས་སྟོང་ཕྲག་ལྔ་བཟླས་ན་ངེས་པར་སྤྲིན་ཞིག་ནས་འགྲོ་བར་འགྱུར་རོ། །མཎྜ་བར་ཕྱིན་ལ་སྟག་གི་པགས་པའི་སྟེང་དུ་བསྡད་ནས་ཁར་རྗེ་ངར་གྱི་ཁྲག་བླུགས་ཏེ། ཕྱག་བཅུ་པའི་སྔགས་ཀྱིས་བྲུན་ལ་སྟོང་ཕྲག་གཅིག་བཟླས་ན་ངེས་པར་
ཆར་ཆེན་པོ་འཆད་པར་འགྱུར་རོ། །ཀྲྀཥྞ་ཨ་པ་རཱ་ཛི་ཏའི་མེ་ཏོག་དང་བུ་རམ་དང་། ཏིལ་རྣམས་བསྲེས་ལ་སྟོང་ཕྲག་ལྔར་སྦྱིན་སྲེག་བྱ་སྟེ། ཨོཾ་མ་ཧཱ་ཛྙཱ་ནཱ་ས་མ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་མེ་གྷཾ་སྥཱ་ཊ་ཡ་ཧཱུྃ་ཕཊ་ཅེས་པ་འདི་ཁོ་ན་བཟླས་ན་མིའི་འཇིག་རྟེན་དུ་ངེས་པར་སྤྲིན་འཇིག་པའི་སྦྱོར་བ་
འདི་ནི་རྨད་དུ་བྱུང་བ་སྟེ། ངེས་པར་ཆར་འཆད་པར་འགྱུར་རོ། །གལ་ཏེ་ཆར་མི་འབབ་པའི་དུས་སུ་ཁང་སྟོད་དུ་ཕྱིན་ལ། མཎྜལ་གྲུ་བཞི་པ་བཅས་པའི་དབུས་སུ་དོང་ཁྲུ་གང་བྲུས་པར་མེ་ཏོག་སྟོང་ཕྲག་གཅིག་སྦྱིན་སྲེག་བྱ་བའི་སྔགས་ནི། ཨོཾ་ཧཱུྃ་པྲ་ཤ་པྲ་བརྵ་པྲ་བརྵ་ཛཿཛཿ
ཛཿཧཿཧཿཧཿཕཊ་ཅེས་པ་འདི་ཁོ་ན་བཟླས་ན་ངེས་པར་ཆར་འབབ་པར་འགྱུར་རོ། །དེ་ནས་སྦྱོར་བ་ཆེན་པོ་གསུངས་པ། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སྤྲེའུའི་ཐོད་པའི་སྟེང་དུ་བསྡད་ལ་ཏིལ་མར་ཆེན་པོས་ལུས་ལ་བྱུགས་ཏེ། སྦྱོར་བ་ཇི་ལྟ་བས་ཆང་བཏུང་བ་དང་། བཟའ་བ་དང་། བཏུང་

བར་འདོད་པའི་རྣལ་འབྱོར་པས་ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་ཏེ། ཨ་པ་རཱ་ཛི་ཏའི་མེ་ཏོག་སྟོང་ཕྲག་ལྔའི་སྦྱིན་སྲེག་བྱ་བའམ། འོན་ཏེ་བདག་ཉིད་སེང་གེའི་གཟུགས་སུ་བསྒོམས་ལ་ཁྲོ་བ་དང་བཅས་པས་དང་པོ་སྒྲ་དང་ལྡན་པར་བཟླས་པ་ནི། ཨོཾ་མུཿཧ་
པྲ་བརྵ་ཡ་པྲ་བརྵ་ཡ་ཧ་ཧ། ཧིཾ་སྭཱ་ཧཱ་ཞེས་པས་ལག་པའི་སྙིམ་པ་ཕྱེ་ལ་ང་ལ་ཆར་པ་སླང་ཞེས་བརྗོད་ཅིང་ཁང་པའི་རང་བཞིན་ནས་སྣོད་ཀྱི་འཇིག་རྟེན་དུ་འབབ་པར་བསམ་མོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་ཆར་དབབ་པ་དང་གཅད་པར་བྱ་བ་དག་གི་ལེའུ་སྟེ་ཉི་ཤུ་རྩ་
གཉིས་པའོ།། །།དེ་ནས་སེམས་ཅན་རྣམས་ཀྱི་དོན་དུ་བསྐྲད་པའི་ལེའུ་བཤད་པར་བྱའོ། །རྙེད་དཀའ་བའི་དུས་སུ་རྣལ་འབྱོར་པ་བདག་ཉིད་ཀྱིས་ནག་པོ་ཆེན་པོའི་གཟུགས་སུ་བསྒོམས་ལ་ཤིང་བིལ་བའི་འབྲས་བུས་སྟོང་ཕྲག་གཅིག་སྦྱིན་སྲེག་བྱ་བ་ནི། ཨོཾ་ཁཿཧཱུྃ་
བཛྲ་ཨ་གྷ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་རྙེད་པ་སླ་བར་འགྱུར་རོ། །ཨོཾ་ཙཱི་ཏི་ལི་ཧི་ལི་ཧཱུྃ་མ་ཧཱ་ས་ནཻ་ཤ་ཙ་རྃ་ཁ་ཁ་ཧཱུྃ་ཕཊ་ཅེས་པས་བ་ལང་གི་ཞག་གིས་ཀ་དལ་སུན་དལ་བྱུགས་པས་བརྒྱ་ཕྲག་གིས། སྦྱིན་སྲེག་བྱས་ན་འདིས་ནི་སྤེན་པ་འབྲོས་ཏེ་རྙེད་སླ་བར་འགྱུར་བ་དང་།
དུས་ཐམས་ཅད་དུ་འཆི་བར་ཡང་འགྱུར་བས་གྲོང་ཁྱེར་ཐམས་ཅད་ནོར་དང་ཟས་དང་ལྡན་པར་འགྱུར་རོ། །ཕྱག་བཅུ་གཉིས་པ་བཀྲམ་ལ་ཆང་གི་སྦྱོར་བས་མཆོད་པར་བྱས་ནས་དེའི་སྔགས་སྟོང་ཕྲག་ལྔ་བཟླས་པ་དང་། སེ་འབྲུ་སྟོང་ཕྲག་གཅིག་སྦྱིན་སྲེག་བྱས་ན། འདིས་ནི་
ངེས་པར་སྤེན་པ་འབྲོས་པའམ་འཆི་བར་འགྱུར་རོ། །གལ་ཏེ་མ་བྱུང་ན་དེའི་ཚེ་སྔར་གྱི་སྟེང་དུ་བཟླས་ན་ངེས་པར་འབྲོས་པར་འགྱུར་རོ། །ནག་པོའི་བརྒྱད་ཀྱི་ནུབ་མོ་སྟག་གི་པགས་པ་ལ་བསྡད་ནས། ཨོཾ་ཀེ་ཏུ་ཁཾ་ཧཱུྃ་ཕཊ་ཅེས་པའི་སྔགས་རྣལ་འབྱོར་མ་ལྔ་དང་སྟབས་གཅིག་
