Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 081_རྒྱུད་འབུམ།_ཅ

Văn bản gốc(Tây Tạng)

Trang 1 / 19 (50.000 ký tự/trang)
༄༅། །རྒྱུད་འབུམ་ཅ་པ་བཞུགས་སོ། །

༄༅༅། །རྒྱ་གར་སྐད་དུ། ཨཱ་རྱཱཙ་ལ་ཀལྤ་ཏནྟྲ་རཱ་ཛ། བོད་སྐད་དུ། འཕགས་པ་མི་གཡོ་བའི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། དེ་ནས་ཡང་དེའི་ཚེ་བཅོམ་ལྡན་འདས་ཐུབ་པ་ཆེན་པོས། བདུད་ཐམས་ཅད་ཟིལ་གྱིས་གནོན་པ། རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་
པར་ཞུགས་ནས་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་སྔགས་ཀྱི་རྒྱལ་པོ་འདི་ཕྱུང་ངོ་། ཨོཾ་ཨཱཿཧཱུཾ། དེ་གསུང་མ་ཐག་ཏུ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་
པོ་དང་། བརྒྱ་བྱིན་དང་། གཞོན་ནུ་དང་། བྷྲིང་གི་རི་ཏི་དང་། ཚོགས་ཀྱི་བདག་པོ་དང་། བྷཻ་བ་ས་ཏ་དང་། དགའ་བྱེད་དབང་ཕྱུག་དང་། ནག་པོ་ཆེན་པོ་དང་། སྲིན་མོ་ཆེན་མོ་འཕྲོག་
བྱེད་མ་དང་། ཉི་མ་དང་། ཟླ་བ་དང་། མིག་དམར་དང་། ལག་པ་དང་། ཕུར་བུ་དང་། སྤེན་པ་དང་། པ་བ་སངས་དང་། སྒྲ་གཅན་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་

དང་། སྲིན་པོ་དང་། ཆུ་ལྷ་དང་། གཤིན་རྗེ་དང་། མེ་ལྷ་དང་། རླུང་གི་ལྷ་དང་། སའི་ལྷ་མོ་དང་། དགའ་བོ་དང་། ཉེ་དགའ་བོ་དང་། འཇོག་པོ་དང་། མཐའ་ཡས་དང་། དུང་སྐྱོང་དང་། རིགས་ལྡན་དང་། པདྨ་དང་། པདྨ་ཆེན་པོ་དང་།
སྲིན་པོའི་བདག་པོ་ལང་ཀ་མགྲིན་བཅུ་དང་། ལྷའི་བུ་དྲུག་ཁྲི་ལ་སོགས་པ་ས་སྟེང་དང་། ས་བླ་དང་། ས་འོག་པ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་དཔལ་འབྱུང་བའི་མཆོད་རྟེན་གྱི་སྤོ་དེ་ལ་འཁོད་དོ། །དེའི་ཚེ་འཇིག་རྟེན་གསུམ་གྱི་བདུད་ཐམས་ཅད་དེར་ལྷགས་ནས་
བྱང་ཆུབ་ཆེན་པོའི་བར་དུ་གཅོད་པར་རྩོམ་མོ། །དེ་རྣམས་ཀྱིས་ཐལ་མོ་སྦྱར་ཏེ་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་སྟོན་པ་བདེ་བར་གཤེགས་པ་བྱང་ཆུབ་ཀྱི་བར་དུ་གཅོད་པའི་བདུད་ཀྱི་རིགས་འདི་རྣམས་ཞི་བ་དང་མེད་པར་མཛད་དུ་
གསོལ་ཞེས་པ་དང་། དེ་ནས་བཅོམ་ལྡན་འདས་བདུད་ཐམས་ཅད་ལས་མཆོག་ཏུ་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་སྔགས་འདི་ཉིད་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་མ་ཐག་ཏུ་ཉིད་ཀྱི་
མདུན་དུ་ཁྲོ་བོ་ཆེན་པོ་མི་གཡོ་བ་སྐུ་མདོག་མཐིང་ནག་ཏུ་འདུག་པ། ཞལ་སྟོང་ཕྲག་སྟོང་ཧ་ཧར་བཞད་པ། ཞབས་སྟོང་ཕྲག་སྟོང་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པ། ཕྱག་སྟོང་ཕྲག་སྟོང་དུ་གདུག་པའི་མཚོན་ཆ་རལ་གྲི་དང་། རལ་གྲི་ཀྱོག་པོ་དང་། ཆུ་གྲི་དང་
གྲི་གུག་དང་། སྤུ་གྲི་དང་། ཁ་ཊྭཱཾ་ག་དང་། རྩེ་གསུམ་དང་། རྩེ་དགུ་པ་དང་། མདུང་དང་། འཕེན་མདུང་དང་། ལྡོང་མདུང་དང་། མདའ་དང་། མདའ་སྟེའུ་ཁ་དང་། མདའ་རྩེ་ལྔ་པ་དང་། མདའ་ཁ་བྲག་པ་དང་། རྡོ་རྗེ་རྩེ་གཅིག་པ་དང་། རྩེ་གསུམ་པ་དང་།

རྩེ་དགུ་པ་དང་། རྩེ་མོ་བཅུ་གསུམ་པ་དང་། སྟ་རེ་དང་། དགྲ་སྟ་དང་། སྟ་ལེབ་དང་། སོ་སྟ་དང་། འཕེན་སྟ་དང་། བཞར་སྟ་དང་། དབྱུག་པ་དང་། ཐོ་བ་དང་། གཏུན་ཤིང་དང་། འཁོར་ལོ་དང་། ཕུབ་དང་། མགོ་བོ་དང་། བིང་ཏི་པ་ལ་དང་། གཞུ་དང་། གཞུ་
མཉེན་དང་། ཐོད་པ་དང་། ཐོད་ཚལ་དང་། གྲི་ཟླུམ་དང་། གྲི་རིངས་དང་། གྲི་ལྕགས་ཀྱོ་དང་། ཞགས་པ་དང་། རྔ་ཡབ་དང་། བ་དན་དང་། མེའི་ཕུང་པོ་དང་། ཆུའི་སྐྱོགས་དང་། བྲག་དང་། ཐོད་པ་ཁྲག་གིས་གང་བ་དང་། ཕུར་པ་དང་། ཐོད་པའི་ཕྲེང་བ་དང་། ཞིང་
དབྱུག་དང་། མེ་རི་དང་། སོའི་ཕྲེང་བ་དང་། དྲིལ་བུ་དང་། ཇེང་དང་། པི་ཝང་དང་། གླིང་བུ་དང་། རྫ་རྔ་དང་། པ་ཊ་ཧ་དང་། རྔ་ཟླུམ་དང་། རྐེད་ཉག་དང་། དུང་དང་། བསིལ་ཕྲེང་དང་། ལག་པ་དང་། རྐང་པ་དང་། ཁབ་དང་། གསིལ་བྱེད་དང་། ནམ་མཁའ་ལྡིང་དང་།
སྦྲུལ་ཞགས་ལ་སོགས་པའི་མཚོན་ཆ་དུ་མ་བཟུང་ནས་ཕྱག་ལྷག་མ་རྣམས་གཡས་ན་རལ་གྲི་ཕྱར་ནས་གཡོན་པ་སྡིགས་མཛུབ་ཕྱར་བར་མཛད་དོ། །ཞལ་སྟོང་ཕྲག་སྟོང་ལ་འཛུམ་པ་དང་། བཞད་པ་དང་། ཧ་ཧ་ཞེས་སྒྲོགས་པ་དང་། མཆེ་བ་གཙིགས་པ་དང་། སོ་འདར་བ་དང་།
གྱེན་དུ་གདངས་པ་དང་། ཁྲག་བལྡག་པ་དང་། རྔམ་པ་དང་། ཞི་བར་ཡང་མཛད་དེ། ཞལ་གྱི་ཁ་དོག་ཀྱང་ཐ་དད་དོ། །དབུ་སྐྲ་ཡང་ནག་པོ་དང་། སེར་པོ་དང་། དམར་པོ་ལ་སོགས་པ་ཐ་དད་དོ། །སྐུ་སྟོད་ལ་གླང་པོ་ཆེའི་ཀོ་བ་གྱོན་ནས། སྐུ་སྨད་ཀྱང་སྟག་གི་པགས་པས་
དཀྲིས་ཤིང་། ཕྱག་དང་། ཞལ་དང་། ཞབས་ཀྱི་བྱེ་བྲག་གིས་རྒྱན་ཡང་ཐ་དད་དེ། རིན་པོ་ཆེ་དུ་མ་དང་། རུས་པའི་ཕྲེང་བ་དང་། སྦྲུལ་གྱི་ཆུན་པོ་དང་། མི་མགོའི་ཕྲེང་བ་དང་། མིའི་པགས་པ་དང་། སེང་གེའི་པགས་པ་དང་། མ་ཧེའི་པགས་པ་ལ་སོགས་པ་ཐ་དད་དོ། །ཞལ་
རེ་རེ་ལ་ཡང་སྤྱན་གསུམ་གསུམ་དང་། གཉིས་གཉིས་དང་། རེ་རེའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཆེན་པོ་མི་གཡོ་བ་དེ་ལ་འདི་སྐད་དུ་བཀའ་བསྒོའོ། །ཨོཾ་ཀྱེ་མི་གཡོ་བ། ཁྲོ་བོ་དྲག་པོ། འཇིགས་བྱེད་ཆེན་པོ། གཏུམ་པོ་ཆེན་པོ། དཔའ་བོ་ཆེན་པོ། བདུད་ཀྱི་

ཚོགས་ཐམས་ཅད་སོད་ཅིག །ཆིངས་ཤིག །བཏོགས་ཤིག །རྒྱོབ་ཅིག །ཕྲོལ་ཅིག །གཏུབས་ཤིག །དྲིལ་ཅིག །ཕུལ་ཅིག །ནོན་ཅིག །གཟིར་ཅིག །ཕུག་ཅིག །ཚོས་ཤིག །སྲེགས་ཤིག །ཕྱེ་མར་གྱིས་ཤིག །མེད་པར་གྱིས་ཤིག །
ཁོས་ཤིག །སྡོམས་ཤིག །ཟོ་ཤིག །འཐུང་ཤིག །སྡིགས་ཤིག །ཧཱུྃ་ཧཱུྃ་ཧཱུྃ་ཛ་ཛ་ཛ་ཧཾ་ལཾ་ཏྲཾ་ཕཊ། ཅེས་གསུངས་པ་དང་། ཁྲོ་བོའི་རྒྱལ་པོ་དེ་ཁྲོས་ནས་ཧཱུྃ་ཞེས་བརྗོད་པས་ཞལ་གསུམ་ཕྱག་དྲུག་པར་བྱས་ཏེ། ཀླུའི་ཚོགས་ཐམས་ཅད་མ་ལུས་པར་ཟོས་ཏེ། ཕཊ་ཅེས་བརྗོད་
ནས་ཞལ་བཞི་ཕྱག་བཞི་ཞབས་ཀྱང་བཞིར་བྱས་ནས་ལྷ་མ་ཡིན་ཐམས་ཅད་མེད་པར་བྱས་སོ། །ཞལ་གཅིག་ཕྱག་གཉིས་པ་དྲང་སྲོང་ཁྲོས་པའི་དབྱིབས་ལྟར་བྱས་ནས་ལྷའི་གདོན་ཐམས་ཅད་ཕམ་པར་བྱས་ཏེ། ཚོགས་ཀྱི་བདག་པོ་གདན་དུ་བྱས་སོ། །གཞོན་ནུའི་ཆ་བྱད་
དུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ལྷའི་བུའི་བདུད་ཕམ་པར་བྱས་སོ། །གཡོན་པ་ས་ལ་བཙུགས་ནས་བི་ནཱ་ཡ་ཀ་མེད་པར་བྱས་སོ། །དེ་ནས་ཡང་དག་བཤད་བྱ་བ། །ལྷ་ལ་སོགས་པ་རྣམས་སྡང་ཞིང་། །ཁྲོས་ནས་གདུག་པ་རྣམས་འཇིགས་བྱེད། །
སྣ་ཚོགས་རབ་མང་སྦྱོར་མཛད་པའོ། །ཆོས་རྣམས་གང་གིས་ཅིར་མ་མཐོང་། །ལུས་དང་སེམས་དང་ངག་རྣམས་དག །ཀུན་རྫོབ་སྟོང་པ་རྣམ་དག་ནས། །མི་གནས་སྣ་ཚོགས་ཟུང་འཇུག་བདེ། །འཕགས་པ་མི་གཡོ་བའི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས་སྤྲུལ་པ་རྣམ་པར་
དག་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བདེ་བར་གཤེགས་རྣམས་འདུས་པའི་སྐུ། །སྣ་ཚོགས་ལུས་ཅན་འཇིགས་པའི་གཟུགས། །ནམ་མཁའ་གང་བའི་བསམ་གཏན་བྱ། །སྐད་ཅིག་བསམ་གཏན་མངོན་རྫོགས་ཤིང་། །སྐད་
ཅིག་ཡི་གེ་རྣམ་དགོད་བྱེད། །སྐད་ཅིག་ལ་ནི་གསང་སྔགས་འདོན། །འཇིགས་གཟུགས་སྐད་ཅིག་སྤྲུལ་པ་འགྱེད། །ཚར་གཅོད་ཟིལ་གྱིས་གནོན་མཛད་ཕྱིར། །སྐད་ཅིག་ཁྲོས་སྤྱན་ནག་པོ་འབར། །མཁའ་ལ་གཟིགས་པས་ལྷ་རྣམས་སྐྲག །ས་ལ་གཟིགས་པས་ཀླུ་རྣམས་ས་སྐྲག །

རྒྱལ་བ་སྲས་དང་བཅས་རྣམས་དང་། །བླ་མ་ལ་ཡང་ཕྱག་འཚལ་ཞིང་། །རྟག་ཏུ་མཆོད་དེ་དགའ་ཆེན་བསྐྱེད། །ལུས་ངག་ཡིད་ཀྱི་སྡིག་བྲལ་གང་། །དཀོན་མཆོག་གསུམ་མཆོད་བདེ་དོན་གཉེར། །སངས་རྒྱས་བཞུགས་ཤིང་ཆོས་གསུངས་པའི། །སྨོན་ལམ་དག་པའི་
བློ་བསྐྱེད་བྱ། །བྱང་ཆུབ་སེམས་ཀྱང་བསྐྱེད་བྱ་ཞིང་། །དགེ་བའི་ཕུང་པོ་དུས་གསུམ་དུ། །གཞན་གྱི་དོན་དུ་བསྔོ་བར་བྱ། །བྱམས་དང་སྙིང་རྗེ་བསམ་པར་བྱ། །དགའ་བའི་དགེ་ལ་ཡིད་ཀྱིས་དམིགས། །ནམ་མཁའ་ཆེ་མཚུངས་བློ་ཡིས་ནི། །བཏང་སྙོམས་ཆེན་པོ་
བསྒོམ་པར་བྱ། །དེ་ལྟར་དད་ལྡན་བརྩོན་འགྲུས་ཅན། །གཡོ་སྒྱུ་བྲལ་ཞིང་བླ་མ་བཀུར། །སྙིང་བརྩེ་ལེ་ལོ་མེད་པ་ཡི། །སྲིད་པའི་སྲེད་པ་སྤོང་བྱེད་པ། །དགའ་བའི་ཚལ་ལམ་ནེའུ་གསིང་དང་། །ཕུག་གམ་ལྷ་ཁང་སྟོང་པ་འམ། །ཤིང་དྲུང་ནགས་དགོན་ལྗོངས་
རྣམས་སུ། །བདེ་བའི་ཡིད་ཀྱིས་གནས་པར་བྱ། །དེ་ནས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ཡོངས་སུ་རྫོགས་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ནམ་མཁའི་
དབྱིངས་ཀྱི་དབུས་གནས་པར། །ཧཱུྃ་གི་ཡི་གེ་ལས་སྐྱེས་པ། །མི་གཡོ་མགོན་པོ་རྒྱལ་པོའི་སྐུར། །རྣལ་འབྱོར་དག་པའི་ལུས་བསྒོམ་བྱ། །ཞལ་གཅིག་ཕྱག་གཉིས་བརྗིད་པའི་སྐུ། །ལྷ་དང་ལྷ་མིན་བདུད་ཚོགས་རྣམས། །ཤིན་ཏུ་སྐྲག་པར་མཛད་པའི་ཕྱིར། །གཡས་ཀྱིས་
རལ་གྲི་མཁའ་ལ་ཕྱར། །གཡོན་པ་སྡིགས་མཛུབ་ཞགས་པ་འཛིན། །པདྨ་ཉི་མའི་གདན་ལ་ནི། །ཚོགས་ཀྱི་བདག་པོའི་སྟེང་གནས་པ། །གཡོན་བརྐྱང་གར་བཞུགས་སྟག་ཤམ་ཅན། །ཕུཿསྒྲོགས་ཀླུ་ཆེན་བརྒྱད་ཀྱིས་བརྒྱན། །དམར་སེར་གྱེན་སྐྲ་སྤྱན་རྩ་དམར། །སྤྱན་ཟླུམ་
ཁྲོ་ཚུལ་མཆེ་བ་གཙིགས། །ཚངས་པ་ལྷ་དབང་ཁྱབ་འཇུག་དང་། །དབང་ཕྱུག་ཆེ་སོགས་ལྷ་རྣམས་དང་། །ལྷ་མ་ཡིན་རྣམས་སྐྲག་པར་བྱེད། །བསྐལ་པའི་མེ་འོད་འབར་དབུས་ན། །ཁྲོ་བོ་དུ་མའི་ཚོགས་དང་བཅས། །བརྟན་གཡོ་ཁམས་གསུམ་མ་ལུས་རྣམས། །རང་གི་

