Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 079_རྒྱུད་འབུམ།_ག

Văn bản gốc(Tây Tạng)

Trang 15 / 18 (50.000 ký tự/trang)
 །ས་འོག་ནུབ་ཀྱི་ཕྱི་རུ་དགོད། །དུར་ཁྲོད་འདི་རྣམས་མཚན་ཉིད་ཀྱང་། །འབར་བ་ཚིག་དང་མ་ཚིག་སོགས། །ཀེང་རུས་ཐོད་པ་ལ་སོགས་
དང་། །རོ་ལངས་འབྱུང་པོའི་ཚོགས་དང་བཅས། །ཅེ་སྤྱང་སྒྲ་ཡིས་འཇིགས་པའི་གཟུགས། །ཤར་དུ་ཤི་རི་ཤ་ཡི་ཤིང་། །ལྷོ་རུ་ཨ་ཤྭད་ཐ་ཡི་ཤིང་། །ནུབ་ཏུ་ཝང་གེ་ལིང་གི་ཤིང་། །བྱང་དུ་ཙཱུ་ཏའི་ཤིང་དུ་ངེས། །གོང་དང་མཚུངས་པནྱ་གྲོ་ད། །པརྐ་ཏི་ལྕུག་པཱ་ཐཱ་དག །མེ་
ནས་དབང་ལྡན་མཚམས་སུ་དགོད། །ཇི་ལྟར་གྲགས་པའི་གཟུགས་སུ་འདོད། །ཤར་དུ་དབང་པོ་གནས་པ་སྟེ། །ལྷོ་རུ་གཤིན་རྗེ་གནས་པའོ། །ནུབ་ཏུ་ཀླུ་དབང་གནས་པ་སྟེ། །བྱང་དུ་གནོད་སྦྱིན་ཡང་དག་གནས། །ཤར་ལྷོར་མེ་ནི་གནས་པའོ། །ལྷོ་ནུབ་མཚམས་སུ་སྲིན་པོ་གནས། །

ནུབ་བྱང་མཚམས་སུ་རླུང་དགོད་དེ། །བྱང་ཤར་མཚམས་སུ་དབང་ལྡན་དགོད། །ཉི་ཟླ་ཤར་ལ་ས་བདག་ནུབ། །ཇི་ལྟར་གྲགས་པའི་གཟུགས་སུ་དགོད། །ཤར་དུ་ནོར་རྒྱས་གནས་པ་སྟེ། །འཇོག་པོ་ལྷོ་སྟེ་སྟོབས་རྒྱུ་ནུབ། །པདྨ་བྱང་ལ་པད་ཆེན་མེ། །ཧུ་ལུ་ཧུ་ལུ་སྲིན་
པོར་དགོད། །རིགས་ལྡན་རླུང་མཚམས་དགོད་པ་སྟེ། །དུང་སྐྱོང་དབང་ལྡན་མཚམས་སུའོ། །གདུག་པ་སྤྲུལ་གྱི་གཟུགས་སུ་དགོད། །ཁ་དོག་རིགས་ཀྱི་དབྱེ་བས་དབྱེ། །ཤར་དུ་ཆར་སྤྲིན་དཀར་པོར་དགོད། །ལྷོ་རུ་པུ་མི་ཏི་དགོད་དོ། །ནུབ་ཏུ་འཇིགས་པ་རྣམ་པར་གནས། །བྱང་
དུ་ཨ་བ་ཡང་དག་གནས། །སྔོ་ཉ་མེར་ནི་ཡང་དག་གནས། །གྷཱ་ཉ་སྲིན་པོའི་མཚམས་སུ་དགོད། །རླུང་གི་མཚམས་སུ་པར་ཤ་ན། །གཏུམ་པོ་འདི་བརྒྱད་ཆར་སྤྲིན་བརྒྱད། །བཙོད་ཀྱི་མདོག་འདྲ་གུར་ཀུམ་མདོག །ནམ་མཁའི་མདོག་འདྲ་དུ་བའི་མདོག །སྤྲིན་གྱི་མདོག་འདྲ་སྤྲིན་གྱི་
གཟུགས། །ཤར་ལ་སོགས་པ་བཞི་བཞི་སྟེ། །འདི་དག་ནང་རྟགས་ཕྱི་རུ་འབྱུང་། །དང་པོར་སྤངས་པ་ཕུན་སུམ་ཚོགས། །དེ་ནས་ཡེ་ཤེས་ཕུན་སུམ་ཚོགས། །རང་རིག་དོན་ནི་ཕུན་སུམ་ཚོགས། །གཞན་དོན་ཕུན་སུམ་ཚོགས་པ་ཡིན། །རྟགས་སུ་འཇིགས་པ་འདི་དག་གནས། །
དེ་ནས་ནང་གི་དུར་ཁྲོད་སོགས། །པགས་པ་རྡོ་རྗེ་ར་བ་སྟེ། །རུས་པ་རྡོ་རྗེ་གུར་དུ་ངེས། །དཔུང་པ་ཉེ་བའི་དཔུང་པ་སྟེ། །བརླ་དང་དེ་བཞིན་ཉེ་བའི་བརླ། །བརྒྱད་ནི་དུར་ཁྲོད་བརྒྱད་དུ་ངེས། །རྗེ་ངར་ཉེ་བའི་རྗེ་ངར་བཞི། །ལག་ངར་ཉེ་བའི་ལག་ངར་བཞི། །བརྒྱད་ནི་ནང་གི་ཤིང་བརྒྱད་དོ། །
ཚིགས་དང་དེ་བཞིན་ཉེ་བའི་ཚིགས། །སྟེང་དང་འོག་ཏུ་བཞི་བཞི་སྟེ། །ནང་གི་ཕྱོགས་སྐྱོང་ཡིན་པར་འདོད། །མཐིལ་དང་དེ་བཞིན་ཉེ་བའི་མཐིལ། །སྟེང་འོག་དེ་བཞིན་ཀླུ་བརྒྱད་དོ། །རྩེ་དང་དེ་བཞིན་ཉེ་བའི་རྩེ། །བརྒྱད་ནི་ཆར་སྤྲིན་བརྒྱད་ཡིན་ཏེ། །བསྐྱེད་རིམ་རྣམ་རྟོག་མི་མངའི་རྟགས། །
དུར་ཁྲོད་བརྒྱད་ནི་ནང་ན་གནས། །རྩ་རླུང་ངོ་བོ་ཤེས་པ་རྒྱས། །དེ་ཕྱིར་ནང་གི་ཤིང་བརྒྱད་གནས། །རགས་པའི་གདུག་པ་འདུལ་བའི་ཕྱིར། །ནང་ན་ཀླུ་བརྒྱད་ཡང་དག་གནས། །བདག་སྤྱོད་གཞན་ཡང་སྤྱོད་པའི་ཕྱིར། །ཆར་སྤྲིན་བརྒྱད་ནི་ནང་དུ་གནས། །དེ་ནས་གསང་བའི་དུར་

ཁྲོད་ཀྱང་། །སྣ་རྩེར་རྩ་བརྒྱད་དུར་ཁྲོད་བརྒྱད། །ལྟེ་བར་རྩ་བརྒྱད་ཤིང་བརྒྱད་དོ། །སྙིང་གར་རྩ་བརྒྱད་ཕྱོགས་སྐྱོང་བརྒྱད། །མགྲིན་པར་རྩ་བརྒྱད་ཀླུ་བརྒྱད་དེ། །སྤྱི་བོར་རྩ་བརྒྱད་ཆར་སྤྲིན་བརྒྱད། །གསང་བར་རྣམ་རྟོག་མི་མངའི་རྟགས། །དུར་ཁྲོད་བརྒྱད་ནི་གསང་བར་གནས། །
ཐམས་ཅད་བདེ་བར་སྣང་བའི་ཕྱིར། །གསང་བར་ཤིང་བརྒྱད་ཡང་དག་གནས། །ཕྲ་བའི་མཚན་མའི་རྣམ་རྟོག་གི། །གདུག་པ་འཇོམས་ཕྱིར་ཀླུ་བརྒྱད་དགོད། །བདེ་བས་བདག་སྤྱོད་གཞན་སྦྱོར་བས། །དེ་ཡི་ཕྱིར་ན་ཆར་སྤྲིན་དགོད། །དེ་ནས་བཞི་པའི་དུར་ཁྲོད་ཀྱང་། །རྣམ་ཤེས་བརྒྱད་
ནི་དེ་ཉིད་བརྒྱད། །དུར་ཁྲོད་བརྒྱད་དུ་ངེས་པའོ། །དུར་ཁྲོད་སོགས་བརྒྱད་དེ་ཉིད་ཤིང་། །ལྷག་མ་གསུམ་དང་ཚོར་ཚོགས་ལྔ། །བརྒྱད་ནི་ཕྱོགས་སྐྱོང་བརྒྱད་དུ་ངེས། །ཉོན་མོངས་དྲུག་དང་དེ་ཡི་གཉིས། །བརྒྱད་པོ་དག་ནི་ཀླུ་བརྒྱད་དོ། །ལྔ་དང་བཞི་དག་གསུམ་དག་ནི། །དེ་དག་བཞི་
པའི་ཆར་སྤྲིན་བརྒྱད། །གཟུང་འཛིན་རྣམ་རྟོག་མི་མངའི་རྟགས། །བཞི་པ་ཡི་ནི་དུར་ཁྲོད་བརྒྱད། །སྟོབས་སོགས་མཁྱེན་པའི་ཡོན་ཏན་རྒྱས། །རྟགས་སུ་ཤིང་བརྒྱད་ངེས་པའོ། །རྣམ་རྟོག་གདུག་པ་འདུལ་བ་ཡི། །རྟགས་སུ་ཀླུ་བརྒྱད་ངེས་པའོ། །གཟུགས་སྐུ་གཉིས་ཀྱིས་
སེམས་ཅན་གྱི། །དོན་མཛད་རྟགས་སུ་ཆར་སྤྲིན་བརྒྱད། །ཕྱོགས་སྐྱོང་བླ་མའི་ཞལ་ནས་ཤེས། །དེ་དག་ཀུན་གྱི་བྱེ་བྲག་ཀྱང་། །བླ་མའི་ཞལ་ནས་ཤེས་པར་བྱ། །རྒྱུན་ཆགས་ཕྱི་ནང་རྒྱུད་ཅེས་བྱ། །རྒྱལ་པོ་ཁྱད་པར་འཕགས་པའོ། །གཞན་ཡང་ང་ཡིས་གསུངས་པའི་
བཀའ། །གསུང་གཅིག་ཉིད་དུ་གསུངས་གྱུར་ཀྱང་། །དུ་མ་ཉིད་དུ་སོ་སོར་སྣང་། །ཆོས་ཚུལ་དུ་མའི་བྱེ་བྲག་དང་། །མོས་པ་དུ་མའི་བྱེ་བྲག་དང་། །འདུ་ཤེས་དུ་མའི་བྱེ་བྲག་གིས། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་གཟུང་ཡན་ལག་བསམ་མི་ཁྱབ། །ང་ཡི་རྗེས་སུ་
འབྲང་བ་ཡི། །བླ་མ་ས་རབ་ནོན་པ་དང་། །དེ་ཉིད་བཅུ་ལྡན་མངོན་ཤེས་སྐྱེས། །དེ་གསུང་བཅུ་དྲུག་མཐའ་ཡི་བར། །རིག་པའི་གནས་ལྔ་མཁས་པས་སྤྱད། །མཁའ་འགྲོ་མ་ཡི་ལུང་བསྟན་པས། །བརྩམས་ལ་བཞི་ཡི་མཐའ་ཡིས་ངེས། །དེ་ལྟའི་མན་ངག་མ་ཐོབ་པར། །

སྔགས་ཀྱི་ལྟ་སྤྱོད་གང་སྤྱོད་པ། །རང་ཡང་ཕུང་ལ་གཞན་ཡང་ཕུང་། །མཐོང་བའི་ཆོས་ལ་དམྱལ་སོགས་འཚེད། །དེ་བས་དངོས་གྲུབ་འདོད་པ་ཡིས། །བླ་མ་དམ་པ་མཉེས་བྱས་ཏེ། །མན་ངག་དམ་པ་བླང་བར་བྱ། །ངེས་པའི་ལྟ་སྤྱོད་མ་རྙེད་པར། །གསང་བའི་ལྷ་
དང་སྤྱོད་པ་དང་། །མོས་པའི་རྗེས་སུ་གང་བྱེད་དང་། །ཉོན་མོངས་ཟིལ་ནོན་ལ་སོགས་དག །གསང་སྔགས་ལྟ་བུར་སྤྱད་པ་སྤྱོད། །འདི་དག་རྐུན་པོ་མ་རུངས་པ། །མཐོང་བའི་ཆོས་ལ་དམྱལ་བར་སྐྱེ། །དང་པོ་སྲིད་པ་སྐྱེ་བ་ཡང་། །ཡར་ངོ་མར་ངོ་མཚམས་དང་གསུམ། །སིཧླའི་དང་
པོ་ཐ་མ་དང་། །འབྲས་བུ་སྲེད་པ་སྐྱེ་བ་ཡི། །དུས་དེར་ཀུན་དུ་རུ་བྱེད་ན། །འབྱུང་བའི་རླུང་གི་ནང་ཞུགས་ན། །ནད་གཞི་བསྡུས་ཤིང་ནད་གཞི་སྐྱེད། །སྲོག་དང་ཚངས་པར་སྤྱོད་པ་འབྱུང་། །དེ་ལ་འདོད་པའི་མཚོན་ཆས་ནི། །གཡེང་བ་མེ་དང་གཏར་ཀ་བྱ། །ཕྱི་ནས་རིགས་ཀྱི་བདག་
པོས་སོ། །སྲིད་པར་སྐྱེ་བའི་དུས་ཚོད་ཀྱང་། །རྒྱུན་ཆད་ཞག་གསུམ་ཞག་ལྔ་དང་། །བདུན་དང་དགུ་ཡི་དུས་རྣམས་སྤང་། །དེ་ལྟར་རྒྱུད་མཆོག་རྒྱལ་པོའི་དོན། །ཁྱོད་ལ་གཏད་ཀྱིས་ལེགས་པར་ཟུང་། །དེ་ནས་འཁོར་ཐམས་ཅད་དགའ་ཞིང་མགུ་སྟེ་རྗེས་སུ་ཡི་རངས་པར་གྱུར་ཏོ། །དཔལ་
དུར་ཁྲོད་རྒྱན་གྱི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ། །པཎྜི་ཏ་ག་ཡ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། །ཤྲཱི་བཛྲ་རཱ་ཛ་མ་ཧཱ་ཏནྟྲ། བོད་སྐད་དུ། དཔལ་རྡོ་རྗེ་
རྒྱལ་པོ་ཆེན་པོའི་རྒྱུད། དཔལ་སྡོམ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་རྡོ་རྗེ་སྙིང་པོ་ལ་སོགས་པའི་དཔའ་བོ་མཁའ་འགྲོ་གྲངས་མེད་
པ་དང་ཐབས་ཅིག་ཏུ་བཞུགས་པའི་དུས་སུ་ཕྱི་ནང་གསང་བ་བླ་ན་མེད་པའི་མཆོད་པས་མཆོད་ནས། བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པ་དང་། བཅོམ་ལྡན་འདས་ཞལ་འཛུམ་པ་མཛད་དེ། རྡོ་རྗེ་སྙིང་པོ་ལ་སོགས་པས་གསོལ་པ། རྡོ་རྗེ་གང་ལགས་ཆེན་པོ་གང་། །རྒྱུད་ནི་གང་ལགས་

རྒྱལ་པོ་གང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དོན་གྱི་རྡོ་རྗེ་རྣམ་པ་བཞི། །དབང་བཞིའི་གྲངས་སུ་ཤེས་པར་བྱ། །རྣམ་རྟོག་འཇོམས་ཕྱིར་རྡོ་རྗེ་སྟེ། །དེ་ལ་རྣམ་པ་བཞི་ཡིན་ཏེ། །ཕྱི་ནང་གསང་བ་རབ་གསང་གཉིས། །རྩེ་གསུམ་རྩེ་གཅིག་རྩེ་ལྔ་པ། །རྩེ་དགུ་པ་ནི་ཉིད་ཡིན་
ནོ། །བཅུ་གཉིས་དེ་ཉིད་རྡོ་རྗེ་སྟེ། །རྟགས་ཀྱི་རྡོ་རྗེ་བཞི་ཡིན་ནོ། །གཉིས་སུ་མེད་པ་རྩེ་གཅིག་པས། །རྣམ་རྟོག་ཐམས་ཅད་སྤངས་པ་ཡིན། །རྩེ་གསུམ་སྐུ་གསུང་ཐུགས་ཡིན་ཏེ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཇོམས་པའི་ཕྱིར་ན་བཤད་པ་ཡིན། །རྩེ་ལྔ་ཡེ་ཤེས་ལྔ་
ཡི་རྟགས། །མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་བ་ནན་ཏན་ཆོས་དབྱིངས་ཤེས། །ཉོན་མོངས་ལྔ་ནི་སྤངས་པ་སྟེ། །ཞེ་སྡང་ང་རྒྱལ་འདོད་ཆགས་དང་། །ཕྲག་དོག་གཏི་མུག་འཇོམས་པར་བྱེད། །རྡོ་རྗེ་རྩེ་དགུ་གང་ཡིན་པ། །ཡེ་ཤེས་རྩེ་དགུ་བཤད་པ་སྟེ། །ཁམས་གསུམ་ས་
དགུ་འཇོམས་པར་བྱེད། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །རིག་འཛིན་སངས་རྒྱས་ཡེ་ཤེས་ཆེ། །ས་དགུ་ལ་ནི་གང་སྒྲིབ་པའི། །སྒྲིབ་པ་སྦྱོང་བར་བྱེད་པ་ཡི། །རྡོ་རྗེ་རྩེ་དགུར་བསྟན་པ་ཡིན། །རྡོ་རྗེ་རྩེ་མོ་བཅུ་གཉིས་
པ། །འཁོར་བའི་རྟེན་འབྲེལ་བཅུ་གཉིས་ཀྱི། །སྤོང་བའི་ཡེ་ཤེས་བཅུ་གཉིས་ཡིན། །མ་རིག་པ་ལས་འདུ་བྱེད་དེ། །འདུ་བྱེད་རྐྱེན་གྱིས་རྣམ་པར་ཤེས། །མིང་དང་གཟུགས་དང་སྐྱེ་མཆེད་དྲུག །རེག་དང་ཚོར་དང་སྲེད་དང་ལེན། །སྲིད་པ་སྐྱེ་དང་རྒ་ཤི་སྟེ། །དེ་རྣམས་སྤོང་བའི་གཉེན་
པོ་སྟེ། །ཆོས་ཀྱི་ཡེ་ཤེས་མངོན་དུ་བྱས། །དེ་ལས་ཡེ་ཤེས་དྲུག་རང་བཞིན། །དེ་ལས་སྐུ་གསུང་ཐུགས་ངོ་བོ། །དེ་ལས་སྐྱེ་མཆེད་དྲུག་སངས་རྒྱས། །དེ་ལས་གཉིས་མེད་རེག་པ་ནི། །དེ་ལས་ཉམས་མྱོང་བདེ་ཆེན་པོ། །རང་རིག་དེ་ཉིད་སྲེད་པ་སྟེ། །ཆོས་ཀུན་སྟོན་བྱེད་ལེན་པ་སྟེ། །
སྲིད་པ་ལོངས་སྤྱོད་རྫོགས་སྐུ་ཡིན། །སྐྱེ་བ་སྤྲུལ་པའི་སྐུ་རུ་བཤད། །རྒ་ཤི་རྒྱུན་དང་མྱ་ངན་འདས། །འོད་གསལ་སྟོང་ཆེན་ངང་དུ་ཐིམ། །དེ་ཕྱིར་རྡོ་རྗེ་བཅུ་གཉིས་པ། །རྫས་ཀྱི་རྡོ་རྗེ་བཞི་ཡིན་ཏེ། །འབིགས་ཤིང་རྣོ་བ་ཟུར་གསུམ་སྟེ། །གྲུ་བཞིས་རྫས་རྣམས་བརྡར་བྱས་པས། །འཇམ་