ཏུ་བཟླས་ན་མཇུག་རིངས་ངེས་པར་འབྲོས་སོ། །ཚེས་བཅུ་བཞི་ལ་རྣལ་འབྱོར་མ་ལྔ་དང་སྟབས་གཅིག་ཏུ་བཟའ་བ་སྣ་ཚོགས་པ་དང་ཆང་ལ་སོགས་པ་བཏུང་ལ་སྔོན་དུ་བརྗོད་པའི་སྔགས་སྟོང་ཕྲག་གཅིག་བཟླས་ན་སྒྲ་གཅན་ངེས་པར་འབྲོས་པར་འགྱུར་རོ། །པེ་ཆག་པའི་

དགྲ་བྱུང་ན་དེའི་དུས་སུ་ཐང་ཕྲོམ་གྱི་མེ་ཏོག་སྟོང་ཕྲག་ལྔ་དང་ཆང་སྦྱིན་སྲེག་བྱས་ན་པེ་ཆག་པ་ཐམས་ཅད་འབྲོས་པ་དང་འཆི་བར་འགྱུར་རོ། །ཨོཾ་ཧྲཱིཿཧཱུཾ་པ་ཏཾ་གྷ་ནུ་ཙྪེ་དཾ་ཡཀྵིཿཕཊ་ཅེས་པ་ཆོ་ག་འདིའི་སྔགས་སོ། །དེ་རྣམས་བྱས་ན་བར་དུ་གཅོད་པ་ཐམས་ཅད་རབ་ཏུ་ཞི་བར་
འགྱུར་རོ། །ཆུ་གང་དུ་བྱུང་སར། ཨོཾ་ཛ་ལ་ཧཾ་ཛཿཞེས་པའི་སྔགས་ཀྱིས་བ་དམར་མོའི་འོ་མ་ལ་སྟོང་ཕྲག་གཅིག་དང་པོར་བཟླས་ནས་མེ་ཏོག་ཀུནྡ་སྟོང་ཕྲག་ལྔའི་སྦྱིན་སྲེག་བྱས་ན། འོ་མ་དེས་ངེས་པར་ཆུ་རབ་ཏུ་ཞི་བར་འགྱུར་རོ། །འབྲུ་ཐམས་ཅད་བརླག་ན་དེའི་དུས་
སུ་སྐྱུ་རུ་ར་སྐམ་པོ་སྟོང་ཕྲག་ལྔ་དང་ཆང་སྦྱིན་སྲེག་བྱས་ན། བཟའ་བ་དང་། བཏུང་བ་དང་། གླུ་ལེན་པ་དང་། ཆང་དང་བཅས་པས་ལྷ་མོ་ལྔ་ལ་མཆོད་པ། ཨོཾ་སྟུཾ་བཾ་ཤཱིནྟཾ་པྲ་ཀུ་རུ་སྭཱ་ཧཱ་ཞེས་པ་འདིས་འབྲུ་ཐམས་ཅད་དང་ལྡན་པར་འགྱུར་རོ། །གལ་ཏེ་མ་གྲུབ་ན་དེའི་ཚེ་
ངས་མཚམས་མེད་པ་ལྔ་བྱས་པར་འགྱུར་བ་དང་། ཆོས་ཐམས་ཅད་བརྫུན་དུ་འགྱུར་རོ། །དེའི་ཕྱིར་རྣལ་འབྱོར་པ་ཀློག་པ་དང་མཉེན་པ་ངེས་པར་བྱའོ། །གལ་ཏེ་ཉན་པ་དང་ཀློག་པ་མི་བྱེད་ན་དེའི་ཚེ་རྣལ་འབྱོར་པ་འཆི་བ་དང་། ཞར་བ་དང་། སྒུར་བར་བྱ་བ་རྣམས་
ཅུང་ཟད་ཙམ་དང་མི་འགྲུབ་པར་འགྱུར་རོ། །གང་དང་གང་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ངེས་པར་བྱས་ན་མྱུར་བར་ཐམས་ཅད་འགྲུབ་པར་འགྱུར་རོ། །གྲོང་ཁྱེར་ན་གནས་པའི་མི་རྣམས་ལ་གང་གི་ཚེ་སྐར་མདའ་ལྟུང་ན་ནག་པོ་ཆེན་པོ་ཕྱག་བཞི་པའི་ཐང་
སྐུའམ་ལུགས་མའི་མདུན་དུ་འདི་ཉིད་ཀྱི་སྔགས་ཀྱིས་ཐང་ཕྲོམ་གྱི་ས་བོན་གྱིས་བརྒྱ་ཕྲག་ལྔ་སྦྱིན་སྲེག་བྱས་ལ་རྣལ་འབྱོར་མ་ལྔ་ཡིས་བཟའ་བ་དང་། བཏུང་བ་ཡིས་མཆོད་ནས་དེ་ནས་གཏོར་མ་སྦྱིན་ནོ། །རིམ་པ་འདི་ཡིས་ཞི་བར་འགྱུར་གྱི་གཞན་གྱིས་མ་ཡིན་ནོ། །རབ་ཏུ་དྲག་
པའི་རིམས་ཀྱིས་ངེས་པར་ཐེབས་ན་དེའི་ཚེ། ཨོཾ་ཧྲཱིཿསརྦ་ས་ཏྭ་ན་ནུ་པཾ་པ་ཡ་ཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་མེ་ཏོག་ཀུནྡ་སྟོང་ཕྲག་ལྔ་སྦྱིན་སྲེག་བྱ་བ་སྟེ། རྣལ་འབྱོར་མ་ལྔས་སྔ་མ་ལྟར་ཞི་བར་འགྱུར་རོ། །གང་གི་ཚེ་འབྲུམ་བུ་དང་། རྒྱུ་གཟེར་དང་། མིག་སེར་རྣམས་

ལ་རྣལ་འབྱོར་མ་ལྔས་ཤ་ལྔ་ལ་སོགས་པ་རང་གང་འདོད་པ་ཟོས་འཐུངས་ཏེ། སྔོན་དུ་སོང་བའི་སྔགས་སྟོང་ཕྲག་གཅིག་བཟླས་ནས་སྟོང་ཕྲག་ལྔ་སྦྱིན་སྲེག་བྱས་ན་ངེས་པར་རབ་ཏུ་ཞི་བར་འགྱུར་རོ། །གང་དང་གང་རྒྱུད་འདིར་བཤད་པ་རྣམས་
གཞན་དུ་མ་བཤད་དེ། དེ་བག་ཙམ་བཤད་ན་ཡང་ལུང་བསྟན་པ་ཙམ་དུ་བཤད་པའོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་གཙོ་བོར་རྙེད་པར་དཀའ་བའི་སེམས་ཅན་ཐམས་ཅད་ལ་བདེ་བ་སྟེར་བར་བྱེད་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།རྒྱལ་པོར་བྱ་བའི་