སྤྲུལ་པར་ཤེས་བྱས་ནས། །དེ་ལྟར་གུས་བཅས་ཡུན་རིངས་སུ། །རྒྱུན་མི་འཆད་པར་གང་བསྒོམས་པས། །ལས་དང་ཉོན་མོངས་ཀྱིས་བསླད་པའི། །ཐ་མལ་པ་ཡི་རྣམ་རྟོག་ལྡོག །བདག་འདོད་ལྷ་ཡི་རྣལ་འབྱོར་ལ། །ཤིན་ཏུ་ཡིད་བརྟན་བྱེད་གྱུར་ན། །རལ་
གྲི་ལ་སོགས་གྲུབ་བརྒྱད་ཀྱི། །སྣོད་དུ་རྣལ་འབྱོར་པ་དེ་འགྱུར། །དེ་ནས་བཅོམ་ལྡན་འདས་ཐུབ་པ་ཆེན་པོས་མི་བཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ནམ་མཁའི་དབྱིངས་ཀྱི་དབུས་གནས་
པར། །ཧཾ་གི་ཡི་གེ་ལས་སྐྱེས་པར། །དྲག་ཆེན་ཁྲོ་བོའི་རྒྱལ་པོ་ནི། །སྔོ་ནག་ཞལ་གསུམ་ཕྱག་དྲུག་བསྒོམ། །རལ་གྲི་ཆུ་གྲི་སྟ་རེ་ནི། །གཡས་ཀྱི་ཕྱག་ན་རིམ་བཞིན་འཛིན། །སྡིགས་མཛུབ་འཁོར་ལོ་ཁ་ཊྭཱཾ་ནི། །གཡོན་གྱི་ཕྱག་ན་རིམ་བཞིན་འཛིན། །སྤྱན་གསུམ་
ཁྲོ་གཉེར་གྱེན་དུ་བསྐྱོད། །དབུ་སྐྲ་སྨ་ར་གྱེན་འགྲེང་སེར། །རོལ་པའི་ཀླུ་ཡི་རྒྱན་གྱིས་བརྒྱན། །ཐོད་པའི་ཕྲེང་བ་སྟག་ཤམ་ཅན། །གླང་ཆེན་པགས་པས་སྟོད་གཡོགས་བྱས། །རུས་པའི་རྒྱན་གྱིས་རབ་བརྒྱན་ཅིང་། །པདྨ་ཉི་མའི་གདན་དབུས་ན། །གཡོན་བརྐྱང་
གཡས་བསྐུམ་ཚུལ་དུ་འགྱིང་། །ཧཾ་ཕེཾ་ནམ་མཁའི་ཕྱོགས་སྒྲོགས་པ། །བསྐལ་པའི་མེ་ལྟར་གཟི་བརྗིད་ཆེ། །འདི་ལྟར་སྐད་ཅིག་དྲན་པའམ། །མིང་ཤེས་ཙམ་གྱིས་འདོད་པ་སྒྲུབ། །དེ་ནས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྣམ་པར་དག་པ་ཞེས་
བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །རིག་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །མྃ་ལས་སྐྱེས་པའི་མི་གཡོ་བ། །འཇིགས་བྱེད་ཆེན་པོ་བསམ་པར་བྱ། །ཡི་དགས་དྲོད་ཀྱི་སྟེང་ན་འགྱིང་། །ཞལ་
བཞི་ཕྱག་བཞི་ཞབས་ཀྱང་བཞི། །གཡས་པ་རལ་གྲི་རྡོ་རྗེ་འཛིན། །གཡོན་པ་སྡིགས་མཛུབ་ཐོད་ཁྲག་གོ། །ཞབས་བཞི་བདུད་བཞིའི་སྟེང་ན་འགྱིང་། །སྣ་ཚོགས་རུས་པའི་རྒྱན་ལྡན་ཞིང་། །སྟག་གི་ཤམ་ཐབས་རྣམ་པར་བརྒྱན། །སྟོད་དུ་ན་རའི་པགས་པས་བརྒྱན། །དམར་

སེར་གྱེན་སྐྲ་འཇིགས་ཚུལ་ཆེ། །ཧ་ཧར་བཞད་ཅིང་རྟ་སྐད་འཚེར། །ཁྲོ་བོ་དུ་མའི་སྤྲིན་སྤྲོ་ཞིང་། །ཞལ་རྣམས་གདངས་པས་མཆེ་བ་གཙིགས། །སྤྱན་བཅུ་གཉིས་པོ་རབ་ཏུ་བགྲད། །འཇིགས་པ་ཡང་ནི་འཇིགས་པར་བྱེད། །ཆར་སྤྲིན་མདོག་འདྲ་མེ་ཆེན་གཟི། །ཐབས་
ཆེན་འདོད་པའང་འདིས་རྫོགས་བྱེད། །དེ་ནས་ཡང་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་མི་འགྱུར་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཡི་གེ་ཧཱུྃ་
ལས་བྱུང་བ་ཡི། །མི་གཡོ་མགོན་པོ་གཏུམ་པོ་ཆེ། །བདུད་རྣམས་སྐྲག་བྱེད་བསྒོམ་པར་བྱ། །ཞལ་གཅིག་ཕྱག་གཉིས་འཇིགས་པའི་སྐུ། །པད་དཀར་ཉི་མའི་སྟེང་དཀྱིལ་ན། །པུས་མོ་ས་ལ་བཙུགས་ནས་བཞུགས། །ཕྱག་གཡས་རལ་གྲི་འཛིན་པ་སྟེ། །གཡོན་པ་སྡིགས་
མཛུབ་ཞགས་པ་འཛིན། །སྤྱན་གཉིས་དམར་ལ་ཟླུམ་པ་སྟེ། །གཞོན་ནུ་ཁྲོས་པའི་ཆ་བྱད་ཅན། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །སྦྲུལ་དཀར་པོ་ཡིས་དོ་ཤལ་བྱས། །སྟག་གི་པགས་པའི་ཤམ་ཐབས་ཅན། །སྣ་ཚོགས་ཁྲོ་བོ་རྣམ་པར་འཕྲོ། །བསྐལ་པའི་
མེ་ཡི་དབུས་ན་གནས། །གང་གིས་ཉི་མ་ཟླ་བ་ཡི། །མདུན་དུ་རྣམ་པར་དྲན་བྱེད་ན། །བདུད་རྣམས་མ་ལུས་ཟད་ནས་ནི། །བདེ་བ་ཆེན་པོའི་ལུས་རྙེད་འགྱུར། །ཨ་ཏ་ས་ཡི་མེ་ཏོག་གི། །འོད་ལྡན་བཅོམ་ལྡན་ལྷ་ཡིས་མཆོད། །བདག་གི་སྙིང་
ངམ་སྙིང་དཀྱིལ་བསྒོམ། །མྱུར་དུ་འདོད་པ་རྫོགས་པར་བྱེད། །དེ་ནས་ཡང་དག་བཤད་བྱ་བ། །ཞལ་གཅིག་ཕྱག་གཉིས་དུ་བའི་མདོག །ཡང་ན་སྔོན་པོ་བཻ་ཌཱུར་གཟི། །བདུད་རྣམས་བརླག་པར་མཛད་པའོ། །གཡོན་བརྐྱང་གཡས་བསྐུམ་བཞུགས་པའམ། །
ཡང་ན་གཡོན་པ་ས་ལ་བཙུགས། །ཐབས་ཚུལ་རིན་ཆེན་རྒྱན་གྱིས་བརྒྱན། །སྡིག་པ་ཐམས་ཅད་ཟད་བྱེད་པ། །བློ་གྲོས་ཕུང་པོ་རྒྱས་པར་བྱེད། །དེ་ནས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ཡོངས་སུ་རྒྱས་པ་དཔལ་གྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་པ་འདི་ཉིད་ཀྱི་

སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དམ་ཚིག་སེམས་དཔའ་ལྟ་བུ་ཡི། །ཡེ་ཤེས་སེམས་དཔའ་སྙིང་གར་བསྒོམ། །འོད་ནི་ཆེར་འབར་དྲག་པོའི་གཟི། །ཤེས་བྱའི་སྒྲིབ་ལས་རྣམ་པར་རྒྱལ། །དེ་ཡི་ཐུགས་ཀར་མཚན་མ་སྟེ། །ས་བོན་རྟག་
པར་དམིགས་པ་ནི། །ལས་ཀྱི་སྒྲིབ་པ་རྣམ་དག་རྒྱུ། །ལས་ཀྱི་ལས་རྣམས་བསྒྲུབ་པའི་ཕྱིར། །ས་བོན་ལས་ནི་འོད་ཟེར་འཕྲོས། །ཡེ་ཤེས་སེམས་དཔའ་བཀུག་ནས་གཞུག །དེས་ནི་མི་ཤེས་བག་ཆགས་རྣམས། །བློ་ལྡན་བློ་ལ་འཇོག་མི་བྱེད། །དེ་བཞིན་གཤེགས་
པ་ཀུན་དམིགས་ནས། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་འགྱུར། །སྤྱི་བོར་རང་གི་རིགས་བསམས་ནས། །རིགས་ཀྱི་བདག་པོས་དབུ་བརྒྱན་འགྱུར། །དེ་ལྟར་དེ་ལ་བརྩོན་ཆེན་བྱ། །འདིས་ནི་རྒྱལ་རྣམས་མཉེས་གྱུར་ནས། །མྱུར་དུ་རྒྱལ་བ་ཉིད་ཐོབ་འགྱུར། །འཕགས་
པ་མི་གཡོ་བའི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས་ལྷ་འབྱུང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དགེ་བྱེད་རས་རིས་བཀྲ་ཤིས་ཀྱིས། །སྡིག་པའི་དྲི་མ་རྣམ་བསལ་ནས། །སྒྲུབ་པོ་རྣམས་ལ་མཆོག་སྟེར་བྱེད། །གཙང་བྱེད་བྲམ་ཟེ་ལས་རྙེད་དམ། །
རྒྱལ་པོའམ་བུ་མོ་བཟང་གི་རས། །འཇམ་ཞིང་འཐས་པར་བརྡུངས་བྱས་ཏེ། །འདོད་པ་བཞིན་དུ་བྲི་བར་བྱ། །རམས་སམ་མིག་སྨན་ཁུ་བ་དང་། །སྨན་གསུམ་མེ་ཏོག་གཉིས་ལྡན་པའི། །ཁུ་བ་ཤིང་སྦྱིན་གསུམ་སྦྱར་ནས། །གཞན་ཡང་སྣ་ཚོགས་ཚོན་གྱིས་བྲི། །དེ་ལས་ཁྲོ་བོའི་
རྒྱལ་པོ་མི་གཡོ་བ་ནི་ཞལ་གཅིག་ཕྱག་གཉིས་པ་སྟེ། གཡས་རལ་གྲི། གཡོན་པ་སྡིགས་མཛུབ་ཞགས་པ་དང་འབྲེལ་བ། ཀླུས་བརྒྱན་པ། པདྨ་དང་། ཉི་མ་དང་། ཚོགས་ཀྱི་བདག་པོའི་སྟེང་ན་གཡོན་བརྐྱང་བས་འགྱིང་ཞིང་བསྐལ་པའི་མེའི་ནང་ན་ཁྲོ་བོ་དུ་མའི་ཚོགས་འཕྲོ་བ་བྲིའོ། །
ལྷའི་དབང་ཕྱུག་མི་གཡོ་མགོན་པོ་ནི་ཞལ་གསུམ་ཕྱག་དྲུག་པ་ཞལ་གཡས་དཀར་བ་གཡོན་དམར་བ། ཞལ་རེ་རེ་སྤྱན་གསུམ་གསུམ་དང་ལྡན་པའོ། །སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཡས་གསུམ་ན་རལ་གྲི་དང་། ཆུ་གྲི་དང་། སྟ་རེ་བསྣམས་པ། གཡོན་གསུམ་ན་སྡིགས་

མཛུབ་དང་། འཁོར་ལོ་དང་། ཁ་ཊྭཱཾ་ག་འཛིན་པ་དང་། ཀླུས་བརྒྱན་ཅིང་ཐོད་པའི་དོ་ཤལ་ཅན། སྟག་གི་ཤམ་ཐབས་དང་། གླང་པོ་ཆེའི་སྟོད་གཡོགས་དང་། ཐོད་པ་ལྔའི་དབུ་རྒྱན་ཅན། རུས་པས་བརྒྱན་ཅིང་པདྨ་དང་། ཉི་མའི་སྟེང་ན་གཡོན་བརྐྱང་ཞིང་གཡས་བསྐུམ་པའི་ཚུལ་གྱིས་
འགྱིང་བ། བསྐལ་པའི་མེའི་གཟི་མདངས་ཀྱི་ནང་ནས་ཁྲོ་བོ་བཅུ་འཕྲོ་བ་བྲིའོ། །ལྷ་མིན་རྒྱལ་པོ་མི་གཡོ་བ་ནི་ཞལ་བཞི་རེ་རེ་ལ་ཡང་སྤྱན་གསུམ་གསུམ་དང་ལྡན་ཞིང་། ཕྱག་བཞིའི་གཡས་གཉིས་ན་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ན་སྡིགས་མཛུབ་དང་ཐོད་ཁྲག་ཅན།
སྟོད་ལ་མིའི་པགས་པ་གྱོན་ཞིང་སྟག་གི་ཤམ་ཐབས་ཅན། རུས་པ་དང་། ཀླུས་ཡན་ལག་བརྒྱན་པ། བསྐལ་པའི་མེ་འབར་ཞིང་ཁྲོ་བོའི་ཚོགས་ཀྱི་སྤྲིན་དུ་མ་འཕྲོ་བ། པདྨ་ལ་ཞབས་བཞིས་བདུད་བཞི་མནན་ཅིང་སྐྲ་སེར་པོ་གྱེན་དུ་བརྫེས་པ་བྲིའོ། །བདུད་ཐམས་
ཅད་འདུལ་བའི་མི་གཡོ་བ་ནི་གཏུམ་པོ་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་། ཞགས་པས་འབྲེལ་བ། སྐྲ་ནག་པོའམ་སེར་པོ་གྱེན་དུ་བརྫེས་པ། རིན་པོ་ཆེའི་ཅོད་པན་དང་། དོ་ཤལ་དང་། ཡན་ལག་ཐམས་ཅད་བརྒྱན་ཅིང་སྟག་གི་ཤམ་ཐབས་ཅན། སྦྲུལ་དཀར་པོ་སེ་
རལ་ཁར་ཐོགས་པ། བསྐལ་པའི་ཚོགས་ཀྱི་མེར་འབར་བའི་ནང་ན་ཁྲོ་བོ་དུ་མ་འཁྲུག་ཅིང་། པདྨ་དང་ཉི་མ་ལ་པུས་མོ་གཡས་པ་འཐབ་སྟངས་ཀྱི་ཚུལ་དུ་བཞུགས་པའམ། ཡང་ན་གཡོན་པ་གཤེད་པོའི་ཚུལ་དུ་བཙུགས་ཤིང་ལྷག་མ་ནམ་མཁའ་ལ་འགྲེང་ཞིང་བཏེག་པ་བྲིའོ། །
གང་ཡང་རང་འདོད་པ་ཞིག་དེ་ལྟར་བྲིས་ནས། དེའི་མདུན་དུ་རང་ཉིད་ཀྱི་འདྲ་འབག་ཚོན་སྣ་ཚོགས་ཀྱིས་བྲིས་ལ། རི་མོ་མཁན་ལ་གོ་བ་ལེགས་པར་བསྐྱེད་ནས། མཛེས་པ་གཡོན་དུ་ཕུལ་ཏེ། བཀྲ་ཤིས་བརྗོད་ནས། རང་གི་གནས་ཀྱི་དབེན་པའི་ཕྱོགས་སུ་བཞུགས་པ་མངོན་
སུམ་དུ་མི་གཡོ་བར་བསྒྲུབས་ཏེ། མེ་ཏོག་ལ་སོགས་པས་ལེགས་པར་མཆོད་ནས། ཡེ་ཤེས་ཀྱི་ཁྲོ་བོའི་རྒྱལ་པོ་ཡང་དེ་ཉིད་ལ་བསྟིམ་པར་བྱའོ། །གང་ཡང་དངོས་གྲུབ་འདོད་པས་སྤོས་དང་། མེ་ཏོག་དང་། སྒྲོན་མ་དང་། ཞལ་ཟས་དང་། གོས་ལ་སོགས་པས་རྒྱུན་དུ་