ཞིང་དང་ལ་འཇོམས་པར་བྱེད། །ཕ་ལམ་ཟླུམ་པོས་རྩུབ་པ་འཇོམས། །ཟུར་ལྔས་ཐམས་ཅད་ཅི་དགར་བྱེད། །དེ་ནས་ཆེན་པོའི་དོན་བཤད་དེ། །དམིགས་དང་བསམ་པ་སྤྱོད་པ་དང་། །བརྟུལ་ཞུགས་བརྩོན་འགྲུས་སྨོན་ལམ་དང་། །དེ་བཞིན་ཡེ་ཤེས་ཆེན་པོ་སྟེ། །རེ་རེ་
ལ་ཡང་བདུན་བདུན་སྦྱར། །དེ་ཕྱིར་ཆེན་པོ་ཞེས་ནི་བསྟན། །རྒྱུད་ནི་རྣམ་པ་ལྔ་ཡིན་ཏེ། །ཕྱི་དང་ནང་དང་གསང་བ་དང་། །རབ་ཏུ་གསང་དང་གསང་བ་ཆེ། །དེ་རྣམས་རྒྱུན་དུ་གནས་པ་ལ། །རྒྱུ་ཡི་རྒྱུད་དུ་བསྟན་པ་ཡི། །དེ་རྣམས་དོན་ནི་ཇི་བཞིན་རྟོགས། །འབྲས་བུའི་རྒྱུད་དུ་བསྟན་པ་
ཡིན། །རྒྱུད་དང་འབྲས་བུ་གཉིས་མེད་པ། །རྒྱུ་ནི་གཉིས་སུ་མེད་པ་ཡི། །རང་རིག་ཡེ་ཤེས་མཐར་ཐུག་པ། །མཐར་ཐུག་བླ་ན་མེད་པའི་རྒྱུད། །རྒྱལ་པོ་ལ་ཡང་ལྔ་ཡིན་ཏེ། །ཕྱི་ནང་གསང་དང་རབ་ཏུ་གསང་། །ཤིན་ཏུ་གསང་བ་ཆེན་པོ་སྟེ། །དེ་རྣམས་དོན་ལ་དབང་བསྐུར་དང་། །དེ་ཡི་
མི་མཐུན་ཕྱོགས་འཇོམས་ཕྱིར། །དེ་ཕྱིར་རྒྱལ་པོ་ལྔ་རུ་བསྟན། །རྡོ་རྗེ་སྙིང་པོས་ཡང་གསོལ་པ། །བཅོམ་ལྡན་འདས་ནི་ཇི་ལྟར་ལགས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ནི་ཇི་ལྟར་ལགས། །བཙུན་མོའི་བྷ་ག་ཇི་ལྟར་ལགས། །རྡོ་རྗེ་གང་ལགས་སྙིང་པོ་གང་། །
དཔའ་བོ་གང་ལགས་མཁའ་འགྲོ་གང་། །དཔག་ཏུ་མེད་པ་ཇི་ལྟར་ལགས། །ཐབས་ཅིག་བཞུགས་པ་ཇི་ལྟར་ལགས། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་ནས་ཞེས་པ་ཇི་ལྟར་ལགས། །མངོན་ཕྱོགས་འཁོད་པ་ཇི་ལྟར་ལགས། །ཞལ་འཛུམ་མཛད་པ་ཇི་ལྟར་ལགས། །གཟིགས་
པ་ཞེས་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་མོངས་དང་ནི་འཆི་བདག་བདུད། །ཕུང་པོའི་བདུད་དང་ལྷ་ཡི་བདུད། །བདུད་བཞི་བཅོམ་པས་བཅོམ་པའོ། །ལྡན་པ་ཡོན་ཏན་དྲུག་ལྡན་ཕྱིར། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་
སྐལ་བ་བཟང་། །ཡེ་ཤེས་ཕུན་སུམ་ཚོགས་པ་ལ། །དྲུག་པོ་དེ་ལྡན་ཞེས་བྱ་བ། །འཁོར་བའི་ཆོས་ནི་མྱ་ངན་ཏེ། །དེ་ལྟར་བྲལ་ཕྱིར་འདས་པའོ། །འདས་པའི་དེ་བཞིན་གཤེགས་པ་ཀུན། །འགྲོ་བའི་དོན་མཛད་དེ་བཞིན་གཤེགས། །ཐམས་ཅད་དུས་གསུམ་སངས་རྒྱས་ཀྱི། །སྐུ་

གསུང་ཐུགས་ཀྱི་ངོ་བོར་བཅས། །བཙུན་མོ་ཞེས་བྱ་ཆོས་ཀྱི་དབྱིངས། །དེ་ལས་བྱུང་ཕྱིར་བྷ་ག་སྟེ། །དབྱེར་མི་ཕྱེད་པས་བཞུགས་པར་བཤད། །རྡོ་རྗེ་ཆོས་རྣམས་འཇིགས་པ་ཆེ། །སྙིང་པོ་ཡེ་ཤེས་ཆེན་པོ་སྟེ། །སོགས་པ་མང་པོའི་དོན་ཡིན་ཏེ། །དཔའ་བོ་ཞེས་པ་རྣམ་པ་ལྔ། །ཕྱི་ནང་
གསང་བ་ལ་སོགས་ཀྱི། །རྣམ་པར་རྟོག་པ་འཇོམས་ཕྱིར་ཡིན། །མཁའ་ལ་འགྲོ་བས་མཁའ་འགྲོ་སྟེ། །རྩ་སོགས་ལ་ཡང་ཤེས་པར་བྱ། །ཐམས་ཅད་དེ་ལས་བྱུང་བའི་ཕྱིར། །མ་ཞེས་ང་ཡིས་གསུངས་པ་ཡིན། །དེ་ཡི་དོན་ལ་མི་དཔོགས་པས། །དེ་ཡི་ཕྱིར་ན་དཔག་ཏུ་མེད། །ཐབས་
ཅིག་བཞུགས་ཞེས་བྱ་བ་འདི། །དེ་ཉིད་དོན་དང་དབྱེར་མེད་ཕྱིར། །གཅིག་གི་དོན་དུ་བཤད་པའོ། །གཉིས་པ་མ་ཡིན་དེ་དུས་སུ། །ཕྱི་ནང་མ་ཡིན་མཆོད་པ་ནི། །ཕྱི་ཡི་མཆོད་པ་བཤད་པར་བྱ། །མེ་ཏོག་བདུག་པ་མར་མེ་དང་། །དྲི་དང་ལྷ་བཤོས་བཏུང་བ་དང་། །རོལ་མོ་སིལ་
སྙན་དབྱངས་ཉིད་དང་། །སྒེག་དང་རྒོད་དང་གར་ཉིད་དང་། །རྟ་དང་གླང་པོ་རིན་ཆེན་སོགས། །དེ་ནས་ནང་གི་མཆོད་པ་ནི། །བྷ་ག་བཙུམས་ལ་ཀུ་ཙ་བཙིར། །བདུད་རྩི་ལྔ་དང་བཏུང་བ་ལྔ། །བྱང་ཆུབ་སེམས་དང་ལྡན་བྱས་ཏེ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་ལ་
སོགས་པས་མཆོད་པར་བྱ། །དེ་ནས་གསང་བའི་མཆོད་པ་ནི། །རྩ་དང་རླུང་དང་ཐིག་ལེ་སྟེ། །དེ་ཉིད་གཉིས་མེད་བདེ་བ་ཡིས། །རྩ་དང་རླུང་སོགས་ཐིག་ལེས་མཆོད། །དེ་ནས་རབ་གསང་མཆོད་པ་ནི། །དང་པོ་དགའ་དང་མཆོག་དགའ་དང་། །དགའ་བྲལ་དེ་བཞིན་ལྷན་སྐྱེས་དགའ། །བདེ་
བའི་ཁྱད་པར་དེ་ཉིད་ཀྱིས། །རང་བཞིན་དགའ་སོགས་ཐམས་ཅད་མཆོད། །དེ་ནས་བླ་མེད་མཆོད་པས་ནི། །རང་རིག་སྟོང་པར་རྟོགས་པ་ཡིས། །འོད་གསལ་དེ་ཉིད་ཆོས་ཀྱི་སྐུ། །དེ་ཉིད་བླ་མེད་མཆོད་པ་མཆོག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རྡོ་རྗེ་སྙིང་པོ་ལ་སོགས་
པའི་འཁོར་རྣམས་དགའ་ཞིང་མགུ་ནས་རྗེས་སུ་ཡི་རངས་པར་གྱུར་ཏེ། གཡོན་ཕྱོགས་ནས་བསྐོར་བ་བྱས་ནས་སོ་སོའི་རྫུ་འཕྲུལ་གྱིས་མི་སྣང་བར་གྱུར་ཏོ། །དཔལ་འཁོར་ལོ་སྡོམ་པ་རྡོ་རྗེ་རྒྱལ་པོའི་རྒྱུད་རྫོགས་སོ།། །།རྣལ་འབྱོར་མ་ཙནྡྲ་མཱ་ལ་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་ཨཱ་ཤ་ཡ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་ཡེ་ཤེས་བསམ་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དཔའ་བོ་དང་མཁའ་འགྲོ་མའི་འཁོར་
གྲངས་མེད་པ་དང་། ཡེ་ཤེས་གསང་བའི་གནས་ན་ཐབས་ཅིག་ཏུ་བཞུགས་པའི་དུས་སུ་དཔའ་བོ་ཡེ་ཤེས་མཁའ་འགྲོ་ཞེས་བྱ་བས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ། ཐལ་མོ་སྦྱར་ནས་གསོལ་པ། བཅོམ་ལྡན་ཡེ་ཤེས་མངའ་བདག་ཆེ། །ཡེ་ཤེས་ཀྱི་ནི་རང་བཞིན་དང་། །
ཡེ་ཤེས་སྐྱེ་གནས་གང་དང་གང་། །རྒྱལ་པོ་ཇི་ལྟར་ལགས་པ་དང་། །གང་ལ་དབང་བྱེད་གང་གིས་འདུལ། །དེ་ཉིད་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཔའ་བོ་ཡེ་ཤེས་མཁའ་འགྲོ་ཉོན། །ཡེ་ཤེས་ཞེས་བྱ་རྣམ་པ་ལྔ། །དེ་ཉིད་དོན་ལ་ཤེས་པ་
དང་། །ལོག་རྟོག་ཤེས་པས་མ་བསྒྲིབས་ཕྱིར། །སྤྱི་བོའི་ཡེ་ཤེས་བཤད་པའོ། །མེ་ལོང་ཡེ་ཤེས་མཉམ་ཉིད་དང་། །སོ་སོར་རྟོག་དང་བྱ་ནན་ཏན། །ཆོས་དབྱིངས་ཡེ་ཤེས་ལྔ་པའོ། །དེ་ལ་མེ་ལོང་ཡེ་ཤེས་ནི། །དཔེར་ན་གཡའ་དག་མེ་ལོང་ལ། །གཟུགས་བརྙན་གསལ་བར་སྣང་བ་
བཞིན། །དེ་བཞིན་སེམས་ཀྱི་མེ་ལོང་ལ། །ཉོན་མོངས་གཡའ་ནི་དག་བྱས་ན། །ཆོས་རྣམས་གཟུགས་བརྙན་སྒྱུ་མར་མཐོང་། །སེམས་ཀྱི་མེ་ལོང་གང་ཡིན་ལ། །སྒྱུ་མ་ཙམ་དུ་སྣང་བ་དེ། །ཐ་དད་མི་ཕྱེད་མཉམ་ཡེ་ཤེས། །མཉམ་ཉིད་ཡེ་ཤེས་གང་ཡིན་པ། །ཀུན་རྫོབ་སྒྱུ་མ་ཙམ་དེ་ནི། །
ལས་དང་མཚན་ཉིད་མ་འདྲེས་པ། །དེ་ཉིད་སོ་སོར་རྟོག་ཡེ་ཤེས། །དེ་ཉིད་ནན་ཏན་སྒྲུབ་བྱེད་དེ། །དེ་ཉིད་དོན་གྲུབ་ཡེ་ཤེས་ཏེ། །ཐམས་ཅད་ཆོས་དབྱིངས་གཞན་མིན་ཏེ། །དེ་ཕྱིར་ཆོས་དབྱིངས་ཡེ་ཤེས་ཡིན། །ཡེ་ཤེས་སྐྱེ་གནས་གང་ཡིན་པ། །ཁ་སྦྱོར་དབུས་ཀྱི་རྩ་བརྒྱད་དོ། །དབྱིངས་
དང་ཡེ་ཤེས་གཉིས་མེད་ཚུལ། །ཤར་དང་ལྷོ་དང་ནུབ་དང་བྱང་། །ཡེ་ཤེས་བཞི་པོ་སྐྱེ་བའི་གནས། །དེ་དག་ཀུན་འདུས་ལྟེ་བ་ནི། །ཆོས་དབྱིངས་ཡེ་ཤེས་སྐྱེ་བའི་གནས། །མེ་ལོང་ཡེ་ཤེས་མཉམ་ཉིད་དང་། །སོ་སོར་རྟོག་དང་བྱ་བ་གྲུབ། །ཆོས་དབྱིངས་ཡེ་ཤེས་ལ་སོགས་པ། །བདག་