དོན་དུ་ཕྱག་བཅུ་དྲུག་པ། བསྒོམ་པ་དང་། སྟོང་ཕྲག་གཅིག་བཟླས་ན་གང་དང་གང་གིས་རྒྱལ་པོ་འཐོབ་པར་འགྱུར་རམ་མི་འགྱུར་གྱི་ལྟས་བཤད་པར་བྱ་སྟེ། རྒྱལ་པོ་འགྲུབ་པར་འགྱུར་རམ། མི་འགྱུར་བརྟག་པ་ནི་བྲམ་ཟེ་ཁ་དོག་ནག་པོ་དྲུང་དུ་འོངས་ནས་སློང་ཞིང་
བགེགས་བྱེད་པར་ངེས་པར་འདོད་པ་བྱུང་ན་ངེས་པར་དེ་ནི་དངོས་གྲུབ་སྟེར་བ་སྟེ། བགེགས་ཇི་ལྟ་བ་བཞིན་དུ་ཞི་བར་བྱས་ནས་བསྒྲུབས་ན་འགྲུབ་བོ། །ཡང་གང་དང་གང་དུ་རྒན་མོའི་གཟུགས་སུ་འོངས་ནས་འགྲོན་བུ་བཞི་སློང་དུ་བྱུང་ན་དེ་ནི་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པ་སྟེ།
འདིར་དེས་འགྲུབ་པར་ཐེ་ཚོམ་མེད་དོ། །གལ་ཏེ་བཤེན་པ་ལག་ན་མེ་ཏོག་ཐོགས་པ་འོངས་ན་འཇིགས་བྱེད་བགེགས་བྱེད་དུ་འོངས་པའོ། །རྨི་ལམ་དུ་བྱ་རྒོད་ཀྱི་རྒྱུ་མ་ཟ་བ་མཐོང་ན་རྒྱལ་པོ་འཐོབ་པའི་མཚན་མའོ། །ཡང་ཐང་ཆེན་པོ་མཐོང་ན་ཡང་ངོ་། །འདི་ནག་པོ་ཆེན་
པོའི་རྒྱུད་ཀྱི་རྒྱལ་པོ་ལས་རྒྱལ་པོ་འགྲུབ་བམ་མི་འགྲུབ་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།འདིར་གཞན་ཡང་ཡང་དག་པར་བཤད་པར་བྱ་སྟེ། བསྒྲུབ་པར་འདོད་པའི་མི་གང་གིས་ཇི་ལྟར་བསྒྲུབ་ན། འདི་ལྟར་འདིར་ཐབས་གང་དང་གང་གིས་དང་པོར་ལམ་
བཙལ་བ་ནི་ལྷ་མོ་སྐྱེ་བོ་རྣམས་རབ་ཏུ་བརྟག་པར་བྱས་ནས་ས་སྟེངས་ཀྱི་རྒྱལ་པོ་དེ་ལ་ཡོངས་སུ་བསྒྲགས་སོ། །ལམ་ལ་སོགས་པ་གང་གི་དུས་སུ་ཞུ་བ་དབུལ་ན་དཔྱིད་ཟླ་ཐ་ཆུངས་པ་སནྟའི་བརྒྱད་དམ། བཅུའམ། བཅུ་བཞི་ནས་རྒྱུན་དུ་བསྒྲུབས་ན་ངེས་པར་འདི་ལ་

ཐེ་ཚོམ་མེད་དོ། །རིའི་རྩེ་ལ་ཕྱིན་ལ་སྔོན་དུ་གསུངས་པའི་ནག་པོ་ཆེན་པོ་བསྒོམ་ཞིང་སྔགས་འབུམ་ཕྲག་ལྔ་བཟླས་པ་དང་། ལྕགས་གསུམ་ཁར་བཅུག་ནས་མེ་ཏོག་པད་མ་སྟོང་ཕྲག་ལྔ་སྦྱིན་སྲེག་བྱས་ན་ངེས་པར་འགྲུབ་པར་འགྱུར་རོ། །དུར་ཁྲོད་དུ་ཕྱིན་ནས་རོའི་
སྟེང་དུ་བསྡད་དེ་ལག་པར་རལ་གྲི་བཟུང་ལ་དང་པོར་དྲི་དང་མེ་ཏོག་ལ་སོགས་པ་ཁ་དོག་བཟང་པོ་རྣམས་བཀྲམ་པའི་སྟེང་དུ་རལ་གྲི་བསྐྱུར་ན་རྣལ་འབྱོར་པས་གང་འདོད་པ་ཐེ་ཚོམ་མེད་པར་འདིས་འགྲུབ་པར་འགྱུར་རོ། །ངེས་པར་ཁང་སྟོང་དུ་ཙ་རྩ་ཀཱའི་ཐང་སྐུ་བཀྲམ་
ལ་སྔགས་སྟོང་ཕྲག་ལྔ་བཟླས་པ་དང་། ཕྱི་ནས་ཨུཏྤལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་བའི་སྔགས་ནི། ཨོཾ་བཾ་ཁཎྜཱ་ལི་ནི་སྭཱ་ཧཱ་ཞེས་པའོ། །དེ་ནས་སྨན་རྩ་བ་བརྒྱད་པ་དང་འོ་མ་འཐུངས་ན་ངེས་པར་རྒྱལ་པོར་འགྱུར་རོ། །སྟོན་ཟླ་ར་བའི་ཚེས་ལྔ་ལ་ནག་པོ་ཆེན་པོ་ཕྱག་
བཞི་པའི་ཐང་སྐུ་བྲིས་ལ་མཆོད་པ་ཆེན་པོ་བྱས་ནས་ལྕགས་བརྒྱད་དང་གསེར་ལས་རིལ་བུ་བྱས་ནས་ཁར་བཅུག་སྟེ་ནག་པོ་ཆེན་པོའི་གཟུངས་སྟོང་ཕྲག་གཅིག་བཟླས་པ་དང་། ཤ་ཆང་ལ་ལོངས་སྤྱད་པ་ཡིས་དེ་རྣམས་སོང་ནས་གཟུངས་འདི་བཟླས་ཏེ། ཨོཾ་
སུ་མུ་ཁི་སུ་སརྦ་དེ་ཧི་དེ་ཧི་ཧཱུྃ་ཧཱུྃ་ཙ་ཊ་ཙ་ཊ། རི་ཊ་རི་ཊ། རཱཾ་ཀུ་ཊ་ཀུ་ཊ། ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པ་ཟླ་བ་དྲུག་གི་བར་དུ་སྦྱོར་བས་རྒྱལ་པོར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་ལོ་གཅིག་ཏུ་འཁོར་ལོས་སྒྱུར་བའི་མཚན་ཉིད་ཆེན་པོ་འཛིན་པ་ཤིན་ཏུ་རོལ་པས་