མཆོད་ན་སངས་རྒྱས་ཐམས་ཅད་ཀྱི་གསང་སྔགས་འགྲུབ་པ་ལ་གདོན་མི་ཟའོ། །འདིར་སྐྱེ་བོ་འགའ་ནི་དམན་པ་སྟེ། སྐུར་པ་འདེབས་ན་ཤིན་ཏུ་ཡང་ལྷུང་བར་འགྱུར་བའི་ཕྱིར་སྐུ་དབེན་པའི་ས་ཕྱོགས་སུ་སྦ་བར་བྱའོ། །ཞི་རྒྱས་དབང་དང་བསད་པའམ།
རལ་གྲི་ལ་སོགས་བརྒྱད་རྣམས་དང་། །མཆོག་གི་སངས་རྒྱས་ཐམས་ཅད་ནི། །རྒྱལ་བའི་གཟུགས་བརྙན་ལས་རྙེད་འགྱུར། །འཕགས་པ་མི་གཡོ་བའི་རྟོག་པའི་རྒྱལ་པོ་ལས་བྲིས་སྐུའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གསང་བ་རྣམ་པར་
དག་བྱེད་ཅིང་། །དངོས་གྲུབ་མྱུར་ཕྱིར་གསང་སྔགས་རྣམས། །རིམ་པ་དབྱེ་བ་ངོ་མཚར་ཉོན། །བཅུ་བཞིའི་དབྱངས་ལས་ཡུམ་གྱིས་བརྒྱན། །གསལ་བྱེད་གཉིས་པའི་དང་པོ་ལ། །གསུམ་པའི་ལྔ་པས་ཉེ་བར་བརྒྱན། །གསུམ་པའི་གསུམ་པ་དེར་བཞག་གོ། །ལྔ་པའི་ལྔ་པ་བརྒྱད་པ་
ལ། །དབྱངས་ཀྱི་གཉིས་པས་མཛེས་པར་བྱས། །མེ་དང་དབྱངས་བཅུ་གསུམ་པར་འབྲེལ། །དྲོད་གཉིས་པ་དང་དྲག་མཐའ་འབྲེལ། །སུམ་ཅུ་གསུམ་དང་དབྱངས་དྲུག་འབྲེལ། །ཉི་ཤུ་རྩ་ལྔ་པས་བརྒྱན་ནོ། །ཉི་ཤུ་གཉིས་དང་བཅུ་གཅིག་འབྲེལ། །དེ་ལ་ཉི་ཟླས་རྣམ་བརྒྱན་པའོ། །
གསང་སྔགས་རྒྱལ་པོ་ཡི་གེ་བཅུ། །སྟོང་ཁྲི་འབུམ་མམ་བྱེ་བ་བཅུ། །ས་ཡ་བཟླས་ཀྱང་ལྷ་མཐོང་འགྱུར། །སྙིང་པོ་སྡིག་བྲལ་དགའ་བ་སྟེ། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱིས་བསྔགས། །སྡུག་བསྔལ་ཟད་བྱེད་བདེ་བ་ཆེ། །སྒྲུབ་པ་རྣམས་ལ་སྐྱེད་བྱེད་པའི། །གསང་
སྔགས་དྲག་པོ་དྲན་བྱེད་ན། །འཇིག་རྟེན་འདིར་ཡང་ཚེ་རིང་འགྱུར། །སངས་རྒྱས་འགྱུར་རོ་གཞན་ཅི་སྨོས། །ཨོཾ་སྭ་བྷཱ་བ་ཤུད་དྷཱཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། གཟུང་བ་དག་པ་ཡེ་ཤེས་ཀྱི་སྔགས་སོ། །ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། འཛིན་པའི་སེམས་དག་པ་ཡེ་ཤེས་
ཀྱི་སྔགས་སོ། །ཨོཾ་བཛྲ་ཤུད་དྷཱཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅་ཧཾ། སྐུ་བརྟན་པ་རྡོ་རྗེ་ཡེ་ཤེས་ཀྱི་སྔགས་སོ། །ཨོཾ་ཀཱ་ཡ་བཱཀྩིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་སྔགས་སོ། །ཨོཾ་ཨ་ཙ་ལ་ཏེ་ཛ་བཛྲ་པུཥྤེ། དྷཱུ་པེ། དཱི་པེ། གན་དྷེ། ནཻ་བི་དྱེ་ས་པ་རི་ཝཱ་རེ་བྷྱཿཛཿཧུྃ་པྃ་ཧོཿ།

སནྟྲྀཔྟཱ་སརྦ་སཏྲཱནཱྃ། ཨི་མཾ་བ་ལིཾ་གྲྀ་ཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་བྷཀྵ་བྷཀྵ་ཎི་ཧཱུཾ་ཕཊ། མཆོད་པ་དང་གཏོར་མའི་སྔགས་སོ། །ཞོ་དང་འོ་མ་འབྲས་ཆན་དང་། །སཱ་ལུ་དཀར་དང་ཏིལ་དཀར་དང་། །གྲོ་དང་ནས་དང་བྲ་བོ་དང་། །ཤིང་ཏོག་ལ་སོགས་རྟག་པར་མཆོད། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་
མཎྜལ་མ་དྷྱེ་ཨཱ་གཙྪ་ཡ། ས་མ་ཡ་སྟྭཾ། སྤྱན་དྲང་བའི་སྔགས་སོ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཤ་ཏྲུཾ་ཨ་མུ་ཀ་སྱ་ཤ་རཱི་རཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཀ་ཏི་མུ་ཏ་སྟམ་བྷ་ཡ། ཧྲྀ་དི་ཀཱི་ལ་ཡ་ཧཱུཾ་ཕཊ། པཱ་དེ་ཀཱི་ལ་ཡ་སྭཱ་ཧཱ། ཕུར་བུས་གདབ་པའི་སྔགས་སོ། །ན་མཿས་མནྟ་ཀཱ་ཡ་ཝཱཀྩིཏྟ་
བཛྲ་ཎཱཾ། ཨོཾ་ཨ་ཙ་ལ་ཀཱ་ན་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ་ཏྲཱྃ་མྃ་ཧཾ། ལས་ལ་བསྐུལ་བའི་སྔགས་སོ། །ན་མཿས་མནྟ་ཀཱ་ཡ་ཝཱཀྩིཏྟ་བཛྲཱ་ཎཱཾ། ཨོཾ་ཨ་ཙ་ལ་ཀཱ་ན་ཙཎྜ་ཏ་ན་ཏ་ན། མཊྚ་མཊྚ། མོ་ཊ་མོ་ཊ། ཏཊྚ་ཏཊྚ། ཧ་ན་ཧ་ན། ད་ཧ་ད་ཧ། ཏིཥྛ་ཏིཥྛ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། མ་
ཧཱ་མནྟྲ་བྷ་ལ་ཀ །དྷུ་ན་དྷུ་ན། ཏི་ནི་ཏི་ནི། ཁ་ད་ཁ་ད། བིགྷྣཱན། མ་ར་མ་ར་དུཥྚཱ་ན་དུཥྚཱ་ན་དཥྚཱན་རཀྵ་ཧཾ། སརྦཱན། ཀུ་རུ་ཀུ་རུ། ཀི་རི་ཀི་རི། མ་ཧཱ་བིགྷྣཱཾ་བཛྲ། སྥོ་ཊ་ཡ་སྥོ་ཊ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཏྲི་བ་ལིངྟ་རཾ་ག་ན་རཀྟ། ཨོཾ་ཨོཾ་ཨོཾ། ཧཱུྃ་ཧཱུྃ་ཧཱུྃ། ཨ་ཙ་ལ་ཏེ་ཛ། སྥོ་ཊ་ཡ་སྥོ་ཊ་ཡ།
ཧཱུྃ་ཧཱུྃ། ཨ་མནྟིཀ །ཀྲོ་དྷ་མ་ཧཱ་བ་ལ། ཤྲོ་ཏྲཱ་ཡ། མ་ནཱ་ཡ། མནྟ་ཧྃ་མྃ། ཤུདྡྷ་ཏུ་མོཀྵ། དུ་པྱ་དུ། བཛྲ་ནཱ་མ་ཏཾ། ཨ་པྲ་ཏི་ཧ་ཏེ་བྷྱཿ། ཛྭཱ་ལཱ་ཡ་ཏྲཱ་ཡ། ཨ་ས་ཧ་ན། མ་ཧཱ་སྭཱ་ཧཱ། ལས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་སྔགས་སོ། །ན་མཿས་མནྟ་ཀཱ་ཡ་ཝཱཀྩིཏྟ་བཛྲཱ་ཎཱཾ། ཨོཾ་ཏྲ་ཏྲ་ཨ་མོ་
གྷ། ཙཎྜ་མ་ཧཱ་རོ་ཥ་ཎ། སྥོ་ཊ་ཡ་ཧཱུྃ་ཕཊ། ཏྲ་མ་ཡ་ཏྲ་མ་ཡ་ཧཱུྃ། ཏྲ་ཏ་ཧཾ་མཾ། ཨོཾ་བ་ལིནྟ་ཏེ་ཛོ་མཱ་ལི་ནི་སྭ་ཧཱ། ཆོ་ག་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་སྔགས་སོ། །ན་མཿས་མནྟ་ཀཱ་ཡ་ཝཱ་ཀྩིཏྟ་བཛྲཱ་ཎཱཾ། ཨོཾ་ཨ་མོ་གྷ་ཨེ་ཧྱེ་ཧི་ཨ་པྲ་ཏི་ཧ་ཏ་ཨེ་ཧྱེ་ཧི་ཨ་ཙ་ལ་ཝ་ཏེ་ཛ། ཨ་ནནྟ་ཀ་ན། ཏིཥྛ་ཏིཥྛ། ཙུ་རུ་
ཙུ་རུ། ཏ་ཊི་ཏ་ཊི། ཏ་ཊ་ཏ་ཊ། བིགྷྣཾ་གྷཱ་ཏ་ཡ། མཱ་ར་ཡ། ཁཱ་ད་ཡ། སྥོ་ཊ་ཡ། ཏྲ་ཏ་སྟཾ། ཙ་མེ་ན། ཨ་ནུ་བནྡྷ། ཨཱ་ཛྙཱ་ཀུ་རུ། ཨ་ས་ཧ་ད། ཨ་ན་ཨ་གྲ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ཧཾ་ཧཾ། ཨ་ཊི་བ་ལ། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎ། བི་ཥ་ཎ། ནནྟ་ནནྟ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ།

ཨ་ཙ་ལ་ཏེ་ཛ། སརྦ་ཏྲ་ཨ་ནུཏྟ་རེ་ཀི་ཙ་ཏ། ཏ་ཊ་ཏ་ཊ། དྷརྨ་དྷརྨ། ཕཊ་ཕཊ་ཧཾ། འདི་ནི་བསྲུང་བ་དམ་པའི་སྔགས་སོ། །ཁྲོ་བོའི་རྒྱལ་པོ་མི་གཡོ་བའི། །གང་གིས་གསང་སྔགས་རྣམས་ཤེས་ན། །ཡི་གེ་ཙམ་གྱིས་བདུད་བརླག་བྱེད། །མང་དུ་བརྗོད་ན་
སྨོས་ཅི་དགོས། །འཕགས་པ་མི་གཡོ་བའི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས་གསང་སྔགས་རྣམས་འབྱུང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གསང་སྔགས་གྲུབ་པ་ལས་བྱུང་བའི། །ལས་ཀྱི་སྦྱོར་བའི་དབྱེ་བ་ཡིས། །འདོད་རྣམས་
ཤིན་ཏུ་འགྲུབ་བྱེད་དེ། །བསམ་གཏན་རྣམ་དག་ཆོས་རྣམ་དག །ཡེ་ཤེས་རྣམ་དག་སྐུ་རྣམ་དག །རང་བྱུང་རྣམ་དག་དོན་རྣམ་དག །བྱ་བ་རྣམ་དག་བྱེད་པ་དག །སྒྱུ་མ་སྒྱུ་མའི་ཡེ་ཤེས་ཆེ། །སྒྱུ་འཕྲུལ་ལྟ་བུའི་འཁྲུལ་འཁོར་དང་། །མིག་ཡོར་སྨིག་རྒྱུའི་གཟུགས་
བརྙན་འབྲེལ། །སྣ་ཚོགས་ཆུ་བུར་བཞིན་གཡོ་བའི། །གང་གིས་བདུད་ལས་རྒྱལ་བྱེད་པའི། །ཡུངས་ཀར་རྒྱལ་པོ་བསྒྲུབ་པར་བྱ། །རྒྱལ་གྱི་སྐར་མར་བཙུགས་བྱས་ཏེ། །ཐོད་པ་དཀར་པོ་དྲི་ཆུས་བྲན། །འདི་ནི་ལས་རྣམས་ཀུན་བྱའི་ཕྱིར། །དུས་སུ་བསྲུང་ཞིང་
བསྐྱེད་བྱ་སྟེ། །དུས་སུ་མཆོད་དང་གཏོར་མ་བྱས། །བར་ཆད་ཀུན་ལས་རྣམ་རྒྱལ་ཡིན། །ཡང་ན་གྲོ་གའམ་སྤྲ་ཚིལ་ལ་སྦྲུལ་ནག་པོའི་གཟུགས་བྱས་ནས་གུ་གུལ་ཚིལ་ཆེན་གྱིས་བདུག་ཅིང་སྔགས་དྲག་ཏུ་བརྗོད་དེ། གང་འདོད་པའི་ལུས་ལ་བྱབས་ནས། ཁྲུས་བྱས་ཏེ་རྩྭ་
ཀུ་ཤའི་ཆུན་པོས་འོག་ནས་གཡུག་ཅིང་། །ནཱ་ག་རཱ་ཛ་ས་མ་ཡ་དུན་ཏི། །ཕུ་ཊ་ཕུ་ཊ་ཕཊ་ཅེས་བརྗོད་ན། གང་ལ་ཀླུ་གནོད་པ་དེ་སོས་པར་བྱེད་དོ། །ཡང་ན་གོང་དུ་བསྟན་པའི་ཡུངས་ཀར་དང་། གུ་གུལ་གྱིས་བདུག་ཅིང་སྔགས་དྲག་ཏུ་བརྗོད་ན་ཀླུ་འབྲོས་སོ། །སླར་ཡང་
མི་ལྡོག་གོ། །འབྱུང་པོ་ལ་སོགས་པའི་གདོན་གྱིས་ཟིན་པ་ལ་ཡུངས་ཀར་བསྐྱེད་པ་ལ་སྔགས་མང་དུ་བཟླས་ནས་གཏོར་ན་འབྱེར་རོ། །བྱིས་པ་གསར་དུ་བཙས་པ་བསྲུང་བ་ནི་ཁམ་ཕོར་ལ་རྡོ་རྒྱུས་ཀྱིས་བྲིས་པ་བཅང་ངོ་། །སྤྲ་ཚིལ་གྱི་གཟུགས་སོར་བཞི་པའི་ཚད་དུ་བྱས་པའི་

སྙིང་གར་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་བཅུག་ལ་ཁ་ལ་ཚེར་མ་བཙུགས་ན་བསྒྲུབ་བྱའི་ཁ་ལ་ཚེར་མ་བཙུགས་པར་འགྱུར་རོ། །རྐང་པ་ལ་བཙུགས་ན་རེངས་སོ། །སྙིང་ལ་གཙུགས་ན་དྲན་པ་སྟོར་བར་བྱེད་དོ། །མིའི་རྗེ་ངར་གྱི་རུས་པའི་ཕུར་བུའམ། ལྕགས་
ཕུར་ཡན་ལག་གང་དང་གང་ལ་བཏབ་པ་དེ་ཞ་བའམ་རེངས་པར་བྱེད་དོ། །དུར་ཁྲོད་ཀྱི་ཐལ་བ་ལ་མང་དུ་བསྔགས་ནས་དགྲ་བོའི་སྒོ་འོག་ཏུ་བཏབ་ན་འབྱེར་རོ། །གཡུལ་དུ་ཞུགས་ནས་རལ་གྲི་ལ་བསྔགས་ཏེ། བཟུང་ན་རྒྱལ་ལོ། །གང་ལ་ཡང་གཏོར་མའི་བྱེ་བྲག་གིས་
འགྲུབ་ངེས་སོ། །དུར་ཁྲོད་དུ་ཕྱིན་ཏེ་སྣོད་ཐོད་པ་ལ་པད་སྣལ་དཀར་པོའི་སྡོང་བུ་དང་། ཚིལ་ཆེན་གྱི་མར་མེ་བྱས་ལ་ཚེས་བརྒྱད་དམ་བཅུ་བཞི་ལ་སྦར་བའི་དུ་བ་མིག་ལ་བྱུགས་ན་གཞན་གྱིས་མཐོང་ན་དགའ་བར་འགྱུར་རོ། །གལ་ཏེ་ཉི་མའམ་ཟླ་བ་གཟས་བཟུང་བའི་ཚེ་མི་གཡོ་
མགོན་པོའི་སྐུ་ཁམ་པ་ལ་བྱས་ནས་མེ་ཏོག་ཤེལ་པ་ལི་ཀའམ། དཎྜོཏྤ་ལས་མཆོད་ཅིང་སྔགས་མཚན་ཐོག་ཐག་བཟླས་པས་ཚེ་ལོ་སྟོང་ཐུབ་བོ། །ཡང་ཟླ་བ་གཟས་བཟུང་བའི་ཚེ་དུམ་བུ་དྲུག་པའི་ཐོད་པར་ཁྲག་སྣ་ཚོགས་བླུགས་ཏེ། མཎྜལ་ནག་པོའི་ཐོག་ཏུ་བཞག་ནས་ཁ་མེ་
ལོང་གིས་བཅད་དེ། དེའི་སྟེང་དུ་ཁམ་པ་ལས་བྱས་པའི་མི་གཡོ་བ་བཞག་སྟེ། རང་ཉིད་གཅེར་བུའི་ལུས་མ་ཧེའི་རྣམ་ལྔས་བྱུགས་ཏེ། མཚན་ཐོག་ཐག་བཟླས་ན་སྲིད་པ་གསུམ་མཐོང་བར་འགྱུར་རོ། །ཡང་ཉི་མ་དང་ཟླ་བ་གཟས་བཟུང་བའི་ཚེ་མཎྜལ་གྲུ་བཞི་པ་བྱས་ནས་གྲྭ་
བཞིར་རལ་གྲི་བཙུགས་ལ། རང་ཉིད་གཅེར་བུ་ལུས་ཐམས་ཅད་ཐལ་བས་བྱུགས་ཏེ་མཚན་ཐོག་ཐག་བཟླས་ན་སྲིད་པ་གསུམ་གསལ་བར་འགྱུར་རོ། །གལ་ཏེ་གཏེར་ཁ་དབྱེ་བར་འདོད་པས་མི་གཡོ་མགོན་པོའི་སྐུ་ཁམ་པ་ལས་བྱས་ལ། སྨན་དྲུག་ལ་སོགས་པ་དྲི་ཞིམ་པོ་
ཐམས་ཅད་དང་ལྷན་ཅིག་པའི་རིན་པོ་ཆེའི་སྣོད་ཁ་སྦྱར་དུ་བཅུག་ནས་མཎྜལ་དཀར་པོའི་དབུས་སུ་ཁྲིའུ་ལ་བཞག་ནས། དུས་གསུམ་དུ་མཆོད་ཅིང་བསྐོར་བ་བརྒྱ་རྩ་བརྒྱད་བྱས་ཏེ། གསོལ་བ་གདབ་ཅིང་ཨ་ག་རུ་ལ་སོགས་པའི་སྤོས་སྲེག་ཅིང་བསྟོད་པ་བྱས་ན་ཟླ་བ་གསུམ་གྱི་