པོ་བྱེད་པའི་ཕྱིར་དང་ནི། །ཞེ་སྡང་དང་ནི་ང་རྒྱལ་དང་། །འདོད་ཆགས་དང་ནི་ཕྲག་དོག་དང་། །དེ་བཞིན་གཏི་མུག་ལ་སོགས་པའི། །ཉོན་མོངས་ཐམས་ཅད་འཇོམས་པའི་ཕྱིར། །རྒྱལ་པོ་ཞེས་ནི་བསྟན་པ་ཡིན། །ཡེ་ཤེས་མཁའ་འགྲོས་ཡང་གསོལ་པ། །བྱང་ཆུབ་སེམས་ནི་ཇི་ལྟར་ལགས། །
དེ་ཉིད་དབྱེ་བ་གང་ལགས་དང་། །དེ་ཡི་གནས་དང་གཟུང་བའི་གནས། །ངེས་པར་བཟློག་པའི་ཚུལ་ཉིད་དང་། །དེ་ཉིད་ཀྱི་ནི་འབྲས་བུ་དང་། །རྟགས་དང་ཡོན་ཏན་གང་ལགས་པ། །དེ་ཉིད་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བྱང་ཆུབ་སེམས་ནི་རང་རིག་སྟེ། །
དབྱེ་བའི་དོན་ནི་གཉིས་སུ་བསྟན། །དེ་ཡི་གནས་ནི་རྩ་ཡིན་ཏེ། །གཟུང་བ་རིག་པའི་འཁོར་ལོར་ཏེ། །ངེས་པར་བཟློག་པའི་ཐབས་དག་ནི། །གོ་བཟློག་པ་ཡི་ཚུལ་ཡིན་ནོ། །དེ་ཉིད་འབྲས་བུ་གཉིས་མེད་རྟོགས། །རྟགས་ནི་ལུས་ལ་ཁྲག་བྱུང་དང་། །བ་སྤུ་ལངས་དང་འདར་བ་དང་། །ཁ་ཟས་དད་ཆུང་
ལུས་ཡང་དང་། །སྐྲ་དཀར་གཉེར་མ་དེངས་པ་དང་། །ལེ་ལོ་མེད་དང་བརྩོན་འགྲུས་ལྡན། །དེ་ལ་སོགས་པའི་རྟགས་རྣམས་འགྲུབ། །དེ་ནས་ཡོན་ཏན་བཤད་པ་ནི། །རྐང་མགྱོགས་སྟེང་ས་འོག་གི། །འཇིག་རྟེན་དངོས་གྲུབ་གང་ཡིན་དང་། །འཇིག་རྟེན་ལས་འདས་ཐོབ་པར་འགྱུར། །གཉིས་
མེད་བྱང་ཆུབ་སེམས་ཀྱི་གནས། །རང་རིག་འོད་གསལ་དེ་ཉིད་དོ། །ཡེ་ཤེས་རང་བཞིན་གནས་ཡིན་ཏེ། །རྟགས་ནི་འོད་གསལ་དེ་ཉིད་དོ། །འབྲས་བུ་ཆོས་སྐུ་འཆང་ཆེན་པོའི། །ས་ནི་ངེས་པར་ཐོབ་པའོ། །རྣལ་འབྱོར་སེམས་གཟུང་བསྒོམ་པ་བརྟག །ལུས་སེམས་ཚགས་སུ་བཅུག་ནས་ནི། །
རང་གི་སེམས་ཀྱི་དེ་ཉིད་ལ། །དེ་ཉིད་དབྱེར་མེད་བསྒོམ་པར་བྱ། །དེ་ཡིས་ཐོབ་མེད་འབྲས་བུ་ཐོབ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཡེ་ཤེས་མཁའ་འགྲོ་ལ་སོགས་པའི་འཁོར་ཐམས་ཅད་རྗེས་སུ་ཡི་རངས་ནས་དེ་ཁོ་ན་ཉིད་བླ་ན་མེད་པའི་མཆོད་པས་མཆོད་དེ་མི་
སྣང་བར་གྱུར་ཏོ། །དཔལ་འཁོར་ལོ་སྡོམ་པ་ཡེ་ཤེས་བསམ་པའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།པཎྜི་ཏ་ག་ཡ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། ཤྲཱི་རཱ་ག་རཱ་ཛ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་ཆགས་པའི་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་
གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་སྤོས་དང་མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་ནས། །ཧེ་ཧེ་དཔའ་བོ་འཇིགས་པ་ཆེ། །སེམས་ཅན་སངས་རྒྱས་རང་བཞིན་ན། །མཚན་དང་དཔེ་བྱད་གང་དང་
གང་། །སྟོང་དང་དེ་བཞིན་རྣམ་ཐར་དང་། །རྫུས་སྐྱེས་མངལ་སྐྱེས་སྒོང་སྐྱེས་དང་། །དྲོད་གཤེར་གཉིས་གསུམ་བཞི་ཆར་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨ་ནི་དབུ་ཡི་གཙུག་ཏོར་ཏེ། །ཨཱ་ནི་དབུ་སྐྲ་གཡས་སུ་འཁྱིལ། །ཨི་ནི་དཔྲལ་བའི་དབྱེས་མཉམ་པ། །ཨཱི་ནི་སྨིན་
མཚམས་མཛོད་སྤུ་སྟེ། །ཨུ་ནི་སྤྱན་སྨིག་མཐོན་མཐིང་ལ། །བ་ཡི་རྫི་མ་ལྟ་བུའོ། །ཨུ་ཚེམས་བཞི་བཅུ་མངའ་བ་སྟེ། །རྀ་རཱྀ་ཚེམས་མཉམ་ཚམས་ཐགས་བཟང་། །ལྀ་ལཱྀ་ཚེམས་དཀར་རོ་བྲོ་མཆོག །ཨེ་ནི་འགྲམ་པ་སེང་གེ་འདྲ། །ཨཻ་ལྗགས་ཤིན་ཏུ་སྲབ་པ་སྟེ། །ཨོ་ནི་ཚངས་པའི་
དབྱངས་དང་ལྡན། །ཨཽ་ནི་དཔུང་མགོ་ཤིན་ཏུ་ཟླུམ། །ཨོཾ་ནི་བདུན་མཐོ་བ་རུ་གསུངས། །ཨཿནི་ཐལ་གོང་རྒྱས་པ་སྟེ། །འདི་དག་བཅུ་དྲུག་གཡས་བསྐོར་རོ། །དེ་ནས་གཡོན་བསྐོར་མཚམས་ནས་ཀྱང་། །ཨ་ནི་ལྤགས་སྲབ་མདོག་གསེར་འདྲ། །ཨཱ་ནི་བཞེངས་བཞིན་མ་བཏུད་པར། །
ཕྱག་གཉིས་པུས་མོ་སླེབ་པའོ། །ཨི་ནི་རོ་སྟོད་སེང་གེ་འདྲ། །ཨཱི་ནི་ཤིང་ནྱ་གྲོ་ལྟ་བུར། །ཆུ་དང་ཞེང་ནི་གབ་པའོ། །ཨུ་ནི་མཛོད་སྤུ་གཡས་སུ་འཁྱིལ། །ཨཱུ་ནི་སྤུ་རྣམས་གྱེན་དུ་ཕྱོགས། །རྀ་མདོམས་སྤ་བ་སྦུབས་སུ་ནུབ། །རཱྀ་བརླ་ལེགས་པར་ཟླུམ་པའོ། །ལྀ་ནི་ཞབས་ལོང་ཚིགས་
མི་མངོན། །ལཱྀ་ནི་ཕྱག་ཞབས་འཇམ་ཞིང་གཞོན། །ལཱྀ་ནི་ཕྱག་མཐིལ་ཞབས་ཀྱི་མཐིལ། །འཇམ་ཞིང་གཞོན་ཤ་རྒྱས་པའོ། །ཨེ་ནི་ཕྱག་ཞབས་དྲ་བས་འབྲེལ། །ཨཻ་ནི་སེན་མོ་རིང་བ་སྟེ། །ཨོ་ནི་ཕྱག་དང་ཞབས་མཐིལ་ལ། །འཁོར་ལོ་དང་ནི་ལྡན་པ་ཡིན། །ཨཽ་ནི་ཞབས་ནི་ཤིན་

ཏུ་གནས། །ཨོཾ་ཞབས་རྟིང་པ་ཡངས་པ་སྟེ། །ཨཿནི་བྱིན་པ་རི་དགས་ནི། །ཨེ་ན་ཡ་ཡི་ལྟ་བུ་སྟེ། །སྤྱི་བོའི་མི་ཤིགས་སྙིང་པོ་ཧྃ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །ཀ་ནི་སེན་མོ་ཟངས་མདོག་འདྲ། །ཁ་ནི་སེན་མོ་མདོག་སྣུམ་པ། །ག་ནི་སེན་མོ་མཐོ་བ་སྟེ། །གྷ་ནི་སོར་མོ་རྣམས་ཟླུམ་
པ། །ང་ནི་སོར་མོ་རྣམས་རྒྱས་པ། །ཙ་ནི་སོར་རྣམས་བྱིན་གྱིས་ཕྲ། །ཚ་ནི་རྩ་རྣམས་མི་མངོན་པ། །ཛ་ནི་རྩ་མདུད་མེད་པ་ཡིན། །ཛྷ་ནི་ལོང་བུ་མི་མངོན་པ། །ཉ་ནི་ཞབས་མི་མཉམ་པ་མེད། །ཊ་ནི་སེང་གེའི་སྟབས་སུ་གཤེགས། །ཋ་ནི་གླང་པོའི་སྟབས་སུ་གཤེགས། །ཌ་ནི་ངང་པའི་སྟབས་
སུ་གཤེགས། །ཌྷ་ནི་ཁྱུ་མཆོག་སྟབས་སུ་གཤེགས། །ཎ་ནི་གཡོན་ཕྱོགས་ལྡོག་ཅིང་གཤེགས། །ཏ་ནི་མཛེས་པར་གཤེགས་པ་སྟེ། །ཐ་ནི་མི་གཡོ་བར་གཤེགས་པ། །ད་ནི་སྐུ་ལ་འཁྲིལ་བག་ཆགས། །དྷ་སྐུ་བྱི་དོར་བྱས་པ་འདྲ། །ན་སྐུ་རིམ་པར་འཚམ་པའོ། །པ་ནི་སྐུ་གཙང་ཕ་སྐུ་འཇམ། །
བ་སྐུ་རྣམ་པར་དག་པའོ། །བྷ་ནི་མཚན་རྫོགས་ངོ་བོ་ཉིད། །མ་སྐུ་ཁོ་ལག་ཡངས་ཤིང་བཟང་། །ཡ་ནི་གོམ་པ་སྙོམས་པའོ། །ར་སྐུ་ཤིན་ཏུ་གཞོན་མདོག་ཅན། །ལ་ནི་སྐུ་ལ་འཁྲུལ་པ་མེད། །ཝ་ནི་སྐུ་ལུས་རྒྱས་པ་སྟེ། །ཤ་ནི་ཤིན་ཏུ་གྲིམས་པའོ། །ཥ་ནི་ཡན་ལག་ཐམས་ཅད་
མཛེས། །ས་གཟིགས་རབ་རིབ་མེད་ཅིང་དག །ཧ་དཀུ་ཟླུམ་པ་ཉིད་ཡིན་ཏེ། །ཀྵ་ནི་དཀུ་སྐབས་ཕྱེད་པའོ། །ཡ་ནི་དཀུ་སྙོམས་པ་ཡིན་ཏེ། །ར་ནི་ཕྱལ་ཕྱམ་མེད་པ་ཡིན། །ལ་ནི་ལྟེ་བ་ཟབ་པ་སྟེ། །ཝ་ནི་ལྟེ་བ་གཡས་སུ་འཁྱིལ། །ཌྷ་ནི་ཀུན་ནས་མཛེས་པ་སྟེ། །དྷ་ནི་ཀུན་སྤྱོད་གཙང་མ་
ཡིན། །འདི་དག་ཐབས་ཀྱི་རང་བཞིན་གྱིས། །གཡས་ནས་བསྐོར་བ་བཞི་བཅུ་ཡིན། །དེ་ནས་གཡོན་གྱིས་བཞི་བཅུ་ནི། །ཀ་ནི་སྐུ་སྨེ་གནག་བག་མེད། །ཁ་ནི་ཤིང་བལ་ལྟར་འཇམ་ཕྱག །ག་ཕྱག་རི་མོ་མདངས་ཡོད་པ། །གྷ་ཕྱག་རི་མོ་ཟབ་པ་དང་། །ང་ཕྱག་རི་མོ་རིང་བའོ། །ཙ་
ཞལ་ཧ་ཅང་མི་རིང་བ། །ཚ་ཞལ་གཟུགས་ཀྱི་གཟུགས་བརྙན་སྣང་། །ཛ་ཛྷ་ལྗགས་མཉེན་ལྗགས་སྲབ་པ། །ཉ་ནི་ལྗགས་དམར་ངོ་བོ་སྟེ། །གླང་པོའི་ང་རོ་འབྲུག་སྒྲ་ཊ། །ཋ་ནི་གསུང་སྙན་མཉེན་འཇམ་པ། །ཌ་ཌྷ་མཆེ་བ་ཟླུམ་དང་རྣོ། །ཎ་ནི་མཆེ་དཀར་ཏ་ཚེམས་མཉམ། །ཐ་ནི་མཆེ་བ་

བྱིན་གྱིས་ཕྲ། །ད་ཤངས་ཤིན་ཏུ་མཐོ་བ་དང་། །དྷ་ཤངས་ཤིན་ཏུ་གཙང་བའོ། །ན་ནི་སྤྱན་འོད་རྣམ་པར་དག །པ་ཕ་སྤྱན་བཟང་རྫི་མ་སྟུག །བ་ནི་དཀར་ནག་ཕྱེད་པདྨའི། །འདབ་མའི་མདངས་འདྲ་པདྨའི་སྤྱན། །བྷ་ནི་དེ་བཞིན་སྨིན་མཚམས་རིང་། །མ་ཡ་སྨིན་
མཚམས་སྨིན་སྤུ་མཉམ། །ར་ནི་དེ་བཞིན་སྨིན་མ་སྣུམ། །ལ་ནི་ཕྱག་རིང་རྒྱས་པའོ། །དེ་བཞིན་ཝ་ནི་སྙན་ཤལ་མཉམ། །སྙན་གྱི་དབང་པོ་མ་ཉམས་ཤ། །དཔྲལ་བ་ལེགས་པར་འབྱེས་པ་ཥ། །ས་ནི་དཔྲལ་བའི་དབྱེས་ཆེ་བ། །ཧ་ནི་དབུ་དག་ཤིན་ཏུ་རྒྱས། །དབུ་སྐྲ་བུང་བ་ལྟར་གནག་ཀྵ། །
དབུ་སྐྲ་སྟུག་པ་ཡ་ཡིན་ཏེ། །དེ་བཞིན་དབུ་སྐྲ་འཇམ་པ་ར། །དབུ་སྐྲ་མི་གཤོར་བ་ནི་ཝ། །དབུ་སྐྲ་དྲི་ཞིམ་ཌ་ཡིན་ཏེ། །ཕྱག་ལ་དཔལ་གྱི་བེའུ་དང་ནི། །བཀྲ་ཤིས་གཡུང་དྲུང་འཁྱིལ་བས་བརྒྱན། །སྡོང་རིས་ལྟ་བུ་ཌྷ་ཡིན་ཏེ། །ལྟེ་བ་སྤྲུལ་པའི་སྙིང་པོ་ཨྃ། །
གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཨ་ནི་ཕྱི་ནང་སྟོང་པ་ཉིད། །ཨཱ་ནི་སྟོང་པ་ཉིད་སྟོང་པ། །ཨི་ནི་ཆེན་པོ་སྟོང་པ་ཉིད། །ཨཱི་ནི་དོན་དམ་སྟོང་པ་ཉིད། །ཨུ་ནི་འདུས་བྱས་སྟོང་པ་ཉིད། །ཨཱུ་ནི་འདུས་མ་བྱས་སྟོང་པ། །རྀ་ནི་མཐའ་ལས་འདས་སྟོང་པ། །རཱྀ་ནི་ཐོག་མཐའ་སྟོང་པ་ཉིད། །ལྀ་ནི་
ངོར་བ་མེད་པ་སྟོང་། །ལཱྀ་ནི་རང་བཞིན་སྟོང་པ་ཉིད། །ཨེ་ནི་ཆོས་རྣམས་ཐམས་ཅད་སྟོང་། །ཨཻ་ནི་རང་གི་མཚན་ཉིད་སྟོང་། །ཨོ་ནི་མི་དམིགས་སྟོང་པ་ཉིད། །ཨཽ་ནི་དངོས་པོ་མེད་སྟོང་ཉིད། །ཨྃ་ནི་ངོ་བོ་སྟོང་པ་ཉིད། །དངོས་མེད་ངོ་བོ་སྟོང་ཉིད་ཨཿ། །མགྲིན་པ་ལོངས་སྤྱོད་སྙིང་པོ་ཨོྃ། །
ཤེས་རབ་སྟོན་པ་བཅུ་དྲུག་རྩ། །གཟུགས་ཅན་གཟུགས་རྣམས་ལ་ལྟ་བ། །རྣམ་པར་ཐར་པ་དང་པོ་ཨ། །ནང་གཟུགས་མེད་པར་འདུ་ཤེས་པས། །ཕྱི་རོལ་གཟུགས་རྣམས་ལ་ལྟ་བ། །རྣམ་ཐར་གཉིས་པ་ཀ་ཡིན་ནོ། །སྡུག་པ་རྣམ་པར་ཐར་པའི་ལུས། །མངོན་སུམ་བྱས་ནས་
རྫོགས་པ་ནི། །དེ་དག་རྣམ་ཐར་གསུམ་པ་ཙ། །གཟུགས་ཀྱི་འདུ་ཤེས་ལས་འདས་པ། །སྣ་ཚོགས་འདུ་ཤེས་ཡིད་མི་བྱེད། །ནམ་མཁའ་མཐའ་ཡས་ལ་གནས་ཊ། །ནམ་མཁའ་མཐའ་ཡས་ལས་འདས་ཏེ། །རྣམ་ཤེས་མཐའ་ཡས་ལ་གནས་ཤིང་། །རྣམ་ཤེས་མཐའ་ཡས་རྫོགས་