བཞུགས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོའི་མཚན་ཉིད་ཅན་དུ་འགྱུར་རོ། །ཆུ་འགྲམ་གྱི་ས་བླངས་པ་དང་། དུང་གི་ཕྱེ་མ་དང་། ཕག་པའི་ཤ་རྣམས་སྟབས་གཅིག་ཏུ་སེང་གེ་བྱས་ལ་ཡི་གེ་བཾ་ཁར་བསམས་ནས་སྔགས་ཁྲི་ཕྲག་གཅིག་བཟླས་ན་རྒྱལ་པོར་
འགྱུར་རོ། །གལ་ཏེ་མ་གྲུབ་ན་མེ་ཏོག་པད་མ་སྟོང་ཕྲག་གཅིག་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད་པར་སྐྱེ་བ་འདི་ལ་ཐམས་ཅད་འགྲུབ་པར་འགྱུར་རོ། །མཚན་མ་གཅིག་པའམ་དུར་ཁྲོད་དུ་ཕྱིན་ལ་རོའི་སྟེང་དུ་བསྡད་ནས་ལག་ཏུ་རལ་གྲི་བཟུང་བས་

ཚྭ་གསུམ་སྦྱར་བ་བརྡུངས་ན་རྒྱལ་པོར་འགྱུར་རོ། །ཤེས་རབ་ཀྱིས་གང་འདོད་པའི་རྗེས་སུ་འགྲོ་བར་བྱ་བའི་ཕྱིར་མཁས་པས་བརྟག་པར་བྱའོ། །བསམ་པ་ཙམ་གྱིས་ཞི་བར་བྱ་བ་འགྲུབ་ན་ལུས་ཀྱི་བྱ་བ་འགྲུབ་བོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་
ཀྱི་རྒྱལ་པོར་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་སྟོབས་དང་ལྷ་མོ་གཉིས་ཀྱིས་སྟབས་གཅིག་ཏུ་ཡང་དག་པར་གསོལ་བ་བཏབ་པ། ཀྱེ་བཅོམ་ལྡན་འདས་གསུངས་ཤིག །འདོད་པ་དང་གཏི་
མུག་གི་རང་བཞིན་ཇི་ལྟར་གོ་བར་བྱེད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལྔ་ལ་དབང་བསྐུར་བ་ཐོབ་པའི་མི་གང་གིས་བླང་བར་བྱ་སྟེ། ཚེས་བརྒྱད་དམ་བཅུ་བཞི་ལ་གསེར་སྲང་ལྔ་བཤིག་ལ་མཎྜལ་གྲུ་བཞི་པ་གཅུས་པར་ཟུར་བཞི་རུ་ལྷ་མོ་བྲིས་ནས་སྦྱིན་སྲེག་
གི་བྱ་བ་བྱའོ། །ཤེས་རབ་ཡེ་ཤེས་གོ་བས་ཕྱག་རྒྱ་དང་མཉམ་པར་རབ་ཏུ་སྦྱོར་ཞིང་བཟའ་བ་དང་། བཏུང་བ་ལ་ལོངས་སྤྱད་ན་ངེས་པར་འགྲུབ་པར་འགྱུར་རོ། །ཀྱེ་ཚེ་དང་ལྡན་པ་ཤེས་རབ་རྗེ་མོ་དེས་ངེས་པར་གཞན་ཡང་ངེས་སོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་
པོ་ལས་ཕྱག་རྒྱའི་དཀྱིལ་འཁོར་གྱི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།བསླབ་པའི་ལེའུ་བཤད་པར་བྱའོ། །བསླབ་པ་རབ་ཏུ་གསལ་བར་འགྲོ་བ་ཇི་ལྟར་བསླབ་པར་འདོད་པས་སློབ་པའི་དུས་སུ་ཆང་དང་ཤ་དང་བླ་མ་རྡོ་རྗེ་སེམས་དཔའི་ཤེས་རབ་ལ་དུས་ཐམས་ཅད་དུ་གནས་
པས་གཙུག་ཏོར་སྟེང་གི་ཆུ་བོ་ལ་ཤེས་རབ་ཅེས་པ་དང་། རྣལ་འབྱོར་མ་ཞེས་པར་བདག་དང་གཞན་གྱི་དོན་དང་ལྡན་པས་བཤད་པར་བྱ། བྱ་བ་བྱེད་པས་ཞུ་བ་ལ་ཕྱག་རྒྱ་མ་ཞེས་པ་དང་། རྡོ་རྗེའི་གནས་ཞེས་པ་དང་། རྗེ་མོ་ཤེས་པར་ཐེ་ཚོམ་མེད་དོ། །སེམས་གཡོ་འགུལ་མེད་པ་ལ་
བསླབ་པ་ཞེས་བྱའོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་བསླབ་པའི་སྡོམ་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།གཞན་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཁོ་ན་ཞེས་པ་ནི་མཚུངས་པ་རྒྱུན་དུ་འགྲོ་བའི་སེམས་རྗེས་སུ་གནས་པའི་རང་བཞིན་

ཡིད་ལ་མི་བྱེད་པ་གང་ལ་འཕེལ་བ། དེ་དང་ལྡན་པ་དེ་དངོས་པོ་མེད་པའོ། །ཨུ་ཎུ་ཨ་ར་ནཱ་ཧི་ཏཏྟ་ཧ་ལུ་ཨེ་ཧེ་ཎི་ཛ་ཧི་ཀ་ཧ་ཝི་ནཱ་སཾ་ཧོ། ཙི་ཨ་ར་གོ་ཙ་ར་ཨི་ཙིཏྟ་ཏ་ཧ་ཐཾ་བི་ན་སུ་ཧ་ལ་པ་རི་བྷཱ་སི་ཨོ་ནྷ་རེ་ཁ་ཎ་པི་ན་ཐཀྐ། ཨོ་ཨུཛྫ་ཎི་ཨེ་ལེ་ཁ་ས་ཎོ། བྷ་ཎ་ཨི་བྷེ་ཨོ་ས་ཝ་རཏྟ་ཀ་ཧི་ཝི་