རྗེས་སུ་གཏེར་རྙེད་ངེས་སོ། །གལ་ཏེ་ཆར་འབེབས་པར་འདོད་ན། ཀླུ་ཡོད་པའི་གནས་སུ་ཀླུའི་དཀྱིལ་འཁོར་བྱས་ཏེ། སྤྲ་ཚིལ་ལམ་བག་ཟན་ལ་དགའ་བོ་ལ་སོགས་པའི་གཟུགས་བྱས་ཏེ་ཁ་དོག་ཐ་དད་པར་བྱས་ནས་མཎྜལ་དེར་གཞུག་སྟེ། དམ་ཚིག་པ་
བསྐྱེད་ནས་དབུས་སུ་མི་གཡོ་མགོན་པོ་དང་བཅས་པ་ལ་ཡེ་ཤེས་ཀྱི་ལྷ་བཅུག་ནས། ཀ་ར་དང་། བུ་རམ་དང་། སྦྲང་དང་། འོ་མ་ལ་སོགས་པས་མཆོད་ཅིང་རྩ་བའི་སྔགས་འབྲུག་ལྟར་བསྒྲགས་པས་ཀླུ་རྣམས་སྐྲག་ནས་ཆར་པའི་རྒྱུན་འབེབས་པར་བྱེད་དོ། །གལ་ཏེ་མི་འབེབ་
ན་ཐོད་པ་དུམ་བུ་གཅིག་པར་ཀླུའི་གཟུགས་རྣམས་བཅུག་ལ། གདུག་པ་ཅན་གྱི་མེས་བསྲོས་ན་ཆར་ཤིང་རྟའི་འཕང་ལོ་ཙམ་ཞག་བདུན་དུ་འབེབས་པ་ལ་ཐེ་ཚོམ་མེད་དོ། །འཕགས་པ་མི་གཡོ་བའི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས་སྦྱོར་ཀ་ཕྲ་མོའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་
བཤད་བྱ་བ། །བསམ་གཏན་བརྟན་ལས་བྱུང་བ་ནི། །འཁྲུལ་མེད་ཉིད་དེ་གནོད་རྣམས་སེལ། །ཁམས་གསུམ་རྒྱལ་པོ་ཆེར་ཉོན་ཅིག །སྤྲོ་བསྡུའི་རིམ་པ་གོམས་གྱུར་ལས། །ཇི་སྲིད་འདོད་པའི་དུས་བར་དུ། །རང་སེམས་གནས་ནས་བརྟན་པར་འགྱུར། །དངོས་མེད་དངོས་
སོགས་མ་ལུས་པའི། །རྣམ་རྟོག་རབ་རིབ་ཀུན་བསལ་ནས། །ཉོན་མོངས་ནད་རྣམས་མ་ལུས་པ། །བག་ཆགས་དང་བཅས་གཏན་བཅོམ་ནས། །འཕྲལ་དུ་ཡང་ནི་བྲོད་དགའ་སྐྱེ། །སྤྲོ་ཡང་མི་དམིགས་བསྡུ་མི་དམིགས། །སྐྱེ་མེད་འགག་མེད་ཏིང་ངེ་འཛིན། །འབྱུང་
མེད་འགྲོ་མེད་བསམ་གཏན་ལ། །གནས་ན་ཡེ་ཤེས་མྱུར་དུ་ཐོབ། །བླ་མེད་ཡེ་ཤེས་ཡོན་ཏན་དང་། །མཐུ་རྣམས་ཆེ་བར་འགྱུར་བ་ནི། །བླ་མ་མཉེས་ལས་རྙེད་འགྱུར་བའི། །དེ་ཉིད་བདུད་རྩི་བཅུད་ཀྱིས་ལེན། །གུས་པས་རྟག་པར་ཉིན་མཚན་དུ། །རྒྱུན་ཆད་མེད་པར་
གོམས་བྱས་ན། །མྱུར་དུ་ཕྱག་རྒྱ་ཆེན་པོ་ཡི། །དངོས་གྲུབ་སྣོད་དུ་འགྱུར་བ་ཡིན། །འབད་རྩོལ་བྱང་ཆུབ་ཡན་ལག་སྟེ། །ལེ་ལོ་གཉིད་དང་གཡེང་བ་སྤང་། །སྔགས་གསལ་དམིགས་པ་བརྟན་གྱུར་ཅིང་། །བསམ་གཏན་ཐོན་ནས་འཁྲུལ་འཁོར་བརྩམ། །སྐར་མ་རྒྱལ་གྱི་

ཉིན་པར་ལ། །གྲོ་གའམ་ཡང་ན་ཤིན་ཤུན་ལ། །གུར་གུམ་གི་ཝང་ཙན་དན་གྱིས། །རྡོ་རྗེ་རྒྱ་གྲམ་མུ་ཁྱུད་བཅས། །དབུས་སུ་མིང་དང་སྔགས་སྤེལ་བྲི། །མུ་ཁྱུད་ལ་ནི་རྩ་སྔགས་བྲི། །རྭ་ཀུན་ལ་ནི་ཧཱུཾ་དང་མིང་། །སྤེལ་ཏེ་གཡས་ནས་བསྐོར་ལ་བྲི། །དཀྱིལ་འཁོར་དཀར་
པོའི་དབུས་སུ་ནི། །མེ་ཏོག་དཀར་པོའི་སྟེང་བཞག་ནས། །ལྷ་ཡི་སྐུར་ནི་བསྐྱེད་བྱས་ཏེ། །སྟོང་རྩ་བརྒྱད་དུ་བཟླས་བྱས་ནས། །གང་ཞིག་འདོད་པའི་དཔུང་པ་འམ། །ལུས་ལ་བཅངས་ན་སྲུང་བར་བྱེད། །ཁམ་ཕོར་སར་པ་ལ་རྡོ་རྒྱུས་ཀྱིས་བྲིས་ཏེ། སྒོར་བཅངས་ན་གསར་
དུ་བཙས་པའི་བྱིས་པ་སྲུང་ངོ་། །དུར་ཁྲོད་ཀྱི་རས་ལ་སྔགས་མིང་དང་བཅས་པ་བྲིས་ཏེ། སྤྲ་ཚིལ་གྱིས་གཏུམས་ནས་དུར་ཁྲོད་ཀྱི་བུམ་པར་བཅུག་ནས། ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད་དེ་སྦས་ན་མངལ་སྐེམས་པར་བྱེད་དོ། །ཕྱུང་ནས་འོ་མས་བཀྲུས་ན་སོས་སོ། །གལ་ཏེ་བསད་
པར་འདོད་ན་དཀྱིལ་འཁོར་གྲུ་གསུམ་ནག་པོར་བྱས་པའི་སྟེང་དུ་ཁམ་པ་ལས་བྱས་བའི་མི་གཡོ་མགོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་པ་གཉིས་ན་རལ་གྲི་དང་། རྡོ་རྗེ་སྡིགས་མཛུབ་དང་ཐོད་ཁྲག་གཡོན་ན་འཆང་བ་བྱས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཞུགས་སོ། །
དེ་ནས་དྲི་མ་དྲུག་དང་བག་ཟན་ལས་བསྒྲུབ་བྱའི་གཟུགས་སོར་བརྒྱད་བྱས་ནས། རྡོ་རྗེ་རྒྱ་གྲམ་གྱི་འཁོར་ལོ་བསད་པའི་ཤམ་བུ་དང་བཅས་པ་སྙིང་གར་བཅུག་སྟེ། དེའི་སྐུའི་ཞབས་སུ་བཞག་ནས་རང་ཉིད་ལྷའི་ཏིང་ངེ་འཛིན་དང་ལྡན་པས་ཟུར་བཞིར་མི་རུས་སམ་སེང་ལྡེང་ངམ།
ལྕགས་ལས་བྱས་པའི་ཕུར་བུ་སོར་བཞི་པ་བཞག་པ་ལ་ཐུན་མཚམས་ཐམས་ཅད་དུ་བཏབ་པས་ཤེས་པ་བརྒྱལ་བར་བསམ་མོ། །དེའི་འོད་ཀྱིས་མདུན་གྱི་ཕུར་པ་མི་གཡོ་བར་བསྒོམས་པའི་ཐུགས་བསྐུལ་ནས། དེ་ལས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་གྲངས་མེད་པ་སྤྲོས་པས།
བསྒྲུབ་བྱ་རླུང་གི་འཁོར་ལོ་ལ་བཞག་ནས་འོངས་པས་སྐད་ཅིག་ཙམ་གྱིས་ཕུང་པོ་གཏོར་ནས། ཤེས་པ་ལིང་ག་ལ་བསྟིམ་པར་བྱའོ། །དེ་ལྟར་ཞག་ཉི་ཤུ་རྩ་གཅིག་ཏུ་བྱས་པས་ཧོམ་ཁུང་དུ་བསྲེག་པའམ། མནན་པ་བྱས་ན་དབང་ཕྱུག་ཆེན་པོ་ཡང་གསོད་པར་ངེས་ན་གཞན་ལྟ་

སྨོས་ཀྱང་ཅི་དགོས། ཡང་ན་དྷ་དུ་ར་དང་། ཁྱི་ཁྲག་དང་། ཉའི་ཁྲག་གིས་འཁོར་ལོ་རལ་གྲིའི་རྩེ་མོ་ལྟར་རྣོ་བར་བྱས་ནས། ལྟེ་བའི་དབུས་སུ་གྲུ་གསུམ་མའི་ནང་དུ་བསྒྲུབ་བྱའི་མིང་དང་རྒྱུད་དུ་བཅས་པ་བྲིས་ལ། དེ་ཞགས་པས་བསྐོར་བར་བྱའོ། །རྩིབས་
རྣམས་སུ་སྔགས་ཀྱི་རྐང་པ་བརྒྱད་པ་བྲིའོ། །མུ་ཁྱུད་ལ་མིང་དང་བཅས་པའི་སྙིང་པོ་བྲིའོ། །དེའི་རྒྱབ་ཀྱི་མུ་ཁྱུད་ལ་ལས་ཐམས་ཅད་པ་བྲིའོ། །མུ་ཁྱུད་གསུམ་པ་ལ་རྡོ་རྗེ་དང་རལ་གྲི་སྤེལ་ནས་བྲི་བར་བྱའོ། །དེ་ནས་ཐོད་པ་ཁ་སྦྱར་གྱི་ནང་དུ་བཅུག་ནས་ཞིང་སྐྲས་བཅིངས་
ཏེ། བསྒྲུབ་བྱ་དག་ཟ་བའི་བསམ་གཏན་དང་ལྡན་པས་ཁྲོ་བོ་ཤིན་ཏུ་ཁྲོས་པས་ཁྲག་འདྲེན་པའི་ལྟ་བས་བལྟས་ན་ཞག་ཉི་ཤུ་རྩ་གཅིག་གིས་གང་ལ་བྱས་པ་དེ་ཁྲག་ཏུ་སྐྱུགས་ནས་འཆིའོ། །དུར་ཁྲོད་དུ་སྦས་ན་མཚོན་གྱི་བསྐལ་པ་བབས་ནས་འཆིའོ། །ཤིང་གཅིག་གི་
རྩར་སྦས་ན་རེངས་སོ། །ཆུ་མདོར་སྦས་ན་འབྱེར་རོ། །ལམ་རྒྱ་གྲམ་དུ་སྦས་ན་སྨྱོའོ། །ལྷ་རྟེན་ཞབས་སུ་སྦས་ན་ཞ་བོར་འགྱུར་རོ། །ཀླུ་ཡོད་པའི་སར་སྦས་ན་མཛེས་ཟིན་པ་ལ་ཐེ་ཚོམ་མེད་དོ། །རང་ཉིད་ཀྱི་ཉལ་བའི་ཞབས་སུ་སྦས་ན་འདོད་པའི་བུ་མོ་ཁུགས་སོ། །ཅི་སྟེ་རྒྱལ་
མཚན་གྱི་རྩེ་མོ་ལ་བཏགས་ན་དམག་ཀྱང་རེངས་སོ། །དེ་དག་ཐམས་ཅད་ལ་ཁྲོ་བོ་འབར་བ་དུད་པའི་ཁ་དོག་དང་ལྡན་པ་ཕྱག་བཞི་ཞབས་བཞི་སྤྱན་གསུམ་དང་ལྡན་པར་བལྟའོ། །དུར་ཁྲོད་ཀྱི་རས་ལ་དམག་དཔོན་གྱི་མིང་དང་སྤེལ་བའི་སྔགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་བྲིས་ལ་མཐའ་ཡི་གེ་
ལྃ་བརྒྱད་ཀྱིས་མནན་ཏེ། དེའི་ཕྱི་རོལ་དུ་དབང་ཆེན་གྱི་དཀྱིལ་འཁོར་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ། དེ་སྤྲ་ཚིལ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་སྙིང་གར་བཅུག་ནས་གང་འཐབ་པའི་མཚམས་སུ་བཞག་ན་དམག་རེངས་སོ། །གཞན་ཡང་གཟའ་སྐར་ལ་བལྟས་ཏེ་འཕྱར་རོ། །བསྐྲད་
པར་འདོད་ན་གྲོ་གའམ་རས་ལ་བྱ་རོག་དང་འུག་པའི་ཁྲག་གིས་གོང་དུ་གསུངས་པའི་འཁོར་ལོ་བྲིས་ཏེ། ཨུ་ཙྪཱ་ཊ་ཡ་སྤེལ་བར་བྱའོ། །ཆར་ཆེ་བའམ་སེར་བ་གཅད་པར་འདོད་ན། གྲོ་ག་ལ་གུར་གུམ་མམ་གི་ཝང་གིས་འཁོར་ལོ་རྩིབས་བཞི་པ་བྱས་ལ་མུ་ཁྱུད་གསུམ་པ་བྱས་ཏེ།

རྩིབས་བཞི་ལ་སྙིང་པོའི་སྔགས་ཡི་གེ་ཧཱུྃ་ལ་བསྐོར་བ་བྲིས་ལ། དབུས་ཀྱི་ལྟེ་བར་ཡི་གེ་ཀྵིཾ་བྲིས་ཏེ། དེ་ལ་རྩ་བའི་སྔགས་གཡོན་སྐོར་དུ་བྲིས་ནས། མུ་ཁྱུད་དང་པོ་ལ་ལས་ཐམས་ཅད་པའི་སྔགས་བྲིའོ། །གཉིས་པ་ལ་རལ་གྲིའི་ཕྲེང་བ། གསུམ་པ་ལ་ཀུན་ཏུ་མེ་རིའོ། །དེ་ལྟར་དམིགས་
ཏེ་མཆོད་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན་ཆར་ཆེས་པ་དང་སེར་བ་འཆད་པར་འགྱུར་རོ། །ཡང་བསད་པར་འདོད་པས་ཁམ་པའི་སྤར་བུ་ལ་མི་གཡོ་བའི་སྙིང་པོ་མཚལ་གྱིས་གཡོན་སྐོར་དུ་བྲིས་ནས་དཀྱིལ་འཁོར་གྲུ་གསུམ་གྱི་ནང་དུ་གོང་དུ་བསྟན་པའི་ལིང་གའི་སྙིང་གར་མིང་
དང་བཅས་པ་བཅུག་ནས་གན་རྐྱལ་དུ་སྟེང་དུ་ཁ་གཟར་ཏེ་ལས་ཐམས་ཅད་པའི་སྔགས་བཟླས་ཤིང་ཞག་བཅུ་དྲུག་ཏུ་ལས་བྱའོ། །དེ་ནས་དུར་ཁྲོད་ཀྱི་ས་ལས་བྱས་པའི་མཆོད་རྟེན་ཁྲུ་གང་པ་ནག་པོའི་བུམ་པའི་ནང་དུ་རང་གིས་བསྲུང་བ་ཉིད་བཅུག་ནས། མཆོད་རྟེན་བང་རིམ་
གསུམ་མན་ཆད་སྟོང་པའི་ནང་དུ་ཚ་ཚ་ལྔ་བཞག་པས་གྲུ་གསུམ་ཁ་བཀག་ཅིང་ལྷོ་ཕྱོགས་སུ་བཞག་གོ། །དེས་ཟླ་བ་གཉིས་ན་འཆི་ངེས་སོ། །གལ་ཏེ་གཞན་གྱི་རིག་སྔགས་གཅད་པར་འདོད་ན་དབང་ཆེན་གྱི་དབུས་སུ་ཚོགས་ཀྱི་བདག་པོ་བྲིས་ཏེ། ཟུར་ཐམས་ཅད་རྡོ་རྗེ་
རྒྱ་གྲམ་གྱིས་མཚན་པར་བྱས་ནས། གྲྭ་ཐམས་ཅད་ལྃ་གྱིས་མཚན་པ་སྟེ། རྡོ་རྗེ་ཕུར་པས་བསྒྲུབ་བྱའི་ལིང་གའི་སྟེང་དུ་མནན་ན། ཞག་བདུན་གྱིས་རིག་སྔགས་འཆད་དོ། །ཡང་ན་ཧཱུྃ་བཞི་མགོ་སྤྲད་པའི་འཁྲུལ་འཁོར་རོ། །ད་ནི་ཙུ་ཙུནྡྷ་རའི་པགས་པ་ལ་འཁྲུལ་
འཁོར་རེངས་པའི་སྦྱོར་བ་དང་བཅས་པའམ། སྦུ་ལ་སྡོང་བུ་བྱས་ཤིང་ཚིལ་ལ་མར་མེ་བྱས་ནས། དུ་བ་དེ་བཞར་ནས་མིག་ལ་བསྐུས་ན་དགྲས་མི་མཐོང་ངོ་། །ཡང་དཔྲལ་བར་ཐིག་ལེ་བྱ་སྟེ་ལག་པ་ལ་བསྐུས་ན་གང་ལ་རེག་པ་དེ་དབང་དུ་འགྱུར་ངེས་སོ། །རྐང་པ་ལ་བསྐུས་
ན་དཔག་ཚད་བརྒྱར་འགྲོ་ནུས་སོ། །སཱ་ལུའི་ཕྱེ་མ་ལ་གཟུགས་བྱས་ཏེ་ཕྱེ་མ་དེས་བསྐུས་ན་དགྲ་རེངས་པར་བྱེད་དོ། །དུར་ཁྲོད་ཀྱི་ཐལ་བ་དང་བཅས་པས་དགྲ་བོའི་སྒོའམ་དཔུང་ལ་གཏོར་ན་ནད་ཀྱིས་ཐེབས་སོ། །ཙུ་ཙུནྡྷ་རའི་པགས་པ་ལ་འཁྲུལ་འཁོར་བྲིས་ནས།