པ་ཏ། །རྣམ་ཤེས་མཐའ་ཡས་ལས་འདས་ནས། །ཅི་ཡང་མེད་པ་ལ་གནས་ཏེ། །དེ་ཉིད་རྫོགས་པ་པ་ཡིན་ནོ། །ཅི་ཡང་མེད་པ་ལས་འདས་ཏེ། །འདུ་ཤེས་མེད་མིན་ལ་གནས་ཏེ། །འདུ་ཤེས་མེད་མིན་རྫོགས་པ་ཡ། །འདུ་ཤེས་མེད་མིན་ལ་འདས་ཏེ། །འདུ་ཤེས་ཚོར་བ་འགོག་པའི་
ལུས། །མངོན་སུམ་བྱས་ནས་རྫོགས་པ་ནི། །རྣམ་པར་ཐར་པ་བརྒྱད་པ་ཤ། །སྙིང་ག་ཆོས་ཀྱི་འཁོར་ལོ་ཧཱུྃ། །གཙོ་བོ་རྣམ་ཐར་བརྒྱད་དང་ལྡན། །འདི་དག་རྩ་ཡི་རྣམ་པར་གནས། །འཁོར་ལོའི་རྒྱ་ནི་སོར་གསུམ་སྟེ། །སེམས་ཅན་ཀུན་ལ་རང་བཞིན་གནས། །དེ་ཕྱིར་སེམས་ཅན་སངས་
རྒྱས་ཡིན། །སྣ་ཚོགས་སྡུད་པའི་མཚན་ཉིད་ཀྱང་། །རིང་དུ་འབྱུང་ཞིང་ཐུང་དུ་གནས། །སྨིན་མཚམས་ཀྱི་ནི་མཛོད་སྤུ་བཞིན། །ཆོས་ཀྱི་འབྱུང་གནས་ལྟེ་བ་ལ། །གཡས་གཡོན་བུ་ག་ལྔ་ལྔ་སྟེ། །སྟེང་འོག་ཁ་ཡི་བར་ནས་འབྱུང་། །རོ་མ་ཤར་དུ་མངོན་དུ་ཕྱོགས། །རྐྱང་མ་ནུབ་སྟེ་འོག་
གི་ཆར། །རོ་མས་རྐྱང་མ་ལ་འཁྱུད་ཅིང་། །གཡས་པའི་ཆ་རུ་ཟུང་འཇུག་ཉིད། །རྐྱང་མས་རོ་མ་ལ་འཁྱུད་ཅིང་། །གཡོན་གྱི་ཆ་རུ་ཟུང་འཇུག་ཉིད། །གཡས་གཡོན་རྩེ་མོ་སྐུ་གསུང་ཐུགས། །དེ་སྒྲ་སྔགས་སུ་རབ་ཏུ་གྲགས། །སྔགས་དང་རྒྱུད་དང་དངོས་གྲུབ་སོགས། །དེ་ཉིད་ལས་ནི་བྱུང་
བས་ན། །སེམས་ཅན་སངས་རྒྱས་རང་བཞིན་ནོ། །སྐྱེ་བ་བཞི་ཡི་རིམ་པ་ཡང་། །སྣོད་བཅུད་ཡབ་ཡུམ་ལ་ཐིམ་སྟེ། །ཡབ་ཡུམ་ཉི་མ་ཟླ་བར་འགྱུར། །སྣང་བའི་ཐིག་ལེ་ཡང་དག་བཅས། །འདི་དག་ནང་གི་མངལ་སྐྱེས་ཚུལ། །ཨཱ་ལི་ཀཱ་ལི་ཉི་ཟླ་སྟེ། །སེམས་ནི་ཐིག་ལེའི་ངོ་བོར་གནས། །
ནང་གི་སྒོང་སྐྱེས་ཡིན་པར་འདོད། །ཀཱ་དང་ཨཱ་ལས་ཉི་ཟླ་སྟེ། །རང་བྱུང་ཐིག་ལེ་དྲོད་གཤེར་ཡིན། །དེ་དག་སྐད་ཅིག་རྐྱེན་མེད་ལས། །རང་བཞིན་འབྱུང་བ་རྫུས་སྐྱེས་སོ། །རྐྱེན་མེད་སྦྱོར་བ་སྒོང་སོགས་ལས། །བདེ་བ་སྐྱེ་དང་བདེ་བའི་རྒྱུ། །ཐམས་ཅད་དྲན་པ་གསང་བ་ཡི། །མངལ་ནས་སྐྱེས་
པའི་ཚུལ་ཡིན་ཏེ། །ཡར་ལ་སྲེག་དང་མར་ལ་གསོ། །གནས་གསུམ་ཉི་ཤུ་བཞིར་འཕོ་ཡིན། །ཕྱི་ནང་འདོད་པའི་མཚན་མ་ཡིས། །རྩ་རྒྱས་བདེ་བ་སྟེར་བ་དང་། །རིན་པོ་ཆེ་ཡི་ཕོ་བྲང་དུ། །སེམས་འཛིན་གསང་བའི་སྒོང་སྐྱེས་ཡིན། །ནང་གི་འདོད་པའི་མཚོན་ཆ་ཡིས། །བདེ་བ་སྐྱེ་བ་དྲོད་

གཤེར་སྐྱེས། །གང་གི་རྐྱེན་གྱིས་མ་སྐྱེས་པར། །གདོད་ནས་བདེ་བའི་རྒྱུར་སྐྱེས་ལ། །བདེ་བ་སྐྱེས་པ་རྫུས་སྐྱེས་སོ། །གཏུམ་མོ་གོ་བཟློག་རྐྱེན་གྱིས་སྦར། །གཏུམ་མོ་རྐྱེན་གྱིས་སྦར་བ་དང་། །གཏུམ་མོ་གོ་བཟློག་སྦར་བ་དང་། །གཏུམ་མོ་རང་བཞིན་སྦར་བ་ནི། །
མངལ་སྐྱེས་སྒོང་སྐྱེས་དྲོད་གཤེར་སྐྱེས། །རྫུས་སྐྱེས་རིམ་པར་སྦྱར་བར་བྱ། །དུ་མའི་གཞི་བཅས་གཞི་བཅས་དང་། །གཞི་མེད་ཤིན་ཏུ་གཞི་མེད་དེ། །མངལ་སྐྱེས་སྒོང་སྐྱེས་དྲོད་གཤེར་སྐྱེས། །རྫུས་སྐྱེས་བཞི་ཆར་རིམ་པར་སྦྱར། །རྒྱུ་དང་ལམ་སྟེ་འབྲས་བུ་ཀུན། །སྐྱེ་བ་བཞི་ཡི་ངོ་བོར་
གཅིག །དེ་ཕྱིར་སངས་རྒྱས་སེམས་ཅན་གཉིས། །དངོས་པོ་རོ་མཉམ་གྱུར་པ་ལ། །ལོག་རྟོག་སྒྱུ་མས་གཉིས་སུ་འཁྲུལ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ནང་དང་གསང་བའི་དཀྱིལ་འཁོར་ཡང་། །ང་ཡིས་བཤད་ཀྱིས་ལེགས་པར་ཉོན། །སྐུ་ཡི་དཀྱིལ་འཁོར་སྤྱི་བོར་བསྒོམ། །གསུང་ནི་མགྲིན་
པ་ཐུགས་ནི་སྙིང་། །ཡོན་ཏན་ལྟེ་བ་ཕྲིན་ལས་ནི། །སྣ་རྩེ་དག་ཏུ་བསམ་པར་བྱ། །འབར་བ་བཞི་ཡི་ཨ་ལ་ཡང་། །རྡོ་རྗེ་ཕག་མོ་རབ་ཏུ་གྲགས། །ཧྃ་ནི་བདེ་མཆོག་ཧེ་རུ་ཀ། །དཔའ་བོ་གཅིག་པ་ཡིན་པར་འདོད། །བདུན་པ་དང་ནི་དགུ་པ་དག །གསུམ་པ་ཧཱུྃ་ལས་རབ་ཏུ་གྲགས། །བཅུ་
གསུམ་པ་དང་བཅྭ་ལྔ་པ། །བཅུ་དགུ་ཨོྃ་ལས་རབ་ཏུ་གྲགས། །ཉི་ཤུ་རྩ་ལྔ་ཉི་ཤུ་དགུ། །ཧྃ་གི་ངོ་བོར་ཡང་དག་གནས། །སུམ་ཅུ་བདུན་དང་དྲུག་ཅུ་བཞི། །ཨ་ཡི་དཀྱིལ་འཁོར་ཡིན་པར་ངེས། །རྩ་ནི་རྡོ་རྗེ་ཕག་མོ་སྟེ། །གཡས་གཡོན་ཕྱག་ལ་དབུ་མ་ཞལ། །དཔའ་བོ་བྱང་ཆུབ་
སེམས་ཡིན་ཏེ། །སྐྱེ་མཆེད་བཅུ་གཉིས་དངས་པ་ཡང་། །བཅུ་གཉིས་ཕྱག་ཏུ་རབ་ཏུ་གྲགས། །འབྱུང་བཞིའི་དངས་མ་ཞལ་བཞིར་ངེས། །མཛེས་པའི་ཕྱིར་ན་རྒྱན་དུ་བཤད། །གསུང་མཆོག་བླ་མའི་ཞལ་ནས་བླང་། །གཡས་གཡོན་སྟེང་འོག་སྒོ་བཞི་སྟེ། །འདོམ་གང་མཉམ་པ་
གྲུ་བཞི་ཡིན། །བདུད་རྩི་ལྔ་ནི་ཚོན་རྩི་ལྔ། །རྩ་ནི་ཐིག་གི་རང་བཞིན་ཏེ། །ཀ་བ་བརྒྱད་ནི་རྐང་བརྒྱད་དོ། །སོ་སེན་བ་སྤུ་ཏྭ་ར་སོགས། །མཁས་པས་བརྟག་ཅིང་ཤེས་པར་བྱ། །འདི་དག་རང་བཞིན་དཀྱིལ་འཁོར་ཏེ། །དཔེར་ན་རང་བྱུང་གསེར་དང་འདྲ། །འདི་ནི་བཅོས་མ་མ་

ཡིན་ཏེ། །རང་རིག་ཡེ་ཤེས་གཟུགས་བརྙན་ནི། །གཟུགས་བརྙན་དཀྱིལ་འཁོར་བསྒོམ་པ་མིན། །རྡུལ་ཚོན་ལ་སོགས་བྲི་བ་མིན། །སྤོས་ལ་སོགས་པས་མཆོད་པ་མིན། །རྡོ་ཤིང་ལྷ་ལ་ཕྱག་མི་བྱ། །རང་བཞིན་གནས་པའི་སངས་རྒྱས་ལ། །རང་བཞིན་མཆོད་པས་རྟག་
ཏུ་མཆོད། །སྐུ་ནི་དགུན་དུས་རང་བཞིན་ཏེ། །འབྱུང་བའི་སྐུ་གསུམ་ཟླ་བ་གསུམ། །གསུང་ནི་དཔྱིད་དུས་ངོ་བོ་སྟེ། །འཇུག་པའི་སྐུ་གསུམ་ཟླ་བ་གསུམ། །ཐུགས་ནི་དབྱར་དུས་ངོ་བོ་སྟེ། །གནས་པ་སྐུ་གསུམ་ཟླ་བ་གསུམ། །ཡེ་ཤེས་སྟོན་གྱི་དུས་ཡིན་ཏེ། །སྐུ་གསུང་ཐུགས་ནི་
ཟླ་བ་གསུམ། །དང་པོ་རྒྱུ་ཡི་ས་པ་ཡིན། །འཁོར་ལོ་ཆགས་པ་དམར་པོ་ལ། །ཡི་གེ་རྣམས་ནི་དཀར་པོས་གནས། །ལམ་གྱིས་པ་རྣམ་པ་གཉིས། །རིང་བ་དང་ནི་ཉེ་བའོ། །དེ་ནས་འབྲས་བུའི་ས་པ་ཡིན། །འཁོར་ལོ་ཡང་དག་གནས་པ་སྟེ། །འཁོར་ལོ་དེ་རྣམས་ལྷ་རྣམས་ཀྱང་། །
སྐུ་མདོག་ཕྱག་མཚན་ཀུན་དང་བྲལ། །རང་བཞིན་གསལ་བ་དྲི་མ་མེད། །ཤེལ་ལྟར་གསལ་བ་དྲི་མ་མེད། །མི་མཐོང་མཐོང་བའི་ངོ་བོ་ཅན། །ཟབ་ཅིང་ཕྲ་བའི་རང་བཞིན་ཅན། །ཕྱི་རུ་སྐུ་མདོག་ཕྱག་མཚན་ལྷ། །ནང་གི་ཤིན་ཏུ་ཕྲ་བའི་གཟུགས། །གསང་བའི་བདེ་བ་ལྷ་རུ་ངེས། །
དེ་ལས་བཟློག་པ་བཞི་པའི་ལྷ། །ལུས་ལས་བྱུང་ཕྱིར་ལྷ་ཞེའམ། །རྒྱུད་རྣམས་དག་བྱེད་ཕྱིར་ན་ལྷ། །ཆགས་པའི་ཕྱིར་ན་ལྷ་ཡིན་ཏེ། །རྒྱལ་པོ་ཤེས་རབ་རང་བཞིན་ཏེ། །ཐབས་དང་ཤེས་རབ་རང་བཞིན་གྱི། །ཆགས་པ་ཆེན་པོའི་རྒྱུད་གསུངས་སོ། །དེ་ནས་ས་ཆེན་པོ་ཡང་ཆེར་
གཡོས་པར་གྱུར་ཏེ། །མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་ཡང་བབས་པར་གྱུར་ཏོ། །དེ་ནས་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱང་རྒྱུད་ཀྱི་དོན་ལ་དགའ་ཞིང་མགུ་སྟེ་རྗེས་སུ་ཡི་རངས་ནས་མི་སྣང་བར་གྱུར་ཏོ། །དཔལ་ཆགས་པའི་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།
རྣལ་འབྱོར་མ་ཙནྡྲ་མཱ་ལ་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཌཱ་ཀི་ནཱི་སཾ་བ་ར་ཏནྟྲ་རཱ་ཛ་ན་མ། བོད་སྐད་དུ། དཔལ་མཁའ་འགྲོ་མའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་

བྱ་བ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་བ་ཆེན་པོའི་རོས་གང་བས། །ཐམས་ཅད་སྟོང་པར་གྱུར་ནས་ཀྱང་། །ཧེ་ཧེ་མགོན་པོ་རྡོ་རྗེ་འཛིན། །མཁའ་འགྲོ་མ་ནི་ཇི་ལྟར་ལགས། །དེ་ཡི་སྡོམ་པ་ཇི་ལྟར་ལགས། །དམ་ཚིག་བསྲུང་བ་ཇི་ལྟར་ལགས། །
རྡོ་རྗེ་ཕག་མོ་བདག་ལ་གསུངས། །ཉོན་ཅིག་རྡོ་རྗེ་ཕག་མོ་ཉོན། །དང་པོ་དམ་ཚིག་མཚན་ཉིད་ཀྱང་། །རྩ་བ་དང་ནི་ཡན་ལག་བཅས། །རང་གི་ལུས་ངག་ཡིད་གསུམ་དག །ཀུན་ནས་འཁྲུགས་ཏེ་གཞན་གྱི་ཡང་། །སྒོ་གསུམ་ཀུན་འཁྲུགས་ཆེན་པོ་སྟེ། །རང་བཞིན་སྒོ་གསུམ་འཁྲུགས་
པ་འབྲིང་། །ཉམས་པ་འབྲིང་དུ་གསུངས་པ་ཡིན། །རང་གཞན་འཁྲུགས་པ་ཐ་མ་ཡང་། །ཉམས་པ་ཆུང་ངུ་ཡིན་པར་འདོད། །རེ་རེ་ལ་ཡང་གསུམ་གསུམ་སྟེ། །ཉམས་པ་ཆེ་འབྲིང་དགུ་རུ་དབྱེ། །རང་ལ་མནར་སེམས་མ་སྐྱེས་ཀྱང་། །གཞན་ལ་མནར་སེམས་སྐྱེས་པ་ཡི། །བདག་གི་
གཡེང་བས་རྐྱེན་བྱས་པ། །དེ་ཉིད་ཉམས་པ་འབྲིང་དུ་བཤད། །རང་ལ་མནར་སེམས་ཆེར་སྐྱེས་ཀྱང་། །གཞན་ལ་ཉེས་པ་ཆུང་བས་ན། །འདི་ལྔ་ཉམས་པ་འབྲིང་དུ་བཤད། །གཡེང་བའི་རྐྱེན་གྱིས་གང་ཉམས་ཀྱང་། །འདི་ནི་ལྟུང་བ་ཡང་བར་གསུངས། །རང་གི་དམ་ཚིག་བསྲུངས་པ་ཡི། །
ལྟ་སྤྱོད་གང་ལ་གཞན་མ་མོས། །ཟབ་མོའི་དོན་ལ་སྐུར་འདེབས་པ། །ལྟུང་བ་ཆེ་འབྲིང་ཡང་བར་བཤད། །རང་གིས་མ་ཉེས་གཞན་ཆེར་འཁྲུགས། །འདི་ནི་ཉམས་པ་ཆུང་ངུར་བཤད། །རེ་རེའི་དབྱེ་བ་གཞན་ནས་ཤེས། །དེ་ནས་སྣོད་ཀྱི་མཚན་ཉིད་ཀྱང་། །ཕྱི་ཡིས་རང་གི་སྒོ་གསུམ་དག །
འཁྲུགས་པ་ཆེ་ཆུང་རིམ་པས་དབྱེ། །རང་སེམས་འཁྲུགས་ན་ཕྱི་རོལ་ལ། །བསྣུན་སོགས་ཉམས་པ་ཆེན་པོར་འགྱུར། །གཡེངས་པས་ཉམས་པ་འབྲིང་ཆུང་ངུ་། །མདོར་ན་རང་བཞིན་དམ་ཚིག་དང་། །བཅས་ཏེ་བྱེ་བྲག་དམ་ཚིག་ལས། །གཉིས་སུ་མེད་པར་མཁས་པས་གསུངས། །
དམ་ཚིག་ལས་ནི་རྡོ་རྗེ་འཆང་། །དེ་ནས་མཁའ་འགྲོ་མཚན་ཉིད་ཀྱང་། །མཁའ་འགྲོ་རྩ་རུ་གནས་པ་སྟེ། །ཕག་མོ་ཡུངས་ཀར་ཙམ་གྱི་ཚད། །གཞན་ནི་ལྔ་ཡི་ཚད་ཙམ་སྟེ། །གསལ་ལ་རང་བཞིན་མེད་པའོ། །ཀ་ནས་གཡས་བསྐོར་ཀ་ཡི་བར། །མཁའ་འགྲོ་དྲུག་ཅུ་བཞི་རུ་ངེས། །ཀ་

