Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 079_རྒྱུད་འབུམ།_ག
Văn bản gốc(Tây Tạng)
Trang 16 / 18 (50.000 ký tự/trang)
།།རྒྱ་གར་ཀྱི་མཁན་པོ་ག་ཡ་དྷ་ར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་པའོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཙིཏྟ་གརྦྷཱརྠ་ཏནྟྲ། བོད་སྐད་དུ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་དོན་གྱི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག །སྙིང་པོ་མཆོག་ནི་བཞུགས་པའི་སྐུ། །རྡོ་རྗེ་སེམས་ དཔའ་ལ་གཟིགས་ཏེ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། །སྣ་ཚོགས་གཟུགས་ཅན་སེམས་འདི་ནི། །མཐའ་དང་བྲལ་བ་ཡིན་མོད་ཀྱི། །སྲིད་དང་འཁོར་བར་རབ་ཏུ་གྲགས། །དེ་ན་རྡོ་རྗེ་སེམས་དཔའ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཀྱེ་ཧོ་རང་བྱུང་བཅོམ་ལྡན་ འདས། །ནམ་མཁའི་བདག་པོ་སྣ་ཚོགས་ལུས། །གསུང་གི་མངའ་བདག་རིག་སྔགས་རྒྱལ། །སྐྱེ་མེད་དབྱིངས་ནས་སྣང་བྱེད་འཁྲུངས། །འགྲོ་དྲུག་འདྲེན་པ་ཁྱོད་ཀྱིས་གསུངས། །ཉིད་ཀྱི་ཞལ་ནས་ཐིགས་པ་ཤོར། །ཀེ་ཀེ་རུ་དང་མརྒད་དང་། །སྤུག་དང་རྡོ་ཡི་སྙིང་པོ་དང་། །རིན་ཆེན་ ཁ་དོག་སྣ་ལྔ་པས། །ཡེ་ཤེས་གཞལ་ཡས་ཁ་དོག་སྤྲས། །ཉིད་ལས་མི་གཞན་འཇིགས་བྱེད་དང་། །རྒྱལ་སྲས་དད་པ་གཏམ་ཉན་དང་། །འགྲོ་བ་འདུལ་བའི་འཁོར་རྣམས་སོ། །དེ་ནས་བཅོམ་ལྡན་ཤཱཀ་ཐུབ་ཀྱི། །གསུང་གི་དགོངས་པ་མཁྱེན་ནས་ནི། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ ཀྱི། །རབ་འབྱུང་ཡེ་ཤེས་བསྡུ་བ་མཛད། །དེ་བཞིན་གཤེགས་ཀྱིས་འདི་སྐད་དུ། །ཆེད་དུ་རྗོད་པ་རྣམ་པར་མཛད། །གང་ཞིག་རྩོལ་མེད་བདེ་ཆེན་དོན། །ལྷན་ཅིག་སྐྱེས་པ་མ་མཐོང་ན། །སྒྲུབ་དང་རྩོལ་བ་ཅི་སྤྱད་ཀྱང་། །བྱིས་པ་དོན་མེད་ག་ཆད་དུ། །རྫས་བཟུང་བ་ནི་འཆིང་ བ་ཉིད། །རྟེན་འབྲེལ་སྒོམ་པ་གཉིས་པའོ། །དོན་མེད་ཉམས་མྱོང་འདོད་པ་ཡང་། །འཆིང་བའི་རྒྱུ་སྟེ་གསུམ་པའོ། །ཁ་ཅིག་ཨེ་རིའི་ཐལ་བས་བྱུགས། །དབང་ཕྱུག་ནམ་མཁའི་རྫས་རྣམས་སྡུད། །འཆིང་བའི་རྒྱུ་སྟེ་བཞི་པའོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།མཐའ་དང་ བྲལ་བའི་རང་བཞིན་ལ། །གཟུང་འཛིན་ནད་ཀྱིས་ཅི་ལ་འཆིང་། །གདོད་ནས་དག་པའི་ནམ་མཁའ་ལ། །བག་ཆགས་མཚན་མས་ཅི་ལ་འཆིང་། །སྐྱེ་འགག་མེད་པའི་ཆོས་ཉིད་ལ། །རྒྱུ་འབྲས་ནད་ཀྱིས་ཅི་ལ་འཆིང་། །བསམ་དང་བྲལ་བའི་ཡེ་ཤེས་ལ། །རྟོག་དཔྱོད་ནད་ཀྱིས་ཅི་ལ་འཆིང་། །ཨེ་ མའོ་རྣམ་དག་སེམས་ཉིད་ཀློང་། །ལྷན་ཅིག་སྐྱེས་པ་བདེ་བའི་མཆོག །འོད་གསལ་སྣ་ཚོགས་དུས་ན་བདེ། །རྣམ་དག་འཁོར་ལོ་བདེ་བ་ལ། །བསྣུན་པའི་བློ་གྲོས་ལོག་པ་ཡིས། །སྲིད་རྒྱུ་ངེས་པའི་རྩ་བར་འཁྱམས། །གཞན་ཡང་སྟོན་པས་འདི་སྐད་གསུངས། །ཞེན་ཆགས་ཅན་གྱི་ གདུལ་བྱ་ལ། །བདེ་བ་ཆེན་པོ་བཅོས་མ་སྦྱིན། །ཁོང་ཁྲོ་ཅན་གྱི་གདུལ་བྱ་ལ། །གཡོ་བ་རླུང་གི་བཅོས་མ་སྦྱིན། །འདོད་པ་ཆུ་བཞིན་གདུངས་པ་ལ། །བཀྲི་དྲང་རང་རྒྱུད་བཅོས་མ་སྦྱིན། །ཀུན་ཏུ་རྨོངས་པའི་ཡིད་ཅན་ལ། །སྟོང་པ་སྙིང་རྗེ་བཅོས་མ་སྦྱིན། །སྟོན་པས་དེ་སྐད་བཀའ་སྩལ་པས། ། འཁོར་རྣམས་བསྡུ་བ་རྣམ་མཛད་དེ། །དེ་བཞིན་གཤེགས་ལ་འདི་སྐད་གསོལ། །ཡེ་ནས་རྣམ་པར་དག་པས་ན། །ཁམས་གསུམ་འཁོར་བ་ཇི་ལྟར་ལགས། །གློ་བུར་པ་ཞིག་ལག་ལགས་འགྱུར་ན། །ཐོག་མཐའ་ཡོད་པར་མི་འགྱུར་རམ། །ཡང་ན་རྡོ་རྗེ་སེམས་སོགས་པ། །དམྱལ་བར་འཚེད་ པར་མི་འགྱུར་རམ། །འཁོར་བ་བདེ་བ་གྲུབ་པ་ན། །སྦྱང་བཏུབ་བམ་ནི་ཅི་ཞིག་གུ། །དེ་སྐད་གསོལ་ནས་མི་སྣང་གྱུར། །དེ་བཞིན་གཤེགས་པས་བཀའ་སྩལ་པ། །ང་ལ་ཉན་པ་ཁྱེད་ལེགས་སོ། །རྩེ་གཅིག་ཡིད་ཀྱིས་དང་བར་བྱོས། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ ཀྱི་ཁྱད་པར་ཐ་དད་སྣང་། །ལྡན་ལ་ལྷ་མི་གཅིག་པའོ། །མ་བསྡུས་གཅིག་ཏུ་རྫོགས་པའོ། །སྨྲ་བའི་སེང་གེ་འཇིགས་པ་མེད། །བཀའ་ཡི་དགོངས་པ་ཤིན་ཏུ་ཟབ། །མརྒད་བློ་ཡིས་མཆིང་བུ་ལེན། །སྣ་ཚོགས་ཁ་དོག་རིགས་སུ་བསྒྱུར། །དཔེར་ན་སྭ་སྟི་ཀ་བཞིན་ནོ། །ཀ་རན་ད་ཡི་སྐྱེ་ བཞིན་ནོ། །བརྟགས་ཤིང་བརྟགས་ཤིང་སྐྱེ་བར་འགྱུར། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། །ཁྱབ་བདག་ནམ་མཁའི་སྣ་ཚོགས་གཟུགས། །དེང་བདག་སེམས་དཔའི་ལུས་སུ་འགྱུར། །འགྲོ་བའི་མགོན་པོས་དེ་སྐད་དུ། །བཤད་ནས་འཁོར་རྣམས་དེངས་གྱུར་ཏེ། །ཕྱོགས་གཅིག་ཏུ་ནི་ འཁོད་གྱུར་ནས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ལྟ་བའི་རང་བཞིན་ཇི་ལྟ་བུ། །མ་བཅོས་ངོ་བོ་ཇི་ལྟ་བུ། །ཡེ་ཤེས་སྤྱོད་པ་ཇི་ལྟ་བུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལེགས་སོ་འདུས་པའི་ཚོགས་ཆེན་པོས། །རྣམ་པ་དྲུག་གི་མཚན་ཉིད་དེ། །ཁྱད་པར་བདུན་དང་ མཚན་པའི་དཔེ། །བཅུ་བཞི་རྣམ་པ་ཅི་རིགས་སུ། །བཅུ་གསུམ་མ་ནོར་ཞེས་སུ་བཤད། །ལྷན་ཅིག་སྐྱེས་པ་ཁྱབ་གནས་པ། །མངོན་སུམ་དབང་གི་ངོ་བོར་ཤར། །སྦྱིན་པས་བཟློག་ནས་བལྟས་པ་ཡིས། །ནམ་མཁའ་ལས་འབབ་བདེ་སྐྱོང་ནས། །ཐུར་དུ་འཁོར་ལོ་དྲུག་རིམ་དུ། །ཨ་ཏ་ རཀྟ་བདེ་བ་ལེན། །ཡེ་ཤེས་ཟེར་ཞིང་སྡུག་བསྔལ་སྐྱེ། །རྨོངས་པས་མྱ་ངན་སྡིག་པ་འཛིན། །དེ་མི་སྤོང་བའི་འཆིང་བར་འགྱུར། །སིདྷའི་ཚུལ་དུ་དགེ་སློང་གཉིས། །དབང་རྫོགས་ཟེར་ཞིང་བདེ་བ་སྤྱོད། །འཆི་འཕོས་ནས་ནི་དམྱལ་བར་སོང་། །རྒྱལ་པོའི་ཁབ་ནི་བཙུན་མོ་ཅན། །ཚོམ་ དུ་སྡུད་ཅིང་རེག་པ་ཡིས། །ཡེ་ཤེས་གཞན་ལ་འཆད་ཅིང་སྟོན། །འཆི་འཕོས་དུར་ཁྲོད་ས་ག་ཡི། །སྨད་འཚོང་མ་ཡི་སྲིན་བུར་སྐྱེས། །འཇིག་རྟེན་ཁམས་གཞན་སེམས་དམྱལ་དུ། །ཤིན་ཏུ་འཚེད་ཅིང་འབོད་པར་འགྱུར། །པྲིཀྵའི་དྲུང་ན་ཨ་ཀོ་ཏ། །བཀའ་ཡི་བསྒོ་བ་རྣམ་པར་བྱེད། ། ཁ་སྦྱོར་བ་ནི་ཡེ་ཤེས་ཞེས། །བཞིན་བཟང་མ་ལ་ལེགས་པར་དགོད། །ཚེ་འཕོས་ནས་ནི་ངུ་འབོད་སྐྱེས། །འཆད་པའི་སྐྱེས་བུ་དེ་ཕྱིར་ངེས། །ཁྱོད་ཀྱིས་འདྲི་བ་བསྟན་པར་བྱ། །སེམས་ཀྱི་རང་བཞིན་མ་བཅོས་པ། །མི་རྟོགས་ལྟ་བ་མི་དམིགས་ཤེས། །མིག་ཡོ་ངོ་བོ་མི་འདའ་དམ། ། དེ་སྐད་གསུངས་ནས་མི་སྣང་གྱུར། །འདྲི་བའི་རྟོག་པ་དང་པོ་ཆོད། །འཆད་པའི་སྐྱེས་བུས་ཡང་གསོལ་པ། །འགྲོ་བའི་བླ་མ་གཉེན་གཅིག་པུ། །དམ་ཕོག་པ་ནི་ཇི་ལྟར་ལགས། །དབང་གི་རང་བཞིན་ཇི་ལྟར་ལགས། །རྟོག་པ་གཉིས་པ་དྲིས་པ་ལས། །ལྟ་བའི་ ལེའུ་སྟེ་གཉིས་པའོ།། །།ལྷན་ཅིག་སྐྱེས་པའི་བདེ་བ་ཡི། །གང་ལ་མིང་དེ་སྐད་བྱ་ཡི། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །མཚོན་པའི་དཔེ་ནི་འདི་སྐད་གསུངས། །ནག་པོ་བརྩེགས་པ་པད་པ་ཏི། །གྲི་ཏ་དང་ནི་ཀང་ཀ་དང་། །ཕག་དང་གླང་པོ་གཞོན་ནུ་མ། ། ཟླ་བ་ཆུ་ཤེལ་གླང་སེང་དང་། །ཨོ་ད་ཆུ་བོ་གསུམ་འདྲེས་དང་། །གསེར་དང་ནམ་མཁའི་རི་བོ་མེ། །གསུམ་པ་བཅུ་བཞིར་ཤེས་པར་གྱིས། །དེ་བཞིན་ཉིད་ལྡན་དམ་པ་སྟེ། །དེ་ལས་གང་ཞིག་འདའ་བྱེད་པ། །དམྱལ་བར་ཡང་དག་འཚེད་པར་བཤད། །ཨེ་མའོ་རང་རིག་སྐལ་ཆེན་པོ། ། ནམ་མཁའི་སྤྲིན་ལ་འབུད་པར་བྱེད། །བྱིས་པ་རང་བཞིན་མི་ཤེས་པས། །བཅོས་མེད་རང་བཞིན་སྤྲོ་བསྡུ་བྱེད། །རྣམ་དག་འོད་གསལ་སྒྲིབ་པ་མེད། །ཡེ་ཤེས་རྒྱ་མཚོར་ཞུགས་རྨོངས་པས། །ཀུན་ཏུ་འཆིང་བའི་མདུད་པ་ཉིད། །ཀུན་ཏུ་འཆིང་བ་རྒྱུན་མི་འཆད། །ལྷན་ཅིག་སྐྱེས་པའི་ མདའ་འཕངས་ཀྱང་། །བསྣུན་པའི་བློ་གྲོས་ལོག་པ་ཡིས། །གཅིག་དང་དུ་མས་སེམས་བསླད་པས། །རྨོངས་པ་ང་རྒྱལ་སྤེལ་བར་བྱེད། །རླུང་གི་རྒྱུ་བ་དྲིལ་བའི་ལྷ། །ཡིག་འབྲུ་ཁ་དོག་གོ་བར་བྱེད། །ཡིད་དང་རླུང་ནི་རྒྱུ་བ་ན། །སྣང་བ་འགགས་པ་ཡེ་ཤེས་སོ། །དེ་ཉིད་ལོག་པས་འཆིང་ བའི་རྒྱུ། །ཚངས་པ་ཡི་ནི་ཙཎྜ་ལཱི། །སྦར་བས་ལྷ་ཉིད་འོད་དུ་ཞུ། །ཀ་སོགས་གཡས་དང་གཡོན་དུ་ཨ། །ཡིག་མགོ་ཚིག་དང་གསོས་པ་དང་། །སྟོང་ཕྲག་བདུན་ཅུའི་རྩ་ལམ་ནས། །བབ་པ་བདེ་བ་སྐྱེད་པར་བྱེད། །དོན་དམ་པའོ་ཞེས་སུ་སྨྲ། །རྨོངས་པ་བསྡོམས་པས་མདུད་པ་གྲོལ། ། ཟག་པ་སྐྱེས་པས་འཆིང་བར་འགྱུར། །ལྷན་ཅིག་སྐྱེས་པས་རིགས་པ་ཡིས། །ཅི་རིགས་པ་རུ་གཞན་ལ་སྟོན། །གྲོལ་བར་འགྱུར་ཞེས་ང་མི་སྨྲ། །ཨེ་མའོ་བློ་ནི་གཉིས་སུ་སྣང་། །ཇི་ལྟར་སྤྱད་ཀྱང་གྲོལ་མི་འགྱུར། །དབང་གི་ལེའུ་སྟེ་གསུམ་པའོ།། །།གང་ལ་མིང་དེ་སྐད་ བྱ་བའི། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །རྟོག་པ་གསུམ་ལ་གཅད་པའི་ཕྱིར། །སྟན་ལས་ལངས་ཏེ་འདི་སྐད་གསོལ། །ནམ་མཁའི་བདག་པོ་སྣ་ཚོགས་ལུས། །སྒོམ་པའི་རང་བཞིན་ཇི་ལྟར་ལགས། །ཕྱག་འཚལ་རྡོ་རྗེ་དཔའ་ཁྱོད་ ལ། །ཕྱག་འཚལ་རྡོ་རྗེ་རང་བྱུང་སེམས། །ཕྱག་རྣམས་དག་པ་འོད་གསལ་དབྱིངས། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །འགྲོ་བའི་བླ་མ་ཡེ་ཤེས་གཟུགས། །གསུང་གི་ཐིགས་པ་ལྷན་ཅིག་སྐྱེས། །རྣམ་དག་རང་རིག་དབྱིངས་ལ་འདུད། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། །ཀྱེ་མ་སེམས་དཔའ་རྡོ་རྗེ་ཉོན། །མངོན་དུ་གྱུར་པ་སྒོམ་པའི་མཆོག །སྣ་ཚོགས་འབར་བ་ཡེ་ཤེས་དྲོད། །ཅི་ཡང་མཐོང་ལ་མེད་རྟོགས་ན། །མ་མཐོང་གནས་ན་མཐོང་བ་རུ། །མཐོང་ན་འགག་ཅིང་བལྟས་ན་སྐྱེ། །ཤེས་རབ་ཡེ་ཤེས་འོད་པོ་ཆེ། །ཅི་དགར་བཞག་ ན་བདེ་བ་འགོག །ཡེ་ཤེས་རྒྱ་མཚོ་ཡེ་གསལ་ལ། །སངས་རྒྱས་སྒོམ་པར་མི་མཛད་དོ། །དེ་ལ་གཉེན་པོ་ཡོད་དམ་ཅི། །རིགས་པས་སྟོན་པ་འཆིང་བའི་ནད། །འདས་དང་མ་བྱོན་ད་ལྟར་གྱི། །བདེ་བ་དེ་ནི་སྟོན་མཛད་དམ། །རྡོ་རྗེ་སེམས་དཔའ་ཁྱོད་ཉིད་ཀྱིས། །བསྟན་པར་ནུས་སམ་འོན་ ཏེ་ཅི། །བསྙད་དུ་མེད་པས་བརྗོད་དང་བྲལ། །བསྒྲུབ་ཏུ་མེད་པས་དཔེ་དང་བྲལ། །མཚོན་དུ་མེད་པས་ཚིག་ལམ་ཆད། །ལྷན་ཅིག་སྐྱེས་པས་བསྒྲུབ་ཏུ་མེད། །མངོན་དུ་གྱུར་པས་བསྒོམ་དུ་མེད། །དཔྱད་དུ་མེད་པས་བཅོས་དང་བྲལ། །མ་ཡེངས་བློ་ཡིས་རྟོགས་པའོ། །བསྒོམ་ པའི་ལེའུ་འདི་བཤད་པའི་ཚེ། །འཆད་པའི་སྐྱེས་བུ་ཉིད་ཀྱང་ནི། །བརྒྱལ་ནས་ས་ལ་འགྱེལ་གྱུར་ཏེ། །ལྷ་མིན་རིག་སྔགས་འཆང་བ་རྣམས། །སོ་སོར་བྱེར་ཏེ་དེངས་པར་གྱུར། །ལྷ་ཡི་བུ་མོ་སྟོང་ཕྲག་ནི། །ཆོས་ལ་རྡུལ་མིག་རྣམ་པར་དག །བྱང་ཆུབ་སེམས་དཔའ་ཉི་ཁྲི་ཡང་། ། དེ་མ་ཐག་ཏུ་མངོན་སངས་རྒྱས། །འཇིག་རྟེན་ཁམས་ནི་དྲུག་གཡོས་པས། །འུར་འུར་པོ་དང་ཆེམ་ཆེམ་གྱིས། །ཁམས་གསུམ་པོ་ནི་འདར་བར་བྱེད། །དེ་ཡི་མོད་ལ་སེམས་རྫོགས་པ། །ངོ་མཚར་སྐྱེས་ནས་འདི་སྐད་གསོལ། །ཨེ་མའོ་སངས་རྒྱས་ཀུན་གྱི་རྗེ། །རྫོགས་སངས་ རྒྱས་པ་བདེ་བའི་མཆོག །སྐལ་ལྡན་འདུལ་བྱེད་གཉེན་གཅིག་པུ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཁྱོད་ཀྱི་ཐུགས་ཀྱི་ཡེ་ཤེས་ཀྱིས། །མ་རིག་སྒོ་ངའི་ལིང་ཐོག་བསལ། །རྣམ་དག་ཡེ་ཤེས་ཁྱོད་ལ་འདུད། །དགའ་མགུ་རངས་ནས་གསོལ་པ་དང་། ། ཐམས་ཅད་འདུད་ཅིང་འཁོད་པར་བྱེད། །སྒོམ་པའི་ལེའུ་སྟེ་བཞི་པའོ།། །།དེ་སྐད་བཅོམ་ལྡན་ཤཱཀྱ་ཐུབ། །རྡོ་རྗེ་སེམས་དཔའ་ལ་གཟིགས་ཏེ། །བཀའ་ཡི་བསྒོ་བ་འདི་སྐད་མཛད། །ལེགས་སོ་འདུས་པའི་ཚོགས་ཆེན་རྣམས། །ཡང་དག་ཡེ་ཤེས་ལ་ཞུགས་ པས། །རྣམ་རྟོག་འཆིང་བའི་ནད་དང་བྲལ། །མཐའ་དང་བྲལ་བའི་རང་བཞིན་ལ། །བཟློག་པས་བལྟས་པ་ཐ་དད་འཛིན། །གཉུག་མའི་རང་བཞིན་ལྷན་ཅིག་སྐྱེས། །དེ་ཡང་བཅིངས་པས་ཅི་ལ་མཐོང་། །གང་གིས་དེ་ཉིད་མངོན་གྱུར་པ། །དེ་ལ་སྡིག་པས་ཅི་ལ་འཛིན། །དུས་གསུམ་ འཇིག་རྟེན་ཁམས་བཞུགས་པ། །དེ་ལ་བྱིན་གྱིས་རློབ་པར་མཛད། །དེ་ལ་གལ་ཏེ་གཟུགས་ཡོད་ན། །དཔག་གམ་གཞལ་དུ་བཏུབ་བམ་ཅི། །ལྷ་དང་ལྷ་མིན་གསང་བ་པ། །དེ་ལ་ཅི་རིགས་སྐྱོབ་པར་བྱེད། །གནོད་སྦྱིན་མཐུ་ཆེན་ཐོབ་པ་ཡང་། །སྲུང་བ་རྒྱུན་དུ་བྱེད་པར་འགྱུར། ། གྲུལ་བུམ་སྲིན་པོ་གདོན་རྣམས་ཀྱིས། །དེ་ཡི་བསམ་པ་ཡོངས་སུ་བསྒྲུབ། །ནད་དང་ཤུ་བ་འབྲས་དང་རིམས། །དེ་ཡི་ལུས་ལ་འབྱུང་མི་འགྱུར། །བསྐལ་པར་བསགས་པའི་སྒྲིབ་པ་ཡང་། །སྐད་ཅིག་མ་ཡིས་འབྱང་བར་འགྱུར། །རྒྱུན་དུ་ཞུགས་དང་ལན་ཅིག་འོང་། །ཕྱིར་མི་ལྡོག་པའི་ སེམས་དཔའ་ཡིས། །དེ་ཡི་གཟི་བརྗིད་འཕེལ་བར་བྱེད། །དེ་བས་སེམས་དཔའ་ཆེན་པོ་ཉོན། །ཁྱབ་པའི་འཁོར་ལོ་བདེ་བའི་མཆོག །དེ་ཉིད་ཕ་རོལ་ཕྱིན་དྲུག་ལྡན། །ཡི་གེ་མེད་དང་རིག་པའི་གསུང་། །དམ་པའི་དོན་ལ་འཇལ་བར་ནུས། །དོན་གྱིས་ཆོས་ཉིད་འཇལ་བར་སྟོན། ། བླ་མའི་ཞལ་ནས་དྲིས་ན་སྐྱེ། །རྟོགས་ན་རྣལ་འབྱོར་སྐྱེས་བུ་དེ། །ནམ་མཁའི་རྡུལ་ཕྲན་སྟོན་པར་འགྱུར། །མ་རབས་སྒྱུ་མའི་ཚིག་ལ་འཛིན། །ལྷན་ཅིག་སྐྱེས་པ་མཐོང་ངམ་ཅི། །གལ་ཏེ་མཐོང་ན་བརྟག་པར་འགྱུར། །བརྟགས་ན་ཡེངས་ཏེ་འཁྱམ་པར་འགྱུར། །གཉིས་ཀྱི་བློ་ལ་མྱ་ ངན་སྣང་། །ཁ་དོག་གཅིག་ཏུ་བསྒྱུར་བ་ཡི། །བདེ་བ་ཆེན་པོའི་འཁོར་ལོ་མཆོག །རྣལ་མ་ལ་གནས་འཆིང་གྲོལ་འགྱུར། །གང་ཞིག་བླ་མའི་དྲིན་ཤེས་དག །སྐྱེ་བ་མེད་པ་ཉིད་དུ་སྟོན། །བླ་མའི་བཀའ་དྲིན་མི་ཤེས་པ། །དེ་ཡིས་ལྷན་སྐྱེས་ཅི་ལ་མཐོང་། །ལྷན་ཅིག་སྐྱེས་པ་དེ་ཡིས་བཅིངས། ། དེ་ལ་འགྲོ་བ་སྐྱེ་ཞིང་འཆིང་། །ཐ་དད་གཟེངས་པས་ནད་དུ་གྱུར། །དུས་དང་གནས་སུ་བགྲངས་པས་ལྡོག །བདག་དང་གཞན་དུ་བལྟས་པས་ལྡོག །འདི་དང་ཕྱི་མར་བསྙད་པས་གོལ། །སྐྱེ་མེད་ལྷན་སྐྱེས་བཅོས་པས་འཆིང་། །དེ་སྐད་བཅོམ་ལྡན་འདས་ཀྱིས་བཤད། །འཆད་པའི་སྐྱེས་ བུས་འདི་སྐད་བསྟོད། །ཨེ་མའོ་རྣམ་དག་ཡེ་ཤེས་སྐུ། །ཁྱབ་བདག་གསུང་གི་ལྡེ་མིག་སྒོ། །མ་རིག་སྒྲིབ་པ་དྲལ་བའོ། །བདེ་བར་གཤེགས་པ་ཡེ་ཤེས་སྐུ། །ཨེ་མའོ་རྣལ་འབྱོར་ཐུགས་ཀྱི་བཅུད། །འགྲོ་བ་སྡུག་བསྔལ་གཟིར་ལས་བསྒྲལ། །མ་སྐྱེས་ལྷན་ཅིག་འགག་མེད་ཅིང་། །བྱང་ ཆུབ་སེམས་ལ་ཕྱག་འཚལ་བསྟོད། །ཕན་ཡོན་གྱི་ལེའུ་སྟེ་ལྔ་པའོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོའི་དོན་གྱི་རྒྱུད་རྫོགས་སོ།། །།རྗེ་བཙུན་གུ་རུའི་ཞལ་སྔ་ནས་དང་། ལོཙྪ་བ་སེང་ཀར་ཤཱཀྱ་འོད་ཀྱིས་ཕམ་ཐིང་དུ་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སྃ་བ་ར་ཏནྟྲ་རཱ་ཛ་ཨདྦྷུ་ཏ་ཤྨཱ་སཱ་ན་ཨ་ལྃ་ཀཱ་ར་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ། །དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་ཕྱིའི་མཆོད་པ་དང་། ནང་དང་། གསང་བ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་ནས་འདི་སྐད་ ཅེས་གསོལ་ཏོ། །ཀྱེ་ཧོ་བཅོམ་ལྡན་རྡོ་རྗེ་འཛིན། །དཔལ་ཞེས་བགྱི་བ་ཇི་ལྟར་ལགས། །འཁོར་ལོ་ཞེས་པ་གང་ལ་བགྱི། །སྡོམ་པ་ཉིད་ཀྱང་ཇི་ལྟ་བུ། །རྒྱུད་ཀྱི་དོན་ནི་ཇི་ལྟར་ལགས། །དེ་བཞིན་རྒྱུད་ཀྱི་རྒྱལ་པོ་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཔལ་ནི་གཉིས་མེད་ཡེ་ཤེས་ཏེ། ། འཁོར་ལོ་རྣམ་པ་བཞི་རུ་བརྗོད། །ཕྱི་ནང་གསང་བ་དེ་ཉིད་དོ། །དང་པོ་ཕྱི་ཡི་འཁོར་ལོ་ནི། །སྐུ་མདོག་ཕྱག་མཚན་ལྷ་ཡི་སྐུ། །དྲུག་ཅུ་རྩ་གཉིས་རིམ་པ་སྟེ། །ཡེ་ཤེས་དམ་ཚིག་སྐུ་གསུང་ཐུགས། །དཀྱིལ་འཁོར་ཕྱོགས་མཚམས་རིམ་པ་བཞིན། །ལུགས་འབྱུང་ལུགས་ ལས་བཟློག་པ་ནི། །ཐ་མལ་གཅོད་པས་ཕྱི་རུ་བཤད། །གཉིས་པ་ནང་གི་འཁོར་ལོ་ནི། །གནས་སོགས་ས་བཅུའི་རིམ་པ་རྣམས། །མཐོ་རིས་ས་སྟེངས་ས་འོག་དང་། །འཁོར་ལོ་སྒོ་ལ་དགོད་པ་ནི། །ཕྱི་རོལ་སྤྲོས་པ་གཅོད་པའོ། །གསུམ་པ་གསང་བའི་འཁོར་ལོ་ནི། །སྤྲུལ་པ་ཆོས་ དང་ལོངས་སྤྱོད་དང་། །དེ་བཞིན་བདེ་བ་ཆེན་པོ་སྟེ། །རྩ་ཆེན་སུམ་ཅུ་རྩ་གཉིས་ཀྱི། །གནས་སུ་གྱུར་པས་སྡུག་བསྔལ་གཅོད། །དགའ་བ་དང་ནི་མཆོག་དགའ་དང་། །རྣམ་པར་དགའ་བའི་གཉེན་པོ་ནི། །བདེ་བ་སྟོང་པ་མི་རྟོག་གསུམ། །དབྱེར་མེད་རྟོགས་པས་ལྷན་སྐྱེས་ལ། །དེ་ཁོ་ན་ཡི་ འཁོར་ལོར་བརྗོད། །སྡོམ་པ་ཕྱི་ནང་གསང་བ་ཉིད། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ལ་སོགས་ཉོན་མོངས་པ། །གཉེན་པོས་ཡེ་ཤེས་ངང་དུ་སྡོམ། །བདག་དང་དངོས་པོར་ལྟ་བ་དང་། །ཐ་མལ་པ་ཡི་རྣམ་རྟོག་ཀྱང་། །དག་པ་ལྷ་ཡི་འཁོར་ལོར་སྡོམ། །གཟོད་ནས་ལུས་ལ་ གྲུབ་པ་ཡི། །རྩ་དང་རླུང་དང་བྱང་སེམས་དང་། །ཨ་བ་དྷཱུ་ཏཱིའི་ནང་དུ་སྡོམ། །བདེ་བ་སྟོང་པ་མི་རྟོག་དང་། །དངོས་དང་དངོས་མེད་ཡེ་ཤེས་ཀྱང་། །དབྱེར་མེད་གཉུག་མའི་ངང་དུ་སྡོམ། །རྒྱུད་ཅེས་བྱ་བ་རྒྱུན་ཡིན་ཏེ། །གནས་སྐབས་གསུམ་གྱི་དྲི་མ་དང་། །འཇུག་དང་ཞུགས་དང་ངེས་པ་ཡིས། ། རྒྱུ་དང་ཐབས་དང་འབྲས་བུ་སྟེ། །དང་པོ་འཁོར་བའི་རང་བཞིན་ལ། །གཉིས་པ་ཐུན་མོང་མྱ་ངན་འདས། །རྒྱལ་པོ་ཞེས་པ་རྣམ་པ་བཞི། །འོག་མའི་ཡོན་ཏན་ལྡན་པ་དང་། །ངེས་པའི་དོན་ལ་དབང་བྱེད་དང་། །གཉེན་པོ་ཡེ་ཤེས་ཆེ་བ་དང་། །གཞན་ལ་ཁྱབ་པས་རྒྱལ་པོ་ཡིན། །རྡོ་རྗེ་སྙིང་པོས་ ཡང་གསོལ་པ། །དུར་ཁྲོད་བརྒྱད་ནི་ཇི་ལྟར་ལགས། །དེ་ཡི་དགོངས་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཕྱི་ནང་གསང་བ་དེ་ཉིད་ཀྱིས། །དུར་ཁྲོད་རྣམ་པ་བཞི་རུ་འགྱུར། །དང་པོ་ཕྱི་ཡི་དུར་ཁྲོད་ནི། །རྡོ་རྗེ་ར་བའི་ནང་རོལ་ལམ། །ཡང་ན་ཕྱི་རོལ་གྲྭ་རྣམས་སུ། ། ལུགས་འབྱུང་ལུགས་ལས་བཟློག་པ་ནི། །གཏུམ་དྲག་དང་ནི་ཚང་ཚིང་དང་། །འབར་བས་འཁྲུགས་པའི་ཀེང་རུས་དང་། །འཇིགས་སྡེ་རྣམས་ནི་ཤར་སོགས་ཀྱི། །ཕྱོགས་སུ་གཡོན་ནས་བསྐོར་ཏེ་གནས། །ཧ་ཧར་རྒོད་པ་དབང་ལྡན་ཏེ། །དཔལ་གྱི་ནགས་ཚལ་བྱིན་ཟར་རོ། །འཇིགས་ པའི་མུན་པ་བདེན་བྲལ་དུ། །རླུང་མཚམས་ཀི་ལི་ཀི་ལིར་སྒྲོགས། །ཤར་དུ་ཧ་རི་བ་སྱེ་ལ། །གཏུམ་དྲག་དཀར་པོ་གླང་པོའི་གདོང་། །བྱང་དུ་བྱང་ཆུབ་ཤིང་བུ་ལ། །གྷ་ར་སེར་པོ་མི་ཡི་གདོང་། །ནུབ་དུ་མྱ་ངན་མེད་ཤིང་ལ། །འབར་འཁྲུགས་དམར་པོ་ཆུ་སྲིན་གདོང་། །ལྷོ་རུ་ཙཱུ་ཏིའི་ ཤིང་བུ་ལ། །འཇིགས་སྡེ་ནག་པོ་མ་ཧེའི་གདོང་། །མེ་རུ་ཀ་རན་ཙ་ན་སྟེ། །དཔལ་གྱི་ནགས་ཚལ་ར་གདོང་དམར། །བདེན་བྲལ་ཨ་རྫུའི་ཤིང་བུ་ལ། །འཇིགས་པའི་མུན་པ་མ་ཧེའི་གདོང་། །རླུང་དུ་སྲིད་གྲུབ་ཤིང་བུ་ལ། །ཀི་ལི་སྒྲ་སྒྲོགས་རི་དགས་གདོང་། །དབང་ལྡན་ནྱ་གྲོ་དྷ་ཤིང་ལ། ། ཧ་ཧར་རྒོད་པ་བ་གླང་གདོང་། །གཡས་ན་གྲི་གུག་ཐོད་པ་གཡོན། །ཤིང་ལོའི་སྟེང་ན་སྟོད་ཕྱུང་ངོ་། །ཤར་དུ་བརྒྱ་བྱིན་དཀར་པོ་ལ། །རྡོ་རྗེ་སྡིགས་མཛུབ་གླང་པོ་ཞོན། །བྱང་དུ་ལུས་ངན་སེར་པོ་ལ། །དབྱུག་པ་འཛིན་ཅིང་གཏེར་ལ་ཞོན། །ནུབ་ཏུ་ཆུ་བདག་དམར་པོ་ནི། །ཆུ་སྲིན་ཞོན་ནས་ ཞགས་པ་ཐོགས། །ལྷོ་རུ་གཤིན་རྗེ་ནག་པོ་ལ། །མ་ཧེ་ཞོན་ནས་བེ་ཅོན་ཐོགས། །ཤར་ལྷོ་མེ་ལྷ་དམར་སེར་ལ། །ར་ལ་ཞོན་ནས་མེ་ཐབ་འཛིན། །ལྷོ་ནུབ་སྲིན་པོ་སྨུག་ནག་ལ། །རལ་གྲི་ཐོགས་ནས་མི་ལ་ཞོན། །ནུབ་བྱང་རླུང་ལྷ་མདོག་སྔོན་པོ། །རི་དགས་ཞོན་ནས་འཕན་ནི་འཕྱར། ། བྱང་ཤར་དབང་ལྡན་དཀར་པོ་ནི། །ཁྱུ་མཆོག་ཞོན་ནས་རྩེ་གསུམ་ཐོགས། །ཐམས་ཅད་རང་རང་རིག་མས་འཁྱུད། །ནོར་རྒྱས་དང་ནི་འཇོག་པོ་དང་། །སྟོབས་ཀྱིས་རྒྱུ་དང་པདྨ་དག །ཤར་ནས་བརྩམས་ཏེ་གཡོན་དུ་དགོད། །པདྨ་ཆེ་དང་མཐའ་ཡས་དང་། །རིགས་ལྡན་དང་ནི་དུང་སྐྱོང་ནི། ། གཡས་ཀྱི་ཕྱོགས་ནས་དགོད་པའོ། །སྒྲ་སྒྲོགས་པ་དང་རྨུགས་པ་དང་། །མུན་པ་ཅན་དང་ཀུན་ཏུ་འཁྱིལ། །ཤར་ནས་བྱང་གི་ཕྱོགས་སུ་དགོད། །འཁྲིགས་པ་གང་བ་འབབ་པ་དང་། །དྲག་པོ་སྤྲིན་ཚོགས་མཚམས་ལ་དགོད། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་དང་དམ་ཚིག་རྣལ་འབྱོར་མ། ། སྣ་ཚོགས་འཇིག་རྟེན་མཁའ་འགྲོ་རྣམས། །ཤིན་ཏུ་འཇིགས་པའི་གཟུགས་ཀྱིས་ནི། །རོ་ལ་སྤྱོད་ཅིང་མཁའ་ལ་རྒྱུ། །གཞན་ཡང་རྣལ་འབྱོར་མཆོད་རྟེན་དང་། །ཆུ་དང་མེ་སོགས་རིམ་པ་སྟེ། །གཟའ་དང་བར་ཏ་གྲུབ་པ་རྣམས། །རོལ་པ་ཆེན་པོའི་ཚུལ་དུ་གནས། ། འབྱུང་པོའི་གདོན་དང་རོ་ལངས་དང་། །སྟག་དང་ཁྱི་དང་ཅེ་སྤྱང་དང་། །ཝ་དང་འུག་པ་བྱ་རྒོད་དང་། །ཕྱེད་ཚིག་པ་དང་རྣམ་པར་དབྱངས། །མགོ་བོ་ལུས་པོ་ཀེང་རུས་རྣམས། །ཨ་ལ་ཕཻཾ་གྱི་སྒྲ་སྒྲོགས་པ། །དེ་ནས་ནང་གི་དུར་ཁྲོད་ནི། །ལུས་ཀྱི་སྐྲ་སེན་སྤུ་ལ་སོགས། །སྐྱེ་ཞིང་འཇིག་པར་བྱེད་ པས་ན། །དུར་ཁྲོད་ཆེན་པོ་ལུས་ལ་དགོད། །དེ་ནས་གསང་བའི་དུར་ཁྲོད་ནི། །རྩ་ཆེན་སུམ་ཅུ་རྩ་གཉིས་ནས། །འབྱུང་འཇུག་གནས་པའི་རླུང་རྣམས་ནི། །དབུགས་རྒྱུ་ཞེས་པ་དུར་ཁྲོད་དོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། །དངོས་པོའི་རྟོག་པ་སྣ་ཚོགས་པ། །ཆོས་ཀྱི་དབྱིངས་ཀྱི་དུར་ དུ་མཆི། །གསང་བ་རིག་པའི་ཡེ་ཤེས་ཁྲོད། །དེ་ནས་དུར་ཁྲོད་དགོངས་པ་ནི། །རྣམ་ཤེས་དག་པས་དུར་ཁྲོད་ལ། །ཕྱོགས་སྐྱོང་མི་དགེ་བཅུ་པོ་སྤོང་། །སངས་རྒྱས་བརྒྱད་ཀྱི་མཚན་མ་ཤིང་། །ཐུགས་རྗེའི་རྟགས་སུ་ཤིང་བརྒྱད་ལ། །ཞིང་སྐྱོང་སྔགས་ཀྱི་ཐེག་པ་བསྲུང་། །གདུག་པ་འཇོམས་ ཕྱིར་ཀླུ་བརྒྱད་དགོད། །མཆོད་རྟེན་རང་སངས་རྒྱས་ཀྱི་གནས། །རྣལ་འབྱོར་བརྟུལ་ཞུགས་སྤྱོད་པ་བྱེད། །ཆུ་ནི་བརྗོད་བྱ་ཟབ་པ་ལ། །མེ་སོགས་རྟོག་པ་བྲལ་བའོ། །རྡོ་རྗེ་སྙིང་པོས་ཡང་གསོལ་པ། །བཅོམ་ལྡན་འདས་ནི་ཇི་ལྟར་ལགས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་ དང་གསུང་ཐུགས་ཇི་ལྟར་ལགས། །བཙུན་མོའི་བྷ་ག་ཇི་ལྟ་བུ། །བཞུགས་པའི་དོན་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་མོངས་བདུད་དང་འཆི་བདག་བདུད། །ལྷ་ཡི་བུ་དང་ཕུང་པོའི་བདུད། །བདུད་བཞི་བཅོམ་པས་བཅོམ་པ་ལ། །ལྡན་པ་ཡོན་ཏན་དྲུག་ཉིད་དེ། ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི། །དྲུག་པོ་དེ་ལ་ལྡན་ཞེས་གསུངས། །འཁོར་བའི་ཆོས་ནི་མྱ་ངན་ཏེ། །དེ་དང་བྲལ་ཕྱིར་འདས་པའོ། །འདས་པའི་དེ་བཞིན་གཤེགས་པ་ཀུན། །འགྲོ་བའི་དོན་མཛད་དེ་བཞིན་ གཤེགས། །ཐམས་ཅད་དུས་གསུམ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོར་གནས། །བཙུན་མོ་ཞེས་པ་ཆོས་ཀྱི་དབྱིངས། །དེ་ལ་ཡོད་ཕྱིར་བྷ་ག་སྟེ། །མི་ཕྱེད་པས་ན་བཞུགས་ཞེས་བྱ། །རྡོ་རྗེ་སྙིང་པོས་ཡང་གསོལ་པ། །དཔའ་བོ་ཞེས་པ་གང་ལ་བགྱི། །དེ་བཞིན་དཔའ་མོ་ཉིད་ ཀྱང་ཅི། །དེ་ཡི་མཆོད་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཔའ་བོ་ལ་ཡང་རྣམ་བཞི་སྟེ། །བུམ་པའི་དབང་དང་འབྲེལ་པ་ཡི། །ལྷ་ཡི་རྣལ་འབྱོར་བསྒོམས་པ་ཡིས། །ཐ་མལ་པ་ཡི་རྣམ་རྟོག་སྤོང་། །དེས་ན་ཕྱི་ཡི་དཔའ་བོར་བཤད། །གསང་བའི་ དབང་དང་འབྲེལ་བ་ཡི། །རྩ་རླུང་ཐིག་ལེ་བསྒོམས་པ་ཡིས། །མཚན་མའི་རྣམ་རྟོག་འཇོམས་པ་ནི། །ནང་གི་དཔའ་བོར་བཤད་པ་ཡིན། །གསུམ་པའི་དབང་དང་འབྲེལ་པ་ཡི། །དགའ་བ་བཞི་ཡི་དོན་བསྒོམས་པས། །གཟུང་དང་འཛིན་པའི་རྟོག་པ་འཇོམས། །དེ་ནི་གསང་བའི་ དཔའ་བོ་ཡིན། །བཞི་པའི་དབང་དང་འབྲེལ་བའི་ཡི། །གཉིས་སུ་མེད་པ་གང་བསྒོམས་པས། །ཐ་དད་རྟོག་པ་འཇོམས་པའི་ཕྱིར། །དེ་ཁོ་ན་ཡི་དཔའ་བོར་བཤད། །དཔའ་མོ་ལ་ཡང་རྣམ་པ་བཞི། །མ་ནི་ཤེས་རབ་ཕ་རོལ་ཕྱིན། །གདོད་ནས་སྤྲོས་བྲལ་ལྷུན་གྲུབ་ལ། །ལྟ་བའི་ཞེན་པ་ སྤོང་བ་ནི། །དེ་ནི་ཕྱི་ཡི་དཔའ་མོར་བཤད། །ནང་དུ་རྩ་དང་ཐིག་ལེ་སོགས། །རང་བཞིན་མེད་པར་བྱེད་པས་མ། །གསང་བར་དགའ་བ་བཞི་རྣམས་ལ། །རང་བཞིན་ལྷན་ཅིག་སྐྱེས་བསམ། །རང་རིག་སེམས་ཀྱིས་ངོ་བོ་ནི། །ནམ་མཁའ་ལྟ་བུར་གང་བསྒོམ་པ། །དེ་ཁོ་ན་ཡི་དཔའ་ མོའོ། །མཆོད་པ་ཡང་ནི་རྣམ་པ་བཞི། །ཕྱི་ནང་གསང་བ་དེ་ཁོ་ན། །དང་པོ་ཕྱི་ཡི་མཆོད་པ་ནི། །མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་དང་ལྷ་བཤོས་བཏུང་བ་དང་། །རོལ་མོ་སིལ་སྙན་དབྱངས་ཉིད་དང་། །གཟུགས་དང་སྒྲ་དང་དྲི་དང་ནི། །རོ་དང་རེག་བྱ་འཇམ་པ་དང་། །འཁོར་ ལོ་རིན་ཆེན་གླང་པོ་རྟ། །བཙུན་མོ་དམག་དཔོན་བློན་པོ་རྣམས། །ཕྱི་ཡི་མཆོད་པ་ཐུན་མོང་ངོ་། །རང་གི་ལུས་ལས་བྱུང་བ་ཡི། །བདུད་རྩི་ལྔ་དང་བཏུང་བ་དང་། །ཤ་ལྔ་ལྷག་པའི་རྫས་རྣམས་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །འཁོར་ལོ་རྣམས་ལ་མཆོད་པ་ནང་། །དེ་ནས་ གསང་བའི་མཆོད་པ་ནི། །རང་སྣང་ཐབས་ཀྱི་རིག་མ་ཡིས། །སྐྲ་གཟུང་བྷ་ག་ཀུ་ཙ་བཙིར། །རྩ་དང་རླུང་དང་ཐིག་ལེ་སོགས། །དགའ་བ་མཆོག་དགའ་དགའ་བྲལ་དང་། །ལྷན་ཅིག་སྐྱེས་པའི་བདེ་བ་མཆོད། །རང་རིག་སྟོང་པར་རྟོགས་པ་ཡི། །འོད་གསལ་དེ་ ཉིད་ཆོས་སྐུ་ལ། །ཞེན་པ་རྣམས་དང་བྲལ་བ་ནི། །བླ་ན་མེད་པའི་མཆོད་པའོ། །རྡོ་རྗེ་སྙིང་པོས་ཡང་གསོལ་པ། །གཏོར་མ་ཞེས་པ་གང་ལ་བགྱི། །དེ་ཡི་ཕན་ཡོན་ཇི་ལྟར་འབྱུང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གཏོར་མ་རྣམ་པ་བཞི་རུ་གསུངས། །ཕྱི་ནང་གསང་བ་དེ་ ཁོ་ན། །དང་པོ་ཕྱི་ཡི་གཏོར་མ་ནི། །ཐུན་མཚམས་ལྷ་ཡི་མདུན་ཉིད་དུ། །རྃ་ལས་མེ་དང་ཡྃ་ལས་རླུང་། །སྒྱེད་གསུམ་ཨ་ལས་དུམ་གཅིག་པའི། །ནང་དུ་བདུད་རྩི་ཤ་ལྔ་ལ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ལྷ་རྣམས་མཉེས་པར་བྱེད་པ་དང་། །མཁའ་འགྲོ་དགྱེས་པར་བྱེད་ པའོ། །གཉིས་པ་ནང་གི་གཏོར་མ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལུས་ནི་ལྷ་ཡི་འཁོར་ལོ་ལ། །རྩ་ནི་ཡེ་ཤེས་མཁའ་འགྲོ་མ། །སྲིན་བུ་ལས་ཀྱི་མཁའ་འགྲོ་མཆོད། །གསུམ་པ་གསང་བའི་གཏོར་མ་ནི། །འཁོར་ལོ་བཞི་ཡི་ཀ་ཕཱ་ལར། །རླུང་དང་ཐིག་ལེ་བདུད་རྩི་ ལ། །དགའ་བ་གསུམ་གྱིས་བྱིན་བརླབས་ཏེ། །ལྷན་ཅིག་སྐྱེས་པ་མཆོད་པར་བྱ། །དེ་ཉིད་བཞི་པའི་གཏོར་མ་ནི། །ཕྱི་ནང་དངོས་པོའི་གཏོར་མ་ཀུན། །ཆོས་ཀྱི་དབྱིངས་ཀྱི་པད་སྣོད་དུ། །དོན་དམ་སེམས་ཀྱི་གསུམ་སྔགས་ཀྱིས། །བདེ་བ་ཆེན་པོའི་ངང་ལ་མཆོད། །ཕན་ཡོན་དངོས་ གྲུབ་སྟེར་བ་དང་། །ཕྱི་ནང་བར་ཆད་སེལ་བ་དང་། །ཟས་ཀྱི་རྟོག་པ་ཆོམས་པ་དང་། །ཁམས་དང་སྐྱེ་མཆེད་རྟས་པ་དང་། །རྒས་སྲ་ལུས་ཀྱི་མདངས་ལྡན་ཞིང་། །སྐྲ་དཀར་གཉེར་མ་སྤོང་བ་དང་། །དངོས་པོའི་གདོན་ལས་གྲོལ་བ་དང་། །འཁོར་བའི་ཕ་རོལ་སོན་པའོ། །ལྷ་མོས་གསོལ་ པ་བཅོམ་ལྡན་འདས། །སེམས་ཀྱི་རང་བཞིན་ཇི་ལྟ་བུ། །དེ་ལས་འཁྲུལ་ནས་ཇི་ལྟར་འཁོར། །མ་འཁྲུལ་དོན་ལ་ཇི་ལྟར་གཞག །དེ་ལས་ཡོན་ཏན་ཇི་ལྟར་འབྱུང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སེམས་ལས་མ་གཏོགས་སངས་རྒྱས་དང་། །སེམས་ལས་མ་གཏོགས་ཆོས་ གཞན་དག །སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཤིང་། །མ་གསུངས་གསུང་བར་མི་འགྱུར་ཏེ། །དེས་ན་སངས་རྒྱས་ཐམས་ཅད་ཀྱི། །སེམས་ཀྱི་གསང་འདི་གསང་བའི་མཆོག །ཁམས་གསུམ་བརྟན་དང་གཡོར་བཅས་པ། །སྣང་པ་མྱོང་ཞིང་གྲུབ་པ་མེད། །དེ་ཕྱིར་འཁོར་བའི་མིང་ ཡང་མེད། །ཐོག་མར་མ་སྐྱེས་རང་བཞིན་དག །གློ་བུར་སངས་རྒྱས་མིང་ཡང་མེད། །སངས་རྒྱས་སེམས་ཅན་གཉིས་མ་ཡིན། །ཀུན་རྫོབ་དོན་དམ་གཉིས་མ་ཡིན། །རང་བཞིན་རིག་པ་འོད་གསལ་སོགས། །སྨྲར་མེད་བརྗོད་དུ་མེད་པ་སྟེ། །དཔེར་ན་ལྐུགས་པས་རོ་མྱོང་འདྲ། །རས་ དང་ཤེལ་འདྲའི་རང་བཞིན་ལ། །ལོག་རྟོག་རྩི་སོགས་རྣམ་པར་འཁྲུལ། །ཁམས་གསུམ་བརྟན་དང་གཡོར་སྣང་ཞིང་། །འདོད་པའི་བྱང་ཆུབ་སྣ་ཚོགས་དང་། །དེ་དག་སྤྱོད་པ་སྣ་ཚོགས་དག །དེ་ཉིད་གཡེང་དང་རྣམ་རྟོག་སྟེ། །རང་གིས་འཁྲུལ་ནས་རང་གིས་འཆིང་། །རང་གིས་ གསོད་ཅིང་རང་གིས་ཟ། །རང་གིས་ལྟུང་ཞིང་རང་སྡུག་བསྔལ། །རང་རིག་ཡེ་ནས་སྤྲོས་བྲལ་ལ། །སྒྲ་དང་ཐ་སྙད་འཇུག་ན་འཁྲུལ། །རང་རིག་ངང་གིས་འོད་གསལ་ལ། །མ་རིག་མུན་པས་བསྒྲིབས་ན་འཁྲུལ། །དངོས་པོ་སྟོང་པར་རོ་མཉམ་ལ། །བླང་དང་དོར་བར་བྱེད་ན་འཁྲུལ། །འདོད་ ཡོན་ངང་གིས་འགག་པ་ལ། །དེ་དག་དཀའ་བས་སྤོང་ན་འཁྲུལ། །རང་རིག་ཡེ་ནས་སྟོང་པ་ལ། །འདོད་ཡོན་ལྔ་ལ་བརྟེན་ན་འཁྲུལ། །དམན་དང་གྱ་ནོམ་མེད་པ་ལ། །སྒྲོ་དང་སྐུར་པ་འདེབས་ན་འཁྲུལ། །གདོད་ནས་སྤྲོས་བྲལ་ལྷུན་གྲུབ་ལ། །སྒོམ་དང་མི་སྒོམ་བྱེད་ན་འཁྲུལ། །སངས་ རྒྱས་སེམས་ཅན་གཉིས་མེད་ལ། །དེ་དག་གཉིས་སུ་འཛིན་ན་འཁྲུལ། །དོན་དམ་ཀུན་རྫོབ་གཉིས་མེད་ལ། །བདེན་པ་གཉིས་སུ་འབྱེད་ན་འཁྲུལ། །སངས་རྒྱས་འཁོར་བའི་ཆུ་བོ་རྒལ། །སྐྱེ་འགག་གང་ལྟར་འདོད་ཀྱང་འཁྲུལ། །སྟོང་ཉིད་རོ་ལ་མི་གནས་པར། །དངོས་པོ་མཚན་མར་ བཟུང་ན་འཁྲུལ། །སེམས་ཀྱི་གླང་ཆེན་མི་འདུལ་བར། །གཡེང་བའི་སེམས་སུ་འདུག་ན་འཁྲུལ། །རྣམ་རྟོག་རླུང་གིས་བསྐྱོད་པ་ལ། །རང་རིག་ཡེ་ཤེས་འདོད་ན་འཁྲུལ། །རང་སེམས་རང་གིས་མ་མཐོང་བར། །ཆེ་བའི་ང་རྒྱལ་སྨྲ་ན་འཁྲུལ། །རང་རིག་ཉམས་སུ་མ་མྱོང་བར། །དཀར་ པོའི་ཆོས་རྣམས་སྤོང་ན་འཁྲུལ། །སངས་རྒྱས་མ་འཁྲུལ་སེམས་ཅན་འཁྲུལ། །རང་བཞིན་མ་འཁྲུལ་རང་རིག་འཁྲུལ། །སེམས་ཉིད་མ་འཁྲུལ་བག་ཆགས་འཁྲུལ། །སངས་རྒྱས་ལས་འཁྲུལ་སེམས་ཅན་དེ། །རང་རིག་ལས་འཁྲུལ་གཞན་རིག་སྣང་། །སེམས་ ཉིད་ལས་འཁྲུལ་བག་ཆགས་འབྱུང་། །དེས་ན་རང་སེམས་འཁྲུལ་པ་དག །དོན་དུ་སྣང་བ་རབ་ཏུ་སྐྱེ། །སྐྱེ་བ་མེད་བཞིན་སྐྱེ་བས་འཁྲུལ། །ལྕགས་བསྲེགས་ས་གཞི་རང་གི་སེམས། །མེ་སོགས་བྱེད་པ་གཞན་ན་མེད། །བཀྲེས་སྐོམ་སྡུག་བསྔལ་རང་གི་སེམས། །ཟས་སྐོམ་བཀྲེས་ པ་གཞན་ན་མེད། །བརྡེག་བཙོག་ལྕག་བཞུས་རང་གི་སེམས། །སྲོག་གཅོད་ཤན་པ་གཞན་ན་མེད། །འགྲོ་བ་ཐམས་ཅད་རང་སེམས་ཀུན། །རང་གི་སེམས་སུ་མ་ཤེས་ན། །དེ་ཡིས་སངས་རྒྱས་སྤངས་པ་ཡིན། །བླ་མ་དམ་པ་རྟག་ཏུ་བསྟེན། །ཐེག་ཆེན་ཟབ་མོའི་མདོ་རྒྱུད་བལྟ། ། བསྒོམ་དུ་མེད་པའི་དོན་བསྒོམས་ན། །མ་བསྒོམས་ན་ཡང་བསྒོམ་པའི་མཆོག །དེ་ལྟར་གྱུར་པའི་མཁས་པ་ལ། །སྟོང་པར་མི་འགྱུར་གང་ཡང་མེད། །དེ་ལས་མྱ་ངན་འདས་པ་འབྱུང་། །སྐུ་དང་སྟོབས་ལ་སོགས་པ་ཀུན། །ནོར་བུའི་ཚུལ་དུ་རང་བཞིན་འབྱུང་། །དེ་དག་སེམས་ཀྱི་རང་ བཞིན་ནོ། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །རྟེན་གྱི་གང་ཟག་རྣམ་པ་དུ། །རྒྱུད་ཀྱི་རྣམ་གྲངས་དུ་ཞིག་མཆིས། །གདུལ་བྱ་གང་ལ་རྒྱུད་རྣམས་བཤད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སེམས་ཅན་སངས་རྒྱས་རང་བཞིན་པས། །གདོལ་པ་ཀོ་ལྤགས་མཁན་ ལ་སོགས། །གཟུགས་ངན་གསོད་པའི་དོན་གཉེར་བ། །ཐེག་པ་འདི་ལས་འགྲུབ་པར་འགྱུར། །དཀྱིལ་འཁོར་རྫོགས་པར་བསྒོམ་པ་དང་། །གཙོ་བོ་ཡབ་ཡུམ་བསྒོམ་པ་དང་། །དབུ་མའི་སྤྱན་ལ་སེམས་འཛིན་པ། །བསྐྱེད་རིམ་སྤྲོས་དང་བཅས་པའི་ལམ། །རིགས་ལ་གནས་པའི་ རྣལ་འབྱོར་གྱིས། །ལྷ་སོགས་བུ་མོ་མཚན་ལྡན་ལ། །ཆགས་པས་ཆགས་པ་སྤོང་བ་ནི། །ལས་ཀྱི་ཕྱག་རྒྱ་ཆགས་པའི་ལམ། །གནས་པ་རྩ་དང་གཡོ་བ་རླུང་། །བཀོད་པ་བྱང་སེམས་དམན་པ་དབྱིབས། །ཟབ་པ་སྔགས་དང་ཐིག་ལེ་དང་། །མཐར་ཐུག་ཡན་ལག་བདུན་བསྒོམས་པ། ། ཆོས་ཀྱི་ཕྱག་རྒྱ་གྲོལ་བའི་ལམ། །རྟེན་ཡོད་མ་ཡིན་བརྟེན་པ་མེད། །དམིགས་པ་ཐམས་ཅད་རྣམ་བསལ་ཏེ། །ལྷན་ཅིག་སྐྱེས་པའི་དོན་བསྒོམ་པ། །ཕྱག་རྒྱ་ཆེན་པོར་རང་བྱིན་བརླབ། །དེ་རྣམས་གཉིས་སུ་བསྡུ་བ་སྟེ། །གང་ཟག་མཆོག་དང་ལས་དང་པོ། །ལས་དང་པོ་ལ་ཕྱི་ནང་གཉིས། ། མཆོག་ལ་ཡང་ནི་ཕྱི་ནང་གཉིས། །དབང་བཞི་བགྲོད་པའི་རྣལ་འབྱོར་གྱིས། །བསྙེན་གནས་དགེ་བསྙེན་དགེ་ཚུལ་དང་། །དགེ་སློང་ཆེན་པོ་གསུངས་པ་སྟེ། །འདི་ཡིས་རྒྱུད་རྣམས་འགྲུབ་པར་འགྱུར། །རྩ་བའི་རྒྱུད་ནི་རྣམ་པ་གསུམ། །བཤད་རྒྱུད་སུམ་ཅུ་རྩ་གཉིས་ཏེ། །ཡན་ལག་རྒྱུད་ ནི་གྲངས་ལས་འདས། །རྩ་བ་ཆེན་པོ་ཕྱི་མ་དང་། །ཕྱི་མའི་ཕྱི་མར་བསྡུས་པ་ཡིན། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་། །དམངས་རིགས་གདོལ་པ་གདུལ་དོན་དུ། །རྒྱུད་ཀྱང་རྣམ་པ་བཞིར་གསུངས་ཏེ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། ། གནས་གང་དུ་ནི་གཙོ་བོ་བསྒོམ། །ཐབས་ནི་རྣམ་པ་དུ་ཞིག་མཆིས། །དེ་བཞིན་ཐབས་ལས་བྱུང་བ་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རི་རྩེ་དུར་ཁྲོད་རོ་སྟེང་དུ། །གཅེར་བུ་སྐྲ་བཤིག་ལྷོར་བལྟས་ཏེ། །ཨཱ་ལི་ཀཱ་ལིས་ལུས་བསྲུངས་ལ། །དཔའ་བོའི་འཁོར་ལོ་བསྒོམ་པར་བྱ། ། སྨིན་པར་བྱེད་པ་དབང་བཞི་ལ། །གྲོལ་བ་བསྐྱེད་རྫོགས་གཉིས་ཀྱི་ལམ། །ལམ་གཉིས་ལ་ནི་བརྟེན་ནས་སུ། །སྔགས་པས་བྱང་ཆུབ་བསྒྲུབ་པར་བྱ། །བུམ་པས་ལུས་ཀྱི་དྲི་མ་འཁྲུད། །གསང་བས་ངག་གི་དྲི་མ་འཁྲུད། །གསུམ་པས་སེམས་ཀྱི་དྲི་མ་སྟེ། །དེ་ནི་ཀུན་ཏུ་བརྟགས་པ་ལ། ། ལྷན་ཅིག་སྐྱེས་པའི་མ་རིག་པ། །བཀྲུ་བའི་ཕྱིར་ན་བཞི་པ་བཤད། །གནས་དང་ལྡང་བ་ཉིད་དང་ནི། །འཇུག་དང་ཡོངས་སུ་རྫོགས་པ་དང་། །བྱིན་གྱིས་བརླབ་དང་དབང་བསྐུར་དང་། །ཏིང་འཛིན་མཆོད་པ་བསྐྱེད་རིམ་ལ། །ཉེ་བར་བསྡུ་བ་རྫོགས་པའི་རིམ། །རིམ་གཉིས་མཉམ་པར་གནས་ ནས་སུ། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །སྟོང་པ་མངོན་གྱུར་ཆོས་སྐུ་ལ། །མཚན་དཔེ་བདེ་བ་ལོངས་སྤྱོད་སྐུ། །རོལ་པའི་མཛད་པ་སྤྲུལ་སྐུ་ལ། །སྐུ་གསུམ་དབྱེར་མེད་བདེ་ཆེན་ངང་། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །གང་གིས་བསྒྲུབས་ན་འགྲུབ་པར་འགྱུར། །གང་ལ་བར་ ཆད་འབྱུང་བར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འཁོར་བས་སྐྱོ་ནས་སྡོམ་གསུམ་ལྡན། །ཐོས་ཆེ་དང་ལྡན་མཚན་ཉིད་བཟང་། །དབེན་པར་དཀྱིལ་འཁོར་བྲིས་སྨྲ་བཅད། །ཆོས་གོས་གྱོན་ལ་བདུད་རྩི་སྤྱད། །ཐུན་བཞིར་བསྒྲུབས་ན་འགྲུབ་ པར་འགྱུར། །ཞེན་པ་ཆེ་བའི་རྣལ་འབྱོར་ལ། །ལྟ་བའི་བར་ཆད་འབྱུང་བར་འགྱུར། །གཡེང་བ་ཆེ་བའི་རྣལ་འབྱོར་ལ། །བསྒོམ་པའི་བར་ཆད་འབྱུང་བར་འགྱུར། །དམ་ཚིག་ཉམས་པའི་རྣལ་འབྱོར་ལ། །སྤྱོད་པའི་བར་ཆད་འབྱུང་བར་འགྱུར། །ལེ་ལོ་ཆེ་བའི་རྣལ་འབྱོར་ལ། །འབྲས་ བུའི་བར་ཆད་འབྱུང་བར་འགྱུར། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །རྒྱུད་ཀྱི་ངོ་བོ་ཇི་ལྟ་བུ། །རྩ་བའི་རྒྱུད་ཅེས་གང་ལ་བགྱི། །བཤད་པའི་རྒྱུད་ཅེས་གང་ལ་བགྱི། །འབྱུང་བའི་དུས་ནི་ཇི་ལྟ་བུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལྷན་ཅིག་སྐྱེས་པའི་རང་བཞིན་ལ། །རྒྱུད་ རྣམས་ཀུན་གྱི་ངོ་བོ་འདུས། །ཡོད་པ་རྒྱུ་ལ་བསྒྲུབ་པ་ལམ། །མངོན་འགྱུར་འབྲས་བུའི་ངོ་བོ་ཡིན། །ཐོག་མར་གསུངས་པ་རྩ་བའི་རྒྱུད། །ཕྱི་ནས་གསུངས་པ་བཤད་པའི་རྒྱུད། །དོན་རྣམས་སྟོན་པས་རྩ་བ་ལ། །གསལ་བར་བྱེད་པ་བཤད་པའི་རྒྱུད། །བསྐལ་པ་རྫོགས་ལྡན་སུམ་ གཉིས་དང་། །རྩོད་ལྡན་དུས་བཞིའི་རིམ་པ་ཡིས། །རྒྱུད་ཀྱང་རྣམ་པ་བཞིར་གསུངས་ཏེ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ལྷ་མོས་གསོལ་པ་བཅོམ་ལྡན་འདས། །ཟབ་མོའི་རྒྱུད་འདི་གང་ལ་སྦ། །ཇི་ལྟ་བུ་ལ་སྦྱིན་པར་བྱ། །སྟེར་ན་ལུང་ནོད་ཇི་ལྟར་བྱ། །བཀའ་འདི་རྒྱ་ཡིས་ཇི་ ལྟར་གདབ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་པ་ཚུལ་ཁྲིམས་མེད། །དད་མེད་རིགས་ངན་བླ་མས་སྐྱོ། །ཐོས་ཆུང་སྙིང་རིང་རྣམས་ལ་སྦ། །དཔའ་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །དད་ ལྡན་རིགས་བཟང་གཏོང་ཕོད་ཆེ། །ཐོས་མང་དམ་ཚིག་ལྡན་ལ་སྦྱིན། །དབང་བཞི་བགྲོད་པའི་སྔགས་པ་ཡིས། །སྔོན་དུ་བླ་མ་མཉེས་བྱས་ལ། །ཡར་ངོ་མར་ངོའི་ཚེས་བཅུ་ལ། །དཔའ་བོ་རྣལ་འབྱོར་ཚོགས་ཀྱིས་མཆོད། །ཇི་ལྟར་རྡོ་རྗེ་འཛིན་པ་ཡིས། །ལྷ་མོ་རྣམས་ལ་རྒྱུད་ གཏད་ལྟར། །དེ་བཞིན་གསང་བའི་རྒྱུད་སྡེ་རྣམས། །ཟུང་ལ་སྒྲུབ་པ་ཆེད་དུ་གྱིས། །ལན་གསུམ་བརྗོད་ལ་རྒྱུད་རྣམས་སྦྱིན། །ཕྱི་རབས་དུས་ཀྱི་སྙིགས་མ་ལ། །ཆགས་སེམས་གྱོང་བའི་སློབ་མ་ནི། །གུས་པས་མི་ཞུ་གཡོ་སྒྱུས་འདོད། །ཐོས་ནས་ཁུངས་སུབ་རང་ཆེ་འབྱིན། །དེ་ལ་ བསྟན་ན་དམ་ཚིག་ཉམས། །ངེས་པར་དད་ནས་ཞུ་བ་ཡི། །གཅིག་ནས་གཉིས་ལ་མ་སྤེལ་ན། །རྡོ་རྗེ་འཛིན་པའི་རིགས་རྒྱུན་འཆད། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། །ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་འཁོར་ཐམས་ཅད་ཀྱིས་རྒྱུད་ཀྱི་དོན་རྟོགས་ནས་རྗེས་སུ་ ཡི་རང་ངོ་། །དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་རྫོགས་སོ།། །།པཎྜི་ཏ་ག་ཡ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ནཱ་བི་ལ་ཏནྟྲ་ རཱ་ཛ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་རྙོག་པ་མེད་པ་ཞེས་བྱ་བ། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ལ་ཕན་འདོད་པས། །རྙོག་མེད་རབ་ཏུ་བཤད་པར་བྱ། །སྣང་བ་མེད་ཅིང་དཔེ་མེད་པ། །ཚིག་གི་ཡུལ་ལས་རྣམ་པར་འདས། །ཞི་ཞིང་བདག་མེད་དག་ པ་ཉིད། །མཚན་མེད་མཚན་གཞི་རྣམ་པར་སྤངས། །ངང་གི་སངས་རྒྱས་འདི་ཉིད་ཚུལ། །མཚན་མེད་མཚན་གཞི་རྣམ་པར་སྤངས། །ཁྱད་པར་དུ་ཡང་མདོར་བསྡུས་པས། །བདག་གིས་གསལ་བར་བཤད་པ་ཡིན། །རྨོངས་པ་རྣམས་ལ་ཕན་འདོད་པས། །སྙིང་རྗེས་འདི་ནི་ བསྟན་པ་ཡིན། །ཁ་ཅིག་སྟོང་པར་འདོད་པ་དང་། །ཁ་ཅིག་ཐིག་ལེའི་གཟུགས་ཅན་དང་། །ཁ་ཅིག་ཁྱབ་འཇུག་ཚུལ་གྱིས་ནི། །བློ་དམན་དག་ནི་འཇོག་པར་བྱེད། །དེ་ཉིད་ངེས་པར་ཡང་དག་པར། །རྒྱུ་ཡི་གནས་ཀྱི་སྤྱོད་ཡུལ་ཉིད། །རྒྱུ་དང་འབྲས་བུ་མ་གྲུབ་ན། །བསྒོམ་པ་མེད་ ཅིང་བྱང་ཆུབ་མེད། །རྒྱུ་ཡི་ཡིད་ཆེས་སྤངས་པ་འདི། །ཐོག་མ་ཐ་མ་མེད་པའི་བདག །སྒྱུ་མའི་ཡེ་ཤེས་ལས་བྱུང་བ། །རྣམ་པ་སྣ་ཚོགས་སྟོན་པར་བྱེད། །ཁ་ཅིག་དྲག་པོའི་རང་བཞིན་དུ། །ཁ་ཅིག་ཞི་བ་ཆེན་པོ་ཆེ། །ཁ་ཅིག་ཕྱག་རྒྱའི་རང་བཞིན་གཟུགས། །ཁ་ཅིག་འདར་ཞིང་གཡོ་ བ་དང་། །གླུ་གར་དེ་བཞིན་སིལ་སྙན་དང་། །ལྷ་ཡི་སྔགས་ནི་བརྗོད་པ་ཉིད། །ཁ་ཅིག་སྔགས་ནི་ཡང་དག་དགོད། །ཁ་ཅིག་དཀྱིལ་འཁོར་བྲི་བ་དང་། །དབང་ལ་སོགས་པ་བརྟག་པ་དང་། །འབྱུང་དང་འབྱུང་ལས་གྱུར་པའི་ལུས། །དེ་ལྟར་ལ་སོགས་མཐའ་ཡས་མཆོག ། སངས་རྒྱས་ལ་སོགས་རྡོ་རྗེ་བརྟགས། །གང་ཚེ་སེམས་ནི་ལེགས་གནས་པ། །དེ་བཞིན་ཉིད་ཀྱི་སྤྱོད་ཡུལ་ཉིད། །དཀྱིལ་འཁོར་དེ་བཞིན་འགྱུར་བ་ནི། །ཕན་འདོད་རྣམས་ནི་ཤེས་པར་བྱ། །ཕུང་པོ་ལ་སོགས་ཚོགས་རྣམས་ཀྱིས། །གང་ཞིག་ཁྱད་པར་གྱིས་བཅོས་པ། །ལུས་ངག་ཡིད་གསུམ་བཅོས་ པའི་ཕྱིར། །རྡུལ་ཚོན་དཀྱིལ་འཁོར་ཞེས་བྱར་གསུངས། །ཕུང་སོགས་གཞན་སོགས་མཐོང་བའི་ཕྱིར། །ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱར་གསུངས། །སེམས་ཀྱི་དཀྱིལ་འཁོར་དག་པ་སྟེ། །རང་བཞིན་མེད་པར་བསྒོམ་པར་བྱ། །མེ་ལོང་ལྟ་བུ་གཅིག་ཉིད་དེ། །དང་པོ་གྲྭར་ནི་རྟོགས་པར་ བྱ། །སོ་སོར་རྟོག་པ་ཞེས་གསུངས་པས། །ཤར་གྱི་གྲྭར་ནི་རྣམ་པར་བརྒྱན། །བྱ་བ་ནན་ཏན་ཁྱད་འཕགས་པ། །བྱང་གི་གྲྭར་ནི་རྣམ་པར་སྤྲོས། །མཉམ་ཉིད་ཡེ་ཤེས་ཆེན་པོ་ནི། །བག་ཆགས་མེད་གྲྭ་རྗེས་རྟོགས་བྱེད། །གཞན་དུའང་དཀྱིལ་འཁོར་གྲུ་བཞི་པ། །གྲྭ་ཡི་དབུས་ནི་ཐམས་ཅད་ དུ། །དེ་ཉིད་འདི་ནི་རབ་འཇུག་པས། །ཡེ་ཤེས་སྤྱོད་ཡུལ་དུ་ནི་བརྟག །སྒོ་བཞིར་ཡང་དག་བརྗོད་པ་ནི། །དེ་བཞིན་དྲན་པ་བཞིར་བྱུང་བ། །དེ་བཞིན་གྲྭ་བཞིར་གསུངས་པ་ནི། །སྦྱིན་པ་བཞི་ནི་རྣམ་དག་པ། །དབུས་སུ་དཀྱིལ་འཁོར་གཟུགས་སུ་ནི། །མི་བསྐྱོད་པ་ཡིས་རྣམ་པར་བརྒྱན། ། ཞི་དང་ཆོས་དོན་བརྒྱན་པ་ལས། །དེ་དག་ཐམས་ཅད་དཀྱིལ་འཁོར་འགྲུབ། །དྲ་བ་དྲ་ཕྱེད་ཟླ་བ་སོགས། །དཀྱིལ་འཁོར་དུ་ནི་བྲིས་པ་དང་། །རྟ་བབས་ལ་སོགས་ཐམས་ཅད་ནི། །ཏིང་འཛིན་ཡན་ལག་རྟ་བབས་ཉིད། །སེམས་ཀྱི་མཐར་ཐུག་བརྗོད་པ་སྟེ། །དེ་ཉིད་རང་བཞིན་ལས་ནི་གསུངས། ། གང་ཞིག་སེམས་ཀྱི་རབ་འཕེལ་བ། །ཏིང་འཛིན་ཡན་ལག་རྣམ་པར་གནས། །དེ་ཉིད་དྲ་བ་ཞེས་སུ་གསུངས། །དྲ་བ་ཕྱེད་པ་ཕྱེད་དུ་སྟེ། །དྲིལ་བུ་དོ་ཤལ་བརྟག་པ་ནི། །རང་གི་བཙུན་མོ་རྟོགས་པར་བྱེད། །སྒྲ་བརྙན་རྣམ་པ་ལྟ་བུར་ནི། །ཆོས་རྣམས་ཐམས་ཅད་སོ་སོར་རྟོགས། །ཆོས་ རྣམས་མ་སྐྱེས་མཐོང་བའི་ཕྱིར། །དེ་ཉིད་རྒྱལ་མཚན་ཕྲེང་བར་གསུངས། །བླ་རེ་ལ་སོགས་གང་བྲེས་པ། །དངོས་པོ་ལ་སོགས་དང་པོར་ངེས། །སེམས་ནི་བླ་རེ་ཞེས་བྱར་བཤད། །དམ་པའི་དོན་ལས་གསུངས་པའོ། །གོས་ཕྲེང་དེ་དག་ཐམས་ཅད་ནི། །རྣམ་པ་སྣ་ཚོགས་སྣང་བ་ཉིད། ། གང་ཞིག་རྡོ་རྗེ་རྣམ་པའི་སེམས། །དགའ་བའི་ཡེ་ཤེས་ཀྱིས་ནི་མཚན། །དེ་ཡི་འོག་ཏུ་རྟག་ཏུ་གསུངས། །གྲྭ་ཡི་མཚམས་ནི་ཐམས་ཅད་དུ། །རྡོ་རྗེ་རིན་ཆེན་རྟོགས་པའི་ཕྱིར། །རྡོ་རྗེ་རིན་པོ་ཆེ་ཡིས་སྤྲས། །ཟླ་བ་ཉི་མ་གང་གསུངས་པ། །ཐབས་དང་ཤེས་རབ་དོན་མཐོང་ཕྱིར། །ཐབས་ དང་ཤེས་རབ་བདག་ཉིད་སེམས། །ཡེ་ཤེས་འདིས་ནི་རྣམ་པར་བརྒྱན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྐྱེས། །དེ་ཉིད་དཀྱིལ་འཁོར་དུ་ནི་གསུངས། །སྐུ་གསུང་ཐུགས་ནི་ཉེ་བའི་ཕྱིར། །རྣམ་པ་གཅིག་ཏུ་མཚན་ཉིད་མེད། །བླ་མ་སློབ་མ་རྣམས་གསལ་བར། །རབ་ཏུ་འཇུག་པ་དེ་ཉིད་ གསུངས། །སྦྱིན་སྲེག་ཡང་ནི་བཤད་པ་ཡང་། །ལྷ་རྣམས་ཚིམ་པ་ང་ཡིས་བརྗོད། །རྣམ་རྟོག་མེད་པའི་སེམས་གང་ནི། །ཐབ་ཁུང་སྒྲ་ཡིས་མཚན་པ་ཉིད། །བྱེ་བྲག་ཕྱེད་པས་མེ་ནང་དུ། །གཟུགས་ཀྱི་ཕུང་སོགས་ལྔ་པོ་རྣམས། །སེམས་ལས་བྱུང་བའི་ཡམ་ཤིང་ཉིད། །ཐམས་ ཅད་ཀྱི་ནི་སྲེག་ལུགས་བྱ། །གཟུགས་ལ་སོགས་པ་གང་བྱུང་བ། །ཡམ་ཤིང་ཞེས་ནི་རབ་ཏུ་གྲགས། །དེ་ལྟར་སྦྱིན་སྲེག་བཤད་ནས་ནི། །རབ་ཏུ་གནས་པ་བརྗོད་པར་བྱ། །སྐུ་གསུང་ཐུགས་ལ་རྟག་ཏུ་ནི། །གང་ཞིག་སེམས་ནི་བརྟན་གྱུར་པ། །དེ་ཉིད་རབ་ཏུ་གནས་པར་བརྗོད། ། ཕུང་པོ་རྣམས་ཀྱི་དངོས་པོ་ཅི། །གང་ཞིག་སྔགས་ཀྱི་མཚན་ཉིད་ནི། །དེ་ནི་གསལ་བར་བརྗོད་པར་བྱ། །ཡིད་རྣམས་ཀྱིས་ནི་སྐད་དུ་ཡང་། །གང་ཞིག་གསང་བ་བདག་གིས་བརྗོད། །སྐྱེ་བ་མེད་ཅིང་སྣང་མེད་པ། །མཚན་གཞི་མཚན་ཉིད་རྣམ་པར་སྤངས། །གསང་བའི་དོན་ནི་རྟོགས་ པའི་ཕྱིར། །འདི་ནི་ང་ཡིས་སྔགས་སུ་གསུངས། །སྔགས་ནི་གསལ་བར་བཤད་ནས་ནི། །ལྷ་རྣམས་ཡང་ནི་བརྗོད་པར་བྱ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །རང་བཞིན་གྱི་ནི་ལེགས་གནས་གང་། །ཡང་དག་བྱང་ཆུབ་ཐར་པ་ཉིད། །དེ་ཀུན་ཡང་དག་རབ་བརྟགས་ཤིང་། །གལ་ ཏེ་སེམས་ཀྱི་ཉེར་བརྟགས་གང་། །ལྷ་ཞེས་བྱ་བར་ཡང་དག་བཤད། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས། །དེ་ཉིད་དུ་ནི་ཡང་དག་གསུངས། །ལྷ་ལ་གསོལ་བཏབ་རྣལ་འབྱོར་ནི། །གསལ་བར་ང་ཡིས་བརྗོད་པར་བྱ། །དེ་ནས་སྐྱིལ་ཀྲུང་བཅས་ནས་ནི། །སྣ་ཡི་རྩེ་མོར་བལྟས་ནས་ཀྱང་། །རང་གི་ རང་བཞིན་རྣལ་འབྱོར་གྱིས། །དེ་ཉིད་མཐོང་བ་གཞག་པར་བྱ། །སྙིང་གའི་གནས་སུ་ལག་པ་གཉིས། །འབད་པས་མཉམ་པར་སྦྱར་ནས་སུ། །མི་རྟོག་པ་ཡི་རང་བཞིན་དུ། །གང་ཚེ་སེམས་ནི་རབ་རྒྱུ་བ། །སངས་རྒྱས་ཐམས་ཅད་འདུས་པའི་བདག །དེ་ཚེ་དེ་ལ་སྐྱེ་བར་འགྱུར། །སངས་རྒྱས་ཐམས་ཅད་འདུས་ པའི་བདག །མྱུར་བར་བྱིན་གྱིས་རློབ་པར་འགྱུར། །སངས་རྒྱས་ཐམས་ཅད་འདུས་པའི་བདག །སངས་རྒྱས་ཀུན་གྱི་སྡོམ་པའི་བདག །ཐུགས་ཀྱི་རྡོ་རྗེས་གསུངས་པ་བཞིན། །རྣལ་འབྱོར་སངས་རྒྱས་ཐམས་ཅད་འགྱུར། །ང་ཡིས་གསལ་བར་བརྗོད་པ་ནི། །སྐུ་གསུང་ཐུགས་ཀྱི་གྲུབ་སྦྱིན་པ། །སངས་ རྒྱས་ཀུན་མཆོག་གསང་བའི་དོན། །ཐབས་དང་ཤེས་རབ་སྤྱོད་ཡུལ་དོན། །སེམས་ཅན་དོན་དུ་སྙིང་རྗེ་ཆེ། །སངས་རྒྱས་བྱང་ཆུར་རབ་སྒྲུབ་པ། །སྣ་རྩེའི་དཀྱིལ་འཁོར་ང་ཡིས་གསུངས། །དེ་དག་ཐམས་ཅད་དབྱིབས་ཙམ་དུ། །མདོར་བསྡུས་ཐམས་ཅད་མ་བྱས་སོ། །རེས་འགའ་དམ་ཚིག་འཁོར་ ལོ་ཡང་། །དེ་ཉིད་ཞེས་བྱ་མ་གསུངས་སོ། །རྟོགས་པ་ཅུང་ཟད་ཙམ་གྱིས་ནི། །གང་འགྲུབ་དེ་ནི་རེས་འགའ་ཡང་། །གསུང་གི་འཁོར་ལོར་གསུངས་པ་ཡིན། །རྣམ་རྟོག་མེད་པར་ལྷག་མོས་པས། །སྒྲུབ་པོ་དམ་པས་བསྒྲུབ་པར་བྱ། །ཁྲག་དང་ཁུ་བ་དེ་བཞིན་ཤ། །བཤང་བ་དང་ནི་གཅི་བ་ཉིད། །དམ་ཚིག་ ཞེས་བྱ་རབ་འབད་པར། །གང་ཞིག་བདག་གིས་ཚིག་གསུངས་པ། །དེ་རྣམས་ཀུན་ལ་དེ་བཞིན་གཤེགས། །དེ་རྣམས་ཐ་སྙད་ཙམ་གྱིས་གནས། །གང་ཚེ་དམ་ཚིག་འདོད་ཆགས་སེམས། །དེས་ནི་དེ་ཉིད་རབ་ཏུ་སྤྱོད། །གང་ཚེ་སེམས་ནི་ཆགས་གྱུར་པ། །དེ་ནི་སེམས་ཅན་ཡོད་མ་ཡིན། །དེ་ལ་ཀུན་ཏུ་ རྟོག་པ་ཡི། །ཁྲག་ནི་ཟ་བར་འགྱུར་བའོ། །ཁྲག་ནི་ཆེན་པོ་ཟོས་ནས་ནི། །འོད་དཔག་མེད་པའང་བཟའ་བར་བྱ། །གང་ཞིག་ཆོས་རྣམས་ལས་སྐྱེས་པ། །ཁུ་བའི་སྒྲར་ནི་བསྒྲག་པར་བྱ། །དེ་ཚེ་མ་སྐྱེས་རྟོགས་པའི་ཕྱིར། །བཟའ་བར་ཡང་དག་གསུངས་པ་ཉིད། །དངོས་པོ་ཀུན་གྱི་མཉམ་པ་ཉིད། ། ཤ་ཆེན་དུ་ནི་རབ་ཏུ་དབྱེ། །མི་དམིགས་པ་ཡི་རྣལ་འབྱོར་གྱིས། །བཟའ་བ་ཞེས་བྱར་མངོན་པར་བརྗོད། །གང་ཞིག་རབ་ཏུ་འཛག་པའི་སེམས། །ནུས་པའི་རྗེས་སུ་སྦྱོར་བ་ལས། །ཕྱག་རྒྱ་ལས་ཀྱི་སྦྱོར་བ་ཡིས། །དེ་ཡང་གཅི་བའི་སྒྲ་ཡིས་བརྗོད། །ཆོས་དང་ཆོས་མིན་ངེས་པའི་སེམས། །སྦས་པའི་ཆར་ནི་ གནས་པ་འདི། །ཆོས་རྣམས་ཐམས་ཅད་རབ་རྟོགས་པའོ། །བཤང་བ་ཟ་བར་ཡང་དག་བརྗོད། །དམ་ཚིག་ཉིད་ཀྱི་མཚན་ཉིད་ནི། །འདི་རྣམས་ཐམས་ཅད་གསལ་བར་བཤད། །འདི་རྣམས་དོན་ནི་རྟོགས་པ་ཡིས། །སངས་རྒྱས་ཀུན་གྱི་བདག་ཉིད་འགྱུར། །དཔལ་བདེ་བ་དམ་པ་རྟོགས་པར་བྱེད་པ་དང་ ལྡན་པ་ཞེས་བྱ་བའི་རྒྱུད་བྱིན་གྱིས་བརླབ་པའི་རིམ་པ་ཆེན་པོ་མཁའ་འགྲོ་མ་དྲ་བ་སྡོམ་པའི་བརྟག་པ་རྙོག་པ་མེད་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ག་ཡ་དྷ་ར་དང་། བོད་ཀྱི་ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་སྃ་བ་ར་ཁ་ས་མ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་གསང་བ་བས་ཀྱང་ཆེས་གསང་བ། གསང་བ་ཆེན་པོ་དེ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་སྙིང་ པོ་ཁྱོད་ཉོན་ཅིག །སྲོག་དང་ལྔ་པ་དེ་བཞིན་དུ། །ལམ་དང་འབྲས་བུ་ཉིད་ཡིན་ནོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་སྲོག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྲོག་ནི་འཛིན་པར་བྱེད་པ་སྟེ། །སྔགས་དང་རླུང་དང་རྟེན་ཉིད་དོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་ འདས་ལྔ་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སངས་རྒྱས་ལྔ་དང་འབྱུང་བ་ལྔ། །ལྔ་པ་ཡང་ནི་གཅིག་ཉིད་དོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ལམ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨིན་པ་དང་ནི་གྲོལ་བའོ། །རྡོ་རྗེ་སྙིང་པོས་གསོལ་པ། སྨིན་ པའི་ལམ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བུམ་པ་གསང་བ་ཤེས་རབ་དང་། །བཞི་པའི་རང་བཞིན་ངོ་བོ་སྟེ། །དེ་ཡི་རྣམ་པ་དེ་ལ་གནས། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་གྲོལ་བའི་ལམ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། །སྙིང་རྗེ་ཆེན་པོ་ལས་སྐྱེས་པ། །དགའ་བའི་ཤུགས་ལས་རྣམ་པར་གྲུབ། །ཐབས་དང་ཤེས་རབ་གཉིས་མེད་མཆོག །བདེ་བ་ཆེན་པོ་ལམ་ཡིན་ནོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་ནི་གང་། དགའ་བ་ནི་གང་། ཐབས་ནི་གང་། ཤེས་རབ་ནི་གང་། གཉིས་སུ་མེད་པ་ ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དམིགས་པ་མེད་པ་སྙིང་རྗེའི་མཆོག །དགའ་བ་གཉིས་མེད་བདེ་བ་ཆེ། །ཐབས་ནི་ཧེ་རུ་ཀ་དཔལ་ཉིད། །ཤེས་རབ་རྡོ་རྗེ་རྣལ་འབྱོར་མ། །གཉིས་སུ་མེད་པ་ཟུང་འཇུག་མཆོག །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ཧེ་རུ་ཀ་ནི་གང་ལགས། རྣལ་འབྱོར་མ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཧེ་རུ་ཀ་ནི་ཕུང་པོ་ཉིད། །ཕུང་པོ་ཡང་ནི་ཧེ་རུ་ཀ །ཁམས་ནི་རྡོ་རྗེ་མ་དཔལ་ཏེ། །རྡོ་རྗེ་མ་དཔལ་ཁམས་ཉིད་དོ། །སྐྱེ་མཆེད་དེ་ཡང་དེ་བཞིན་དུ། །ལྷ་ཡི་ངོ་བོར་ཤེས་པར་བྱ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ཕུང་ པོའི་ཧེ་རུ་ཀ་གང་ལགས། ཁམས་ཀྱི་རྡོ་རྗེ་རྣལ་འབྱོར་མ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཧེ་རུ་ཀ་དཔལ་བདག་ཉིད་དངོས། །དྲི་མ་མེད་པའི་ཁ་དོག་ཅན། །རྡོ་རྗེ་དྲིལ་བུ་འཛིན་པ་སྟེ། །དྲུག་གིས་བརྒྱན་ཅིང་དགུ་དང་ལྡན། །ཟླ་ཚེས་སྣ་ཚོགས་རྡོ་རྗེ་དང་། །རིགས་ཀྱི་བདག་པོས་ རྣམ་པར་བརྒྱན། །སྤྱན་གསུམ་དག་གིས་མཛེས་པ་སྟེ། །ཆགས་པ་མེད་པའི་ཤམ་ཐབས་ཅན། །ཤེས་རབ་རང་བཞིན་རྣལ་འབྱོར་མ། །བནྡུ་དམར་པོའི་ཁ་དོག་ཅན། །གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང་། །དག་པ་ལྔ་བཅུའི་ཕྲེང་བས་མཛེས། །རྡོ་རྗེ་པདྨའི་སྣོད་བསྣམས་པ། །ཡབ་ལ་འཁྱུད་ཅིང་ བརྐྱང་བསྐུམ་བཞུགས། །གཉིས་མེད་བདེ་བ་ལ་དགྱེས་པ། །ཆུ་སྐྱེས་ཉི་མའི་དབུས་ན་འགྱིང་། །ཁམས་ཉིད་ཀྱང་ནི་ལྷ་ཉིད་དོ། །དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ལས་བསྐྱེད་པའི་རིམ་པའི་དུམ་བུ་སྟེ་ལེའུ་དང་པོའོ།། །།རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རང་བཞིན་ གྱིས་རྣམ་པར་དག་པ་ནི་གང་ལགས། ངོ་བོ་ཉིད་ཀྱིས་འོད་གསལ་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བརྟན་དང་གཡོ་བ་ཐམས་ཅད་ཀུན། །ཤེས་རབ་རང་བཞིན་མ་ཉིད་དེ། །ལྔ་པའི་ངོ་བོ་འོད་གསལ་ཉིད། །མ་སྐྱེས་རྟོག་པ་བྲལ་བའི་སྐུ། །བརྗོད་དུ་མེད་ཅིང་བསམ་མི་ ཁྱབ། །རྟོག་པ་མེད་པ་ནམ་མཁའི་དབུས། །གཉིས་མེད་བདེ་བའི་རྣམ་པ་ཅན། །གསལ་བའི་རང་བཞིན་གཡོ་བ་མེད། །གཉིས་སུ་མེད་པ་བདེ་བའི་མཆོག །འབྲས་བུ་ལམ་གྱི་རྣམ་པའོ། །དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྫོགས་པའི་རིམ་པའི་དུམ་བུ་སྟེ་ལེའུ་གཉིས་ པའོ།། །།རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རྣམ་པར་རྟོག་པ་རྣམ་པར་དག་པ་ནི་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔགས་དང་སྦྱིན་སྲེག་གཏོར་མ་དང་། །དབང་གི་རྣམ་པར་དག་པ་དང་། །མཎྜལ་དང་ནི་དེ་བཞིན་དུ། །བུམ་པའི་ངོ་བོ་ལྷར་ཤེས་པ། ། སྔགས་ཀྱི་དེ་བཞིན་གནས་པའོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་སྔགས་ནི་གང་། སྦྱིན་སྲེག་ནི་གང་། གཏོར་མ་ནི་གང་། དབང་ནི་གང་། མཎྜལ་ནི་གང་། བུམ་པ་ནི་གང་། སྔགས་ཀྱི་དེ་བཞིན་ཉིད་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔགས་ནི་གསང་ སྔགས་རྒྱལ་པོ་སྟེ། ཨོྃ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀྃ་ཧུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཨོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོྃ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། གསང་སྔགས་རྒྱལ་པོ་འདི་དག་གིས། །བསྐལ་པ་སྟོང་ལ་སོགས་པ་ཡི། །སྡིག་པ་མ་ལུས་དག་ བྱེད་ཆུ། །གྲུ་བཞི་པ་ལ་སྒོ་བཞི་པ། །འཁོར་ལོ་དག་གིས་རྣམ་པར་མཛེས། །ཨ་ཤྭཏྛ་དང་ནྱ་གྲོང་། །དཱུར་བ་ལ་སོགས་དེ་བཞིན་དུ། །བཞི་པའི་ངོ་བོར་ཡང་དག་ཤེས། །ཤ་ལྔ་དང་ནི་བདུད་རྩི་ལྔ། །གྱེན་དུ་ཕཻཾ་གྱི་སྒྲ་བསྒྲགས་པས། །དཔའ་བོ་རྣལ་འབྱོར་མ་ཀུན་དགྱེས། །དབང་ནི་ཐ་མའི་ལམ་ཉིད་དོ། །བདུད་ རྩི་ཆུ་ཡིས་ལེགས་བྱུགས་ནས། །མེ་ཏོག་དམར་པོས་མཆོད་པའོ། །རིན་ཆེན་སྣོད་བཟངས་བྲུྃ་གྱིས་མཛེས། །དཔའ་བོ་བདུད་རྩི་དག་བྱེད་ཆུ། །ཞལ་བཞི་སྔགས་ཀྱི་འོད་ཟེར་གྱིས། །གདུག་པ་མ་ལུས་ཀུན་འདུལ་ཞིང་། །སྤྲོ་དང་བསྡུ་བའི་རྣམ་པ་ཅན། །རྡོ་རྗེ་སྙིང་པོས་གསོལ་པ། །ཀྱེ་བཅོམ་ལྡན་འདས་སྐྱེ་མཆེད་ ཀྱི་མཁའ་འགྲོ་མ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གཅེར་བུ་ཐལ་བའི་མདོག་ཅན་ཏེ། །ཉི་ཤུ་རྩ་བཞིའི་ཡུལ་རྣམས་འགྲིམ། །ལྔ་པ་དང་ནི་དྲུག་པའོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་སྔགས་ནི་གང་། གཏོར་མ་ནི་གང་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཨོྃ་ཛྭ་ལ་མུ་ཁི་ཌཱ་ཀི་ནཱི་ཀྃ་ཀ་ནི་ཧཱུྃ་ཕཊ། ཨོྃ་པ་རི་ནཱ་ཡ་ནི་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཨོྃ་མ་ཌི་ར་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཨོྃ་པ་ར་མུ་ཁི་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཨོྃ་ཨུ་ལུ་ཀ་ཏི་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཨོྃ་ཨ་ར་ཎ་མ་ཎི་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཆུ་སྐྱེས་དག་གིས་རྣམ་བརྒྱན་ཅིང་། །བདུད་རྩི་ལྔ་ཡིས་རྣམ་པར་མཛེས། །དཔའ་མོ་དྲུག་ནི་ མཉེས་པར་འགྱུར། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་སྨིན་པའི་ལམ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བཞི་པའི་རང་བཞིན་ངོ་བོ་སྟེ། །དེ་ཡི་རྣམ་པ་དེ་ལ་གནས། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རྣམ་པའི་ངོ་བོ་ནི་གང་། སྤྲུལ་པའི་ངོ་བོ་ནི་གང་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། །རྣམ་པའི་ངོ་བོ་ལྷ་ཉིད་དེ། །སྤྲུལ་པ་ཚོགས་ཀྱི་བདག་པོར་བཤད། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ཚོགས་ཀྱི་བདག་པོ་ནི་གང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དབང་གི་ཁ་དོག་དམར་པོ་སྟེ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །སྤྲུལ་པ་འཁོར་ ལོའི་རྩིབས་ལ་གནས། །བརྐྱང་བསྐུམ་ཚུལ་གྱིས་མནན་པའོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་བསྙེན་པར་བྱ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བསྙེན་པར་བྱ་བ་སྔགས་ཉིད་དེ། །ཨོྃ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། ནག་པོ་འབྲུ་ཡི་རིལ་བུ་ལ། །བསྙེན་དང་སྒྲུབ་པའི་ལྷར་ གནས་པ། །སྔགས་ཀྱི་ངོ་བོར་ཤེས་པར་བྱ། །དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལས་སྣ་ཚོགས་ཀྱི་དུམ་བུ་སྟེ་ལེའུ་གསུམ་པའོ།། །།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་། བྱང་ཆུབ་ སེམས་དཔའ་རྡོ་རྗེ་གནོད་གནས་ལ་སོགས་པ་དང་། རྣལ་འབྱོར་མ་དཔག་ཏུ་མེད་པའི་འཁོར་དེ་དག་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཁ་ཆེའི་མཁན་པོ་ཛྙཱ་ན་བཛྲས་རང་འགྱུར་དུ་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཀྲོ་དྷ་ནཱ་ཐ་ར་ཧ་སྱ་སིདྡྷི་བྷ་བ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་ཀུན་མཁྱེན་པའི། །ཡེ་ཤེས་མངོན་པར་མཁྱེན་ པ་ཡིས། །བདུད་ཀྱི་དཀྱིལ་འཁོར་འཇོམས་བྱེད་པ། །བཀའ་ཡི་འཁོར་ལོ་བཤད་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐོགས་པ་མེད་ཅིང་གདོན་མི་ཟ་བ་བདེ་བ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །ཇི་སྲིད་འཁོར་བའི་གནས་སུ་ནི། ཀུན་མཁྱེན་བདེ་གཤེགས་བཞུགས་གྱུར་པ། །མྱ་ངན་འདའ་བར་མི་མཛད་ཅིང་། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །རྒྱུན་མི་འཆད་པར་འགྲོ་བ་ཀུན། །སྲིད་པའི་ཞགས་པས་འཇིགས་མེད་པར། །བྱམས་པའི་ཐུགས་ཀྱི་བརྩོན་འགྲུས་ཀྱིས། །རྟག་ཏུ་སེམས་ཅན་དོན་རྣམས་མཛད། །ནམ་མཁའི་ ཁམས་ཀྱི་མཐའ་ཐུག་པར། །སྨོན་ལམ་རྣམ་པར་སྦྱོང་བྱེད་ཅིང་། །སྙིང་རྗེས་དོན་བརྩོན་སེམས་ཀྱིས་ནི། །དཔའ་བོས་སྲིད་པ་སྦྱོང་བར་མཛད། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །འདི་ནི་རྒྱུད་རྣམས་ཀུན་དུ་ཡང་། །ཀླ་ཀློའི་སྐད་ཀྱིས་སྦས་པ་སྟེ། །འཁོར་བའི་སྡུག་བསྔལ་འཇོམས་པ་པོ། ། རྡོ་རྗེ་སེམས་དཔའ་མཉམ་གྱུར་པའི། །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། །མྱུར་དུ་དངོས་གྲུབ་སྟེར་བྱེད་པ། །འཕྲལ་དུ་ཡང་དག་ཡིད་ཆེས་བྱེད། །བསམ་པ་གང་དང་གང་དག་གིས། །མི་རྣམས་སེམས་དང་མཐུན་པར་འཇུག །དེ་དང་དེ་ཡི་གཟུགས་སྤྲུལ་ཏེ། །སྣ་ཚོགས་གཡོགས་ཏེ་བདེ་བར་ བཞུགས། །དེ་ཕྱིར་འབད་པ་དུ་མ་ཡིས། །སྣ་ཚོགས་ཚུལ་གྱིས་མཐུན་པར་བྱ། །བདག་ཉིད་སངས་རྒྱས་ཧེ་རུ་ཀ །དཔའ་བོ་རྣལ་འབྱོར་མ་ཚོགས་ཅན། །རང་གི་ལྷ་ཡི་རབ་སྦྱོར་བས། །བདག་ཉིད་ཡེ་ཤེས་མཆོག་འགྲུབ་འགྱུར། །འདི་ཡིས་རྒྱལ་བ་རྒྱ་མཚོ་དང་། །དཀྱིལ་འཁོར་བ་དང་ཞིང་སྐྱོང་ ཚོགས། །གདོད་ནས་གྲུབ་པའི་དུར་ཁྲོད་གནས། །མཁའ་འགྲོའི་དབང་ཕྱུག་མགོན་པོ་ཆེ། །སྐུ་གསུང་ཐུགས་དང་ཕྲིན་ལས་ཚོགས། །ཡེ་ཤེས་ཡོན་ཏན་རིགས་ཀྱི་ལྷ། །ནག་པོ་ཆེན་པོ་འཁོར་དང་བཅས། །ལྷ་མོ་ཆེན་མོ་བཀའ་འབངས་བཅས། །རྡོ་རྗེ་འཛིན་པས་དུས་ཀུན་དུ། །སྒྱུ་མ་ལྟ་བུའི་ ཏིང་འཛིན་གྱིས། །ཕྱི་ནང་གསང་བའི་མགོན་པོ་ཆེ། །བདེ་བ་ཆེན་པོའི་རོལ་པ་ཡིས། །ཡེ་ཤེས་གསང་བ་བསམ་མི་ཁྱབ། །ཚེ་འདི་ཉིད་དུ་འགྲུབ་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་ མེད། །ཁམས་གསུམ་པོ་ནི་མ་ལུས་པ། །འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན། །བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་བ་དམིགས་སུ་མེད་པ་སྟེ། །མཐོང་བ་དང་ནི་ཐོས་ལ་སོགས། །ཐམས་ཅད་སྒྱུ་མ་ལྟ་བུར་འཆར། །གང་གིས་སྐྱེ་བོ་འཆིང་གྱུར་པ། །དེ་ཉིད་ཡོངས་ཤེས་རྣམ་པར་གྲོལ། །ཕྱག་རྒྱའི་ སྦྱོར་བ་འདི་ཡིས་ནི། །ས་གསུམ་བདེ་བ་ཆེན་པོར་བསྒྱུར། །ཉོན་མོངས་མེད་ན་ཡེ་ཤེས་མེད། །ཉན་རང་བྱང་ཆུབ་ལམ་ལས་རིང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །འབྱུང་བ་བཞི་ལ་སོགས་པ་རྣམས། །ཐམས་ཅད་གདོད་ནས་དག་པ་ཡི། །ཡེ་ཤེས་ཆེན་པོའི་བྱིན་བརླབས་ཀྱིས། །དངོས་ བོ་དུ་མ་གསལ་བར་སྣང་། །ཡེ་ཤེས་མེད་པར་སྐྱེ་མི་འགྱུར། །སངས་རྒྱས་ཡེ་ཤེས་ཀྱིས་རབ་བསྐུལ། །དེ་བས་བླ་མེད་རྒྱུད་འདི་རུ། །འབད་དེ་དད་པ་བསྐྱེད་པར་བྱ། །གསང་བའི་སྡོམ་པ་བླ་ན་མེད། །དང་པོ་བླ་མའི་དམ་ཚིག་དག །ཐོབ་པས་རྒྱུ་དང་འབྲས་བུ་འབྱུང་། །སྐུ་གསུང་ཐུགས་ཀྱི་རང་ བཞིན་ཏེ། །བརྟན་པ་དག་ནི་ལོངས་སྤྱོད་ཡིན། །ངེས་པར་བརྟན་པ་མྱ་ངན་འདའ། །རྣལ་འབྱོར་གྱི་ནི་དམ་ཚིག་གནས། །བརྡ་ཡི་སྦྱོར་བ་གསང་བ་དང་། །དབང་བསྐུར་བས་ནི་དངོས་གྲུབ་སྟེར། །བླ་མ་དེ་བཞིན་གཤེགས་པ་དང་། །རྒྱལ་བ་བྱང་ཆུབ་སེམས་དཔར་བཅས། །དཀྱིལ་འཁོར་ བདག་པོ་བླ་ན་མེད། །སྔགས་པ་གསང་བ་འདིར་ཞུགས་གང་། །ཡང་དག་བླ་མ་བསྟེན་པར་བྱ། །འདིར་ནི་བྱང་ཆུབ་སེམས་ཀྱིས་ནི། །བསྙེན་པ་ཉེ་བར་བསྙེན་པ་དང་། །བསྒྲུབ་པ་བསྒྲུབ་པ་ཆེན་པོ་ཡི། །ཁྱད་པར་རིམ་པ་རྟགས་དང་དུས། །ལས་ལ་སྦྱར་བ་ཤེས་པར་བྱ། །ཇི་སྲིད་ལས་ཀྱི་སྦྱོར་བ་ ཡིས། །མགོན་པོ་འཁོར་བཅས་མཉེས་གྱུར་ན། །ལས་དང་དངོས་གྲུབ་སྣ་ཚོགས་པ། །མྱུར་དུ་འགྲུབ་པར་ཐེ་ཚོམ་མེད། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསང་བ་མངོན་པར་བྱང་ཆུབ་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་གསུང་རྨི་ལམ་ལྟ་བུར་ཉེ་བར་གསན་ཏེ། གསུང་རྡོ་རྗེའི་ཚིག་འདི་གསུངས་སོ། །རྡོ་རྗེ་འཛིན་པ་གང་ཞིག་གིས། །སྒྱུ་མ་བྲག་ཆའི་སྒྲ་བརྙན་ལྟར། །ཡིད་འོང་དབེན་པའི་གནས་དག་ཏུ། །དངོས་ གྲུབ་ཐམས་ཅད་བསྡུས་པ་སྒྲུབ། །བསྐལ་པ་བཟང་པོ་འདི་ལ་ནི། །བྱུང་བའི་མགོན་པོ་མ་ལུས་པ། །ཀུན་གྱི་སྙིང་པོས་གྱུར་པ་ནི། །གསང་བ་ཞིང་སྐྱོང་མགོན་པོ་ཆེ། །སངས་རྒྱས་ཀུན་གྱི་མགོན་པོ་འདིས། །བསྟན་པ་བསྲུང་བར་མཛད་པ་ཡིན། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་དང་། རྡོ་རྗེ་འཛིན་པ་ལ་སོགས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་དུ་རྡོ་རྗེའི་ཐེག་པ་ཆེ། །གསང་བ་བསྡུས་པའི་ཡང་དག་ལམ། །སངས་རྒྱས་བསྟན་པ་སྲུང་བྱེད་པའི། །སྙིང་པོ་འབྲས་བུ་ལམ་བྱེད་པ། །སྙིགས་མ་ལྔ་ ལྡན་དུས་ཉིད་དུ། །འདྲེན་པ་ཡེ་ཤེས་བསྟན་པ་བསྲུང་། །འདི་ཉིད་གསང་བའི་སྒྲུབ་པ་གང་། །རྡོ་རྗེའི་ཐེག་པ་འདིར་བསྟན་གསོལ། །དེ་སྐད་ཅེས་གསོལ་བ་དང་། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་པ། ཤེས་རབ་སྙིང་རྗེ་ཟུང་འཇུག་པ། །ཏིང་འཛིན་གང་དུ་སྒོམ་གྱུར་པ། ། བླ་མེད་དཀོན་མཆོག་བསྟན་པ་སྟེ། །རྒོལ་བ་ངན་པ་བཟློག་པར་མཛད། །ཐུབ་པ་མཆོག་གི་བསྟན་པ་ལ། །འཛིན་དང་སྐྱོང་དང་སྲུང་བ་གསུམ། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །བདག་ཏུ་འཛིན་པ་སྤོང་བར་མཛད། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་པར། །གསང་བ་གཅིག་པུ་བསྒྲུབ་པར་བྱ། །ཞེས་ བཀའ་སྩལ་ཏོ། །གསང་བའི་བདེ་བ་ཆེན་པོ་དབྱིངས་ལ་རབ་ཏུ་བཞུགས་པ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྡོ་རྗེ་རང་རིག་པའི་རྣལ་འབྱོར་མའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ་སངས་རྒྱས་ཐམས་ཅད་ཀྱི་ལྷུན་གྱིས་གྲུབ་པའི་གནས་གསང་བ་རང་བྱུང་བླ་ན་མེད་པའི་རྡོ་རྗེ་རབ་ཏུ་རྒྱལ་བའི་སྙིང་པོ་ མི་ཕྱེད་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་རྡོ་རྗེའི་སྙིང་པོ་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་ཅིང་བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བར་བྱེད་པ་ཞེས་བྱ་བའི་ཆོས་མི་ཟད་པ་ཡང་དག་པར་འབྱུང་བ་ཞེས་བྱ་བ་སྟོན་པར་མཛད་དོ། །རྡོ་རྗེ་གཞི་ལ་གནས་པའི་ཆ། །གཏེར་གྱི་བུམ་པ་ཁ་ ཁྱེར་ལྡན། །དུས་ཀྱི་རྒྱལ་པོ་འོད་གསལ་བ། །ཆུ་འཛིན་ཕྱོགས་ཙམ་ཕྱེད་ལྡན་ཉིད། །སྒྲ་དང་སྒྲ་ལས་ཁྱབ་པ་སྟེ། །དུ་མ་མ་ཡིན་གནས་པའི་ཡུལ། །དམ་ཚིག་གསང་བ་འབྱུང་བ་ལས། །རྒྱལ་བ་རིན་ཆེན་འབར་བའི་གཙོ། །ཕྱོགས་དུས་མེད་པར་རང་བྱུང་བ། །ཆོས་འབྱུང་ ཕོ་བྲང་དཀྱིལ་འཁོར་དུ། །རིགས་ཀྱི་ཡོན་ཏན་ལྡན་པར་ནི། །ནམ་མཁའི་རྒྱ་མཚོ་འབྲས་ལྡན་པ། །ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ། །མི་ཕྱེད་ལྷན་ཅིག་སྐྱེས་པ་རྒྱལ། །ཕོ་བྲང་གསང་བའི་གཞལ་ཡས་ཁང་། །དཀྱིལ་འཁོར་རིན་ཆེན་འོད་འཁྲུག་པ། །གེ་སར་པདྨའི་དབུས་སུ་ནི། །ཀུན་ ནས་ཟླུམ་པོར་འཁོར་བ་ནི། །ཚད་མེད་ཕྲེང་བས་བརྒྱན་པ་ནི། །བཀོད་པ་དཔག་མེད་རིམ་པར་ལྡན། །རི་རབ་ལྷུན་པོ་མཆོག་བྱུང་བའི། །དེ་ཉིད་ཀུན་ནས་ཡོངས་བསྐོར་བའི། །རྒྱ་མཚོ་དང་ནི་རི་རྣམས་ཏེ། །ཤིན་ཏུ་མཉམ་ཞིང་མཚུངས་པར་འཁོར། །དེ་ཉིད་རིམ་པ་ཡོངས་སུ་བརྟན། །བྱེ་བྲག་མཚུངས་ མེད་དམར་ཆེན་མཚོ། །རིམ་པས་ཆུ་གཏེར་འོ་མའི་གནས། །འབྱུང་བ་བསྡུས་པ་མི་ལུས་ཀྱི། །ཕུང་པོ་རུས་པའི་རི་བོ་ལ། །ཕྱི་ནང་མཉམ་པའི་ཚང་ཅན་གྱི། །ལྷུན་གྱིས་གྲུབ་པར་བསྟན་པ་ཡིན། །དེ་ལས་དངོས་པོ་སྣ་ཚོགས་ཀྱིས། །ཐ་དད་སྣང་བ་ཡེ་ཤེས་གཟུགས། །རང་བྱུང་བདེ་བ་ཆེན་པོ་ ཉིད། །མཉམ་པ་མེད་པ་ཀུན་ཏུ་འབྱུང་། །དུས་གསུམ་དེ་བཞིན་གཤེགས་པ་ཡི། །འབྱུང་གནས་སྙིང་པོ་རྡོ་རྗེའི་གདན། །རྡོ་རྗེ་སྐྱིལ་ཀྲུང་མི་ཕྱེད་ལས། །ཐོག་མཐའ་མེད་པའི་རང་བཞིན་ཅན། །གསང་བ་ཆེན་པོའི་རིགས་དག་པའི། །འདོད་ཆགས་རྡོ་རྗེའི་སྐུར་ལྡན་པ། །ལྷོ་ཕྱོགས་བྱ་རྐང་རི་དང་ ནི། །དཔལ་གྱི་རིལ་མདུན་ཕྱོགས་པ། །དྷཱ་ན་ཀ་ཊ་པར་པ་ཏ། །པདྨ་གེ་སར་རྒྱས་པའི་དབུས། །ཆོས་ཀྱི་འབྱུང་གནས་རྟག་པར་གནས། །དཔལ་ལྡན་དགའ་བའི་ཁང་པ་བརྩེགས། །གསང་བ་སྔགས་ཀྱི་རྒྱ་མཚོ་ཡི། །མ་ལུས་རྒྱལ་བ་བགྲོད་པའི་ཡུལ། །གསང་བ་ཆོས་ཀྱི་དབྱིངས་ཆེན་ བོ། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་དུ། །ཀླ་ཀློའི་ཡུལ་གྱི་མི་རྣམས་དང་། །ལྷ་དང་ལྷ་མིན་དྲི་ཟར་བཅས། །གསང་ཆེན་ཡོངས་སུ་རྫོགས་པ་ཡི། །རང་བྱུང་ཡེ་ཤེས་ཕོ་བྲང་དུ། །ཚངས་དབང་ཁྱབ་འཇུག་དབང་ཕྱུག་བདག །དཀྱིལ་འཁོར་སྒོ་བཞོར་བཅུག་ནས་ཀྱང་། །སྐྱེ་བོ་ཆགས་ཅན་ རབ་འདུལ་ཕྱིར། །མཆོག་ཏུ་གྱུར་པའི་སྙིང་པོ་གསུང་། །ཕྱོགས་བཅུར་གནས་ཀྱི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་། །དཔའ་བོ་རྣལ་འབྱོར་དབང་ཕྱུག་ཚོགས། །གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། །ཁྲག་ཁྲིག་རི་རབ་རྡུལ་མཉམ་པ། །དེ་དབུས་སེང་གེའི་ཁྲིར་བཞུགས་ པའི། །ཐུབ་པའི་རྒྱལ་པོ་དེ་བཞིན་གཤེགས། །རྡོ་རྗེ་འཛིན་པ་ཆེན་པོ་ལ། །རྡོ་རྗེ་སྙིང་པོ་སེམས་དཔའ་ཆེ། །བླ་གོས་ཕྲག་པ་གཅིག་གཟར་ཏེ། །པུས་མོའི་ལྷ་ང་ས་ལ་བཙུགས། །ཐལ་མོ་སྦྱར་ཏེ་འདི་དོན་ཞུས། །གསང་ཆེན་ཁྱད་པར་འཕགས་པ་ཡི། །ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཆེ། ། མི་འགྱུར་རྡོ་རྗེ་ཐེག་པའི་ལམ། །དུས་དང་གནས་དང་གང་ཟག་སྟེ། །སྤྱོད་ཡུལ་བསྟན་པའི་ཁྱད་པར་གྱི། །གྲུབ་དང་སྒྲུབ་པ་ཕྲིན་ལས་ཚོགས། །ཐབས་དང་སྟོབས་དང་འཇུག་པ་སྟེ། །རིམ་པ་མངོན་བྱེད་རྒྱུར་ལྡན་པ། །དེ་ཉིད་བཅོམ་ལྡན་གསུང་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་པ། བླ་མ་སངས་རྒྱས་བསྟན་པ་ལ། །དགའ་ཞིང་མགུ་ལ་རབ་དང་བའི། །སེམས་དཔའ་ཆེན་པོས་གསང་བའི་དོན། །རབ་ཏུ་ཞུས་པ་ལེགས་སོ་ལེགས། །ཤིན་ཏུ་རྨད་དུ་བྱུང་བ་ཡི། །གདུལ་དཀའ་མ་ལུས་གདུལ་དོན་དུ། །བྱང་ཆུབ་སེམས་ཀྱི་ཡེ་ ཤེས་མཛོད། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དེ་ནས་དངོས་གྲུབ་ཐམས་ཅད་ཀྱི། །གྲུབ་པ་རབ་ཏུ་སྟེར་བྱེད་པ། །རྒྱལ་བ་ཀུན་གྱི་སྙིང་པོ་སྟེ། །གསང་བ་ལས་ཀྱི་རིམ་པ་ཉིད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་བསྲུང་ཞིང་བཀའ་ལ་གནས། །དམ་ཚིག་འཛིན་པའི་ཞིང་ སྐྱོང་ལ། །མགོན་པོས་བཅུའི་དབང་ཕྱུག་གཙོ། །དཔལ་ལྡན་རིག་འཛིན་ཐམས་ཅད་ལ། །མཆོག་ཏུ་གྱུར་པའི་ལས་སྒྲུབ་པ། །དཔལ་ལྡན་ནག་པོ་ཆེན་པོ་ནི། །འདིས་ནི་ལྷ་མིན་འདུས་པ་ཡི། །གཡུལ་ལས་རྒྱལ་བར་བྱེད་པ་ཡིན། །ལྷ་སྲིན་སྡེ་བརྒྱད་མ་ལུས་པས། །མཆོད་འོས་གཙོ་ བོར་གྱུར་བ་ཡིན། །དཔལ་ལྡན་ལྷ་མོ་ཆེན་མོ་དང་། །ནག་མོ་རེ་མ་ཏིར་གྱུར་པས། །ལྕམ་དྲལ་གྱུར་པས་བསྟན་པ་བསྲུང་། །སྐུ་དང་གསུང་དང་ཐུགས་གསང་བ། །ཕྱི་ནང་དེ་ཉིད་ཁོ་ནའི་དོན། །ཡོན་ཏན་ཕྲིན་ལས་དབང་ཕྱུག་ཏུ། །དམ་ཚིག་མགོན་པོ་ཞིང་སྐྱོང་བ། །ཉི་ཤུ་རྩ་བཞིའི་གཙོ་བོ་སྟེ། ། གཞན་ཡངས་གསུམ་དབང་བྱེད་པའོ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསང་བ་སྤྱི་ལ་དགོངས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གསང་བ་བཤད་བྱ་བ། །འདི་ཉིད་བླ་མེད་སྒྲུབ་པ་པོ། །འཁོར་བའི་རྒྱ་མཚོར་ལྷུང་བ་ཡི། །སེམས་ཅན་དུཿ ཁ་གཟིགས་ནས་ནི། །ཇི་ལྟ་ཇི་ལྟར་གྲོལ་འགྱུར་བ། །དེ་དང་དེ་ཡི་ཐབས་སྟོན་མཛད། །དུས་ནི་བསྐལ་པ་བཟང་པོ་ཡི། །རྫོགས་ལྡན་ཐ་མར་གྱུར་པ་ཡི། །དཔག་མེད་དུས་ལས་འདས་ནས་ནི། །གཉིས་ལྡན་དང་ནི་གསུམ་ལྡན་ལས། །རྩོད་པའི་དུས་ཀྱི་རིམ་པ་ལ། །བཅོམ་ལྡན་ཚེ་ལོ་བརྒྱ་བའི་ དུས། །དེ་ཉིད་བསྟན་པའི་སྙིགས་མ་ཡི། །ལྔ་བརྒྱ་པ་ཡི་དུས་ཀྱི་མཐར། །ཤིན་ཏུ་གདུག་ཅིང་རྩུབ་པ་ཡི། །མི་སྲུན་པ་ཡི་དུས་ཀྱི་ཚེ། །དེ་ཚེ་མགོན་པོའི་བསྟན་པ་འབྱུང་། །གང་ཟག་ལ་ཡང་གཉིས་སུ་བཤད། །བསྒྲལ་བར་བྱ་བའི་གང་ཟག་དང་། །སྒྲོལ་བར་བྱེད་པའི་སྒྲུབ་པོ་སྟེ། །དང་པོ་ བསྟན་པ་འཇིག་བྱེད་ཅིང་། །དཀོན་མཆོག་གསུམ་པོ་སྨོད་པ་དང་། །བླ་མ་ལ་སྡང་བདག་ལ་སྨོད། །དེ་དག་ལ་སོགས་བྱ་བར་བཤད། །སྒྲུབ་པ་པོ་ནི་རྣམ་པ་གསུམ། །ཧེ་རུ་ཀ་དཔལ་རྣལ་འབྱོར་མ། །དག་ཅིང་སྦྱངས་ཏེ་ཏིང་འཛིན་གསལ། །རིམ་པ་གོ་འཕང་ཐོབ་པ་སྟེ། །ཐུན་མོང་སྤྱི་ དང་བྱེ་བྲག་ཏུ། །དམ་ཚིག་གནས་པའི་རྡོ་རྗེ་འཛིན། །གནས་ཀྱི་ཁྱད་པར་འབྱུང་བ་ཡང་། །བསྙེན་པའི་དུས་དང་བསྒྲུབ་པ་དང་། །ལས་ལ་སྦྱར་བའི་དུས་ཤེས་པས། །ཡིད་འོང་དབེན་དང་དུར་ཁྲོད་སོགས། །བསམ་གཏན་འཕེལ་དང་ཁྱད་པར་རོ། །ཡུལ་དང་དབང་པོའི་སྤྱོད་ཡུལ་དུ། ། མཐོང་བ་དང་ནི་ཐོས་པ་དང་། །རེག་པ་དང་ནི་དྲན་པ་ཡིས། །དཀྱིལ་འཁོར་པ་ཡི་སྣང་བ་དང་། །མ་ལུས་དངོས་པོ་གང་ཤར་བ། །བདེ་བ་ཅན་དུ་ཤེས་པར་བྱ། །བསྟན་པ་ཀུན་ལས་བསྡུས་པ་ནི། །བྱང་ཆུབ་སེམས་དཔའི་ལམ་ལས་ཀྱང་། །གསང་བ་འབྲས་བུ་ལམ་བྱེད་པ། །རྡོ་རྗེ་ཐེག་པ་འདི་ ཉིད་དེ། །བསྟན་པ་འཛིན་སྐྱོང་སྲུང་དང་གསུམ། །འདི་ནི་ཁྱད་པར་བསྲུང་བ་ཡིན། །གྲུབ་པ་བསྙེན་པའི་ཏིང་འཛིན་དང་། །ཉེ་བར་བསྙེན་པའི་ཏིང་འཛིན་དང་། །དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ཆེ། །རྣམ་དག་མཚན་ཉིད་ཀུན་གྲུབ་པ། །བདེ་བའི་བསོད་ནམས་རྒྱུན་གནས་པ། །རྣམ་དག་སྟོབས་ ནི་རྒྱས་པར་བྱེད། །བསྙེན་པའི་དུས་སུ་རང་ལྷ་ཡི། །ཧེ་རུ་ཀར་ནི་གནས་པ་ཡི། །མདུན་དུ་བཀའ་སྡོད་དམ་ཚིག་གི། །མགོན་པོ་ཕྱག་བཞི་བསྒོམ་པར་བྱ། །དེ་ནས་ཐུགས་ཀའི་རང་སྔགས་ལས། །འོད་འཕྲོས་འཁོར་བའི་བཟླས་པ་ལས། །ཁྱད་པར་དུ་ནི་སྒྲ་བཅས་དང་། །ཤིན་ཏུ་དལ་བར་ བཟླས་པ་བྱ། །ཉེ་བར་བསྙེན་པའི་དུས་སུ་ནི། །བདག་ཉིད་ཧེ་རུ་ཀ་ལས་ནི། །ཧཱུྃ་ཕྱུང་མདུན་དུ་འོད་འཕྲོས་པས། །བསྐྱེད་ཅིང་མཐར་ནི་ཉེ་བར་བསྡུ། །སྒྲུབ་པའི་དུས་སུ་མགོན་པོ་ཡི། །རྒྱས་འདེབས་སྤྱི་བོར་ཧེ་རུ་ཀ། །དེ་ཉིད་གསང་སྔགས་ཕྱོགས་བཅས་པ། །དེ་ཉིད་སེམས་དཔའ་སུམ་ བརྩེགས་བསམ། །གསང་བ་ཞིང་སྐྱོང་རྒྱལ་པོ་ཆེ། །ཆོ་ག་གསུམ་གྱིས་སྒྲུབ་པའི་ཚུལ། །འཇིག་རྟེན་འཇིག་རྟེན་འདས་པའི་བདག །ཐམས་ཅད་བདེ་ཆེན་གནས་པ་ལ། །དུས་གསུམ་འཁོར་ལོ་གསུམ་དུ་གནས། །བརྟུལ་ཞུགས་འཛིན་པས་འཐོབ་པར་འགྱུར། །སྒྲུབ་པ་ཆེན་པོ་བླ་ན་མེད། །ཡེ་ ཤེས་མགོན་པོ་ཆེན་པོ་ཉིད། །ཁྭ་གདོང་ལ་སོགས་ལྷ་མོ་བརྒྱད། །རིམ་པ་བཞིན་དུ་ཡོངས་སུ་བསྐོར། །དཀྱིལ་འཁོར་ཕོ་བྲང་དབུས་སུ་ཡང་། །དུར་ཁྲོད་དུ་ནི་མགོན་པོ་རོལ། །འཇིག་རྟེན་གསུམ་ན་རྙེད་དཀའ་བ། །དམ་ཚིག་སྤྱོད་པའི་རང་བཞིན་ནི། །རྟག་ཏུ་རང་སྔགས་སྦས་པ་སྟེ། །རབ་ཏུ་ འབད་དེ་གསང་བར་བྱའོ། །ཕྲིན་ལས་ཁྱད་པར་གང་ཡིན་པ། །ལས་ལ་སྦྱོར་བ་རིམ་ཤེས་བྱ། །རེངས་པར་བྱེད་དང་སྐྲོད་པ་དང་། །རྨུགས་པར་བྱེད་དང་བརྒྱལ་དུ་འཇུག །རྣམ་པར་རྨོངས་དང་ལྐུགས་པར་བྱེད། །དུག་གིས་འཛིན་དང་འོན་ལོང་དང་། །རང་ཤ་རང་གིས་ཟ་བྱེད་ཅིང་། །གཤིས་ དན་དུག་དང་ཁྲག་ཏུ་སྐྱུག །འདི་དག་དུས་མིན་འཆི་བྱེད་པ། །ལས་ཀྱི་ཁྱད་པར་ཡོངས་སུ་བསྟན། །ཆར་དབབ་པ་དང་སྤྲིན་དྲལ་དང་། །ཐོག་དང་སེར་བ་དབབ་པ་དང་། །རང་ཕྱོགས་སུ་ནི་བཟློག་ཅིང་བསྲུང་། །བྱད་ཀ་བཟློག་དང་ངག་བཅིང་དང་། །ནུས་པ་གཞོམ་དང་ཆོ་འཕྲུལ་དང་། །ཕྲན་ ཚེགས་ལས་ཀྱི་གསང་བའོ། །ཐབས་ནི་ལས་ཀྱི་རིམ་པ་སྟེ། །རྟེན་གྱི་གང་ཟག་འགའ་ཞིག་གིས། །དང་པོར་བླ་མ་མཉེས་པར་བྱ། །གཉིས་པར་དབང་བཞི་ཐོབ་པ་དང་། །གསུམ་པར་བྱིན་གྱིས་བརླབས་ནས་ནི། །བཀའ་བསྒོའི་རྗེས་གནང་ཚུལ་བཞིན་དུ། །མ་ནོར་འཇུག་པའི་གོ་རིམས་ཤེས། ། རྟེན་ཚུལ་ཁྱད་པར་ཤེས་པར་བྱ། །སྟོབས་ནི་ཆོས་རྣམས་ཐམས་ཅད་ལ། །སྒྱུ་མ་ལྟ་བུར་ཤེས་པ་དང་། །ཡང་དག་བདེན་པའི་སྟོབས་ཀྱིས་ནི། །རང་བཞིན་མེད་པར་རྟོགས་པས་འབྱུང་། །འཇུག་པ་ཐུན་མོང་མ་ཡིན་པ། །བྱམས་པ་སྙིང་རྗེ་བྱང་ཆུབ་སེམས། །ཚད་མེད་བཞི་ དང་ལྡན་པ་ཡིས། །འགྲོ་བའི་དོན་ལ་སེམས་པ་པོ། །མངོན་དུ་བྱེད་པ་ཉེར་སྒྲུབ་སྟེ། །དུས་དང་གྲངས་དང་མཚན་མ་སྟེ། །དང་པོ་བར་དང་ཐ་མར་ཡང་། །གཙོ་བོ་དང་ནི་འཁོར་རྣམས་ཀྱི། །གང་གྲུབ་རབ་འབྲིང་ཐ་མ་རུ། །རྟགས་ཀྱི་དབྱེ་བ་བསྟན་པ་ཡིན། །རྒྱུ་ནི་ཐོགས་པ་མེད་པ་ཡི། །རྟེན་ ཅིང་འབྲེལ་བར་འབྱུང་བ་སྟེ། །མངོན་སུམ་དུ་ནི་འབྱུང་བ་ལ། །གང་གིས་དགག་པར་མི་ནུས་པ། །དེ་ལས་འབྲས་བུ་ཕུན་སུམ་ཚོགས། །སྙིང་པོ་སྨིན་པ་བཞིན་དུ་འབྱུང་། །གང་དུ་ཐོགས་མེད་རྡོ་རྗེ་ཡི། །སྙིང་པོ་ཟད་པ་མེད་པའི་དོན། །ཡང་དག་ཡེ་ཤེས་སྣང་བ་པོ། །བླ་མའི་དྲིན་ལས་ཐོབ་ པར་འགྱུར། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསང་བའི་རིམ་པ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དབང་ལྡན་བདུད་འཇོམས་པའི། །སྒྲུབ་པ་ཡང་དག་རབ་ཏུ་བཤད། །གསང་བའི་མགོན་པོ་ཆེན་པོ་ཡི། །སྦས་པའི་ཡུམ་དང་བཅས་པ་ཡི། ། གསང་བ་མཁའ་འགྲོ་མ་བཞི་དང་། །ལྷན་ཅིག་ཏུ་ནི་དགྱེས་པར་རོལ། །ཞལ་གཅིག་པ་ལ་ཕྱག