ཎ་ཙྪི་ཊྛི་ཨོ་ཞེས་པ་དང་། བྷཾ་བཱ་ལོ་ཨ་གོ་ཨ་ར་ཙིནྟཱ་གྷ་རཾ་གྷ་ར་གྷ་རེ་ཎི་ཧེ་ཊ་མུ་ཀྵ་ཧི་ཨོ། མ་ཧཱ་ཛ་ནན་དེ་ཝི་ཨ་སོ་ཧི་ཎ་བྷ་ཎི་ཨོ། བི་ཧ་ཧ་ད་ཏེ་པ་རི་བྷ་ཝཾ་ཏེ། ཀ་ཧ་ཝི་ན་ཛ་ཨི་ཞེས་པ་འདི་དག་ནི་སྐད་ངན་པའི་བྱེ་བྲག་གིས་དེ་ཁོ་ན་བཤད་པའོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་
ལས་དེ་ཁོ་ནའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།གཞན་ཡང་ཞིང་སྐྱེས་བརྗོད་པར་བྱ་སྟེ། བྲམ་ཟེའི་རིགས་ལས་སྐྱེས་པའི་བུད་མེད་བོང་གེ་རིང་བ། མིག་ཆེ་བ། ཁ་དོག་སེར་སྐྱའམ་ནག་པོ་སྟེ། འདི་ལྟ་བུའི་རྣལ་འབྱོར་མས་དག་པར་བྱེད་དོ། །དམངས་རིགས་ལས་
སྐྱེས་པའི་རྐང་པ་འཁྱོག་པ་ཁ་དོག་སྔོ་སངས་སམ། སེར་སྐྱའམ། ནག་མོ་སྐྲ་འཁྱིལ་བ་སྐད་འཛེར་བ་ནི་མཁའ་འགྲོ་མའོ། །རྡོ་རྗེའི་རིགས་ཀྱང་དེ་དང་མཚུངས་སོ། །རེག་མི་བཏུབ་པ་ལས་སྐྱེས་པའི་མཚན་ཉིད་ཐམས་ཅད་རྫོགས་པ་དེས་ཁྲུམས་སྟོད་དང་། ནག་པ་དང་། ས་རི་
དང་། ལག་དང་། ཆུ་སྟོད་དང་། ནབ་སོ་དང་། བྲ་ཉེ་དང་། སྨིན་དྲུག་རྣམས་ལས་སྐྱེས་པའི་མི་དེ་རྣམས་ཀྱིས་འཇིགས་བྱེད་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །སྣར་མ་དང་། མགོ་དང་། མཆུ་དང་། སྐག་རྣམས་ལ་ཡང་ངོ་། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་ཞིང་སྐྱེས་
ཀྱི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་ཞིང་སྐྱོང་བཤད་པར་བྱའོ། །གང་གིས་ངེས་པར་བགེགས་ཡོད་པའི་སར་ཕྱིན་ལ་ཇི་ལྟར་བསྐྱེད་པར་བྱ་བ་དེ་ལྟར་བསྐྱེད་པ་ནི་དང་པོར་ཡི་གེ་ཧཱུྃ་གིས་དམིགས་ལ་མཆོད་པ་སྣ་ཚོགས་པས་མཆོད་ལ། སྡིག་པ་བཤགས་པ་ལ་སོགས་པ་
བྱས་པ་དང་། སྙིང་གར་ཧཱུྃ་ཡོངས་སུ་གྱུར་པ་ལས་གྲི་གུག་ཡི་གེ་ཀྵཾ་དང་ཧཱུྃ་གིས་བྱིན་གྱིས་བརླབ་པའོ། །དེ་རྣམས་ཡོངས་སུ་གྱུར་པ་ལས་བདག་ཉིད་ཞིང་སྐྱོང་ཕྱག་གཉིས་པ། གྲི་གུག་དང་ཐོད་པ་ཕྱག་ན་བསྣམས་པ། གཡས་བརྐྱང་གིས་བཞུགས་པས་ཁྱི་མནན་པ། ཕཊ་ཅེས་

པའི་སྒྲ་སྒྲོགས་པ། མཆེ་བ་གཙིགས་པ། ཁ་དོག་སྔོ་ནག་སྤྱན་གསུམ་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། སྟགས་གི་པགས་པ་ན་བཟར་གསོལ་བ། ཁྲག་འཐུངས་པ། རྣལ་འབྱོར་མ་གཉིས་ཀྱིས་བསྐོར་བ་བསྒོམས་ནས་སྔགས་རྒྱུན་དུ་བཟླས་སོ། །
ཆུ་འགྲམ་གྱི་ས་ལས་ཕྲེང་བ་བྱ། ཥ་ཎ་པའི་སྐུད་པ་ལ་བརྒྱུས་པ་ཐོགས་ལ། ཨོཾ་ཧཱུྃ་ཙཾ་སརྦ་སིདྡྷི་དཱ་ཡཀྵ་ཡ་སྭཱ་ཧཱ་ཞེས་པ་ཟླ་བ་དྲུག་བཟླས་ན་རྣལ་འབྱོར་པ་གང་འདོད་པ་འགྲུབ་པར་འགྱུར་རོ། །ཁྲག་དང་། ཆང་དང་། ཤ་གསར་པ་དང་། སྲན་མ་མཥ་ལས་བྱས་པའི་
ཟན་རྣམས་ལ་གཏོར་མ་བྱས་དེ་ཡིས་ཉི་མ་རེ་སྦྱིན་ནོ། །ལྗོན་ཤིང་གི་དྲུང་ངམ། དུར་ཁྲོད་དམ། ཆུ་འགྲམ་རྣམས་སུ་ཡང་དེ་ལྟར་བྱའོ། །ས་བོན་ཡི་གེ་ཙཾ་ལས་ཞིང་སྐྱོང་སེར་སྐྱ་གསུམ་བསྐྱེད་པ་ནི་རྣལ་འབྱོར་པ་དགེ་བ་དང་། མི་དགེ་བའི་ལས་རྒྱུན་དུ་སོ་སོར་བྱས་ནས་དངོས་
གྲུབ་བསྒྲུབ་པར་བྱའོ། །འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་ཞིང་སྐྱོང་བཞེངས་པའི་ལེའུ་སྟེ་སུམ་ཅུ་པའོ།། །།རྩའི་འཁོར་ལོ་བཤད་པར་བྱའོ། །གསུམ་འདྲེས་པའི་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་གནས་པ་སྟེ། རང་