དབུགས་ཀྱིས་བརྒྱངས་ཏེ་སྔགས་སྟོང་བཟླས་ན་དགྲ་དེ་སྦོས་ནས་འཆིའོ། །དེ་ལ་སྔགས་ནི། ཏདྱ་ཐཱ། ན་མོ་སྟུ་ཏེ། མ་ཧཱ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། ཨོཾ་ག་ཎ་ག་ཎ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཨོཾ་ག་ཎཿག་ཎ་པ་ཏི་པྲ་ཛྲི་ཏི་ཡེ་སྭཱ་ཧཱ། ན་མོ་སྟུ་ཏི་མ་ཧཱ་ག་ཎ་པ་ཏ་ཡེ་སྭཱ་ཧཱ།
ཨོཾ་ཀརྐ་ཏྲ་ཀ་ཊ། མ་ཊ་མ་ཊ། དཱ་ར་དཱ་ར། བི་དཱ་ར་བི་དཱ་ར། ཧ་ན་ཧ་ན། གྲྀཧྞ་གྲྀཧྞ། ད་དྷ་བ་དཱ་དྷ་བ། ག་ར་ག་ར། བྷཾ་ཛ་བྷཾ་ཛ། ཛཾ་བྷ་ཛཾ་བྷ། མོ་ཧ་མོ་ཧ། དེ་ཧི་དེ་ཧི། དྷཱ་པ་ཡ་དྷཱ་པ་ཡ། དྷཱ་ཡ་ནྱ་དྷཱ་ཡ་ནྱ། སིད་དྷི་མེ་བྲ་ཡཙྪ། ས་མ་ས་མ། ས་མ་མཱ་ར་ཡ་མ་ཙུ་སྨ་ར་མ་པུ་ཏྲ་
པ་ཙ་ན་ཡ་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏུ་རུ་ཏུ་རུ་སྭཱ་ཧཱ། ཨོཾ་སུ་རུ་སུ་རུ་སྭཱ་ཧཱ། ཨོཾ་མུ་རུ་མུ་རུ་སྭཱ་ཧཱ། ཨོཾ་ཤཱིནྟཾ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ག་ཏ་བྲིཾ་དྷུ་ཀྲི་པི་ཏ་ཙིཏྟ། མ་ཧཱ་བི་དྷ་རཱ་ག་གས་ཙྪིནྟི། མ་ཧ་བྷ་ཡ། པ་ར་ཀྲ་མ། མ་ཧཱ་ཧཱ་སྟི། མ་ཧཱ་དྷ་ཀྲྀ་ཎི་ཡ། པྲ་ཙིཏྟ་ཡཱ་མི་སྭཱ་ཧཱ། ཨོཾ་
ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། ཨོཾཿགཿགཿགཿགཿགཿགཿགཿགཿཨོཾ་ན་མོ་ན་མཿསྭཱ་ཧཱ། བཟླས་པའི་སྔགས་ཨོཾ་བརྟ་ཀ་སྭཱ་ཧཱ། ཞེས་བྱའོ། །གཞན་ཡང་ཚོགས་ཀྱི་བདག་པོའི་སྦྱོར་བ་ལས་རླུང་བཅིང་བར་འདོད་ན་གུར་གུམ་དང་། གི་ཝང་དང་། ཡུང་བ་སེར་པོས་
རྒྱལ་པོའི་རས་ལ་དབང་ཆེན་གྱི་དཀྱིལ་འཁོར་གྱི་དབྱིབས་ཀྱི་སྟེང་དུ་རི་རབ་རྡོ་རྗེ་རྒྱ་གྲམ་གྱིས་མནན་པ་བྲིས་ལ། ཡྃ་དང་ལྃ་རིམ་པ་བཞིན་དུ་བཀོད་ནས་དེའི་དབུས་སུ་ཚོགས་ཀྱི་བདག་པོ་བྱི་བ་ལ་ཞོན་པ། ཁ་དོག་གསེར་བཙོ་མ་ལྟ་བུ་ཕྱག་བཞི་པ། གཡས་དང་པོ་ན་བགྲང་ཕྲེང་གཡོན་
དང་པོར་རྩེ་གསུམ་འོག་མ་གཉིས་ཀྱིས་ཐོད་པ་བདུད་རྩིས་བཀང་བ་འཛིན་པ། སྣ་ནམ་མཁའ་ལ་ཕྱར་ནས་བལྟ་བ་བྲིས་ཏེ། དེའི་སྙིང་གར་ཟླ་གམ་ལྗང་གུའི་སྟེང་དུ། ལྃ་ཡྃ་ལྃ་བྲིས་ལ་རྣལ་འབྱོར་པ་དབང་ཆེན་ཡོངས་སུ་རྒྱས་པའི་བསམ་གཏན་དང་ལྡན་པས་སྔགས་བརྒྱ་རྩ་བརྒྱད་
བཟླས་ན་རླུང་བཅིང་བའི་མཆོག་ཡིན་ནོ། །ཡང་ཐོག་གམ་ཤིང་གི་རྩེ་མོ་ལ་བཞག་ན་རླུང་བཅིང་བར་བྱེད་དོ། །ད་ནི་ཚོགས་ཀྱི་བདག་པོ་ཡི། །སྣ་ཚོགས་ལས་གྲུབ་འདི་བཤད་བྱ། །རྡོ་རྗེ་རྩེ་གསུམ་གྱིས་མཚན་པའི། །དབང་ཆེན་ཉིས་བརྩེགས་དབུས་སུ་ནི། །ཞལ་གཅིག་

ཕྱག་བཞི་རྩེ་གསུམ་དང་། བྷི་ཏི་པཱ་ལ་བགྲང་ཕྲེང་དང་། །ཨ་ཤོ་ཀ་ནི་བཟུང་བྱས་ཏེ། །བྱི་བའི་སྟེང་ན་སེམས་དཔའ་ཡི། །སྐྱིལ་ཀྲུང་གིས་བཞུགས་ཁྲོས་ནས་ནི། །སྔོན་པོ་རིན་ཆེན་རྒྱན་གྱིས་བརྒྱན། །བསམ་ལ་ལ་དུ་ལ་ཕུག་དང་། །འོ་མ་ཞོ་དང་སྦྲང་དཀར་དང་། །མར་དང་ཆན་
དང་སྲན་མ་ཤ། །བཙོས་པའི་ཤ་དང་ཤིང་ཏོག་རྣམས། །དུས་དང་དུས་སུ་མཆོད་བྱས་ན། །གཏེར་རྣམས་འདི་ཡིས་སྟེར་བར་བྱེད། །ཡང་ན་བདག་ཉིད་མི་གཡོ་བ། །ཞལ་གསུམ་ཕྱག་དྲུག་ཁྲོས་པའི་སྐུ། །རལ་གྲི་མདའ་དང་རྡོ་རྗེ་གཡས། །ཞགས་པ་གཞུ་དང་མདུང་
ཐུང་གཡོན། །ཁམས་གསུམ་གང་བའི་ཧཱུྃ་ལས་བསྐྱེད། །སྣ་ཚོགས་མདོག་ཅན་ཁྲོ་བོ་ནི། །དུ་མ་མཚོན་ཆ་རྣམས་བཟུང་བ། །རང་ལས་སྤྲོ་ཞིང་བསྡུ་བྱེད་པའི། །མདུན་དུ་ཚོགས་ཀྱི་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་པདྨ་ལ། །བཞེངས་ཏེ་མདའ་དང་གཞུ་འཛིན་
པ། །བསྐྱེད་ནས་བཙོས་པའི་ཤས་མཆོད་ནས། །བསྙེན་པ་སྟོང་བྱས་ལས་རྣམས་འགྲུབ། །ཡུལ་གྱི་ཚྭ་དང་ས་གསུམ་ལ། །ཚོགས་བདག་དེ་ཡི་གཟུགས་བྱས་ནས། །གནོད་པའི་མིང་དང་ལྡན་བཅུག་ན། །ལོ་ཉེས་མི་ངས་ཕྱུགས་ངས་སོགས། །གང་གི་མཚན་ནས་
བཟུང་བ་དེ། །གནོད་པ་ཀུན་ལས་སྲུང་བར་བྱེད། །འཕགས་པ་མི་གཡོ་བའི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས་འཁྲུལ་འཁོར་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལས་རྣམས་གྲུབ་པའི་ཡན་ལག་ཏུ། །གཅེས་པར་གྱུར་པའི་སྦྱིན་སྲེག་གོ། །ཚལ་
ནི་གཉིས་ཏེ་རྩུབ་ངོས་དང་། །ཡིད་འོང་རང་གི་ཁྱིམ་དུ་བསྒྲུབ། །ས་ནི་ལས་ཀྱི་དབྱེ་བས་ཤེས། །སྐྱོན་དང་བྲལ་བས་ཐབ་བརྩིག་བྱ། །རྒྱ་ལ་སོར་ཚད་ཉི་ཤུ་བཞི། །དེ་ཡི་ངོས་ལ་སོར་བཅུ་གཉིས། །དཔངས་ནི་དེ་ཡི་རྒྱ་ལས་ནི། །སོར་བཞི་ཆུང་བར་བསྐོར་བར་བྱ། །པདྨའི་
དབྱིབས་ཅན་བརྒྱན་བལྟས་ནས། །རལ་གྲི་འབར་བ་དགོད་པར་བྱ། །ཟུར་བཞིར་རྡོ་རྗེ་ཕྱེད་པ་བཞི། །ཐབ་ཁུང་ཁ་ལ་རྡོ་རྗེ་ཡི། །ཕྲེང་བ་གསལ་པོར་བསྐོར་བར་བྱ། །འདི་ནི་འཕྲིན་ལས་ཀུན་གྱིའོ། །ཡང་ན་ཁྲུ་གང་ནང་གྲུ་གསུམ། །རིམ་གསུམ་སུམ་གཉིས་སོར་ཚད་དོ། །ནང་

དུ་རྡོ་རྗེ་རྒྱ་གྲམ་བྲི། །གསད་པ་ལ་ནི་བསྔགས་པའོ། །ཏིལ་དང་འབྲས་དང་འོ་མ་དང་། །ཞོ་དང་མར་དང་སྦྲང་རྩི་དང་། །པ་ལ་ཤ་དང་བེ་ཤིང་སོགས། །མེ་ཏོག་དཀར་པོ་ཡོད་པ་སྟེ། །དཀར་གསུམ་མངར་གྱིས་བསྲེས་པ་རྣམས། །ཞི་བའི་ལས་ལ་ཤིན་ཏུ་
ཤིས། །སཱ་ལུ་ནས་དང་གྲོ་དང་ནི། །རྒྱ་རྩི་ཆེ་དང་ན་གུ་ལ། །སརྫ་གུ་གུལ་གུར་གུམ་བཅས། །ཙམ་པ་ཞོ་དང་ཉེའུ་ཤིང་། །མེ་ཏོག་གསེར་མདོག་ལ་སོགས་རྣམས། །རྒྱས་པའི་ལས་ལ་ཤིན་ཏུ་ཤིས། །ཙནྡན་དམར་དང་གུར་གུམ་དང་། །བྲ་བོ་ཏིལ་དང་རྒྱ་སྲན་དང་། །
ཁྲེ་དང་ཅུང་ཙེ་སྤེལ་བ་དང་། །བ་སེར་མོ་ཡི་བདུད་རྩི་ལྔ། །ན་ག་ཁྲོ་དང་ཙནྡན་དམར། །མེ་ཏོག་དམར་པོ་དབང་ལ་ཤིས། །བསད་ལ་ཁྲག་དང་དུག་ཡུངས་ཀར། །ཚྭ་གསུམ་ལིང་གར་བཅས་པའོ། །གོས་དཀར་རྒྱན་ཡང་དཀར་པོ་སྟེ། །ཡོ་བྱད་ཀུན་ཀྱང་དཀར་བྱས་དང་། །
བསམ་པ་བཟང་པོས་ཤར་བལྟས་པ། །འདིས་ནི་ཞི་བའི་ལས་རྣམས་འགྲུབ། །རྒྱན་གོས་ཡོ་བྱད་ཀུན་སེར་ཞིང་། །རྒྱས་པའི་ཡིད་བྱས་བྱང་དུ་བལྟས། །དགའ་བའི་དཀྱིལ་འཁོར་བསྐོར་བྱས་ན། །འདིས་ནི་རྒྱས་པའི་ལས་འགྲུབ་བྱེད། །རྒྱན་དང་གོས་དང་ཡོ་
བྱད་ཀུན། །ཁ་དོག་དམར་ཞིང་སྣུམ་གྱུར་ནས། །མྱོས་པའི་ཡིད་ལྟ་བུས་བལྟས་ན། །དབང་གི་ལས་རྣམས་འགྲུབ་པར་བྱེད། །རྒྱན་གོས་གནག་ཅིང་ཡོ་བྱད་གནག །རྩུབ་པའི་ཡིད་བལྟས་ཁྲོས་པའི་སྐད། །འབྱིན་ཅིང་ལྷོ་ཡི་ཕྱོགས་སུ་བལྟས། །དྲག་
པོའི་ལས་རྣམས་མྱུར་དུ་འགྲུབ། །དེ་ལ་ལས་བྱེད་པའི་དུས་སུ་མི་རུས་ལ་བྱས་པའི་ཕུར་པ་མི་གཡོ་བར་བསྒོམས་ལ། སྔོན་དུ་བསྙེན་པ་སོང་བས་དང་པོས་ཁ། གཉིས་པས་སྙིང་ག ། གསུམ་པས་ལྟེ་བ། བཞི་པས་པུས་མོ་རྣམས་སུ་དམ་པར་གདབ་བོ། །སྤྲ་
ཚིལ་ལམ། ཐལ་ཆེན་ནམ། བག་ཟན་ལ་ལིང་ག་བྱས་ལ་སྐེ་ཚེ་དང་། རེ་ལྕག་དང་། ཉའི་རྔོག་གཞོབ་རྣམས་བརྡུངས་ལ་ཁྲག་དང་སྦྱར་ནས་གྲོ་ག་ལ་རྡོ་རྗེ་རྒྱ་གྲམ་བྲིས་པའི་དཀྱིལ་དུ་མིང་དང་སྔགས་སྤེལ་ཏེ་བྲིས་པའི་སྙིང་ཀར་བཅུག་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨ་

མུ་ཀ་སྱ་སྟཾ་བྷ་ཡ། ཀཱི་ལ་ཡ་ཧཱུྃ་ཕཊ་ཅེས་གདབ་བོ། །བསྒྲུབ་བྱའི་ཤེས་པ་རླུང་གི་སྟེང་དུ་བཞག་ལ་དབུགས་དང་བཅས་པ་དྲང་ངོ་། །གལ་ཏེ་གསོ་བར་འདོད་ན་ཕུར་བུ་དང་མིང་བཏོན་ཏེ་འོ་མ་བླུག་ཅིང་། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཀུརྦནྟུ་ཡེ་སྭཱ་ཧཱ། ཞེས་བརྗོད་
ན་ཞག་བདུན་ནས་སོས་པར་འགྱུར་རོ། །ཡང་གསོད་པའི་ལས་བྱ་བར་འདོད་ན། ཧཱུྃ་ལས་སྐྱེས་པའི་མི་གཡོ་བ་ལོང་བ་ཞེས་བྱ་བ་ཤིན་ཏུ་དམར་བའི་མིག་གཅིག་ཡོད་པ། རལ་གྲི་དང་ཞགས་པ་ཅན་ཁ་དོག་ལྗང་ནག་རྩུབ་ཅིང་འཁྲུག་པ། རིན་པོ་ཆེའི་བྲག་ཕུག་ཏུ་གནས་
པ་ལ་དུས་རྟག་པར་རྒྱུན་དུ་མཆོད་ནས་གྲུ་གསུམ་ཐམས་ཅད་ཀྱི་དབུས་སུ་བསམས་ཏེ་ཤ་དང་ཁྲག་དང་དུག་དང་གཟུགས་བརྙན་རྣམས་ཞལ་དུ་བསྲེགས་ན་མྱུར་དུ་འཆིའོ། །རེངས་པར་འདོད་པས་རྔ་མོའི་རུས་པ་ལ་ཛེ་ཏ་ཡ་ཛེ་ཏ་ཡ་ཞེས་སྟོང་རྩ་བརྒྱད་དུ་བསྲེག་གོ། །ལྐུགས་
པར་འདོད་ན་རའི་ཤ་ལ་བྷ་ཏི་ར་བྷ་ཏི་ར་ཞེས་ཁྲི་ཚོ་གསུམ་བསྲེག་གོ། །སྨྱོ་བར་འདོད་ན་ཁྱི་ཤ་དང་ཆང་དང་དུག་སྣ་ཚོགས་པ་ལ་ཨུནྨནྡོནྨནྡ། ཞེས་སྟོང་རྩ་བརྒྱད་བསྲེག་གོ། །དགྲ་བོའི་མིག་ལོང་བར་འདོད་པས་སྐྱེར་པའི་ཤིང་དང་བོང་བུའི་རྟུག་པ་ལ་ཨ་ཏ་ཀ་ར་ཞེས་སྟོང་རྩ་བརྒྱད་དུ་
བསྲེག་གོ། །ཤ་ལྔ་བདུད་རྩི་ལྔ་དང་། རྔ་མོའི་རུས་པ་ལ་མོ་ཧ་ཡ་ཞེས་སྟོང་རྩ་བརྒྱད་བསྲེགས་ན་རྨོངས་པར་བྱེད་དོ། །ཡུང་བ་དང་ཙནྡན་ལ་ཛྭ་ར་ད་པ་ན་ཡ་ཞེས་བརྒྱ་རྩ་བརྒྱད་བསྲེགས་ན་ཡམས་འཆད་དོ། །སྦལ་པ་ཛི་ར་དང་ཁྱི་ནག་པོའི་ཤ་ལ་ཙི་ཏི་ཛྭ་ལཱོཾ་མ་པ་ན་ཡ། སྟོང་
བསྲེགས་ན་མཛེ་འཆད་དོ། །ཁུ་བ་དང་། ཁྲག་དང་། དྷ་དུ་ར་ལ་སུ་ཏྲི་ཚིནྡ་ཞེས་སྟོང་རྩ་བསྲེགས་ན་མངལ་སྐམས་སོ། །གཏུམ་པོ་དྲག་པོའི་ང་རྒྱལ་གྱིས། །དཱུར་བའམ་གི་ཝང་ངམ་ལན་ཚྭའམ། །རྒྱ་སྐྱེགས་བསྲེགས་ན་ཡམས་ནད་དང་། །འཁྲུགས་དང་འཇིགས་དང་
འབྱུང་པོ་ལྡོག །ཞོ་དང་ཀུ་མུ་ད་དང་སྦྲང་། །བྱ་རྒོད་ཀླད་པ་ཁྭ་ཡི་ཚིལ། །འདི་རྣམས་བསྲེགས་ན་སྨྱོ་ནད་དང་། །ལྒང་དང་བུ་མི་ཐོན་པ་སེལ། །ཀྱེ་གཞན་ཡང་སྔགས་ཀྱི་རྒྱལ་པོ་འདིས། །སྣ་ཚོགས་ལས་རྣམས་འགྲུབ་འགྱུར་ཞིང་། །བརྟན་པ་ཆེན་པོའི་ཡེ་ཤེས་ནི། །