སོགས་ཟུང་རྩ་མཁའ་འགྲོ་སྟེ། །ཕྱི་ནས་རྩ་རེ་མཁའ་འགྲོ་རེ། །མཁའ་འགྲོ་ནས་བསྐོར་མཚམས་ཀྱི་བར། །སུམ་ཅུ་རྩ་བདུན་མཁའ་འགྲོ་མ། །ལྟེ་བ་སྤྲུལ་པར་ཡང་དག་གནས། །ཨ་སོགས་བརྒྱད་ནི་མཁའ་འགྲོ་བརྒྱད། །དེ་བཞིན་ཟུང་རྩ་མཁའ་འགྲོ་བཞི། །སྙིང་ག་རུ་ནི་ཡང་
དག་གནས། །ཟུང་རྩ་གསུམ་ནི་མཁའ་འགྲོ་རེ། །གཞན་རྣམས་རྩ་རེ་མཁའ་འགྲོ་རེ། །བཅུ་གཉིས་བཅུ་བཞི་མགྲིན་པར་གནས། །རྡོ་རྗེ་ཕག་མོ་ལྟེ་བར་གནས། །གཞན་ནི་སྤྱི་བོར་ཡང་དག་གནས། །དེ་ནས་སྡོམ་པ་བཤད་བྱ་སྟེ། །སངས་རྒྱས་ཀུན་གྱི་བདེ་ཆེན་པོ། །བདེ་དེ་
སྡོམ་པར་ཡང་དག་བཤད། །གང་ཞིག་བདེ་བ་ཁྱད་པར་ཅན། །ངེས་པར་སྡོམ་པ་ཡིན་པར་འདོད། །རྡོ་རྗེ་ཕག་མོ་མི་འདའ་བས། །སྡོམ་པ་དམ་ཚིག་ཏུ་ནི་བཤད། །མི་ཕྱེད་པས་ནི་ཕྱག་རྒྱར་གསུངས། །རྡོ་རྗེ་ཕག་མོས་ཡང་ཞུས་པ། །དམ་ཚིག་ཉམས་པའི་རྒྱུ་གང་ལགས། །རྐྱེན་ནི་
གང་ལགས་དུས་གང་ལགས། །ཚད་ནི་གང་ལགས་བསྲུང་དུས་གང་། །ལུས་ངག་དམ་ཚིག་ཇི་ལྟར་དབྱེ། །དང་པོར་ཉམས་པའི་རྒྱུ་ཉིད་ཀྱང་། །མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་ལྡན་དང་མ་གུས་དང་། །བརྗེད་ངས་དྲན་པ་མི་གསལ་བ། །འདི་དྲུག་དམ་ཚིག་ཉམས་པའི་རྒྱུ། །
བླ་མ་མ་བསྟེན་གྲོགས་ངན་འགྲོགས། །མདོར་ན་སྒོ་གསུམ་གཡེངས་པའི་ཡུལ། །དེ་དག་ཉམས་པའི་རྐྱེན་དུ་གསུངས། །གདོན་གྱིས་བར་ཆད་ཆང་གིས་མྱོས། །ལོག་ལྟ་སྐྱེས་དང་ཁེངས་གྲགས་འདོད། །ཉོན་མོངས་ཟིལ་ནོན་བླ་མས་སྐྱོ། །འདོད་ཆགས་ཆེན་པོ་སྐྱེས་པ་དག །དམ་ཚིག་
ཉམས་པའི་དུས་ཡིན་ཏེ། །སྤྱིར་ནི་རྩོད་ལྡན་དུས་སུ་གསུངས། །གདོན་སོགས་གཞན་གྱིས་བྱིན་བརླབས་ཚེ། །བསྲུང་བའི་འདུ་ཤེས་སྔོན་སོང་ན། །ཆེན་པོ་རྫོགས་ཀྱང་ཆུང་ངུར་གསུངས། །འདུ་ཤེས་སྔོན་དུ་མ་སོང་ན། །བག་མེད་ཉམས་པ་སོ་ནས་གནས། །གདོན་སོགས་རང་གིས་མ་
མཐོང་ན། །དེ་ཡང་ཉམས་པ་ཆུང་བར་གསུངས། །འཁོར་བས་སྐྱོ་དང་རྣམ་སྨིན་དྲན། །བླ་མ་དྲན་དང་འདོད་པ་སྐྱེས། །བར་ཆད་བྲལ་བ་བཤགས་པའི་དུས། །སྦྱོར་བ་དངོས་གཞི་མཇུག་དང་གསུམ། །གང་རྫོགས་ཚད་ནི་མཐར་ཕྱིན་ཏེ། །ཆེ་འབྲིང་དབྱེ་བས་ཤེས་པར་བྱ། །སྦྱོར་བ་

ལྟུང་བ་ཆུང་ངུ་སྟེ། །དངོས་གཞི་ལྟུང་བ་འབྲིང་དུ་འབྱུང་། །མཇུག་རྫོགས་ལྟུང་བ་ཆེན་པོར་ངེས། །རྒྱན་དང་ཕྱག་རྒྱ་ཕྱག་མཚན་དག །འཆང་བ་བསྟེན་པའི་དམ་ཚིག་ཡིན། །ཤ་ལྔ་བདུད་རྩི་ལྔ་རྣམས་ནི། །བཟའ་བར་བྱ་བའི་དམ་ཚིག་གོ། །སེམས་ཅན་
དཔའ་བོ་མཁའ་འགྲོ་ལ། །ལོངས་སྤྱོད་མཆོད་པ་གང་བྱེད་པ། །བལྟ་བར་བྱ་བའི་དམ་ཚིག་གོ། །རང་གཞན་སྒྱུ་མར་གང་ཤེས་པ། །ཤེས་པར་བྱ་བའི་དམ་ཚིག་གོ། །སྒོ་གསུམ་སྐུ་གསུང་ཐུགས་སུ་བསམ། །བསྲུང་བར་བྱ་བའི་དམ་ཚིག་གོ། །ཉོན་མོངས་དུག་དྲུག་གཟུང་འཛིན་ཀུན། །
རང་རིག་སྐྱེ་བ་མེད་པར་བསྒྲལ། །བསྒྲལ་བའི་དམ་ཚིག་ཆེན་པོ་ཡིན། །དམ་ཚིག་དོན་དུ་དམ་ཚིག་དག །དུས་དྲུག་དུས་གཉིས་ལོ་བར་དུ། །བརྟུལ་ཞུགས་ཅན་གྱིས་དམ་ཚིག་བསྲུང་། །དངོས་གྲུབ་དོན་དུ་རྟག་ཏུ་བསྲུང་། །སྐད་ཅིག་ཙམ་ཡང་གནང་བ་མེད། །རང་གི་ལུས་ཀྱི་ཉེས་པ་
ལས། །གཞན་གྱི་ལུས་ཀྱི་ཉེས་འབྱུང་བ། །འདི་ནི་སྐུ་ཡི་ཉེས་པར་བཤད། །རང་གི་ལུས་ཀྱི་ཉེས་པ་ལས། །གཞན་གྱི་ངག་གི་ཉེས་འབྱུང་བ། །བདག་གི་སྐུ་ཡི་ཉམས་པ་སྟེ། །གཞན་ལ་གསུང་གི་ཉམས་པར་འགྱུར། །གཞན་ཡང་མཁས་པས་ཤེས་པར་བྱ། །རང་ལ་རྩ་བའི་ཉེས་
པ་ལས། །གཞན་ལ་ཡན་ལག་ཉེས་འབྱུང་དང་། །ལེགས་པ་ལས་ནི་ཉེས་འབྱུང་སོགས། །བླ་མའི་ཞལ་ནས་ཤེས་བྱ་སྟེ། །འབད་དེ་དམ་ཚིག་བསྲུང་བར་བྱ། །དམ་ཚིག་དེ་ཡི་དོན་རྣམས་ལ། །འཁོར་རྣམས་འཇིགས་ཤིང་སྐྲག་གྱུར་ཏེ། །རྡོ་རྗེ་ཕག་མོས་ཡང་ཞུས་པ། །དམ་ཚིག་
འདི་ཡི་དོན་རྣམས་ནི། །ཟབ་ཅིང་རྒྱ་ཆེ་རྟོག་པར་དཀའ། །མགོན་པོ་ཁྱོད་ཀྱིས་བཞེས་པར་ཞུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བདུད་རྩི་ཁར་ཟོས་སླར་ལ་དོར་བ་མེད། །ངན་སྐྱུགས་ཕྱིར་དོར་སླར་ལ་ཟ་བ་མེད། །རང་རིག་བྱང་ཆུབ་བདུད་རྩིའི་རོ་ཚོར་ན། །ལོག་རྟོག་འཁྲུལ་
པའི་རྒྱུ་འབྲས་ག་ལ་ཚོལ། །དེ་བས་དམ་ཚིག་ཁོ་ན་གཙོ་བོར་གྱིས། །དེའི་ཚེ་འཁོར་འདུས་པ་ཐམས་ཅད་ཀྱང་རྒྱུད་ཀྱི་དོན་ལ་རྗེས་སུ་ཡི་རངས་པར་གྱུར་ཏོ། །མཁའ་འགྲོ་མའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨགྣི་མཱ་ལ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་མེའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཧ་ཧ་ཧི་ཧི་ཧེ་ཧེ་ཀྱེ། །བདག་ལ་ཁྱེད་ལ་ཞུ་བ་མཆིས། །ཤྲཱི་ནི་གང་ལགས་ཧེ་གང་ལགས། །རུ་ནི་གང་ལགས་ཀ་གང་
ལགས། །དབང་བཞི་ཧེ་རུ་ཀ་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་རྣམ་པར་སྤངས། །རུ་ནི་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དུའང་མི་གནས་སོ། །དེ་ལྟའི་དཔལ་ལྡན་ཧེ་རུ་ཀ། །རྟག་ཏུ་ལུས་དང་སེམས་ལ་
གནས། །དེ་ཉིད་ལ་ཡང་རྣམ་པ་བཞི། །དབང་བཞི་གྲངས་ཀྱིས་ངེས་པ་སྟེ། །དང་པོ་བུམ་དབང་ཧེ་རུ་ཀ། །སྐུ་དང་ཕྱག་མཚན་སྣང་བའི་ཚེ། །རང་སེམས་ལས་སུ་རུང་བ་སྟེ། །དེ་ཚེ་འཇིག་རྟེན་ཐ་མལ་པའི། །རྒྱུ་དྲུག་རྐྱེན་བཞི་འབྲས་བུ་བཞི། །སྤངས་པའི་ཕྱིར་ན་ཧེ་ཞེས་བརྗོད། །
ལས་དང་ཉོན་མོངས་ཚོགས་དང་བྲལ། །དེ་ཡི་ཕྱིར་ན་རུ་ཞེས་བརྗོད། །འཇིག་རྟེན་ཐ་མལ་རྣམ་རྟོག་གི། །གཟུང་འཛིན་གང་ཡང་མི་གནས་པའི། །ཕྱིར་ན་ཀ་ཞེས་གསུངས་པའོ། །ཐབས་དང་ཤེས་རབ་ཟུང་འཇུག་པས། །གཟུང་འཛིན་གཉིས་འགགས་གཉིས་སུ་མེད། །དེ་ཡི་ཕྱིར་ན་
ཤྲཱི་རུ་བརྗོད། །བསྐྱེད་པའི་རིམ་པ་ཧེ་རུ་ཀ། །ཕག་མོ་ལ་གནས་ཚོགས་དང་ལྡན། །ཟག་མེད་རྒྱུ་རྐྱེན་ཀུན་དང་ལྡན། །ཐབས་དང་ཤེས་རབ་གཉིས་ཀྱི་ཚུལ། །དེ་ནས་གསང་དབང་ཧེ་རུ་ཀ། །ཉི་ཟླ་ཕྱག་མཚན་ཡིག་འབྲུའི་ཚོགས། །བསྐྱེད་རིམ་རྒྱུ་རྐྱེན་ཀུན་སྤངས་ཏེ། །རླུང་སོགས་ལས་
སུ་རུང་བས་ན། །དེ་ཡི་ཕྱིར་ན་ཧེ་ཞེས་བརྗོད། །ཕྱི་ཡི་སྦྱིན་སྲེག་གཏོར་མ་དང་། །མཆོད་པ་དཀྱིལ་འཁོར་ལ་སོགས་པའི། །ཚོགས་དང་བྲལ་བའི་ཕྱིར་ན་རུ། །བསྐྱེད་པའི་རྡོ་རྗེ་ཕག་མོ་དང་། །དམིགས་དང་ལྟ་སྤྱོད་གང་ལ་ཡང་། །མི་གནས་ཕྱིར་ན་ཀ་ཞེས་བརྗོད། །བསྐྱེད་པའི་གཟུང་
འཛིན་གཉིས་མེད་མའོ། །ཕྱིར་ན་ཤྲཱི་ཞེས་གསུངས་པ་སྟེ། །རྒྱུ་རྣམས་ལམ་ལ་སོགས་དང་ལྡན། །རླུང་སོགས་ཐབས་དང་ཤེས་རབ་ཚུལ། །རླུང་སོགས་སྒྱུ་མའི་ངོ་བོར་གནས། །རྩ་རླུང་རང་བཞིན་གནས་ལ་སོགས། །ནང་གི་རྒྱུ་དང་རྐྱེན་སོགས་ལྡན། །ནང་གི་དཔལ་ལྡན་ཧེ་རུ་ཀ། །

དེ་ནས་གསུམ་པའི་ཧེ་རུ་ཀ། །རླུང་སོགས་རང་བཞིན་གནས་པ་ཡི། །རྒྱུ་སྤངས་ཕྱིར་ནི་ཧེ་ཞེས་བརྗོད། །རླུང་སོགས་ལམ་ལ་བརྟེན་པ་ཡི། །ཚོགས་དང་བྲལ་ཕྱིར་རུ་ཞེས་བརྗོད། །རླུང་དང་རྩ་དང་ཐིག་ལེ་དང་། །ཙཎྜཱ་ལཱི་ཡི་ཁ་དོག་དང་། །དབྱིབས་ལ་མི་གནས་ཕྱིར་
ན་ཀ། །སེམས་ཉིད་བདེ་བར་གནས་པས་སོ། །ནང་གི་ཐབས་དང་ཤེས་རབ་མེད། །དེ་ཡི་ཕྱིར་ན་ཤྲཱི་རུ་གསུངས། །མིག་སེར་ནད་ཀྱིས་བཏབ་པ་ལྟར། །རང་སེམས་བདེ་བར་གནས་པས་སོ། །སེམས་ཉིད་བདེ་བར་གནས་པ་དང་། །བདེ་བ་ལ་བསྟེན་ཚོགས་དང་ལྡན། །ལྷན་ཅིག་སྐྱེས་
པའི་རྒྱུ་རྐྱེན་ལྡན། །སེམས་དང་བདེ་བ་ཐ་དད་མེད། །སེམས་དང་བདེ་བ་གང་གནས་པ། །མཆོག་དང་ཆད་པའི་དབུས་གནས་པ། །གསུམ་པའི་དཔལ་ལྡན་ཧེ་རུ་ཀ། །དེ་ནས་བཞི་པའི་ཧེ་རུ་ཀ །རང་རིག་སྟོང་པར་གནས་པའི་ཚེ། །ལྷན་ཅིག་སྐྱེས་པའི་རྒྱུ་རྐྱེན་བྲལ། །དེ་ཡི་ཕྱིར་ན་ཧེ་
ཞེས་བརྗོད། །ཕ་རོལ་ཕྱིན་དྲུག་བདེ་བའི་ལམ། །ཐམས་ཅད་སྟོང་པར་རོ་གཅིག་པས། །ཚོགས་གཉིས་བྲལ་ཕྱིར་རུ་ཞེས་བརྗོད། །བདེ་བ་ཙམ་ལའང་མི་གནས་ཕྱིར། །ཀ་ཞེས་ངེས་པར་བརྗོད་པ་ཡིན། །སེམས་ཉིད་རང་རིག་སྟོང་པར་གནས། །སྟོབས་སོགས་ཕུན་སུམ་ཚོགས་པས་
ན། །རང་བཞིན་ལྷན་ཅིག་སྐྱེས་པ་དང་། །གཟུགས་སྐུའི་རྒྱུ་རྐྱེན་ལ་སོགས་ལྡན། །ཤྲཱི་ཞེས་བྱ་བ་མངོན་པར་བརྗོད། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །དངོས་པོར་རོ་མཉམ་མཐའ་ཡས་པའི། །སེམས་ཀྱི་དེ་ཉིད་ལ་གནས་པ། །བཞི་པའི་དཔལ་ལྡན་ཧེ་རུ་ཀ། །བདུད་རྣམས་ཀུན་
ལ་ཐོ་འཚམ་ཞིང་། །ལྷན་ཅིག་སྐྱེས་པའི་དུར་ཁྲོད་རོལ། །མི་གསལ་གསལ་བའི་རང་བཞིན་མེད། །སྣང་ཞིང་གསལ་ལ་རང་བཞིན་མེད། །མེ་ལོང་བཞིན་འདྲ་ཆུ་ཟླ་བཞིན། །མཁས་པས་འབད་དེ་འཁྲུལ་པ་སྤང་། །དེ་ལྟར་དོན་ནི་མ་རྟོགས་པར། །ཁ་ཅིག་སྐུ་མདོག་ཕྱག་མཚན་ལ། །
ཧེ་རུ་ཀ་ཡི་རྣམ་པར་རྟོག །ཁ་ཅིག་གཟུགས་བརྙན་རྣམ་པར་རྟོག །ཁ་ཅིག་རང་གི་ངོ་བོར་འདོད། །དེ་བཞིན་རྩ་དང་རླུང་འདོད་སོགས། །དེ་བཞིན་རང་རིག་ཧེ་རུ་ཀ། །བླ་མ་མ་བསྟེན་བརྩོན་འགྲུས་མེད། །ཤེས་རབ་མི་ལྡན་བཟོད་སོགས་མེད། །རིགས་དང་རིག་པའི་ང་རྒྱལ་ཅན། །ཁེ་