འདོད་སྤངས་པ་ལ་ཡང་དག་པར་སྤྱོད་པ་ནི་ཨ་བ་དྷཱུ་ཏཱི་དང་ལ་ལ་ནཱ་དང་ར་ས་ནཱ་རྣམས་འདུས་པར་བྱའོ། །རྩ་དྲུག་ཅུ་རྩ་བཞི་བསྟན་པར་གྱུར་པའི་ནུས་པ་བརྩིས་པ་ནི་ལ་ལ་ནཱ་ཤེས་རབ་ཀྱི་རང་བཞིན་ཅན་དུ་ཤེས་པའོ། །ར་ས་ནཱ་ཁམས་བདེ་བའི་རང་བཞིན་ཅན་ཚོད་ཤེས་པའོ། །
ཨ་བ་དྷཱུ་ཏཱི་ནི་བདེ་བ་ཆེན་པོའི་རང་བཞིན་ཅན་མན་ཤེས་པའོ། །ཁམས་དཀར་པོ་བསྐྱེད་པ་དང་། ཁམས་གསུམ་བསྐྱེད་པའོ། །ཨཊྛ་ཨུཊྛེ་ཧཱ་ནཱ་ཧཱ་ཨི་ཨ། ས་ཨ་ལ་སཾ་མོ་ཧེ། ཙ་ཙ་ཙི་ཨུ་ཧ་རཱ་ཛ་ནེ་ཏཱཾ་བྷཱནྟི་ཨོ། ནཱ་ཧ་ཧ་ནཱ་དྷ་སཾ་ཀུ་ལ་བྷ་ཝ་ཨི་སྭ་ར་ཧ་བྷ་ན་ཨི་ཀཱ་ལ། ཀཱ་ལ་ཧ་
ཀ་རི་ཙི་ཨ་ནཾ་པ་ཨི་སྭཱ་ཧཱ། འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་རྩའི་འཁོར་ལོའི་ལེའུ་སྟེ་སུམ་ཅུ་སོ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་ཀྱི་རྡོ་རྗེས་བདག་ལ་སྨྲས་པ་ནི་སེམས་ཀྱི་རང་བཞིན་སྐད་ཅིག་མ་བཅུ་དྲུག་ཏུ་ཡང་དག་པར་སྐྱེ་བ་དེ།

ཡེ་ཤེས་ཆེན་པོའི་རྒྱུའི་རང་བཞིན་ནོ། །རྣམ་པར་ཤེས་པ་དང་ཡུལ་རྐང་པ་གཉིས་འདུ་བ་ལ་བར་དུ་གཅོད་པའི་བུ་མོ་ལ་སྐད་ཅིག་མ་བཅུ་དྲུག་འཛིན་མར་འདོད་པ་ཚ་རེག་དང་གྲང་རེག་ཇི་བཞིན་ནོ། །ཨ་ཧ་ཀ་ཧ་རེ། ཨི་ཎི་བུད་དྷ་སྭ་བྷཱ་བེ། ཙིཏྟ་བ་ཌནྟི་བོ། བྷ་ཝཱ་ན་སི་ལ། ཨུ་པ་
ལཀྑ་མ་ཛ་ཛྷེཾ། ཙཱི་ཨ་པ་ལ་བི་པ་ཕཱ་ར་ཎཱ་ཀཱཾ་ཏི་མ་ཎཱ། བྷནྟི་ཀ་ཐ་ནཾ། འདི་ནི་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་དགེ་བ་དང་མི་དགེ་བ་བརྗོད་པའི་ལེའུ་སྟེ་སུམ་ཅུ་སོ་གཉིས་པའོ།། །།དེ་ནས་བསམ་གཏན་གྱི་བསྒྲུབ་པ་བཤད་པར་བྱའོ། །གང་དང་གང་གིས་སེམས་ཅན་
གྱི་སྡུག་བསྔལ་དགྲོལ་བར་ཤེས་པ་དེས་གྲོ་ག་ལ་དུག་དང་གཅིན་དང་ཁྲག་རྣམས་ཀྱིས་ཡི་གེ་མྃ་དང་རྃ་དང་གཉིས་ཀྱི་བར་དུ་བསྒྲུབ་བྱའི་མིང་ཧཱུྃ་ཕཊ་དང་ལྡན་པའི་འཁོར་ལོ་བྲིས་པ། དེ་དྲིལ་ཏེ་མེས་བསྲོས་ན་སྐད་ཅིག་དེ་ཉིད་ལ་སྦྱོར་བ་དེས་འཆི་བར་འགྱུར་རོ། །ནང་པར་སྔ་བར་
ལངས་ཏེ་གདོང་བཀྲུས་པ་དང་། ཨོཾ་མ་ཎི་བྷ་དྲཱ་ཡ་མ་ཧཱ་ཀཱ་ལ་པྲཱ་ཀྲཱི་ཏི་སེ་ན་པ་ཏ་ཡེ། ཨོཾ་མི་ལི་མི་ལི་མཱནྡྷ་ནཱཾ་དྷ་ད་དཱ་པ་ཡེ་སྭཱ་ཧཱ་ཞེས་པས་ཕོགས་བཅྭ་ལྔ་རུ་བྱུག་ཅིང་མཎྜལ་ཟླུམ་པོ་བྱས་ལ། ཨོཾ་ནྃ་དཱི་མ་ཧཱ་ཀཱ་ལཱ་ཡ་བཛྲ་པུཥྤེ་ཧཱུྃ། ཞེས་པས་མེ་ཏོག་ཨ་པ་རཱ་ཙི་ཏ་ནག་པོ་དབུས་
སུ་དབུལ་ལོ། །ཨོཾ་ཀཱ་ལཱ་ཡ་ཀ་ཡཀྵཱ་ཡ་བཛྲ་པུཥྤེ་ཧཱུྃ་ཞེས་པས་ཤར་ཕྱོགས་སུའོ། །ཨོཾ་བི་ཌཱ་ལ་མུ་ཁཱ་ཡཀྵཱ་ཡ་བཛྲ་པུཥྤེ་ཧཱུྃ་ཞེས་པས་ལྷོ་ཕྱོགས་སུའོ། །ཨོཾ་ཨ་སྭ་མུ་ཁཱ་ཡཀྵཱ་ཡ་བཛྲ་པུཥྤེ་ཧཱུྃ་ཞེས་པས་ནུབ་ཕྱོགས་སུའོ། །ཨོཾ་ཀྲི་མི་མུ་ཁཱ་ཡཀྵཱ་ཡ་བཛྲ་པུཥྤེ་ཧཱུྃ་ཞེས་པས་བྱང་ཕྱོགས་
སུའོ། །མཚམས་རྣམས་སུ་ནི་ད་ཧུ་མུ་ཁཱི་ཡཀྵཱི་ཡཀྵི་ཎྱཻ་མཾ། སཱུ་ཀ་ར་མུ་ཁཱི་ཡཀྵི་ཎྱཻ་ཧཱུྃ། ཨུ་ལཱུ་ཀ་མུ་ཁཱི་སྭ་དྷི་ཏ་ཡཀྵཱི་ཎྱཻ་དྲཾ། ཨདྡྷ་སུ་ཙ་ཏི་ཡ་མུ་ཁཱི་ཡཀྵི་ཎྱཻ་བཾ་ཞེས་པ་ཐམས་ཅད་ལ་སྭཱ་ཧཱ་སྦྱར་བས་སོ། །ཕྱི་ནས་ཡང་མེ་ཏོག་དབུས་སུ་དབུལ་བ་ནི། ཨོཾ་མུཀྟ་མུཀྟ་མ་ཧཱ་ཀཱ་ལཱ་ཡ་སྭཱ་ཧཱ། ཨོཾ་སྥོ་