འགའ་ལས་མྱུར་དུ་ཐོབ་བྱེད་ཅིང་། །གཡོ་འདོད་སྲེད་ལ་བླ་མ་སླུ། །ཚིག་ལ་སེམས་ཞིང་དོན་མི་ཚོལ། །བག་མེད་གཡེང་དང་སེར་སྣ་དང་། །བརྐམ་ཆེན་སྙིང་རྗེ་མེད་པས་ནི། །བསྐལ་པ་བརྒྱ་དང་སྟོང་ཕྲག་ཏུ། །བསྒྲུབས་ཀྱང་ནམ་ཡང་མི་འགྲུབ་སྟེ། །ལུས་
དང་ངག་དང་ཡིད་ཀྱི་སྒོ། །ངལ་བ་ལས་ནི་གཞན་དུ་མིན། །བཟའ་བཏུང་ཞིམ་པོ་སྣ་ཚོགས་རྣམས། །རྟག་པར་ཉིན་རེ་དུས་གསུམ་དུ། །གྲོགས་པོ་ཀུན་ལ་བྱིན་པས་ཀྱང་། །ལན་གཅིག་བླ་མ་མཆོད་པ་ཡིས། །བརྒྱ་ཡི་ཆར་ཡང་མི་ཕོད་དོ། །དེ་ནས་དེའི་ཚེ་
ལྷའི་དབང་པོ་དགའ་རབ་དབང་ཕྱུག་ལ་སོགས་པ་ལྷའི་བུ་དྲུག་ཁྲིས་ཁྲོ་བོ་ཆེན་པོ་མི་གཡོ་བ་ལ་བསྟོད་པ། ཀྱེ་ཧོ་བརྩེ་བའི་སེམས་མངའ་འོན་ཀྱང་འཁྲུགས་འདྲ་ཞིང་། །དགའ་ཞིང་ཤིན་ཏུ་དག་ཀྱང་ར་རི་སྣ་ཚོགས་སྤྲས། །ལྷ་ཡི་ཁམས་རྣམས་ཀུན་ལ་རལ་གྲི་ཕྱར་བའི་ཚེ། །ལྷ་
མིན་ཚོགས་ཀུན་བརྒྱལ་ཞིང་རབ་ཏུ་སྐྲག་པར་སྣང་། །སྲིད་པའི་ཉོན་མོངས་ཀུན་ལ་བསྡིགས་པའི་སྡིགས་མཛུབ་ཀྱིས། །བདུད་རྣམས་བརྒྱལ་ཞིང་སྐྲག་ནས་སྐད་ཕྱུང་ཐག་རིང་འབྲོས། །ཡི་གེ་ཕྱེད་པ་ཨ་ཧེའི་ཀུ་ཅོས་ལོག་ཕྱོགས་སྐྲག །ཆེ་བ་ཡི་ནི་ཤིན་ཏུ་ཆེ་གྱུར་ཁྱོད་ཀྱི་སྐུ། །
ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཤིན་ཏུ་བསྔགས་ཤིང་བསྟོད། །ཀླུ་རྣམས་འདུས་པས་ཆ་ཤས་ལུས་ཀྱིས་ཕྱོགས་པར་བརྒྱན། །ལྷ་དབང་བུ་མོ་རྣམས་ཀྱིས་རིན་ཆེན་རྒྱན་རབ་གསོལ། །སྤྱན་བགྲད་ལྗགས་འདྲིལ་སྟག་ལྤགས་འཛིན་པ་ཁྱོད་ལ་བསྟོད། །བསྟོད་པ་
ཆེན་པོ་དེས་བསྟོད་ནས་ཚངས་པ་ཆེན་པོ་ལ་སོགས་པ་ལྷ་ཚོགས་ཐམས་ཅད་བཅོམ་ལྡན་འདས་ལ་མངོན་པར་དགའོ། །འཕགས་པ་མི་གཡོ་བའི་རྟོག་པའི་རྒྱལ་པོ་ལས་སྦྱིན་སྲེག་གི་ལེའུ་སྟེ་བདུན་པའོ།། །།འཕགས་པ་མི་གཡོ་བའི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་འབུམ་པ་ལས་
དངོས་གྲུབ་ཐམས་ཅད་ཡོངས་སུ་འབྱུང་བ་ཞེས་བྱ་བའི་རྟོག་པ་རྫོགས་སོ།། །།པཎྜི་ཏ་ཨ་ཏུ་ལ་དཱ་ས་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་མར་པ་བནྡེ་ཆོས་ཀྱི་དབང་ཕྱུག་གྲགས་པས་བསྒྱུར་བའོ།། །།

༄༅། །རྒྱ་གར་སྐད་དུ། ཀྲོ་དྷ་རཱ་ཛ་སརྦ་མནྟྲ་གུ་ཧྱ་ཏནྟྲ་ནཱ་མ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་ཐམས་ཅད་གསང་སྔགས་གསང་བའི་རྒྱུད་ཅེས་བྱ་བ། ཁྲོ་བོ་མི་གཡོ་མགོན་པོ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་དག་བཤད་བྱ་བ། །ཁམས་གསུམ་ཞེ་སྡང་ཅན་
གཟིགས་ནས། །ཞེ་སྡང་ཐམས་ཅད་ཟད་བྱའི་ཕྱིར། །བཅོམ་ལྡན་ཐུགས་རྗེའི་རང་བཞིན་ཅན། །ཞེ་སྡང་མི་གཡོ་མགོན་པོར་མཛད། །ངོ་བོ་ཉིད་ཀྱིས་དག་པའི་བདག །སྔགས་དང་ཕྱག་རྒྱ་ཏིང་འཛིན་དང་། །རྣམ་དག་བསམ་གཏན་འཕྲིན་ལས་རྣམས། །བཅོམ་ལྡན་
རྡོ་རྗེ་འཆང་ཆེན་གྱིས། །དུར་ཁྲོད་འབར་བ་འཁྲུགས་པའི་སར། །འཛིན་པས་བཏུད་དེ་ངེས་ཞུས་ལ། །ཀྱེ་ཀྱེ་ཡང་དག་ཁྲོ་ཆེན་གཙོ། །མ་ལུས་རྣམ་དག་ལ་གནས་ཕྱིར། །མགོན་པོ་མི་གཡོའི་གསང་རྒྱུད་ལས། །སེམས་དཔའ་ཆེན་པོའི་ཏིང་འཛིན་གང་། །ངོ་མཚར་
ཐར་པ་ངེས་པར་གསོ། །དེ་ནས་ཡང་དག་ཡེ་གསུངས་པ། །དཔའ་བོ་དུར་ཁྲོད་གནས་པས་ལེགས། །རུས་པའི་རྒྱན་ངེས་ཕྱག་རྒྱ་དྲུག །གནས་པའི་ཚོགས་ཀྱི་བདག་ཉིད་དེ། །རྒྱུ་བཞི་ཚད་མེད་བཞི་རུ་གནས། །ཡེ་ཤེས་རྟོག་པའི་རྟོག་པའོ། །རྒྱུན་མ་ཆད་པའི་
དམ་པ་ཡིས། །ཉི་ཟླ་ཤེས་རབ་ཐབས་ཀྱི་གདན། །སྐུ་གསུང་ཐུགས་ཀྱི་ངོ་བོར་གནས། །གྱུར་པའི་མཚན་ལྡན་ཡེ་ཤེས་ལྔ། །ཕྱག་རྒྱ་དྲུག་མཛེས་བྱིན་བརླབས་ནས། །དུར་ཁྲོད་མ་ནི་འཁྱུད་པའོ། །ཕུང་པོ་ལ་སོགས་ཐུབ་པར་གནས། །པདྨ་རྡོ་རྗེ་བྱིན་གྱིས་བརླབས། །
བསྲུང་བའི་སྦྱོར་བ་མེད་པ་དང་། །མཚན་མ་བྲལ་དང་འདུས་མ་བྱས། །བྱེད་པ་རྣམ་མེད་རྟོག་པས་འདས། །སྐུ་ནི་དུག་འཛོམས་གནག་པའི་ཚུལ། །རྡོ་རྗེ་ཞགས་པ་བསྡིགས་གནས་པ། །གཡོན་བརྐྱང་གནས་པ་སྤྱན་རྩ་དམར། །པདྨ་གྲི་གུག་ཤེས་རབ་ཚུལ། །གཡོན་འཁྱུད་
ཚིམ་བྱེད་རྒྱན་བྲལ་བའི། །ཐབས་དང་ཤེས་རབ་མ་ཆགས་དང་། །ཐ་མ་བྱིན་ཟ་མནན་ཏེ་གནས། །འབར་བའི་དཀྱིལ་འཁོར་དབུས་ནའོ། །ཧཱུྃ་ལ་རྒྱ་གྲམ་རྡོ་རྗེ་གནས། །ཨེ་ལས་ཆོས་འབྱུང་གྲུབ་པ་མོ། །མཚོན་ཆ་ར་བ་དྲ་བས་སོ། །རྟེན་པ་ཕྱག་རྒྱ་ལྷ་ལྔ་གནས། །མོས་པ་

རྣམ་པར་གྲུབ་པ་ཡིན། །མོས་པ་རྣམ་པར་དག་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གཉིས་མེད་འགྱུར་བའི་གསང་བ་ནི། །འཁོར་ལོ་མི་བསྐྱོད་ཡེ་ཤེས་ཆེ། །མགྲིན་པ་ཕྲེང་བའི་རིན་ཆེན་འབྱུང་། །རྣ་ཆ་གཟུགས་ཀྱི་འོད་དཔག་མེད། །
རུས་པའི་རྣ་རྒྱན་དོན་ཡོད་གྲུབ། །ཐལ་བ་སྣང་མཛད་རྣམ་དག་གོ། །མིག་ལ་འདོད་ཆགས་རྡོ་རྗེ་མ། །རྣ་བ་ཞེ་སྡང་མ་ཞེས་གྲགས། །སྣ་ནི་སེར་སྣའི་རྣམ་པར་བོར། །ལྕེ་ལ་ཕྲག་དོག་རྡོ་རྗེ་མ། །ལུས་ལ་རྡོ་རྗེ་གཏི་མུག་གོ། །ཡིད་ལ་ཆོས་ཀྱི་དབང་ཕྱུག་སྟེ། །དཀྱིལ་འཁོར་ལུས་
ཉིད་རྣམ་དག་པ། །རྩ་ནི་ཐིག་གི་རང་བཞིན་ཏེ། །ཀ་བ་བརྒྱད་ནི་རྐང་བརྒྱད་དོ། །བདུད་རྩི་རྣམ་ལྔ་ཚོན་སྣ་ལྔ། །གཡས་གཡོན་སྟེང་འོག་སྒོ་ཉིད་དེ། །སོ་སེན་བ་སྤུ་ཏྭ་ར་ཎ། །སྙིང་གི་དབུས་ཀྱི་ལྟེ་བ་ཉིད། །ཕུང་པོ་ལྔ་ཡི་གཙོ་མོ་སྟེ། །ཁམས་དང་སྐྱེ་མཆེད་ལྷ་མོར་
གྲགས། །འབྱུང་བ་སྒོ་བ་བཞི་ཉིད་དེ། །འདོམ་གང་གྲུ་བཞི་ལྷམ་པ་སྟེ། །མི་གཡོ་མགོན་པོ་རྣམ་པར་ངེས། །ལུས་ཀྱི་རྣམ་པར་དག་པའི་ལེའུ་སྟེ་གཉིས་པའོ།། །།ཨོཾ་ཨཱརྱ་ཨ་ཙ་ལ་མཱརྱ་ར་ཡ་ཀྲོ་དྷ་ཧཱུྃ་ཕཊ། སྙིང་པོའོ། །ཨོཾ་ཨཱརྱ་ཨ་ཙ་ལ་ཀྲོ་དྷ་བི་བ་ཏ་ས་ཧཱུྃ་ཕཊ། ཉེ་
བའི་སྙིང་པོའོ། །ཨོཾ་ཙཎྜཱ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། གསང་བའི་སྙིང་པོའོ། །ཨོཾ་ཧ། ན་མ་ཧི། སྭ་ཧཱ་ཧུ། བཽ་ཥཊ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ་ཧཾ། རྒྱན་བྱིན་གྱིས་བརླབ་པའོ། །ཨོཾ་པདྨ་བོ་ལརྒ་མི་ཡཾ། ཊཾ་ཧཾ་མཾ་བྱཱཾ། བཛྲ་པྲ་ཏ་ཀ་ཀོ་ལ་ཧཱུྃ་ཕཊ། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབ་པའོ། །
ཀ་ས་མཱ་ར་ཁ་ན་ཧི་མཱ་ར་ཁ་ནི་ས་མཱ་ར་ཡ་ཕཊ། བསད་པའིའོ། །སརྦ་ཨ་མརྒཾ་མེ་ཨ་ཧཱུྃ། ཐུན་མོང་གྲུབ་པའོ། །ཨ་གཙྪ་ཕཊ། བསྐྲད་པའི་འོ། །སྭཱ་ཧཱ་རཏྣ་ན། རྒྱས་པའིའོ། །དྷརྨཱ་གུ་ཏ་ཧཱུྃ། དབང་གིའོ། །ཀརྨ་པུ་ཏ་ཤཱིནྟྃ་ཀུ་རུ་ཧཱུྃ། ཞི་བའིའོ། །སྔགས་ཀྱི་རྣམ་པར་དག་པའི་
རྟོག་པའི་དུམ་བུ་ལས་ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱི་སྔགས་གསང་བའི་རྒྱུད་ཅེས་བྱ་བ་ལས། འཕགས་པ་མི་གཡོ་བའི་སྔགས་རྣམ་པར་དག་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །ཁྲོ་བོའི་ཚོགས་རྣམས་

སྤྲོས་ནས་ནི། །གཙོ་མོ་ཐབས་ཀྱི་ཡན་ལག་བཀང་། །ལག་པ་གཡས་པར་གཤིན་རྗེའི་གཤེད། །གཡོན་པ་གཞན་གྱིས་མི་ཐུབ་པ། །རྟ་མགྲིན་ཁ་ལ་བསམ་པར་བྱ། །རྡོ་རྗེ་ལ་ནི་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་མི་གཡོ་བ། །གཡོན་པར་འདོད་པའི་རྒྱལ་
པོའོ། །པུས་མོ་གཡས་པར་བསམ་པ་ནི། །དབྱིག་པ་སྔོན་པོ་ཆེར་འབར་བ། །པུས་མོ་གཡོན་པར་སྟོབས་པོ་ཆེ། །སྤྱི་བོར་གཙུག་ཏོར་འཁོར་ལོས་སྒྱུར། །གནོད་མཛེས་རྒྱལ་པོ་བསམ་པ་ནི། །རྐང་པ་གཉིས་ལ་དགོད་པར་བྱ། །ཡང་ནི་ཡབ་ཡུམ་སྦྱོར་བ་ལས། །བྱང་ཆུབ་
སེམས་སྤྲིན་འདུ་འཕྲོ་ལས། །ཧཱུྃ་ཚོགས་ཁྲོ་མོར་སྤྲོས་ནས་ནི། །གཙོ་མོ་ཤེས་རབ་ཡན་ལག་དགང་། །ལག་གཡས་རྡོ་རྗེ་རོ་ལངས་མ། །གཡོན་ན་གཞན་གྱིས་མི་ཐུབ་མོ། །དེ་ཡི་ཁར་ནི་ཁྲོ་གཉེར་མ། །གསང་བར་རལ་པ་གཅིག་མའོ། །གཞན་ཡང་དཔུང་པ་གཡས་གནས་
པར། །དེ་བཞིན་གཤེགས་ཡུམ་རྡོ་རྗེ་མ། །གཡོན་དུ་སྣ་ཚོགས་རིན་ཆེན་གྱི། །ཕྱག་རྒྱ་དག་ནི་བསྒོམ་པར་བྱ། །པུས་མོ་གཡས་ལ་གནས་པར་ཡང་། །སྣ་ཚོགས་པདྨ་དེ་བཞིན་གཤེགས། །གཡོན་པ་ལས་ནི་སྣ་ཚོགས་ལས། །སྤྱི་བོར་ནམ་མཁའི་རྡོ་རྗེ་མ། །རྐང་པ་གཉིས་
ལ་ས་ཡི་ནི། །ས་འཛིན་ལྷ་མོ་གཞག་པར་བྱ། །ཐབས་དང་ཤེས་རབ་སྦྱོར་བ་ཡིས། །བྱང་ཆུབ་སེམས་སྤྲིན་འཕྲོ་འདུ་ལས། །གདོད་ནས་གྲུབ་པའི་སངས་རྒྱས་རིགས། །ཕྱུང་ནས་ལུས་ལ་དཀྱིལ་འཁོར་བཀོད། །དེ་དག་ཕན་ཚུན་སྦྱོར་བ་ལས། །རྗེས་ཆགས་ཆེན་པོའི་སྒྲ་
ཡིས་ནི། །བདེ་གཤེགས་ཚོགས་རྣམས་བསྐུལ་བྱ་སྟེ། །དེ་དག་ལ་ནི་ཡང་ཡང་གཞུག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྭྨ་ཀོ྅་ཧཾ། ཆུ་ལ་ཟླ་བའི་དཀྱིལ་འཁོར་བཞིན། །གསལ་བ་ལྷ་ཡི་རང་བཞིན་ནི། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ། །བརྗིད་
པའི་ཁྲོ་བོ་གར་དང་བཅས། །ཡང་ན་ཞལ་གཅིག་ཕྱག་གཉིས་པར། །རྣལ་འབྱོར་ཅན་གྱིས་བརྟན་པར་བསྒོམ། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །དེ་ཕྱིར་ནན་ཏན་བསྐྱེད་པར་བྱ། །འཕགས་པ་མི་གཡོ་བའི་རྟོག་པ་ལས་ལུས་ཀྱི་དཀྱིལ་འཁོར་བཀོད་པའི་