དང་གྲགས་པ་རྙེད་དང་དགའ། །རྒྱུ་དེས་ལོག་རྟོག་སྣ་ཚོགས་བསྐྱེད། །དེ་བས་ཧེ་རུ་ཀར་གྲགས་པའི། །དངོས་གྲུབ་འདོད་པའི་རྣལ་འབྱོར་པས། །དད་ལྡན་གུས་བཅས་ཕ་རོལ་ཕྱིན། །རྫོགས་བྱས་བླ་མ་དམ་པ་ལས། །མན་ངག་ཡང་དག་བླང་བར་བྱ། །མ་མོའི་ཚོགས་ཀྱིས་ཡང་
ཞུས་པ། །ཧེ་རུ་ཀ་དཔལ་དེ་ལྟར་ན། །རྡོ་རྗེ་ཕག་མོ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་གསུམ་སྟེ་ཕག་མོ་གཉིས། །དོན་གྱི་རྡོ་རྗེ་དེ་ནས་བརྟགས། །ཐ་མ་རྫས་ཀྱི་རྡོ་རྗེ་སྟེ། །དོན་གྱི་རྡོ་རྗེ་བཞི་པ་སྟེ། །གཟུང་འཛིན་རྣམ་པར་རྟོག་པ་ཡིས། །མི་ཕྱེད་ཕྱིར་ན་
རྡོ་རྗེ་སྟེ། །དབང་བཞིས་རྡོ་རྗེ་རེ་རེའོ། །རྟགས་ཀྱི་རྡོ་རྗེ་གསུམ་ཡིན་ཏེ། །རྩེ་གསུམ་རྩེ་ལྔ་རྩེ་དགུ་སྟེ། །རྩེ་གསུམ་སྐུ་གསུང་ཐུགས་ཀྱི་རྟགས། །རྩེ་ལྔ་ཡེ་ཤེས་ལྔ་ཡིན་ཏེ། །ཁམས་གསུམ་དགུ་འཇོམས་པ་ཡི། །རྟགས་སུ་རྡོ་རྗེ་རྩེ་དགུའོ། །རྫས་ཀྱི་རྡོ་རྗེ་བཞི་ཡིན་ཏེ། །ཟླུམ་པོ་ལ་
སོགས་རྣམ་པ་བཞི། །མི་ཤེས་དྲི་མས་ཆེས་གོས་པའི། །དུད་འགྲོར་སྐྱེས་པའི་ཕག་མོ་དང་། །ཤེས་རབ་ཆར་བྱུང་ཕག་མོ་སྟེ། །དེ་ཉིད་རྣམ་པ་བཞི་རུ་ངེས། །བུམ་དབང་ཞེ་སྡང་གཏི་མུག་ཕག །གསང་དབང་རླུང་གི་གཏི་མུག་ཕག །གསུམ་པ་ཆགས་དགའ་གཏི་མུག་ཕག །བཞི་
པ་ཆོས་དབྱིངས་གཏི་མུག་ཕག །འདི་ཉིད་ཁྱོད་ལ་ལེགས་པར་གཏད། །ཐམས་ཅད་རྗེས་སུ་ཡི་རང་ངོ་། །དཔལ་མེའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ་ཤྲཱི་ཧེ་རུ་ཀའི་ངེས་པར་འབྱུང་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་
ཀྱིས་བསྒྱུར་ཅིང་ཞུས་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཌཱ་ཀི་ནཱི་གུ་ཧྱ་ཛྭ་ལ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་མཁའ་འགྲོ་མ་གསང་བ་འབར་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །ཀྱེ་ཨ་
ལ་ལ་ཧོ། ཀྱེ་ཨ་ལ་ལ་ཧོ། མཁའ་འགྲོ་གང་ལགས་མ་གང་ལགས། །གསང་དང་རྒྱུད་དང་རྒྱལ་པོ་གང་། །ཉོན་ཅིག་བྱང་ཆུབ་སེམས་དཔའ་ཁྱོད། །མཁའ་འགྲོ་བཞི་སྟེ་མ་ནི་གསུམ། །གསང་བ་དྲུག་སྟེ་རྒྱུད་བརྒྱད་དོ། །རྒྱལ་པོ་བཅུ་དགུ་དག་ཏུ་བསྟན། །དང་པོ་མཁའ་འགྲོ་དབྱེ་

བ་ཡང་། །རགས་པའི་རྟོག་པ་སྤང་བའི་ཕྱིར། །བུམ་པའི་དབང་དང་འབྲེལ་པ་ཡི། །སྐུ་མདོག་ཕྱག་མཚན་དང་པོའོ། །སྐུ་མདོག་ཕྱག་མཚན་སྤང་བའི་ཕྱིར། །གསང་བའི་དབང་དང་འབྲེལ་པ་ཡི། །རླུང་དང་རྩ་སོགས་ཙཎྜཱ་ལཱི། །འདི་དག་མཁའ་འགྲོ་གཉིས་པ་
སྟེ། །དམན་པ་རྣམས་ལ་སྐུ་དང་ཕྱག །རླུང་དང་རྩ་སོགས་ཁ་དོག་དབྱིབས། །དེ་ཉིད་སྤང་བར་བྱ་བའི་ཕྱིར། །ཤེས་རབ་ཡེ་ཤེས་དང་འབྲེལ་པའི། །ལྷན་ཅིག་སྐྱེས་པ་དགའ་བའི་རོ། །འདི་དག་གསང་བའི་མཁའ་འགྲོ་སྟེ། །མཁའ་འགྲོ་འདི་རྣམས་རིམ་པ་ལས། །དམན་པ་རྣམས་
ལ་ཕྲ་བའི་གཟུགས། །ལུས་སེམས་ཚོར་བ་བདེ་བ་ལས། །འདས་པའི་བདེ་བ་ཆེན་པོ་དག །སྤང་ཕྱིར་རང་རིག་ཡེ་ཤེས་ཏེ། །སེམས་ཀྱི་དེ་ཉིད་སྟོང་བའི་རོ། །དེ་ཉིད་མཁའ་འགྲོ་བཞི་པ་སྟེ། །ཤེས་བརྗོད་ཀུན་གྱི་ཡུལ་མ་ཡིན། །དེ་ཉིད་ལྔ་ལ་སོགས་པ་ཡི། །མཁའ་འགྲོ་འདི་རྣམས་
རིམ་པ་ཡང་། །སྐུ་མདོག་ཕྱག་མཚན་རགས་པའི་གཉེན། །རླུང་དང་རྩ་སོགས་བུམ་དབང་སྤོང་། །བདེ་བས་རླུང་དང་རྩ་སོགས་སྤོང་། །རང་རིག་སྟོང་པས་བདེ་བ་སྤོང་། །གཟུགས་སྐུ་གཉིས་ཀྱིས་སྟོང་པ་སྤོང་། །དེ་ཕྱིར་གོང་མ་གཉེན་པོར་བཤད། །རགས་པ་ཕུང་སོགས་བུམ་དབང་
རྒྱུ། བུམ་དབང་གསང་དབང་རྒྱུ་ཡིན་ཏེ། །གསང་བ་གསུམ་པའི་རྒྱུ་རུ་ངེས། །བདེ་བ་རང་རིག་སྐྱེད་པ་ཡི། །རྒྱུ་དང་འབྲས་བུ་ངེས་པ་སྟེ། །འབྲས་བུ་བཞི་དང་མི་མཐུན་བཞི། །མཁའ་འགྲོ་རྣམས་ཀྱིས་རིམ་པའོ། །མ་ནི་རྣམ་པ་གསུམ་ཡིན་ཏེ། །འདོད་ཆགས་ཆེན་པོས་བཅོམ་ལྡན་
འདས། །ཞེ་སྡང་ཆེན་པོས་བཅོམ་ལྡན་འདས། །གཏི་མུག་ཆེན་པོས་བཅོམ་ལྡན་འདས། །ང་རྒྱལ་ལ་སོགས་དེ་དང་འདྲ། །ཐུན་མོང་མ་ཡིན་སྲས་འབྱུང་བས། །མ་ཞེས་གསུངས་པ་ཡིན་པར་འདོད། །སྣོད་མིན་གསང་བ་སྒྲོགས་ཐོས་པ། །སྐྲག་པ་ཐུན་མོང་མ་ཡིན་བསྐྱེད། །བསྐྱེད་
པའི་ཕྱིར་ན་མ་ཞེས་བྱ། །སྐྱེ་བ་གཅིག་གིས་སངས་རྒྱས་པས། །སྲས་རྣམས་ཐུན་མོང་མ་ཡིན་སྐྱེད། །དེ་ཡི་ཕྱིར་ན་མ་ཞེས་བྱ། །ཐུན་མོང་བླ་མའི་ཞལ་ནས་ཤེས། །དེ་ནས་གསང་བ་བཤད་བྱ་སྟེ། །བདུད་རྩི་དྲུག་དག་གསང་བ་སྟེ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་དེ་

བཞིན་ཆོས་ཡིན་ཏེ། །རྒྱུད་ནི་དབང་བཞི་ངོ་བོ་སྟེ། །བརྗོད་བྱ་རྗོད་བྱེད་བརྒྱད་དུ་བཤད། །གསང་བ་ལྔ་ནི་རྒྱལ་པོ་ལྔ། །ལྟ་བ་སྤྱོད་པ་ཟུང་འཇུག་ལམ། །རྒྱུ་དང་འབྲས་བུ་ས་ལ་སོགས། །བཅུ་དགུ་རྒྱལ་པོ་ཡིན་པར་གསུངས། །ཀྱེ་བོ་དཔའ་བོ་འཇིགས་པ་ཆེ། །གནོད་སྦྱིན་
གཟུགས་དང་སྲིན་པོ་གཟུགས། །གཞན་ཡང་བདུད་ལ་སོགས་པའི་གཟུགས། །སྣ་ཚོགས་སྟོན་ན་ཇི་ལྟར་བགྱི། །ལྷ་འམ་ཀླུ་ལ་སོགས་པའི་གཟུགས། །སྡུག་པ་སྟོན་ན་ཇི་ལྟར་བགྱི། །གནོད་སྦྱིན་སྒྲ་དང་སྲིན་པོའི་སྒྲ། །ཤིན་ཏུ་འཇིགས་པའི་སྒྲ་གྲག་ན། །དེ་ལ་བདག་གིས་ཇི་ལྟར་བགྱི། །
ཚངས་པའི་སྒྲ་དང་ངང་པའི་སྒྲ། །སྒྲ་སྙན་བྱུང་ན་ཇི་ལྟར་བགྱི། །བྱ་རྒོད་དྲི་དང་གླ་རྩི་དྲི། །ངན་སྐྱུགས་ལ་སོགས་དྲི་བྱུང་ན། །དེ་ལ་བདག་གིས་ཇི་ལྟར་བགྱི། །གུར་གུམ་ཙནྡན་ག་པུར་སོགས། །དྲི་ཞིམ་བྱུང་ན་ཇི་ལྟར་བགྱི། །བདུད་རྩི་ལ་སོགས་དྲུག་ཅུ་སོགས། །བཟང་པོ་སྟོན་ན་
ཇི་ལྟར་བགྱི། །ངན་སྐྱུགས་ལ་སོགས་དམན་པའི་རོ། །སྣ་ཚོགས་སྟོན་ན་ཇི་ལྟར་བགྱི། །རེག་བྱ་ལྕགས་ཀྱི་སྤུ་གྲི་སོགས། །རྩུབ་བ་བྱུང་ན་ཇི་ལྟར་བགྱི། །དར་མེན་ལ་སོགས་ལུས་ཀྱིས་རེག །འཇམ་པ་བྱུང་ན་ཇི་ལྟར་བགྱི། །འཇིག་རྟེན་ཆོས་རྣམས་སྣ་ཚོགས་དང་། །འཇིག་རྟེན་
འདས་པའི་ཆོས་རྣམས་སྟོན། །དེ་ལ་བདག་གིས་ཇི་ལྟར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གཟུགས་ངན་ཁོང་ཁྲོ་མི་བསྐྱེད་ཅིང་། །གཟུགས་བཟང་འདོད་པར་མི་བྱ་སྟེ། །དེ་ལ་ལུས་ཀྱི་ཕྱག་རྒྱ་བསྟན། །ལན་བྱེད་དཔའ་བོ་མཁའ་འགྲོ་ཡི། །དངོས་གྲུབ་སྤྲུལ་པ་ཡིན་པར་ངེས། །
བརྟུལ་ཞུགས་ཅན་གྱིས་དངོས་གྲུབ་བླང་། །ལན་མེད་བདུད་ཀྱི་བར་ཆད་དེ། །བདུད་བསལ་བ་ཡི་ཆོ་ག་བརྩམ། །ཀུན་ལ་མཁས་པས་སྦྱོར་བར་བྱ། །སྒྲ་སྙན་འདོད་པ་མི་བསྐྱེད་ཅིང་། །འཇིགས་པའི་སྒྲ་ལ་ཁོང་མི་ཁྲོ། །དེ་ལ་བཏང་སྙོམས་སེམས་བྱ་སྟེ། །རྡོ་རྗེ་གླུ་ཡིས་བརྟག་པར་
བྱ། །དེ་བཞིན་དྲི་བཟང་མི་ཆགས་ཞིང་། །དྲི་ངན་ཁོང་ཁྲོ་མི་བྱ་བར། །མཉམ་པར་དམིགས་ལ་བརྟག་པར་བྱ། །དྲི་ཡི་ཕྱག་རྒྱ་དེ་ལ་བསྟན། །ལན་བྱེད་མཁའ་འགྲོའི་སྤྲུལ་པ་སྟེ། །ལན་མེད་བདུད་ཀྱི་སྤྲུལ་པའོ། །རོ་བཟང་བཟའ་བར་མི་བྱ་ཞིང་། །རོ་ངན་དོར་བར་མི་བྱའོ། །མཉམ་པར་

གཞག་ལ་བརྟག་པར་བྱ། །དེ་ལ་རོ་ཡི་ཕྱག་རྒྱ་བསྟན། །དེ་བཞིན་བྱེ་བྲག་ཤེས་པར་བྱ། །དེ་བཞིན་ཆོས་ལ་ཆོས་ཕྱག་རྒྱ། །བརྟགས་ཏེ་བདུད་རྣམས་བསལ་བར་བྱ། །ལུས་ལ་བྱུང་བའི་བདུད་རྣམས་ཀྱང་། །ཁ་དོག་དབྱིབས་ལ་ཤེས་པར་བྱ། །དང་པོ་དངོས་
གྲུབ་བླང་བ་ཡང་། །མིག་གིས་གཟུགས་ལ་རྣ་བས་སྒྲ། །སྣ་ཡིས་དྲི་དང་ལྕེ་ཡིས་རོ། །ལུས་ཀྱིས་རེག་དང་ཡིད་ཀྱིས་ཆོས། །བརྟུལ་ཞུགས་ཅན་གྱིས་དངོས་གྲུབ་བླང་། །དེ་ནས་བདུད་ནི་བསལ་བྱ་སྟེ། །ཡང་ན་སྟོང་པའི་རྫོང་ལ་གནས། །ཡང་ན་ཕྲིན་ལས་བཞི་ཡིས་བསལ། །ཆུ་ཡིས་
བདེ་བ་འཇམ་སོགས་པས། །ནང་གི་བདུད་ནི་བསལ་བའོ། །པད་མཁྲིས་སྟེང་སྒོ་འདུས་པའི་བར། །རླུང་ཅན་མགོ་ཡི་སྒོ་རུ་སྟེ། །རྒྱུད་འདི་གཏད་ཀྱིས་ལེགས་པར་ཟུང་། །དེ་ལྟར་བྱས་ན་དངོས་གྲུབ་ཐོབ། །དཔལ་མཁའ་འགྲོ་མ་གསང་བ་འབར་བའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་བི་དཱ་ར་ཎ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་
རྒྱུད་ཀྱི་རྒྱལ་པོ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། །བཅོམ་ལྡན་འདས་འཁོར་དཔག་ཏུ་མེད་པ་དང་། །རི་རབ་ཀྱི་སྟེང་དུ་བཞུགས་པའི་དུས་སུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས། བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ་
ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །ཐུགས་རྗེ་ཆེ་ལྡན་བཅོམ་ལྡན་འདས། །རྡོ་རྗེ་གང་ལགས་འཇིགས་བྱེད་གང་། །འཇོམས་པ་གང་ལགས་རྒྱུད་གང་ལགས། །རྒྱལ་པོ་གང་ལགས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་རྣམ་པ་གསུམ་ཡིན་ཏེ། །ཉོན་
མོངས་བདུད་སོགས་འཇིགས་པར་བྱེད། །ཉོན་མོངས་དགྲ་སོགས་རྣམ་པར་འཇོམས། །རྒྱུ་ཡི་རྒྱུད་དང་འབྲས་བུའི་རྒྱུད། །མཐར་ཐུག་རྒྱུད་ནི་གང་ཡིན་ལ། །རྒྱལ་པོ་ཞེས་ནི་བསྟན་པ་ཡིན། །རྡོ་རྗེ་སྙིང་པོས་ཡང་གསོལ་པ། །རེ་རེའི་བྱེ་བྲག་མ་འཚལ་བས། །དེ་ཡི་དབྱེ་བ་བཤད་དུ་གསོལ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་རྣམ་པ་གསུམ་ཡིན་ཏེ། །དོན་གྱི་རྡོ་རྗེ་དེ་ནས་རྟགས། །རྫས་ཀྱི་རྡོ་རྗེ་དང་ནི་གསུམ། །དེ་ནས་དོན་གྱི་རྡོ་རྗེ་བཤད། །གཟུང་འཛིན་རྟོག་པས་མི་ཕྱེད་ཕྱིར། །དོན་གྱི་རྡོ་རྗེ་བཤད་པའོ། །དབང་བཞི་རྡོ་རྗེ་རེ་རེ་སྟེ། །རྡོ་རྗེ་བཞི་རུ་བཤད་པ་ཡིན། །རྟགས་
ཀྱི་རྡོ་རྗེ་གསུམ་ཡིན་ཏེ། །རྩེ་གསུམ་རྩེ་ལྔ་རྩེ་དགུ་པ། །རྩེ་གསུམ་སྐུ་གསུང་ཐུགས་ཀྱི་རྟགས། །རྩེ་ལྔ་ཡེ་ཤེས་ལྔ་ཡི་རྟགས། །རྩེ་དགུ་ཁམས་གསུམ་ས་དགུའི་རྟགས། །རྫས་ཀྱི་རྡོ་རྗེ་བཞི་ཡིན་ཏེ། །བུམ་པའི་དབང་དང་འབྲེལ་པ་ཡི། །སྐུ་མདོག་ཕྱག་མཚན་ལ་སོགས་ལྷ། །གཟུང་དང་འཛིན་པའི་
རྣམ་རྟོག་ནི། །འཇིག་དང་འཇོམས་པས་རྡོ་རྗེའོ། །གསང་བའི་དབང་དང་འབྲེལ་པ་ཡི། །རྩ་དང་རླུང་དང་ཐིག་ལེ་ལ། །གཟུང་འཛིན་གཉིས་སུ་གང་རྟོག་པ། །འཇིག་ཅིང་འཇོམས་པས་རྡོ་རྗེའོ། །ཤེས་རབ་ཡེ་ཤེས་དང་འབྲེལ་པའི། །ལྷན་ཅིག་སྐྱེས་དགའ་ལ་སོགས་ལ། །གཟུང་
དང་འཛིན་པར་གང་རྟོག་པ། །འཇིག་ཅིང་འཇོམས་པས་རྡོ་རྗེ་ཡིན། །བཞི་པའི་དབང་དང་འབྲེལ་པ་ཡི། །རང་རིག་སེམས་ཉིད་སྟོང་ཉིད་ལ། །གཟུང་འཛིན་གཉིས་སུ་གང་རྟོག་པ། །འཇིག་ཅིང་འཇོམས་པས་རྡོ་རྗེའོ། །དེ་ནས་རྟགས་ཀྱི་རྡོ་རྗེ་ནི། །རྩེ་གསུམ་སྐུ་གསུང་ཐུགས་སུ་བཤད། །
འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཇིག་ཅིང་འཇོམས་པས་རྡོ་རྗེ་སྟེ། །རྩེ་ལྔ་ཡེ་ཤེས་ལྔ་ཡི་རྟགས། །ང་རྒྱལ་ལ་སོགས་རྣམ་པ་ལྔ། །འཇིག་ཅིང་འཇོམས་པས་རྡོ་རྗེའོ། །དེ་ནས་རྫས་ཀྱི་རྡོ་རྗེ་ནི། །རྣམ་པ་བཞི་རུ་བསྟན་པ་སྟེ། །ཟུར་གསུམ་རྣོ་ལ་འབིགས་པ་དང་། །གྲུ་བཞི་དག་ནི་
གསལ་བར་བྱེད། །ཟླུམ་པོས་རྫས་རྣམས་འཇོམས་པར་བྱེད། །ཟུར་ལྔས་འདོད་བསྒྲུབ་རྫས་རྡོ་རྗེ། །རྒྱུད་ཀྱི་དོན་ནི་རྣམ་པ་བཞི། །རྒྱུ་དང་འབྲས་བུ་གཉིས་ཀའི་རྒྱུད། །མཐར་ཐུག་རྒྱུད་ནི་རྒྱལ་པོ་སྟེ། །དེ་རྣམས་ཀུན་ལ་དབང་བྱེད་པས། །ལོག་ལྟའི་རྒྱུད་སོགས་སྤོང་བར་བྱེད། །བཅོམ་ལྡན་
འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་རྣམས་དགའ་ཞིང་མགུ་ནས་རྗེས་སུ་ཡི་རངས་ཏེ། གཡས་ཕྱོགས་ནས་ལན་གསུམ་བསྐོར་ནས་སོ་སོའི་རྫུ་འཕྲུལ་གྱིས་མི་སྣང་བར་གྱུར་ཏོ། །དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་ཀྱི་