ཊ་ཀ་མ་ཧཱ་ཀཱ་ལཱ་ཡ་སྭཱ་ཧཱ། ཨོཾ་ཀུ་རུ་ཀི་ཏ་མ་ཧཱ་ཀཱ་ལཱ་ཡ་སྭཱ་ཧཱ། ཨོཾ་གཱ་ཌྷ་ཙཀྲ་མ་ཧཱ་ཀཱ་ལཱ་ཡ་སྭཱ་ཧཱ། ཨོཾ་ཁི་ཊ་ཀུ་རུ་མ་ཧཱ་ཀཱ་ལཱ་ཡ་སྭཱ་ཧཱ། ཞེས་པ་རྣམས་དང་བཅས་པས་སོ། །གཟུངས་བརྒྱ་རྩ་བརྒྱད་ཀྱང་བཟླས་པར་བྱའོ། །ཕྱི་ནས་བཟོད་གསོལ་བྱས་ལ། ཨོཾ་སུ་གདྡྷ་པད་མ་མ་ཧཱ་ཀཱ་

ལཱ་ཡ་མུཿཞེས་པས་གཤེགས་སུ་གསོལ་ལོ། །འདིའི་དུས་སུ་ཤིང་ནིམ་པ་ལ་སྟན་བྱ། གོས་སྔོན་པོ་བགོ་ཞིང་གཞོན་ནུ་མ་བདུན་ལ་ཉི་མ་རེ་རེ་ཞིང་རས་ཡུག་རེ་རེ་སྦྱིན། རྗེ་བཙུན་ལ་མེ་ཏོག་ཨ་པ་རཱ་ཛི་ཏ་དབུལ། བཟའ་བ་དང་། བཏུང་བ་སྔོན་དུ་གསུངས་པ་
ལྟར་བཟའ་བཏུང་བྱ། དེ་ལྟར་ཐམས་ཅད་དུས་གསུམ་དུ་བྱས་ན་སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བྱས་པའོ། །མཎྜལ་འདི་བྱ་རོག་སྐད་མ་བཏོན་པའི་དུས་སུ་ལངས་ལ་བྱའོ། །ནམ་གྱི་ཆ་སྨད་ལ་ནག་པོ་ཆེན་པོ་ཕྱག་བཅུ་དྲུག་པ་བཀྲམ་ལ་ཆང་འཐུང་ཞིང་ཐུན་ཚོད་རེ་རེའི་
བར་དུ་གཟུངས་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབ་པའི་སྦྱོར་བ་འདི་སྒྲུབ་པ་པོས་བྱས་ན། རྗེ་བཙུན་ནག་པོ་ཆེན་པོས་ཟླ་བ་གསུམ་གྱི་བར་ལ་རྨི་ལམ་སྟོན་ཅིང་ངེས་པར་དངོས་གྲུབ་ཀྱང་འཐོབ་པར་འགྱུར་རོ། །སྒོམ་ཆེན་པའི་གཟུགས་ཀྱིས་གསེར་སྲང་ཕྱེད་དང་གསུམ་སྟེར་བར་འགྱུར་
རོ། །ཟླ་བ་དྲུག་གི་བར་གྱིས་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་ཅིང་རིམ་གྱིས་ཐམས་ཅད་འགྲུབ་སྟེ། ངེས་པར་ཕྱག་རྒྱའི་དངོས་གྲུབ་འཐོབ་པར་འགྱུར་རོ། །གལ་ཏེ་གཅིག་ཀྱང་མ་གྲུབ་ན་ངས་ངེས་པར་མཚམས་མེད་པ་ལྔའི་ལས་བྱས་པར་འགྱུར་ཞིང་ལྷ་ཐམས་ཅད་
བསད་པ་དང་མཚུངས་སོ། །རྒྱུད་འདི་ནི་རྣལ་འབྱོར་གྱི་ཆོ་གའི་བཅུད་ཐམས་ཅད་བསྡུས་པ་ཉིད་དོ། །གལ་ཏེ་ལེའུ་འདིའི་སྦྱོར་བ་ལ་ཉེ་བར་གནས་ནས་བསྒྲུབས་ན་སྐད་ཅིག་གིས་ཁྱབ་པར་བྱེད་པའི་མཚམས་མེད་པ་ལྔའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་མི་འགྱུར་རོ། །
ཉེ་བར་ལོངས་སྤྱད་པར་བྱ་བའི་མཆོད་སྦྱིན་གྱི་ཤིང་ནི་མཚན་ཉིད་དང་ལྡན་པའི་ཐབ་ཁུང་བས་ཅུང་ཟད་ཐུང་བའོ། །ཞི་བར་བྱ་བའི་དོན་དུ་ཐང་སྟོང་གི་ལྕི་བ་བླངས་ལ་བྱའོ། །རྒྱས་པར་བྱ་བ་ལ་རྗེ་བཙུན་གྱི་མདུན་དུ་ཇི་ལྟ་བ་བཞིན་ཐབ་བཅས་ལ་རྟེན་དུ་བྱས་པའི་ཤིང་འབྲས་བུ་དང་ལྡན་
པ་ལ་ཐབ་ཁུང་དམའ་བར་བྱས་པས་སོ། །ལྷ་མོས་གསོལ་པ། ཀྱེ་རྗེ་བཙུན་སྦྱིན་སྲེག་ཤིང་གི་བྱེ་བྲག་བླངས་ལ་བསྲེག་པར་བྱ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་གང་ལགས། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་དོན་དུ་གསུངས་ཤིག །བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། དེ་རྣམས་ཀྱི་ནང་ནས་མཆོད་སྦྱིན་གྱི་ཤིང་སྲོག་ཆགས་མེད་པ། སྐམ་པ། ཐབ་ཁུང་བས་ཅུང་ཟད་དམའ་བ། སྔར་བཤད་པའི་འབྲས་བུ་ཅན་གྱི་ཤིང་རྒྱས་པའི་ཐབ་ཁུང་དུ་ལྕི་བ་སྤངས་པས་སོ། །མངོན་སྤྱོད་ལ་ཤིང་རོ་ཚ་བ་ཚེར་མ་དང་ལྡན་པས་དྲི་
ཞིམ་པའམ། དུར་ཁྲོད་ནས་བྱུང་བའམ། བོང་བུའམ། རྟ་ལ་སོགས་པའི་སྦངས་སྐམ་པོས་ངེས་པར་འགྲུབ་པར་འགྱུར་རོ། །དབང་དུ་བྱ་བ་ལ་ཤིང་དྲི་ཞིམ་པ་ཨཾ་པའི་འབྲས་བུ་དང་། མེ་ཏོག་དང་ལྡན་པས་སོ། །དགུག་པ་ལ་ཤིང་ཚེར་མ་ཅན་ལ་སོགས་པ་སྟེ་སྦྱིན་སྲེག་