རིམ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཕྱི་ཡི་དཀྱིལ་འཁོར་དུ། །རིགས་ཀྱི་ཁྲོ་བོ་སྤྲོ་བ་ནི། །ཐབས་དང་ཤེས་རབ་སྦྱོར་བ་ལས། །རྣམ་པར་འཕྲུལ་པ་བཤད་པར་བྱ། །རང་སྔགས་ས་བོན་ལས་བྱུང་བའི། །གཏི་མུག་མི་གཡོ་མགོན་པོ་ནི། །
ཞལ་ནི་གནག་དང་དཀར་དང་དམར། །འབར་བའི་ཚོགས་ཀྱིས་རྣམ་པར་འཁྲིགས། །དབྱིག་པ་འཁོར་ལོ་རྡོ་རྗེ་བསྣམས། །ཕྱག་གཡས་ན་ནི་བསྣམས་པར་མཛད། །ཐུགས་ཀར་སྡིགས་མཛུབ་ཞགས་པ་དང་། །དྲིལ་བུ་དགྲ་སྟ་གཡོན་པ་ནི། །དབང་པོ་ལ་སོགས་ཚོགས་
བཅས་དང་། །མི་བཟད་བགེགས་ནི་སྐྲག་པར་མཛད། །པདྨ་ཉི་མ་མནན་ནས་ནི། །ཤར་གྱི་ཕྱོགས་སུ་བཞུགས་གྱུར་པ། །རྣམ་སྣང་དབུ་རྒྱན་ལྡན་པའོ། །རང་སྔགས་ས་བོན་ལས་བྱུང་བའི། །སེར་སྣ་མི་གཡོ་མགོན་པོ་ནི། །རིན་ཆེན་འབྱུང་ལྡན་དབུ་རྒྱན་ཅན། །གསེར་
མདོག་ཞལ་གསུམ་ཕྱག་དྲུག་པ། །སྤྱན་གསུམ་གསུས་ཆེ་ནོར་བུས་བརྒྱན། །སེར་དང་གནག་དང་དམར་བའི་ཞལ། །མཆེ་བ་གཙིགས་ཤིང་རྣམ་པར་རྒྱུ། །འབར་བའི་ཚོགས་ཀྱིས་རྣམ་པར་འཁྲིགས། །རྡོ་རྗེ་དབྱུག་པ་རལ་གྲི་ནི། །གཡས་ཀྱི་ཕྱག་ན་བསྣམས་པར་མཛད། །སྙིང་
གར་སྡིགས་མཛུབ་ཞགས་པ་དང་། །དྲིལ་བུ་དགྲ་སྟ་གཡོན་པ་ན། གཡོན་བརྐྱང་པ་ཡི་གནས་པ་ཡིས། །མི་བཟད་བགེགས་ནི་སྐྲག་མཛད་པ། །པདྨ་ཉི་མ་མནན་ནས་ནི། །ལྷོ་ཡི་ཕྱོགས་ན་བཞུགས་པར་གྱུར། །རང་སྔགས་ཡི་གེ་ལས་བྱུང་བའི། །འདོད་ཆགས་མགོན་
པོ་མི་གཡོ་བ། །སྤྱན་གསུམ་པདྨ་རཱ་གའི་མདོག །ཞལ་ནི་དམར་དང་གནག་དང་དཀར། །ཞལ་གདངས་གསུས་ཁྱིམ་ཆེ་བ་དང་། །འོད་དཔག་མེད་པའི་ཅོད་པན་ཅན། །དཔའ་བོ་གཡོན་བརྐྱང་པ་ཡིས་གནས། །འབར་བའི་ཚོགས་ནི་རྣམ་པར་འཁྲུགས། །པདྨ་རལ་གྲི་གཏུན་ཤིང་
ནི། །གཡས་ཀྱི་ཕྱག་ན་བསྣམས་པར་མཛད། །སྙེམས་དང་བཅས་པས་དྲིལ་བུ་དང་། །དགྲ་སྟ་ཞགས་པ་གཡོན་ན་བསྣམས། །པདྨ་ཉི་མ་ལ་གནས་ཏེ། །ཕྱོགས་བཅུ་དག་ཏུ་གཟིགས་ནས་ནི། །ཀླུ་རྣམས་སྐྲག་པར་མཛད་ནས་སུ། །ནུབ་ཀྱི་ཕྱོགས་སུ་བཞུགས་པར་གྱུར། །

རང་སྔགས་ས་བོན་ལས་བྱུང་བའི། །ཕྲག་དོག་མི་གཡོ་མགོན་པོ་ནི། །དོན་ཡོད་རྡོ་རྗེའི་དབུ་རྒྱན་ཅན། །སྔོ་ལྗང་ཨུཏྤལ་འདབ་མའི་མདོག །ཞལ་ནི་སྔོ་དང་དམར་དང་དཀར། །ཞལ་གདངས་ལ་ནི་རྣམ་པར་འགྱུར། །གསུས་ཁྱིམ་ཆེ་ཞིང་སྤྱན་གསུམ་པ། །འབར་བའི་འོད་
ཀྱིས་རྣམ་པར་བརྒྱན། །སྣ་ཚོགས་རྡོ་རྗེ་འཁོར་ལོ་དང་། །གཏུན་ཤིང་རྣམས་ནི་གཡས་པ་ན། །སྡིགས་མཛུབ་ཞགས་པས་ཕྱག་མཚན་ཅིང་། །དྲིལ་བུ་དགྲ་སྟ་གཡོན་ན་བསྣམས། །གཡོན་བརྐྱང་བ་ཡིས་གནས་པ་ཡིས། །པདྨ་ཉི་མ་མནན་ནས་ནི། །ཕྱོགས་བཅུ་དག་ཏུ་
གཟིགས་ནས་ནི། །བགེགས་ཆེན་འཇིགས་པ་བསལ་མཛད་ནས། །བྱང་གི་ཕྱོགས་སུ་བཞུགས་པར་གྱུར། །དེ་ལྟར་ཕྱོགས་བཅུའི་བགེགས་ཀྱི་ཚོགས། །མཐར་བྱེད་རབ་ཏུ་ཟད་མཛད་ནས། །སེམས་ཅན་ཡོངས་སུ་བཏུལ་བྱས་ཏེ། །ཞིང་རྣམས་སངས་རྒྱས་ཚོགས་ཀྱིས་
བཀང་། །འཕགས་པ་མི་གཡོ་བའི་རྟག་པ་ལས་བྱུང་བའི་དཀྱིལ་འཁོར་བཀོད་པའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་ཙ་ལ་མ་ཧཱ་གུ་ཧྱ་ཏནྟྲ། བོད་སྐད་དུ། འཕགས་པ་མི་གཡོ་བའི་གསང་རྒྱུད་ཆེན་
པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་འོག་མིན་གྱི་གནས་ན་རབ་ཏུ་དགྱེས་ཤིང་བདུད་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
སོ། །དེའི་ཚེ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། རྡོ་རྗེ་ཆོས་དང་། ཕྱག་ན་རྡོ་རྗེ་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་ལ་སོགས་ཏེ་རབ་ཏུ་དགའ་བའི་ཚོགས་དཔག་ཏུ་མེད་པ་དང་ཐབས་
ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བཛྲ་རཀྵ་རཀྵཾ་ཧཱུྃ་ཞེས་གསུངས་ཏེ་རྡོ་རྗེ་ཁྲོ་བོས་ཕྱོགས་མཚམས་གཏམས་སོ། །བསྲུང་བའི་དོན་དུ་རབ་བརྩོན་ཞིང་། །བགེགས་ཀྱི་སྦྱོར་བ་བརླག་པར་མཛད། །ཧཱུྃ་ཕཊ་དེ་ནས་བཅོམ་ལྡན་འདས་ཀྱིས་ཧཾ་ཞེས་གསུངས་ཏེ་རང་

གི་ཐུགས་ཀ་ནས་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་ཕྱུང་སྟེ། གཡས་ན་རལ་གྲི་གཡོན་སྡིགས་མཛུབ། །ཆར་སྤྲིན་ལྟ་བུར་ཤིན་ཏུ་གནག །སྦྲུལ་དང་ཐོད་པས་ཡང་དག་བརྒྱན། །མི་བསྐྱོད་པས་ནི་བྱིན་བརླབས་ཤིང་། །བདེ་གཤེགས་འོད་ཟེར་དཔག་མེད་འཕྲོས། །
དངོས་གྲུབ་བདེ་བ་ཀུན་སྩོལ་མཛད། །ཨོཾ་བཛྲ་སིདྡྷི་ཧཱུྃ། དེ་ནས་ཡང་དག་བཤད་བྱ་བ། །ཨཱ་ལི་ཀཱ་ལི་རབ་སྦྱོར་ཞིང་། །ཟླ་བ་རྡོ་རྗེ་སྦྱོར་ལྡན་པས། །ཡང་དག་རྫོགས་ཏེ་མངོན་སངས་རྒྱས། །སྣ་ཚོགས་རྡོ་རྗེའི་དབུས་སུ་ནི། །བརྐྱང་བསྐུམ་ཚུལ་དུ་ཡང་དག་གནས། །དགའ་
བྱེད་མ་ནི་མདུན་དུ་སྟེ། །རིན་ཆེན་ཕྲེང་མ་གཡས་སུ་དགོད། །གླུ་མཁན་མོ་ནི་གཡོན་དུ་སྟེ། །བརྩོན་འགྲུས་གར་བྱེད་རྒྱབ་ཏུ་གནས། །འགུགས་བྱེད་མ་ནི་ཤར་དུ་སྟེ། །རྣམ་པར་འཆིང་མ་ལྷོ་རུ་དགོད། །གཉིས་མེད་མ་ནི་ནུབ་ཏུ་སྟེ། །རྣམ་པར་འཕེལ་མ་བྱང་དུ་དགོད། །
འདི་དག་ནི་བཅོམ་ལྡན་འདས་སྐུ་ཡོངས་སུ་རྫོགས་པའི་དམ་ཚིག་གོ། །འཕགས་པ་མི་གཡོ་བའི་རྒྱུད་གསང་བ་ཆེན་པོ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་འོད་ཟེར་སྤྲོས་ཏེ་ལྷ་ཐམས་ཅད་ཀྱི་དབུ་ལ་འོད་ཟེར་ཐིམ་པར་གྱུར་ཏེ། རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར་ཏོ། །དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་རུ། །མཆོད་པའི་ཚོགས་ནི་རྣམ་
པར་བསྟིམ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ལྷ་མོ་དཔག་མེད་དེ། །མཆོད་པའི་ཚོགས་ཀྱིས་ཡང་དག་མཆོད། །ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཤིང་། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོ་འགྲོ་བ་ཀུན་སྒྲོལ་
ཞིང་། །སྲིད་པ་གསུམ་ན་དགྱེས་པར་གར་མཛད་པ། །སྲིད་པའི་ཆུ་བོ་སྐེམས་ཤིང་མི་མཐུན་བདུད་རྣམས་འཇོམས། །སྲིད་པའི་རླུང་གིས་མ་གཡོས་ཐུགས་རྗེ་མི་གཡོ་མགོན། །རབ་བརྗིད་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་ཀྱི་བསྟོད་པ་ཆེན་པོའི་

དམ་ཚིག་གོ། །དེ་ནས་ཡང་དག་བཤད་བྱ་བ། །རྒྱལ་པོ་རྟག་ལྡན་ཐོད་པ་རུ། །ལྕགས་ཀྱུ་ལྔ་སོགས་གཞག་པར་བྱ། །རླུང་དང་མེ་ཡི་དཀྱིལ་འཁོར་བཞག །ཐོད་པ་རུ་ནི་ཡང་དག་གནས། །བཅོམ་ལྡན་འདས་ཀྱི་བདུད་རྩི་ཆེན་པོའི་དམ་ཚིག་གོ། །དེ་ནས་ཡང་དག་བཤད་
བྱ་བ། །ཚངས་པ་བརྒྱ་བྱིན་གཤིན་རྗེ་དང་། །ཆུ་བདག་གནོད་སྦྱིན་ཁྱབ་འཇུག་སོགས། །མེ་དང་སྲིན་པོ་རླུང་གི་ལྷ། །འབྱུང་པོ་ས་ཡི་ལྷ་མོ་དང་། །ལྷ་མ་ཡིན་སོགས་འཁོར་བཅས་དགུག །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤེནྣ་ཏྭཏ་སྭ་ཧཱ། ཨོཾ་ཁཱ་ཧི་ཁཱ་ཧི་ཕེཾ་ཕེཾ་
སྭཱ་ཧཱ། བདུད་རྩི་ཤ་དང་ཁྲག་ལ་སོགས། །གཏོར་མ་ཐམས་ཅད་སྦྱིན་པར་བྱ། །འཕགས་པ་མི་གཡོ་བའི་རྒྱུད་གསང་བ་ཆེན་པོ་ལས་མངོན་པར་རྟོགས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི། །ཁྲུ་
བཞི་པ་ཡི་ཚད་དུ་བྱ། །སར་པ་ལས་ནི་བཀལ་ནས་ཀྱང་། །དཀྱིལ་འཁོར་ཉིས་འཁོར་རིང་ཐུང་ལ། །མཁས་པས་དཀྱིལ་འཁོར་ཐིག་གདབ་བོ། །འཁོར་ལོ་ལྟ་བུར་བྱས་ནས་ཀྱང་། །རྡོ་རྗེ་ཕྲེང་བས་ཡོངས་སུ་བསྐོར། །གྲུ་བཞིར་བགྱི་ཞིང་སྒོ་བཞིར་བགྱི། །རྟ་བབས་བཞི་
དང་ཡང་དག་ལྡན། །དབུས་སུ་རལ་གྲི་ཆེན་པོ་དགོད། །ཤར་དུ་རྡོ་རྗེ་ཡང་དག་དགོད། །ལྷོ་རུ་རིན་ཆེན་ཕྲེང་བ་སྟེ། །ནུབ་ཏུ་ཆོས་ཀྱི་པི་བང་སྟེ། །བྱང་དུ་རྡོ་རྗེ་རྩེ་གསུམ་མོ། །སྒོར་ནི་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དྲིལ་བུ་མཁས་པས་བཞག །བཅོམ་ལྡན་འདས་
ཀྱི་དཀྱིལ་འཁོར་ཆེན་པོ་དགོད་པའི་དམ་ཚིག་གོ། །དེ་ནས་ཆར་པ་མི་འབབ་ན། །སྟེགས་བུ་གྲུ་བཞིའི་སྟེང་དུ་ཡང་། །དངུལ་གྱི་གཞོང་པ་བཞག་ནས་ཀྱང་། །བག་ཟན་ལས་ནི་བྱས་པའི་གཟུགས། །པདྨ་སུམ་བརྩེགས་དག་ཏུ་བྱ། །སྟེང་དུ་ཀླུ་ཡི་གཟུགས་བཞག་ལ། །གུར་
གུམ་གྱིས་ནི་བྱུགས་བྱས་ལ། །མཚམས་སུ་ཨོཾ་དང་པྃ་བཀོད་དེ། །ཙནྡན་དཀར་པོས་སྦྱིན་བསྲེག་བྱ། །ཁ་དོག་མང་པོ་སྦྱོར་ལྡན་པས། །ཀླུ་ཡི་གཟུགས་ནི་ངེས་པར་དགུག །དེས་ཀྱང་འབབ་པར་མ་གྱུར་ན། །ཁམ་པའི་གབ་ཚེ་དཀར་པོ་རུ། །པྲི་ཡང་ཀུ་ཡི་ཁུ་བ་ཡིས། །