རྒྱལ་པོ་རྫོགས་སོ།། །།པཎྜི་ཏ་ག་ཡ་དྷ་ར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་བ་ལ་ཛྙཱ་ན་རཱ་ཛ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་སྟོབས་
ཆེན་ཡེ་ཤེས་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། །བཅོམ་ལྡན་འདས་དེ་ཁོ་ན་ཉིད་བཙུན་མོའི་བྷ་ག་ལ་འཁོར་དཔའ་བོ་རྡོ་རྗེ་ལ་སོགས་པ་མཁའ་འགྲོ་མ་དང་། མ་མོའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་
པའི་དུས་སུ། དཔའ་བོ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པས་གཡོན་ཕྱོགས་སུ་བསྐོར་བ་ལན་གསུམ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དཔའ་བོ་རྡོ་རྗེས་བཅོམ་ལྡན་འདས་ལ་སྤྱི་བོས་གཏུགས་ཏེ། ཧ་ཧ་ཞེས་པ་གསུམ་བརྗོད་ནས་བཅོམ་ལྡན་འདས་ལ་གསོལ་པ། རྩ་ནི་གང་ལགས་
རླུང་གང་ལགས། །ཐིག་ལེ་གང་ལགས་གྲངས་ནི་དུ། །དེ་ལ་སེམས་གཟུང་ཇི་ལྟར་ལགས། །འཁོར་ལོ་ཇི་ལྟར་ལགས་པ་དང་། །དེ་ཡི་གྲངས་ནི་དུ་ཞིག་མཆིས། །རྩ་རྣམས་རང་བཞིན་ཇི་ལྟར་ལགས། །ཡི་གེ་དགོད་ཐབས་ཇི་ལྟར་ལགས། །དེ་རྣམས་དབུས་ཀྱི་ལྟེ་བར་ནི། །ཡི་གེ་
དགོད་པ་གང་དང་གང་། །གཏུམ་མོ་སྦར་བ་ཇི་ལྟར་ལགས། །ཟླ་བ་ཉི་མ་ཇི་ལྟར་ལགས། །གནས་ནི་གང་དུ་གཟུང་བར་བགྱི། །རྐྱེན་གཉིས་འཁོར་ལོ་ཇི་ལྟར་ལགས། །གོ་བཟློག་ཚུལ་ནི་ཇི་ལྟར་ལགས། །གསང་བའི་འཁོར་ལོ་བཞི་གང་ལགས། །དེ་རྣམས་ཀྱི་ནི་དགོངས་པ་དང་། །
དེ་ལ་དགའ་སོགས་ཇི་ལྟར་འབྱུང་། །སྟོང་པ་བཅུ་དྲུག་ཇི་ལྟར་ལགས། །ས་ཡི་རིམ་པ་ཇི་ལྟར་ལགས། །དེ་རྣམས་ཀྱི་ནི་དགོངས་པ་དང་། །དགོས་པའི་དགོངས་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་དཔའ་བོ་རྡོ་རྗེ་ཁྱོད། །ཁྱོད་ལ་བཤད་ཀྱིས་ལེགས་
པར་ཟུང་། །རྩ་རྣམས་ཀྱི་ནི་རང་བཞིན་ནི། །ནམ་མཁའ་གཉིས་མེད་ཐམས་ཅད་བསྐྱེད། །དེར་གནས་རླུང་གི་རང་བཞིན་ནི། །གཡོ་བ་རྣམ་ཤེས་གཡོ་བ་ཡིན། །ཐིག་ལེ་སྟོང་ཉིད་ངོ་བོ་སྟེ། །སྟོང་ཉིད་བསམ་དུ་མེད་པའོ། །ཐིག་ལེ་གྲངས་ནི་བཅུ་དྲུག་སྟེ། །རྩ་དང་རླུང་ཡང་དེ་བཞིན་ནོ། །

དེ་ནས་སེམས་གཟུང་བསྟན་པ་ནི། །རྩ་རླུང་དང་ནི་ཐིག་ལེ་ལ། །གཉིས་མེད་རྩེ་གཅིག་སེམས་དང་པོ། །འཁོར་ལོའི་གྲངས་ནི་བཞི་ཡིན་ཏེ། །བདེ་ཆེན་འཁོར་ལོ་ལོངས་སྤྱོད་ཆོས། །དེ་འོག་སྤྲུལ་པའི་འཁོར་ལོ་སྟེ། །དེ་རེ་ལ་ཡང་བཞི་བཞི་སྟེ། །བཅུ་དྲུག་གྲངས་སུ་ཤེས་པར་བྱ། །མེ་
རླུང་གཉིས་ནི་རྐྱེན་ཡིན་ཏེ། །རོ་མའི་འཁོར་ལོ་ཉིད་དང་ནི། །སྤྱི་གཙུག་འཁོར་ལོ་དབང་བསྐུར་གནས། །གསང་བའི་འཁོར་ལོ་བཞི་ཡིན་ཏེ། །བདེ་སྐྱོང་འཁོར་ལོ་དང་པོ་སྟེ། །རྟ་མགྲིན་ལོངས་སྤྱོད་འཁོར་ལོ་ཡིན། །རིག་པའི་འཁོར་ལོ་གསུམ་པའོ། །གསང་བའི་འཁོར་ལོ་བཞི་ཡིན་
ནོ། །ཉི་ཤུ་རྩ་བཞི་གྲངས་སུ་བསྟན། །རྩ་རྣམས་རང་བཞིན་ང་ཡིས་བཤད། །རྩ་ནི་ས་ཡི་རང་བཞིན་ཏེ། །རླུང་དང་ཐིག་ལེའི་རང་བཞིན་ནོ། །དེ་ནས་ཡི་གེ་དགོད་པ་ནི། །བདེ་ཆེན་འཁོར་ལོ་སུམ་ཅུ་གཉིས། །གསལ་བྱེད་སུམ་ཅུ་རྩ་གཉིས་ནི། །གཡས་ནས་བསྐོར་ཏེ་དགོད་པར་བྱ། །
ལོངས་སྤྱོད་འཁོར་ལོའི་རྩིབས་བཅུ་དྲུག །དབྱངས་ཡིག་བཅུ་དྲུག་གཡོན་ནས་དགོད། །ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད། །ཡུམ་བཞིའི་ས་བོན་གཡོན་ནས་དགོད། །ཐབས་ནི་མཚམས་ཏེ་གཡས་ནས་བསྐོར། །སྤྲུལ་པའི་འཁོར་ལོའི་འདབ་མ་ནི། །དྲུག་ཅུ་རྩ་བཞི་གང་ཡིན་ལ། །
གསལ་བྱེད་གཡས་བསྐོར་དགོད་པར་བྱ། །དབྱངས་ཡིག་གཉིས་ལྡན་གཡོན་ནས་བསྐོར། །བདེ་ཆེན་འཁོར་ལོའི་ལྟེ་དབུས་སུ། །ཧྃ་ནི་དཀར་པོ་ཐུར་བལྟས་བསམ། །ལོངས་སྤྱོད་འཁོར་ལོའི་ལྟེ་དབུས་སུ། །ཨོཾ་ནི་དཀར་པོ་གྱེན་བལྟས་བསམ། །ཆོས་ཀྱི་འཁོར་ལོའི་ལྟེ་དབུས་སུ། །
ཧཱུྃ་ནི་སྔོན་པོ་ཐུར་བལྟས་བསམ། །སྤྲུལ་པའི་འཁོར་ལོའི་ལྟེ་དབུས་སུ། །ཨཱཿནི་དམར་པོ་གྱེན་བལྟས་བསམ། །རྐྱེན་གྱི་འཁོར་ལོ་གཉིས་ཡིན་ཏེ། །དང་པོའི་གནས་སུ་ཡི་གེ་ཡྃ། །གཏུམ་མོ་འབར་བའི་ཡྃ་ཡིན་ཏེ། །ནག་པོ་ཡོངས་སུ་གྱུར་པ་ལས། །རླུང་འཁོར་མདོག་གནག་གཞུ་ཡི་
དབྱིབས། །དབུས་སུ་དྷ་ལྔ་དགོད་བྱས་ནས། །བ་དན་ལྔ་ནི་མཛེས་པའོ། །གྲུ་གསུམ་གནས་སུ་ཡི་གེ་རྃ། །མེ་ཡི་འཁོར་ལོ་གྲུ་གསུམ་དམར། །དབུས་སུ་ཨོྃ་ཨཱཿཧཱུྃ་ནི་དགོད། །ཟུར་ལ་རྡོ་རྗེ་གསུམ་གྱིས་མཚན། །རྐྱེན་གྱི་འཁོར་ལོ་དེ་ལྟར་ཡིན། །རླུང་གིས་བསྐྱོད་པས་དམ་ཚིག་

མེས། །ཡེ་ཤེས་མེ་ནི་བསྐུལ་བ་མཁས། །ཡེ་ཤེས་མེ་ནི་བསྐུལ་བ་མཁས། །འཁོར་ལོ་བཞིའམ་བརྒྱད་གཉིས་བཤད། །བདེ་ཆེན་མ་གཏོགས་གཉིས་ཙམ་བསྲེགས། །བདེ་ཆེན་ཧྃ་ནི་བསྲོས་བྱས་ནས། །ཞུ་བ་འཆི་མེད་བདུད་རྩི་ནི། །ཟླ་བ་ཞུ་བའི་བདུད་རྩི་ཡིས། །སྲོག་གི་རྩ་ཡི་ནང་ནས་འབབ། །
རྒྱུན་དུ་འབབ་པར་གྱུར་པ་ཡིས། །འཆི་མེད་ཐིགས་པ་གཉིས་ཡིན་ཏེ། །གཟུང་བ་མདུད་པའི་ནང་དུ་གཟུང་། །གོ་བཟློག་ལུགས་སུ་བཟློག་པ་སྟེ། །མཐར་ཐུག་གནས་སུ་གཟུང་བའོ། །གསང་བའི་འཁོར་ལོ་བཞི་པ་ནི། །གསང་བ་བདེ་སྐྱོང་འཁོར་ལོ་སྟེ། །ཧཱུྃ་ནི་ལྟེ་བར་དགོད་བྱས་ནས། །
འདབ་མ་ལྔ་བཅུ་བརྒྱད་ཀྱི་གྲངས། །གསལ་བྱེད་ལུགས་བཞིན་དགོད་པར་བྱ། །དབྱངས་ཡིག་རིམ་གཉིས་དག་བཀོད་ནས། །ཐ་མ་བཟུང་སྟེ་སྤངས་པའོ། །སྡིག་པ་སྤོང་ཕྱིར་བདེ་སྐྱོང་སྟེ། །དེ་ཕྱིར་བདེ་སྐྱོང་ཞེས་ནི་བཤད། །རྟ་མགྲིན་འཁོར་ལོའི་འདབ་བཟུང་ལ། །དབྱངས་ཡིག་ལུགས་
དང་ལུགས་མིན་དགོད། །ལྟེ་བར་ཨུ་ནི་དགོད་པར་བྱ། །བདེ་བའི་ལོངས་སྤྱོད་མྱོང་བའི་ཕྱིར། །རྟ་མགྲིན་འཁོར་ལོ་རུ་ནི་བཤད། །རིག་པའི་འཁོར་ལོ་འདབ་མ་ལྔ། །ལྟེ་བར་ཧྃ་ནི་དགོད་བྱས་ནས། །འདབ་མ་ལྔ་ལ་ཨོྃ་ཧཱུྃ་ཏྲཱྃ་ཨ། །གཡས་ནས་རིམ་གྱིས་དགོད་པར་བྱ། །བཞི་པའི་དོན་ནི་
རིག་པའི་ཕྱིར། །རིག་པའི་འཁོར་ལོ་ཞེས་ནི་བཤད། །གསང་བའི་འཁོར་ལོ་རིམ་པ་དྲུག །ལྟེ་བ་འདབ་བཞི་འདབ་མ་བརྒྱད། །བཅུ་དྲུག་སུམ་ཅུ་རྩ་གཉིས་ཏེ། །དྲུག་ཅུ་རྩ་བཞི་བཤད་པ་ཡིན། །ལྟེ་བར་ཨ་ནི་དགོད་པ་སྟེ། །ཨེ་བྃ་མ་ཡཱ་དེ་རྣམས་ནི། །འདབ་མ་བཞི་ལ་གཡོན་ནས་
དགོད། །འདབ་མ་བརྒྱད་ལ་དགོད་བྱ་བ། །སྡེ་བརྒྱད་ཀྱི་ནི་དང་པོ་བརྒྱད། །གཡོན་གྱི་རིམ་པས་དགོད་པར་བྱ། །འདབ་མ་བཅུ་དྲུག་གང་ཡིན་པ། །མ་མོ་བཅུ་དྲུག་གཡོན་ནས་དགོད། །འདབ་མ་སུམ་ཅུ་གཉིས་སོགས་ལ། །དབྱངས་ཡིག་ཡི་གེ་བཅུ་དྲུག་ནི། །གཡས་དང་གཡོན་གྱི་
རིམ་པས་དགོད། །འདབ་མ་དྲུག་ཅུ་རྩ་བཞི་ལ། །གཡས་ནས་ཀཱ་ལི་ལུགས་བཞིན་དགོད། །ཨཱ་ལི་རིམ་གཉིས་གཡོན་ནས་དགོད། །གསང་བའི་དབང་བསྐུར་བ་ཡི་ཕྱིར། །གསང་བའི་འཁོར་ལོ་ཞེས་ནི་བཤད། །དེ་ནས་རོ་མའི་འཁོར་ལོ་ནི། །འདབ་མ་གཉིས་ལ་ལྟེ་བར་བཅས། །