གི་རིམ་པའི་བྱེ་བྲག་གོ། །ལྷ་མོས་གསོལ་པ། གལ་ཏེ་དངོས་གྲུབ་ཆེན་པོ་བརྒྱད་ཐོབ་པར་འདོད་པའི་རྣལ་འབྱོར་པས་ཚེས་བརྒྱད་དམ་བཅུའི་དུས་སུ་གོང་དུ་གསུངས་པ་ལྟར་མཎྜལ་བྱས་ལ་སྔགས་སྟོང་ཕྲག་ལྔ་ཤ་དང་ཆང་བཟའ་བ་དང་བཏུང་བ་དང་བཅས་ཏེ་བཟླས་པར་བྱའོ། །
ཉལ་བའི་དུས་སུ་ཆང་ཕོགས་བརྒྱ་རྩ་བརྒྱད་དུ་མཉེས་པས་གདོང་བཀྲུས་ནས་ཉལ་ན། རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྟོན་ནོ། །དེ་རྣམས་ཀྱི་སྔགས་ནི་ཨོཾ་མུ་སྭ་པྣྃ་ག་ཀ་ཐཱ་ཡ་ཧཱུྃ་ཞེས་པའོ། །དེ་ལྟར་མིན་ན་སྔགས་དེས་ཅེ་སྤྱང་གི་ཤ་ལ་སོགས་པ་ཆང་གིས་སྦགས་ལ། ཆུ་ནང་གི་ཤིང་
མེ་ལ་ཁྲི་ཕྲག་གཅིག་ཏུ་སྦྱིན་སྲེག་བྱས་ན་ཉལ་བའི་དུས་སུ་མར་མེའི་མར་གྱིས་སྔགས་བརྒྱ་ཕྲག་གཅིག་བཟླས་ཤིང་རྐང་པ་ལ་བྱུགས་ཏེ་ཉལ་ན་རྨི་ལམ་དུ་འབྱུང་བ་དང་མི་འབྱུང་བ་ངེས་པར་ཤེས་པར་འགྱུར་རོ། །གཉིད་མ་ལོག་པའི་དམིགས་པའི་སྦྱོར་བ་ནི། ཨོཾ་མ་ཎི་དྷཱ་རི་ཎཱི་ནནྡ་ཡ་ནནྡ་
ཡ། སྭ་པྣྃ་ཀཱ་ཐཱ་ཡ་ཀཱ་ཐཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ཁྲི་ཕྲག་ལྔ་བཟླས་ཏེ་རང་གི་ཆུས་གདོང་བཀྲུས་ནས་བྱ་བ་ལ་སེམས་ཤིང་ཉལ་ན་དགེ་བ་དང་མི་དགེ་བའི་དོན་འབྱུང་བ་དང་མི་འབྱུང་བ་སྟོན་ཏོ། །གཞན་ཡང་སྔགས་པས་སྦྱོར་བས་བསྒྲུབ་པར་བྱ་བ་ནི་ཆོ་གའི་རིམ་པ་ཇི་ལྟ་བ་བཞིན་
དུ། རྔ་མོ་ལ་སོགས་པའམ། བ་ལང་ངམ། མ་ཧེ་རྣམས་དང་སྟབས་གཅིག་ཏུ་འགྲོ་ཞིང་། སྔར་གྱི་སྔགས་མཆོག་བཟླས་ན་ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་རོ། །གྲོང་ཁྱེར་གྱི་ཕྱི་རོལ་ལམ། ལྡུམ་རའམ། མཚན་མ་གཅིག་པའམ། དུར་ཁྲོད་རྣམས་སུ་དུས་ཐམས་

ཅད་དུ་ཕྱིན་ལ་རྣལ་འབྱོར་པ་གསུམ་མམ་ལྔ་དང་སྟབས་གཅིག་ཏུ་ཆང་དང་ཤ་ལ་བདེ་བར་ལོངས་སྤྱད་ལ། དེ་ནས་ཁྱིམ་དུ་འོངས་ལ། ཀུན་དུ་རུའི་སྦྱོར་བ་བྱས་ནས་ཇི་ལྟར་འབྱོར་པའི་རྫས་ཀྱིས་གཏོར་མ་བཏང་སྟེ། སེམས་ཀྱི་བྱ་བ་བྱས་ལ་ཉལ་ན། འཇིགས་
བྱེད་ཆེན་པོས་ངེས་པར་དགེ་བ་དང་། མི་དགེ་བའི་རྨི་ལམ་སྟོན་ཞིང་རིལ་བུ་དང་། བཀྲ་ཤིས་པའི་གནས་དང་། ཚེ་ལོ་ལྔ་བརྒྱ་ཐུབ་པའི་སྨན་རྣམས་ཐེ་ཚོམ་མེད་པར་མངོན་སུམ་དུ་སྟེར་བར་འགྱུར་རོ། །རིམས་གཞོམ་པ་ནི་ཡི་གེ་ཧཱུྃ་བརྗོད་ཅིང་སྨན་ཛ་ཡནྟིའི་རྩ་བ་བཟའ་
བར་བྱས་ན་ཐེ་ཚོམ་མེད་པར་ཞི་བར་འགྱུར་རོ། །ཡང་ཨོཾ་ཨ་མོ་གྷ་རི་ཏི་མ་ཧཱ་ཀཱ་ལཱ་ཧཱུྃ་ཕཊ་ཕཊ། ཀི་ལི་ཀི་ལི། མཱ་ར་མཱ་ར། ཀཱ་ར་ཡ་ཀཱ་ར་ཡ། ས་མ་ས་མ། ཙ་མ་ཙ་མ། ད་མ་ད་མ། ཛྭ་ར་མེ་ཀཱ་ཧི་ཀཌྜྷྱ་ཧི་ཀཌྜྷྱ་ཧི་ཀཾ། ཙ་ཏུརྠ་ཀཾ །མཱ་སི་ཀཾ །མ་དྷ་མཱ་སི་ཀཾ། པཻཏྟི་ཀཾ། ཀླེཥྨིཀཾ། ཧཱུྃ་
ཏ་ཛཾ། གྲ་ཧ་ཛཾ། བཻ་ཏཱ་ཌཱཾ། ཧ་ན་ཧ་ན། ཤཱནྟི་མ་མུ་ཀ་སྱ་ཀུ་རུ་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཞེས་བཟླས་པ་དང་། དབུགས་ཕྱེད་ལ་སྐུད་པ་བསྒྲིམས་པ་ལ་མདུད་པ་བྱས་ལ་སྐྲ་ལ་བཏགས་ན། ནད་རིམས་རབ་ཏུ་ཞི་བར་འགྱུར་རོ། །ཡང་ཨོཾ་མ་ཧཱ་ཀཱ་ལ་ཤུ་ཙི་ར་པུ་ཝི་ར་སྤུ་ར་བརྡྷ་
ན་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་ཡི་གེ་བཅུ་བདུན་པ་འདི་འབུམ་ཕྲ