རལ་གྲི་བརྒྱད་པའི་འཁོར་ལོ་བྲི། །རྒྱ་མཚོའི་ངོས་ལས་ས་བླངས་ལ། །ཀླུ་ཡི་གཟུགས་ནི་མངོན་བྱས་ཏེ། །ནམ་མཁའ་ལྡིང་གི་ཁུ་བས་བྱུག །ཏིལ་མར་ལ་ནི་སྦྱིན་བསྲེག་བྱ། །དེ་ནས་ཡང་དག་བཤད་བྱ་བ། །ཁམ་ཕོར་སེར་པོའི་ནང་དུ་ནི། །བསྒྲུབ་བྱ་གཟུགས་
གཞུག་ལྡོང་རོས་ཀྱིས། །རི་རབ་རྩེ་མོ་བརྒྱད་པ་བྲི། །དེས་ནི་ཡང་དག་གནས་པར་བྱ། །ཤིན་ཏུ་རྣོ་བའི་ལྕགས་དག་ལ། །ཁྲུ་དོ་ཚད་ཀྱི་རལ་གྲི་བྱ། །མཎྜལ་དཀར་པོའི་སྟེང་དུ་བཞག །ཟླ་བ་དྲུག་ནི་རིག་པ་བཟླས། །ཏིལ་མར་གྱིས་ནི་བསྐུས་བྱས་ནས། །ཟླ་བ་གཟས་ཟིན་ཚེ་ན་
བསྒྲུབ། །ཐོགས་པའི་མཁའ་ལ་ལྡིང་བར་འགྱུར། །བདུད་རྩི་ལྔ་དང་ཤ་སྣ་ལྔ། །གྲིབ་མ་དག་ལ་བསྐམས་བྱས་ཏེ། །ལྕགས་གསུམ་དག་གིས་དཀྲིས་བྱས་ཏེ། །ཤར་བལྟས་ཟས་ནི་སྨྱུང་བར་གནས། །གཟས་ཟིན་ཚེ་ན་ཁར་གཞུག་བྱ། །མཉམ་པར་གཞག་སྟེ་ཉི་ཤུ་བཟླས། །
ཁར་བཅུག་གཞན་གྱིས་མངོན་མི་འགྱུར། །བཅོམ་ལྡན་འདས་དངོས་གྲུབ་ཆེན་པོའི་དམ་ཚིག་གོ། །དེ་ནས་ཡང་དག་བཤད་བྱ་བ། །ས་གཞི་དཀར་ལ་ཟླུམ་པ་ལ། །ཙནྡན་དཀར་པོའི་མེ་སྦར་ཏེ། །སེར་སྐྱའི་མར་གྱིས་སྦྱིན་བསྲེག་བྱ། །དངོས་གྲུབ་ཆེན་པོ་ཐོབ་པར་
འགྱུར། །ཡུངས་ཀར་གྱིས་ནི་སྦྱིན་བསྲེག་བྱ། །རིག་པ་འཛིན་པའི་དངོས་གྲུབ་འཐོབ། །ཏིལ་ནག་པོས་ནི་སྦྱིན་བསྲེག་བྱ། །སྡིག་པ་ཐམས་ཅད་ཞི་བར་འགྱུར། །དཱུར་བའི་མྱུ་གུས་སྦྱིན་བསྲེག་བྱ། །ཚེ་ཡི་རིག་འཛིན་ཐོབ་པར་འགྱུར། །སེང་ལྡེང་དག་ལ་ཕུར་
བ་བྱ། །གསང་སྔགས་ཉི་ཤུ་གཅིག་བཟླས་ནས། །འདོད་པའི་གཟུགས་ལ་དབབ་པར་བྱ། །དགྱེས་པས་དངོས་གྲུབ་སྟེར་བར་འགྱུར། །འཕགས་པ་མི་གཡོ་བའི་རྒྱུད་གསང་བ་ཆེན་པོ་ལས་དངོས་གྲུབ་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་
ཡོངས་སུ་དགྱེས་ནས་འཇམ་དཔལ་ལ་སོགས་པ་རྣམས་ལ་རྣམ་པར་གཟིགས་ནས། ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་སྒྲ་གསུངས་ཏེ་མི་སྣང་བར་གྱུར་ཏོ། །དེ་ནས་རབ་ཏུ་དགའ་བའི་ཚོགས་ཀྱིས་རང་གི་བདག་པོ་མཐོང་བར་མ་གྱུར་ཏེ། ཕྱོགས་བཞི་ནས་མངོན་དུ་ཕྱོགས་ནས་འདི་ཡིས་

གསོལ་བ་བཏབ་བོ། །ཨེ་མ་བཅོམ་ལྡན་ངོ་མཚར་ཆེ། །སྟོང་པའི་ངང་ལ་ཅི་སྟེ་བཞུགས། །བདག་ནི་ཚངས་སྤྱོད་བྱམས་པ་སྟེ། །མྱ་ངན་འདས་པ་ཀུན་ནས་སློང་། །ཨེ་མའོ་བདེ་བ་ཆེན་པོའི་སྐུ། །ཚིག་ཀུན་གྱིས་ནི་མ་སྤྲོས་པ། །བདག་ནི་རྗེས་ཆགས་སྙིང་རྗེ་ཆེ། །འགྲོ་བ་
ཡང་དག་སྒྲོལ་བར་མཛད། །ཨེ་མ་དྲི་མེད་དག་པའི་སྐུ། །སྟོང་པའི་ངང་ལ་མ་བཞུགས་པར། །རབ་ཏུ་དགའ་བས་བདག་ལ་རོལ། །འགྲོ་བའི་དོན་ལ་རྗེས་ཆགས་བརྗོད། །ཨེ་མའོ་དོན་ཀུན་གྲུབ་མཛད་པ། །དག་པའི་ཡེ་ཤེས་དྲི་མེད་སྐུ། །བདག་གིས་འགྲོ་ཀུན་གཟུང་
བའི་ཕྱིར། །གཙོ་བོ་ཁྱོད་ནི་ཡང་དག་བཞེངས། །དེ་ནས་བཅོམ་ལྡན་འདས་རབ་ཏུ་དགྱེས་ཏེ་སྐུ་ཡོངས་སུ་རྫོགས་པར་མཛད་ནས་གསང་སྔགས་ཀྱི་རྒྱལ་པོ་འདི་དག་གསུངས་སོ། །ཨོཾ་ཨཱརྱ་ཨ་ཙ་ལ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བན་དྷ་ཡ་ཧཱུྃ་ཕཊ། གསང་
སྔགས་དང་ཕུར་བུའི་སྔགས་སོ། །ཨོཾ་ན་མཿས་མནྟ་བཛྲ་ཎཱྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ། ཧཱུྃ་ཧཱུྃ་ཧཱུྃ་ཏྲ་ཊ་ཧཱུཾ། མྃ་པྃ་ཧྃ་མྃ་ཏ་ཤ་ཧཱུྃ། མ་མ་ཧཱུྃ་ཕཊ་སྭཱ་ཧཱ། ཤིན་ཏུ་རྣོ་བའི་སྔགས་ཏེ་ལས་ཐམས་ཅད་པའོ། །དེ་ནས་འཁོར་རྣམས་ཀྱིས་གསང་སྔགས་ཀྱི་དོན་ཁོང་དུ་ཆུད་པར་གྱུར་ཏོ། །
འཕགས་པ་མི་གཡོ་བའི་རྒྱུད་གསང་བ་ཆེན་པོ་ལས་གསང་སྔགས་ཀྱི་ལེའུ་སྟེ་བཞི་པའོ།། །།འཕགས་པ་མི་གཡོ་བའི་རྒྱུད་གསང་བ་ཆེན་པོ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། བཛྲ་ཨ་མྲྀ་ཏ་ཏནྟྲ། བོད་སྐད་དུ། རྡོ་རྗེ་བདུད་རྩིའི་རྒྱུད། དཔལ་
རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བདུད་རྩི་གསང་བའི་པདྨ་ལ་བཞུགས་སོ། །གཞལ་ཡས་བརྩེགས་པའི་ཁང་པ་ན། མཱ་མ་
ཀཱི་དང་ཐབས་ཅིག་ཏུ། །བཅོམ་ལྡན་རྡོ་རྗེ་ཅན་རོལ་ཏེ། །དེ་ནས་ལྷ་མོས་དེ་ཞུས་པ། །གསང་ཆེན་ཞེས་བྱ་ཆེར་གནས་པའི། །རྡོ་རྗེ་བདུད་རྩི་རྒྱུད་ཀྱི་མཆོག །སྔོན་དུ་ལྷ་ཁྱོད་ཀྱིས་གསུངས་པ། །བདུད་རྩི་ཡི་ནི་སྒྲུབ་པའི་ཐབས། །བདེ་བ་ཆེན་པོས་བཀའ་སྩལ་འཚལ། །དེ་ནས་བཅོམ་

ལྡན་རྡོ་རྗེས་བཤད། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །བསམ་མེད་ཟད་མེད་ཕྲ་མོ་སྟེ། །དོན་ཡོད་དབང་པོ་ལས་འདས་པ། །དམ་པ་ཞི་བ་རྣམ་དག་པ། །རྡོ་རྗེ་བདུད་རྩི་བརྗོད་པ་ཡིན། །དེ་ནས་བཅོམ་ལྡན་རྡོ་རྗེ་ཡིས། །མཱ་མ་ཀཱིར་ཆགས་དང་ལྡན་ནས། །རྡོ་རྗེ་བདུད་རྩིའི་ཏིང་
འཛིན་གྱིས། །གསང་ཆེན་མངོན་སུམ་དུ་ནི་མཛད། །རྒྱུད་རྣམས་ཀུན་ལ་གསང་བ་ཡི། །ཡེ་ཤེས་རྡོ་རྗེ་བདུད་རྩི་མཆོག །དེ་ནི་བདག་གིས་བཤད་པར་བྱ། །བརྟན་པོར་འཁྱུད་དང་འོ་བྱེད་དང་། །དགའ་བའི་རོལ་པས་མཉམ་སྦྱོར་དང་། །དབྱངས་དང་སིལ་སྙན་གར་རྣམས་ཀྱིས། །རྡོ་རྗེ་བདུད་
རྩི་རྒྱུད་ཀྱི་མཆོག །དེ་ལྟར་མྱུར་དུ་འགྲུབ་པར་འགྱུར། །བདུད་རྩི་ཁུ་བ་ཞེས་གསུངས་ཏེ། །འགྲོ་བ་གསུམ་ནི་ངེས་བསྐྱེད་དོ། །ཁྱོད་ལ་དགའ་མ་ཞལ་བཟང་མ། །དེ་ཡི་སྒྲུབ་པ་བདག་གིས་བཤད། །ཉོན་ཅིག་དེ་ཡི་སེམས་ཀྱིས་ཚིག །མདོར་བསྡུས་ནས་ནི་བཤད་པར་བྱ། །སེམས་
ཅན་དོན་དུ་ཕན་དོན་དུ། །སྦྱོར་བའི་རྡོ་རྗེ་བདུད་རྩི་མཆོག །རྣལ་འབྱོར་གང་གིས་ཤེས་གྱུར་ན། །འཁོར་བའི་བཅིངས་ལས་མྱུར་བར་གྲོལ། །བསྟན་དུ་མེད་ཅིང་ཡེ་ཤེས་ཆེ། །དངོས་གྲུབ་འཇིག་རྟེན་གསུམ་སྒྲུབ་བོ། །སྐུ་གསུང་ཐུགས་ཀྱི་བསྒྲུབ་དོན་དུ། །སྒྲུབ་པ་པོས་ནི་
བདེ་བ་སྤྱོད། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །རྡོ་རྗེ་བདུད་རྩི་ཕྱུང་བར་བྱ། །བྷ་གའི་པདྨར་འོ་བཏབ་སྟེ། །རྡོ་རྗེ་མཱ་མ་ཀཱིས་འོ་བཏབ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །བཅོམ་ལྡན་རྡོ་རྗེས་དེ་གསུངས་སོ། །བྷ་གའི་པདྨར་འོ་བཏབ་པས། །དེ་ཚེ་དགའ་བའི་ལྷ་མོ་དེས། །རྡོ་རྗེ་བདུད་རྩི་
ལས་བྱུང་བའི། །ཉམས་དགའ་གསང་བའི་དཀྱིལ་འཁོར་ཞུས། །ཆོ་གའི་རིམ་པ་གང་གིས་ནི། །མཆོད་པ་དཀྱིལ་འཁོར་བརྩམ་པར་བྱ། །འདིར་ནི་མཆོད་པ་ཇི་ལྟར་ཏེ། །དེ་བཞིན་དཀྱིལ་འཁོར་ཇི་ལྟར་ལགས། །དགའ་བ་ཆེན་པོ་ཐོབ་དཀའ་བ། །རབ་ཏུ་དགྱེས་ནས་
བཀའ་སྩལ་འཚལ། །དེ་ནས་བཅོམ་ལྡན་རྡོ་རྗེ་ཡིས། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །འོ་བཏབ་པས་ནི་དགར་འགྱུར་ཏེ། །བཞད་ནས་འདི་སྐད་བཀའ་སྩལ་ཏེ། །སྐུ་གསུང་ཐུགས་ཀྱི་བསྒྲུབ་དོན་དང་། །འཁོར་བའི་རྒྱ་མཚོ་བསྒྲལ་བའི་ཕྱིར། །དགའ་བ་ཆེན་པོ་སྦྱོར་བ་ཡིས། །

མཱ་མ་ཀཱིས་ནི་འདིར་བྲིས་པ། །ཟུར་གསུམ་དཀྱིལ་འཁོར་བྲིས་ནས་སུ། །གསང་བའི་པདྨ་མཱ་མ་ཀཱི། །ནང་དུ་སྙིང་པོ་དང་ལྡན་པའི། །པདྨ་འདབ་བརྒྱད་པ་ནི་བྱ། །དེ་དབུས་གསང་ཆེན་རིག་མ་དང་། །གཙོ་བོ་ཞལ་གསུམ་ཕྱག་དྲུག་པ། །དང་པོའི་ཞལ་ནི་ནག་པོ་སྟེ། །
གཡས་པ་ལ་ནི་དཀར་པོ་འདོད། །གཡོན་དུ་དམར་པོར་རབ་གསུངས་ཏེ། །ལྷ་ཡི་རྒྱན་གྱིས་བརྒྱན་བྱས་པ། །ལྷ་ཡི་ན་བཟའ་མེ་ཏོག་ཕྲེང་། །ལྷ་ཡི་དྲི་ཡིས་བྱུག་བྱེད་པ། །ལྷ་ཡི་དངོས་གྲུབ་བྱེད་ཞི་བ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཕྱི་རོལ་དུ་ནི་དཀྱིལ་འཁོར་ཡང་། །
སྒོ་བཞི་པ་ནི་རབ་ཏུ་བརྟགས། །ཤར་དུ་ཁྲོ་གཉེར་མ་བཞག་སྟེ། །ལྷོ་ན་འཇིགས་པར་འཇིགས་བྱེད་མ། །ནུབ་ན་རྟ་ཡི་གཟུགས་ཅན་མ། །བྱང་དུ་ཚོགས་ཀྱི་འདྲེན་མ་མོ། །མཁས་པས་པདྨ་འདབ་བརྒྱད་ལ། །རིག་མ་བརྒྱད་ནི་མཉམ་པོར་བྲི། །མཛེས་པ་མོ་དང་ཞི་བའི་
ཞལ། །ཟླ་བ་མོ་དང་དུང་ཅན་མོ། །རི་བོང་འཛིན་དང་དཀྱིལ་འཁོར་མོ། །རི་བོང་འཛིན་རི་མོ་ཡིད་དགའ། །ཡིད་ལ་བདེ་བར་བྱེད་མ་དག ། རིག་མ་བརྒྱད་དང་དགེ་མ་བརྒྱད། །ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། །སྣ་ཚོགས་གཟུགས་ནི་ཡིད་དགའ་མ། །ཕྱོགས་རྣམས་
དག་ནི་མཚམས་དག་ལ། །རྟག་པ་རུ་ནི་བྲི་བར་བྱ། །མཆོད་པ་པི་ཝང་རྔ་དེ་བཞིན། །དེ་བཞིན་སྤོས་དང་མེ་ཏོག་སོགས། །དབྱངས་དང་གར་དང་མཆོད་པ་ནི། །དགའ་བ་རོལ་པ་སྦྱོར་བ་ཡིས། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །གསང་བའི་འཁོར་ལོ་བསྒྲུབ་པར་བྱ། །མ་དང་
བྲན་མོ་བུ་མོ་དང་། །སྲིང་མོ་གཉེན་མོ་དེ་བཞིན་ཏེ། །རྡོ་རྗེ་བདུད་རྩི་དེ་དག་ལས། །བླངས་ནས་གསང་བའི་དཀྱིལ་འཁོར་མཆོད། །མ་ལས་བདུད་རྩི་བླངས་པས་ནི། །རྡོ་རྗེ་བདུད་རྩི་དང་མཉམ་འགྱུར། །སྲིང་མོ་ནད་མེད་ན་སོ་གཞོན། །བུ་མོ་ཡི་ནི་འདོད་ཀུན་སྦྱིན། །བྲམ་ཟེ་མོ་ནི་དོན་ཡོད་
གྲུབ། །གསང་བའི་དཀྱིལ་འཁོར་ལ་འདོད་བྱས། །ལྕེ་ནི་དྲིལ་བར་བྱས་ནས་སུ། །ཁ་ཡིས་པདྨར་བླང་བར་བྱ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །དེ་ནས་མྱུར་བར་དངོས་གྲུབ་བོ། །བུང་བ་རྩེ་བའི་ཚུལ་གྱིས་ནི། །བུད་མེད་ཐམས་ཅད་འདོད་པ་སྤྱོད། །འདུས་དང་གྲུ་མོ་དང་བརྐྱང་བ། །ཡར་བཏེག་

ཟེར་ནི་ཤིན་ཏུ་བརྐྱང་། །བྱེད་པའི་བཅིང་བ་སྦྱོར་བ་ཡིས། །ས་གསུམ་དག་ནི་བསྒྲུབ་པར་བྱ། །ཤ་ཆེན་དང་ནི་ཁྲག་ཆེན་གྱིས། །དེ་བཞིན་བཤང་གཅི་ཁུ་བ་དག །དེ་དག་རྡོ་རྗེ་བདུད་རྩི་ལྔ། །ཉིན་དང་ཉིན་དུ་བསྒྲུབ་པར་བྱ། རྡོ་རྗེ་བདུད་རྩི་བདེ་བ་ཆེ། །གལ་
ཏེ་དངོས་གྲུབ་བདག་འདོད་ན། །དེ་ཡིས་དོན་རྣམས་ཐམས་ཅད་ནི། །སྒྲུབ་པ་པོས་ནི་མཆོག་ཏུ་བསྒྲུབ། །དབང་དང་དགུག་དང་འཐབ་པ་དང་། །གསོད་དང་བསྐྲད་པ་ལ་སོགས་པ། །རྡོ་རྗེ་བདུད་རྩི་བདེ་ཆེན་པོས། །བྱ་བ་ཐམས་ཅད་ཀུན་དུ་བྱ། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །
བཅོམ་ལྡན་རྡོ་རྗེས་དེ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩི་རྒྱུད་ཀྱི་རྒྱལ་པོ་ལས་གསང་བའི་དཀྱིལ་འཁོར་བྱེད་པའི་མངོན་ཚུལ་བསྟན་པའི་ལེའུ་དང་པོའོ།། །།དེ་ནས་མགུ་བའི་
ལྷ་མོ་དེ། །པདྨ་རྒྱས་པའ