མ་ནིང་བཞི་ཡི་འདབ་གཉིས་ལ། །ལྟེ་བར་དེ་ཉིད་ཐུར་ལ་དགོད། །རིན་ཆེན་རྩེ་མོ་བསམ་བྱ་བ། །བྷྱ་ནི་གྱེན་ལ་དགོད་པར་བྱ། །ཡི་གེ་གཉིས་ཀྱི་དབུས་སུ་ནི། །བྱང་ཆུབ་སེམས་ཀྱི་བདེ་བའི་རོ། །ཉམས་སུ་མྱང་བར་བྱ་བའི་ཕྱིར། །ཉམས་མྱོང་རོ་མའི་འཁོར་ལོར་བཤད། །དེ་ནས་
དབང་བསྐུར་འཁོར་ལོ་ནི། །སྟེང་གི་ཚངས་སྒོའི་འདབ་མ་བརྒྱད། །ལྟེ་བར་ཨྃ་ནི་དགོད་པ་སྟེ། །དྃ་ལྃ་ཁྃ་རུྃ། གཡོན་ནས་བརྩམས་ཏེ་ཕྱོགས་བཞིར་དགོད། །ཧཱུྃ་ཏྲཱྃ་ཧྲཱི་ཨ། གཡས་ནས་མཚམས་སུ་རིམ་པར་དགོད། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །ལུས་ངག་ཡིད་གསུམ་སྒྲིབ་
པ་དག །འཁྲུད་པའི་ཕྱིར་ན་དབང་བསྐུར་ཏེ། །དེ་ཕྱིར་དབང་བསྐུར་འཁོར་ལོར་བཤད། །དེ་ནས་ཡང་ནི་བཤད་བྱ་བ། །མདོར་བསྡུས་བསྒོམ་པ་བཤད་པར་བྱ། །གོང་དུ་བསྟན་པ་གང་ཡིན་པ། །སྒྱུ་མ་ཙམ་དུ་ཤེས་པར་བྱ། །རང་རིག་སེམས་ལས་གཞན་མིན་ཏེ། །རང་གི་སེམས་ཀྱི་སྟོང་
པ་ཉིད། །འོད་གསལ་བ་ཡི་རང་བཞིན་དུ། །ཅི་ཡང་མི་རྟོག་ཤེས་འགྱུར་ན། །མ་བསྒོམས་ན་ཡང་བསྒོམ་པ་ཉིད། །དེ་ལྟར་སེམས་ལ་ལེགས་པར་ཟུང་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དཔའ་བོ་རྡོ་རྗེ་ལ་སོགས་པའི་དཔའ་བོ་དང་། མཁའ་འགྲོ་མ་དང་།
མ་མོ་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་རྗེས་སུ་ཡི་རང་བར་གྱུར་ཏེ། ཕྱི་ནང་གསང་བའི་མཆོད་པས་མཆོད་ནས་མི་སྣང་བར་གྱུར་ཏོ། །དཔལ་སྟོབས་ཆེན་ཡེ་ཤེས་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་རྨད་དུ་བྱུང་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། ལོ་ཙྪ་བ་དགེ་སློང་
ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། རྒྱ་གར་སྐད་དུ། ཤྲཱི་བཛྲ་སིདྡྷ་ཛཱ་ལ་སྃ་བ་ར་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་རྡོ་རྗེ་གྲུབ་པ་དྲ་བའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འདི་སྐད་
བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དགའ་ལྡན་གྱི་གནས་རིན་པོ་ཆེའི་ཁང་བཟངས་ཀྱི་ནང་ན་བྱང་ཆུབ་སེམས་དཔའ་བྱམས་པ་དང་། དགའ་བའི་འོད་དང་། དྲི་མ་མེད་པའི་འོད་ལ་སོགས་པ་དཔའ་བོ་དང་རྣལ་འབྱོར་མའི་འཁོར་དཔག་ཏུ་མེད་པ་དང་། དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བཙུན་མོའི་བྷ་ག་ལ་སྙོམས་པར་བཞུགས་པའི་དུས་སུ་རིགས་སྒྱུ་མའི་དབང་དུ་མཛད་དེ་ཐམས་ཅད་ཀྱིས་ལྷའི་ཕྱི་ནང་གསང་བ་བླ་ན་མེད་པའི་མཆོད་པས་མཆོད་པའི་དུས་སུ་བྱང་ཆུབ་སེམས་དཔའ་བྱམས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་
ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་གསོལ་པ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །དེ་ཉིད་དོན་དམ་གང་ཡིན་པ། །དཔལ་དང་རྡོ་རྗེ་དོན་དང་ནི། །དྲ་བ་སྡོམ་པ་རྒྱུད་ཀྱི་དོན། །དེས་བསྟན་སྡོམ་པ་གང་ཡིན་པ། །དེ་ཉིད་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །
བྱམས་པ་ལ་སོགས་འཁོར་རྣམས་ཀུན། །ཕྱི་རོལ་དོན་ལ་གཡེངས་པའི་སེམས། །ནང་དུ་བསྡུས་ལ་རྩེ་གཅིག་ཉོན། །དཔལ་ནི་གཉིས་མེད་ཡེ་ཤེས་ཏེ། །དེ་ཉིད་མཆོད་པའི་འོས་ཡིན་ལ། །གཉིས་མེད་བདེ་བས་མཆོད་པར་བྱ། །རྡོ་རྗེ་ཞེས་བྱ་ཡེ་ཤེས་ལྔ། །གཟུང་འཛིན་རྟོག་པས་མི་ཕྱེད་ཕྱིར། །
རྡོ་རྗེ་ཞེས་ནི་བསྟན་པ་ཡིན། །དེ་ཉིད་དོན་ལ་རྩེ་གཅིག་པས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་པོའི། །ས་ནི་ངེས་པར་འཐོབ་པའོ། །དྲ་བ་ཞེས་པ་མང་པོའི་དོན། །ཀུན་རྫོབ་གཞན་རིག་ཏུ་བསྟན་པས། །གྲངས་མང་རྒྱ་ཆེར་བསྟན་པ་ནི། །ནམ་མཁའ་དང་མཚུངས་སྡོམ་པའི་དོན། །ནམ་མཁའ་
དང་མཚུངས་རང་རིག་ནི། །སེམས་ཀྱི་དེ་ཉིད་སྟོང་པའི་རོ། །སྐད་ཅིག་དེ་ཡི་རྒྱུན་ཉིད་ལ། །རྒྱུད་ཅེས་བྱ་བར་བསྟན་པ་ཡིན། །དཔལ་རྡོ་རྗེ་གྲུབ་པ་དྲ་བའི་སྡོམ་པའི་རྒྱུད་ལས་མཚན་གྱི་རྒྱུད་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་གཞན་ཡང་ང་ཡིས་བཤད། །ཡེ་ཤེས་སྐྱེ་བའི་
རྒྱུ་དང་གནས། །རྐྱེན་དང་དེ་བཞིན་དམིགས་པའི་ཡུལ། །བྱེ་བྲག་མིང་གི་རྣམ་གྲངས་དང་། །དོན་གྱི་རྣམ་གྲངས་གང་ཡིན་དང་། །ཕན་ཡོན་དང་ནི་འབྲས་བུ་དང་། །དོན་དམ་དེ་ཉིད་ཆོས་ཀྱི་དབྱིངས། །དེ་ཉིད་འདིར་ནི་བཤད་པར་བྱ། །རྒྱུ་ནི་རང་རིག་ཡེ་ཤེས་ཏེ། །རྒྱུ་མེད་རྒྱུ་ཡི་རང་བཞིན་
ཅན། །རང་རིག་སྒྱུ་མར་བྱུང་བ་ནི། །བདེ་ཆེན་འཁོར་ལོ་ནས་བརྩམས་ཏེ། །འཁོར་ལོ་བཞིའམ་བརྒྱད་གཉིས་བཤད། །དེ་བཞིན་ཉི་ཤུ་རྩ་བཞི་སྟེ། །ཡེ་ཤེས་སྐྱེ་བའི་རྟེན་ཡིན་ལ། །གནས་ནི་དེ་དང་མཉམ་པའི་རྩ། །གྲོགས་ནི་ཡེ་ཤེས་རླུང་ཡིན་ཏེ། །ཡེ་ཤེས་རླུང་གི་བཞོན་པ་ལ། །

ཞོན་ནས་དེ་ཉིད་བྱུང་བ་ཡིན། །གྲངས་ནི་སྔ་མ་ལྟར་ཤེས་བྱ། །ངོ་བོ་ཐིག་ལེ་ཉིད་ཡིན་ཏེ། །ཐིག་ལེ་མདུད་པའི་གྲངས་སུ་ཤེས། །དེ་ཡི་ཕན་ཡོན་གང་ཡིན་པ། །གཟུང་འཛིན་རྣམ་པར་རྟོག་པ་ཡིས། །ཕྱིན་ཅི་ལོག་ཏུ་བརྟགས་པ་ཡི། །རྣམ་པར་རྟོག་པ་སྤོང་བ་ཡིན། །འབྲས་བུ་རྡོ་རྗེ་
འཆང་ཆེན་པོའི། །ས་ནི་ངེས་པར་ཐོབ་པའོ། །དཔལ་རྡོ་རྗེ་དྲ་བའི་སྡོམ་པའི་རྒྱུད་ལས་ཡེ་ཤེས་ཀྱི་རྒྱུ་དང་གནས་ལ་སོགས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །འཁོར་ལོ་རྣམས་ཀྱི་དབྱེ་བ་ནི། །བདེ་ཆེན་འཁོར་ལོའི་འདབ་མ་ནི། །སུམ་
ཅུ་རྩ་གཉིས་གྲངས་ཡིན་ནོ། །དེ་ནས་ལོངས་སྤྱོད་འཁོར་ལོ་ནི། །འདབ་མ་བཅུ་དྲུག་དག་ཏུ་བསྟན། །ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད། །སྤྲུལ་པའི་འཁོར་ལོའི་འདབ་མ་ནི། །དྲུག་ཅུ་རྩ་བཞི་དག་ཡིན་ནོ། །བདེ་ཆེན་འཁོར་ལོ་སོར་བཞི་སྟེ། །ལོངས་སྤྱོད་འཁོར་ལོ་སོར་བཅུ་དྲུག །
ཆོས་ཀྱི་འཁོར་ལོ་སོར་བཅུ་གཉིས། །སྤྲུལ་པའི་འཁོར་ལོ་སོར་བཅུ་དྲུག །བདེ་ཆེན་འཁོར་ལོའི་ལྟེ་བ་རུ། །ཧྃ་ནི་དཀར་པོ་ཐུར་བལྟས་བསམ། །ལོངས་སྤྱོད་འཁོར་ལོའི་ལྟེ་དབུས་སུ། །ཨོཾ་ནི་དམར་པོ་གྱེན་བལྟས་བསམ། །ཆོས་ཀྱི་འཁོར་ལོའི་ལྟེ་དབུས་སུ། །ཧཱུྃ་ནི་སྔོན་པོ་ཐུར་བལྟས་
བསམ། །སྤྲུལ་པའི་འཁོར་ལོའི་ལྟེ་དབུས་སུ། །ཨཱཿནི་དམར་བོ་གྱེན་བལྟས་བསམ། །དང་པོའི་འཁོར་ལོའི་འདབ་མ་ལ། །དབྱངས་ཀྱི་ཡི་གེ་བཅུ་དྲུག་ནི། །ལུགས་འབྱུང་ལུགས་མིན་དགོད་པར་བྱ། །ལོངས་སྤྱོད་འཁོར་ལོའི་འདབ་མ་ལ། །དབྱངས་ཡིག་བཅུ་དྲུག་རིམ་བཞིན་
དགོད། །ཆོས་ཀྱི་འཁོར་ལོའི་འདབ་མ་ལ། །ལཱྃ་མཱྃ་པཱྃ་ཏཱྃ། །ཡི་གེ་འདི་རྣམས་གཡོན་ནས་དགོད། །ཨོྃ་ཏྲཱི་ཧྲཱི་ཨ། །མཚམས་ནས་གཡས་སུ་དགོད་པར་བྱ། །སྤྲུལ་པའི་འདབ་མ་བཞི་རྩིབས་ལ། །གསལ་བྱེད་ཡི་གེ་སུམ་ཅུ་གཉིས། །ལུགས་འབྱུང་ལུགས་ལས་བཟློག་ཚུལ་དགོད། །
སྐུ་གསུང་ཐུགས་ཀྱི་རྩ་གསུམ་ནི། །དབུས་ནས་དྲང་པོར་གནས་པ་སྟེ། །ཧཱུྃ་ནི་དཀར་པོ་ཐུར་བལྟས་པ། །མར་གྱི་རྩེ་ལ་ཐུག་པར་དགོད། །གཡས་ན་ཐབས་ཀྱི་རྩ་གནས་ཏེ། །ཀཱ་ལི་སུམ་ཅུ་རྩ་གཉིས་ནི། །ཐབས་ལ་ལན་གསུམ་བསྐོར་བྱས་ན། །ལུགས་འབྱུང་འོག་ཏུ་ཁ་བལྟས་དགོད། །

གཡོན་ན་ཤེས་རབ་རྩ་གནས་ལ། །མ་མོ་དབྱངས་ཡིག་བཅུ་དྲུག་ནི། །གྱེན་ལ་བལྟས་པ་དགོད་པར་བྱ། །སྒལ་ཚིགས་ལ་གནས་སྲོག་ལ་བརྟེན། །རྩ་གསུམ་འདུས་པའི་གནས་དེར་ནི། །རིན་ཆེན་དང་འདྲ་འདུད་པ་ནི། །དགུ་པོར་གནས་པ་བྱ་གདོང་ཚུལ། །ཆོས་ཀྱི་
དབྱིངས་ཀྱི་དབང་ཕྱུག་མ། །བདེ་བ་རེག་སྟེར་མ་ནི་བཞུགས། །གཞན་ཡང་རྐྱེན་གྱི་འཁོར་ལོ་གཉིས། །གྲུ་གསུམ་གནས་སུ་ཡི་གེ་རྃ། །དེ་ནི་ཡོངས་སུ་གྱུར་པ་ལས། །མེ་ཡི་འཁོར་ལོ་གྲུ་གསུམ་པ། །ཚད་ནི་སོར་གསུམ་ཉིད་ཡིན་ཏེ། །ལྟེ་བར་རཾ་ནི་དམར་པོ་བསམ། །འདབ་མ་གསུམ་
ལ་ཨོྃ་ཨཱཿཧཱུྃ། །གྲུ་གསུམ་ཟུར་ལ་དགོད་བྱ་བ། །རྡོ་རྗེ་རྩེ་གསུམ་བསམ་པར་བྱ། །རླུང་གི་གནས་སུ་ཡི་གེ་ཡྃ། །དེ་ཉིད་ཡོངས་སུ་གྱུར་པ་ལས། །མདོག་ནག་གཞུ་ཡི་དབྱིབས་འདྲ་ལ། །ཚད་ནི་སོར་བཞི་ཉིད་ཡིན་ནོ། །དབུས་སུ་འདབ་མ་ལྔ་ཡིན་ཏེ། །ལྟེ་བར་ཡཾ་ནི་ནག་པོ་
བསམ། །འདབ་མ་ལྔ་ལ་དྷ་ལྔ་དགོད། །བ་དན་ལྔ་ཡིས་མཚན་པའོ། །རླུང་གིས་དམ་ཚིག་མེ་སྦར་པས། །དམ་ཚིག་མེ་ཡིས་གཏུམ་མོ་བསྐུལ། །འཁོར་ལོ་གསུམ་བསྲེགས་རྙིད་པ་ཙམ། །ཡི་གེ་ཧྃ་ནི་བསྲོས་པ་ཡིས། །ཧྃ་བཞུ་བདུད་རྩིའི་ཆར་ཡང་བབ། །ལྟེ་བའི་གནས་སུ་
ཐིག་ལེར་གྱུར། །རྒྱུན་དུ་འབར་བར་གྱུར་པ་ཡིས། །རིན་ཆེན་དབྱིབས་འདྲའི་ནང་སླེབས་ནས། །རང་བཞིན་དགའ་བ་ཉམས་མྱོང་བས། །རང་གི་སེམས་ཀྱི་སྙིང་པོའི་རོ། །བཞི་པའི་དཔལ་ལྡན་ཧེ་རུ་ཀ། །དེ་ཉིད་རྟོགས་པར་གྱུར་པ་ཡིས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་པོའི། །ས་
ནི་ངེས་པར་ཐོབ་པའོ། །དཔལ་རྡོ་རྗེ་གྲུབ་པ་དྲ་བའི་སྡོམ་པའི་རྒྱུད་ལས་འཁོར་ལོ་བཞི་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཡིད་བཞིན་ནོར་བུ་དང་མཚུངས་པའི། །ངེས་དོན་དུ་ནི་ང་ཡིས་གསུངས། །དེ་ཡི་དོན་ལ་ཁྱེད་རྣམས་ཀྱིས། །
རྩེ་གཅིག་སེམས་ཀྱིས་ཡིད་ལ་ཟུང་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱམས་པ་དང་། དགའ་བའི་འོད་དང་། དྲི་མ་མེད་པའི་འོད་ལ་སོགས་པ་དཔའ་བོ་དང་། རྣལ་འབྱོར་མའི་འཁོར་དཔག་ཏུ་མེད་པ་ཐམས་ཅད་དགའ་ཞིང་མགུ་ནས་རྗེས་སུ་ཡི་རངས་ནས་ལྷའི་

མཆོད་པ་རྣམ་པ་དུ་མས་མཆོད་པ་ནི་ནམ་མཁའ་ལ་རིན་པོ་ཆེའི་ཆར་དང་། སྒེག་པ་དང་། རྒོད་པ་དང་། དགའ་བའི་མཆོད་པའི་རྣམ་པ་དང་། པ་ཊ་ཧ་ལ་སོགས་པའི་མཆོད་པ་དང་། གཞན་ཡང་ལྷའི་མེ་ཏོག་དང་། སྤོས་དང་། མར་མེ་དང་། ཞལ་ཟས་ཀྱི་མཆོད་པ་རོ་བརྒྱ་པ་དང་།
བཏུང་བའི་མཆོད་པས་མཆོད་དེ། གཞན་ཡང་ནང་དང་། གསང་བ་དང་། གསང་བའི་གསང་བ་བླ་ན་མེད་པའི་མཆོད་པ་ཆེན་པོ་རྨད་དུ་བྱུང་བས་མཆོད་ནས་ལན་གསུམ་བསྐོར་བ་བྱས་ཏེ། སོ་སོའི་རྫུ་འཕྲུལ་གྱིས་མི་སྣང་བར་གྱུར་ཏོ། །དཔལ་རྡོ་རྗེ་གྲུབ་པ་དྲ་བ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་
རྫོགས་སོ།།